Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 87

Văn bản gốc(Tây Tạng)

Trang 7 / 17 (50.000 ký tự/trang)
ིན་གྱི་རང་གི་ལུགས་ཀྱི་ལམ་བཟང་པོ་ལ་བརྟེན་དགོས་པའི་ཕྲིན་ལས་མཛད་དོ། །འདི་དག་ནི་མདོར་བསྡུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ལས་བརྗོད་པ་སྟེ། རྒྱས་པར་སོ་སོའི་ལས་རེ་རེར་ཅི་རིགས་སུ་སྦྱར་
ཏེ། རྒྱས་པར་ནི་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཤེས་པར་བྱའོ། །ཚད་མེད་པ་རྣམས་ཀྱིས་ནི་འགྲོ་བ་ལ་ཐུགས་བརྩེ་བ་ལ་ཞུགས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །མི་མཐུན་པའི་ཕྱོགས་ཀྱང་སྤོང་ངོ་། །འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་
ཡོངས་སུ་མི་སྐྱོ་བའོ། །རྣམ་པར་ཐར་པ་རྣམས་ལས་དང་པོ་གཉིས་ཀྱིས་ནི་སྤྲུལ་པའི་ལས་མངོན་པར་གྲུབ་པར་བྱེད་ཅིང་། གསུམ་པས་ནི་སྡུག་པར་སྤྲུལ་ནས་ཀུན་ནས་ཉོན་མོངས་པར་མི་འགྱུར་བར་བྱེད་དེ། ལྷག་མ་བཞིས་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །ཐ་མས་
ནི་མོས་པའི་དབང་གིས་འཕགས་པའི་གནས་པ་དམ་པ་ཤིན་ཏུ་ཞི་བར་གནས་པས་གནས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ནི་དང་པོ་བཞིས་ནི་འདོད་པའི་ཁམས་ཀྱི་བདེ་བ་རྣམས་ལ་མ་ཆགས་པས་ཤིང་འཛམ་བུའི་གྲིབ་མ་ལ་བརྟེན་པས་ལྷ་རྣམས་འདུལ་བ་
དང་། བཙུན་མོའི་འཁོར་བསྟེན་ཀྱང་འདོད་པའི་བདེ་བས་མ་གོས་པར་སྟོན་ཅིང་འབྲས་སཱ་ལུའི་ཆན་དང་སྨན་མར་དགེ་བ་ཆེན་པོ་ལ་སོགས་པ་གསོལ་ཡང་། ཁམ་གྱི་ཟས་ལ་ཆགས་པ་མེད་པར་མཛད་དོ། །ལྷག་མ་བཞིས་ནི་གཟུགས་མེད་པར་སྐྱེས་པའི་ལྷའི་བུ་རྣམས་སྐལ་བ་མཉམ་ཞིང་

རིས་མཐུན་པའི་ཚུལ་གྱིས་འདུལ་ཏེ། དེ་ནས་གཟུགས་མེད་པའི་ལྷའི་བུ་དེ་དག་མེ་ཏོག་སྣ་ཚོགས་ལག་ན་ཐོགས་ཏེ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པའི་མདོ་དེ་དང་དེ་ལས་བསྟན་པ་ལྟ་བུའོ། །ཐ་མས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་
ལས་ཁྱད་པར་དུ་སྟོན་ཏེ། དེ་དག་ནི་ཞག་བདུན་དུ་ཡང་གནས་པའི་མཐུ་མེད་ལ། བཅོམ་ལྡན་འདས་ནི་བཞེད་ན་བསྐལ་པའི་བར་དུ་འང་དེ་ལ་གནས་པས་སོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་ཟད་པ་རྒྱས་པར་མཛད་པའི་ཆེད་དུ་རྣམ་པར་ཐར་པའི་དམིགས་པ་ཡོངས་སུ་བསྒྲུབ་
པར་མཛད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་དམིགས་པ་ཐ་དད་པར་རྟོགས་པ་ཟིལ་གྱིས་གནོན་པའི་ཕྱིར་རྣམ་པར་ཐར་པ་གསུམ་པོ་རྣམས་དམིགས་པ་ལ་དབང་སྒྱུར་བར་མཛད་དོ། །ཉོན་མོངས་པ་མེད་པས་ནི་བཀའ་ལུང་གཟུང་བར་བྱ་བར་མཛད་དོ། །
སྨོན་གནས་མཁྱེན་པས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་རྣམས་ལུང་སྟོན་པས་གཞན་ལ་ཕན་འདོགས་པ་དང་། རྒྱུ་མཚན་དེས་འཇིག་རྟེན་ན་མང་པོས་བཀུར་བར་བྱ་བར་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཀྱིས་ནི་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས་
པའི་ཤེས་བྱ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་ཅིང་དེ་ཡང་ལུས་ཀྱི་ལས་ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །ངག་གི་ལས་ཀྱིས་ཀྱང་འདུན་པར་མཛད་དོ། །སེམས་ཀྱིས་ཀུན་ཏུ་བརྗོད་པས་ཀྱང་འདུན་པར་མཛད་དོ། །བསྟན་པས་སེམས་ཅན་རྣམས་ཚིམ་པར་མཛད་དོ། །སེམས་
ཅན་རྣམས་ཀྱི་སྤྱོད་པ་དང་འོང་བ་དང་འགྲོ་བ་མཁྱེན་ནས་སེམས་ཅན་རྣམས་ངེས་པར་འབྱུང་བ་ལ་ཇི་ལྟ་བར་འདོམས་པ་སྟེ། དེས་ཀྱང་གདུལ་བྱ་མྱུར་དུ་གྲོལ་བར་མཛད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ནི་ཆོས་བསྟན་པ་ཐོགས་པ་མེད་པ་རྣམ་པ་སྣ་ཚོགས་པས་གདུལ་བྱ་རྣམས་ཀྱི་
སེམས་ཚིམ་པར་མཛད་དེ། ཆོས་ཀྱི་ཚིག་ཀུན་མངོན་པར་མཁྱེན། །དོན་རྣམས་ཀུན་གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས་ཀུན་ཏུ་ཡོངས་དག་ལྡན། །ཞེས་གསུངས་པས་སོ། །ཡོངས་སུ་དག་པ་རྣམས་ཀྱིས་ནི་སྲིད་པ་རྣམས་སུ་སྐྱེ་བ་བསམས་བཞིན་དུ་

འཛིན་ཅིང་བཞེད་པར་གྱུར་ན་བསྐལ་པ་མང་པོར་བཞུགས་ཏེ། ཇི་སྐད་དུ་འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་བཞེད་ན་དེ་ཚེའི་འདུ་བྱེད་གཏོང་ངོ་། །ཡང་ཆོས་ལ་མངའ་བསྒྱུར་ཞིང་ཏིང་ངེ་འཛིན་ལ་མངའ་བསྒྱུར་
ཏེ་དམ་པའི་ཆོས་ཀྱང་རབ་ཏུ་འཛིན་ཏོ། །དབང་རྣམས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་སྟོན་པའི་འབྲས་བུའི་ཆེ་བ་གཞན་ལས་སོ་སོར་རིག་པར་མཛད་དོ། །དབང་པོ་གསུམ་ནི་སྦྱིན་པའི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་
བཟོད་པའི་འབྲས་བུའོ། །དེའི་འོག་མ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བསམ་གཏན་གྱི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །སྟོབས་རྣམས་ཀྱིས་ནི་རྒྱུ་མེད་པར་སྨྲ་བ་དང་། མི་མཐུན་པའི་རྒྱུར་སྨྲ་བ་དང་། རང་གིས་བྱས་པ་མ་
ཡིན་པ་དང་། ཆད་པར་སྨྲ་བ་བསལ་ནས་ཡང་དག་པར་མངོན་པར་མཐོ་བའི་ལམ་སྟོན་ཏོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང་། བསྟན་པ་བཞག་པའི་སྣོད་དང་། བསམ་པ་དང་། བག་ལ་ཉལ་དང་། དམིགས་པ་དང་། ཚོགས་དང་། འོས་སུ་འགྱུར་བ་དང་། ངེས་པར་འབྱུང་བ་
ཡང་དག་པར་རྗེས་སུ་རྟོགས་ནས་ངེས་པར་ལེགས་པའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། བདུད་ཐམས་ཅད་ཀྱང་ཚར་གཅོད་དོ། །ཐམས་ཅད་དུ་ཞུ་བ་ཞུས་པ་ཡང་ལུང་སྟོན་ཏོ། །མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་ཡང་དག་པའི་སྟོན་པ་ཡིན་པར་རབ་ཏུ་འཇོག་པ་དང་། མུ་སྟེགས་
ཅན་གཞན་རྒོལ་བ་རྣམས་ཚར་གཅོད་པར་མཛད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ནི་སློབ་མའི་ཚོགས་ལ་རྟག་ཏུ་གདམས་པར་མཛད་དོ། །ཡང་དག་པར་རྗེས་སུ་ཡང་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མི་མངའ་བར་ཚོགས་ཡོངས་སུ་སྡུད་དོ། །བསྙེལ་
བ་མི་མངའ་བའི་ཆོས་ཉིད་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་ཡལ་བར་མི་འདོར་ཏེ། རྒྱ་མཚོ་ཆུ་སྲིན་ཆེན་པོའི་གནས། །དུས་རླབས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལ་ཡོལ་མི་མངའ། །ཞེས་བསྟན་པའི་ཚུལ་གྱིས་སོ། །བག་ཆགས་ཡང་དག་པར་

བཅོམ་པས་ནི་ཉོན་མོངས་པ་མི་མངའ་བས་ན་ཉོན་མོངས་པ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ནི་ལྷུན་གྱིས་གྲུབ་པས་རྟག་ཏུ་ཡེ་ཤེས་ཀྱི་སྣང་བས་འཇིག་རྟེན་ལ་གཟིགས་ཏེ། སྐད་ཅིག་ཙམ་ཡང་མི་གཟིགས་པར་མི་འགྱུར་རོ། །གཞན་དག་ནི་འདི་ནི་བསྙེལ་བ་མི་མངའ་བའི་ཆོས་
ཉིད་ཡིན་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྟག་ཏུ་གཟིགས་པ་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་ལྟར་བཤད་ན་མདོའི་དོན་དང་ཡང་མཐུན་ལ། མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ནི་སྐུ་
དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང་། རྙེད་པ་དང་། གཤེགས་པ་དང་། བཞུགས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་ཅིང་ཆོས་ཀྱི་ཚུལ་ཡང་
ཡུན་རིང་དུ་འཇོག་སྟེ། དེས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ནོ་ཞེས་བྱ་བ་ནི། སྔར་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་ཡོན་
ཏན་དང་། རང་སངས་རྒྱས་རྣམས་ཀྱི་སྒྲ་མེད་པར་ཆོས་སྟོན་པ་ལ་སོགས་པ་ཡོན་ཏན་དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ལ་མངའ་སྟེ། སྔར་དགེ་སློང་དག་ང་ལན་སྟོང་དུ་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ལ་སོགས་པའི་ཚུལ་བསྟན་པས་
སོ། །དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པ་ན་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རྣམ་པར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏེ། དེ་དག་གི་ལས་ཀྱང་སངས་རྒྱས་མི་འབྱུང་བའི་དུས་སུ་གདུལ་བྱ་སྨིན་པར་མཛད་པ་དང་། ཐེག་པ་དམན་པ་ལ་དད་པ་དག་ཉན་ཐོས་སུ་ལུང་སྟོན་པ་ལ་སོགས་པས་
ཐེག་པ་ཆེན་པོ་ལ་འཇུག་པར་མཛད་དོ་ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། །དེ་དག་ནི་ཆོས་དེ་དག་གི་ཕྲིན་ལས་སོ་སོ་བའོ། །ཆོས་དེ་དག་གི་རང་གི་ངོ་བོ་རྣམས་ནི་མདོའི་ཚིག་གིས་གོ་བར་ནུས་ཏེ། ཆུང་ཟད་དུ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དང་པོ་སེམས་ཡོངས་སུ་སྦྱོང་བར་རྩོམ་པར་

བྱེད་ཅིང་། དེ་ནས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་ལེགས་པར་སྦྱོང་བར་བྱེད་ལ། དེའི་རྗེས་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་དེ་ཡོངས་སུ་གྲུབ་པར་ཤེས་པར་བྱ་སྟེ། དེ་ཉིད་ཀྱིས་ན་སྔར་རྣམ་པའི་སྐབས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་གཙོ་བོ་རྣམ་
པར་ཐར་པ་བརྒྱད་སྨོས་པས་ལྷག་མ་རྣམས་བསྡུས་པར་ཤེས་པར་བྱའོ། །དབང་རྣམ་པ་བཅུའི་དབང་དུ་བྱས་ཏེ། བསྐལ་པ་བརྗོད་དུ་མེད་པར་ཚེའི་ཚད་བྱིན་གྱིས་བརླབས་པས་ཚེ་ལ་དབང་བ་དང་། ཏིང་ངེ་འཛིན་གྲངས་མེད་པ་ལ་ངེས་པར་རྟོག་པར་འཇོག་ཅིང་ཡེ་ཤེས་ཀྱི་འཇུག་པའི་ཚུལ་
གྱིས་སེམས་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱན་རྣམ་པར་དབྱེ་བ་དུ་མས་བརྒྱན་པར་བྱིན་གྱི་རླབས་པ་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ་དང་། དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པར་བྱིན་གྱིས་བརླབས་པས་ལས་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་
ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་བལྟ་བས་མོས་པ་ལ་དབང་བ་དང་། དུས་དང་ཞིང་གང་དུ་འདོད་པར་མངོན་པར་འཚང་རྒྱ་བས་སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཐམས་ཅད་
ཡོངས་སུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང་། ཆོས་ཀྱི་སྒོ་སྣང་བ་མཐའ་དང་དབུང་མེད་པར་ཡང་དག་པར་སྟོན་པས་ཆོས་ལ་དབང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་བསྙེངས་པ་སྐད་ཅིག་སྐད་ཅིག་ཏུ་གོ་བར་ཡོངས་སུ་སྟོན་པས་ཡེ་ཤེས་ལ་དབང་བའོ་ཞེས་འཕགས་
པ་སྡོང་པོ་བཀོད་པ་ལས་གསུངས་པ་རྣམས་འདིར་བཀོད་པའོ། །ཆོས་ཀྱི་སྐུ་མངོན་པར་བརྗོད་དོ་ཞེས་ཟེར་རོ་ཞེས་བྱ་བའི་མངོན་པར་འདོད་པ་དང་པོ་འདི་ནི་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་གཅིག་ཏུ་འདོད་པས་གཉིས་སུ་མི་དབྱེའོ་ཞེས་སྟོན་པར་བྱེད་པ་སློབ་དཔོན་ཡེ་ཤེས་ཟླ་བ་ལ་སོགས་
པའི་གྲུབ་པའི་མཐའོ། །གཞན་དག་ནི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བ་འདི་ནི་སྔར་སློབ་དཔོན་ཉིད་ཀྱིས་ཇི་ལྟར་བཤད་པ་ཁོ་ན་ཡང་བསྡུས་ནས་བཟླས་པ་སྟེ། མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི་བཞེད་པའོ། །གཞན་དག་ན་རེ་དེ་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་

པའི་བསྟན་པ་གསུམ་པ་འདི་ནི་འདི་སྙམ་དུ་གལ་ཏེ་དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་ནི་ཆོས་དང་ཆོས་ཅན་ཡིན་ལ། དེ་དག་ཀྱང་དབྱེར་མེད་ན་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བྲལ་བའི་ངོ་བོར་གྱུར་པས་སེམས་དང་། སེམས་ལས་བྱུང་བ་རྣམས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་གཟུང་
བ་དང་འཛིན་པ་གཉིས་སུ་མེད་པ་སྒྱུ་མ་ཙམ་དུ་སྣང་བའི་ངོ་བོས་འགྲོ་བའི་དོན་མཛད་པ་རྣམས་མེད་པར་འགྱུར་ཏེ། དེ་དག་ཡོད་ན་ནི་ཡང་ངོ་བོ་ཉིད་ཀྱི་སྐུ་མེད་པར་འགྱུར་བས་དེའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་མི་བརྗོད་དོ་ཞེས་བསམས་ནས་ཡེ་ཤེས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་
པའི་སྐུ་གསུམ་དུ་འཇོག་ཅིང་དེ་དག་ཐམས་ཅད་ཀྱང་དོན་དམ་པར་མ་སྐྱེས་པར་བརྗོད་ཀྱི། མ་སྐྱེས་པ་དེ་སྐུ་གཅིག་ཏུ་ག་ལ་ཞིག་གཞག་ཅེས་འདོད་པའོ། །ཁ་ཅིག་ན་རེ་སྐུ་གསུམ་ཁོ་ནའོ་ཞེས་ཟེར་རོ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྐུ་ནི་གསུམ་ཁོ་ན་ཞིག་ཡིན་ལ། དེ་ཡང་
ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དག་ཏུ་འདོད་པས། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུའི་མིང་གི་རྣམ་གྲངས་སུ་འདོད་པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་དེ་ལ་ནི་ཆོས་ཀྱི་དབྱིངས་ལྟར་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་དེ་ཙམ་ཞིག་ལ་སྔོན་
གྱི་སྨོན་ལམ་གྱི་མཐུས་གདུལ་བྱ་རྣམས་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པར་སྣང་བ་སྐྱེས་པ་ཡིན་གྱི། རང་བཞིན་ནི་དེ་ལྟ་བུ་མ་ཡིན་ཏེ། དེའི་ཕྱིར་ན་དེའི་སྣང་བ་ལོངས་སྤྱོད་རྫོགས་པ་དང་། སྐུལ་པ་ཡང་དེ་ཉིད་ཀྱི་
སྔོན་གྱི་སྨོན་ལམ་གྱི་མཐུའི་ཤུགས་ཀྱིས་སྣང་བས་ན། དངོས་སུ་ནི་ཐུབ་པ་ཆེན་པོ་ལ་ནི་སྐུ་གཅིག་ཏུ་ཟད་པས་ན། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་
མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་གསུངས་སོ་ཞེས་བརྗོད་ཅིང་། ཚུལ་དེ་ལྟ་བུས་བྱིས་པ་རྣམས་ཀྱི་དབང་དུ་སྐུ་གཅིག་པོ་དེ་ཉིད་སྐུ་གསུམ་དུ་བསྟན་ཏོ་ཞེས་འདོད་པའོ། །ཚིག་ལེའུར་བྱས་པ་ལས་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་

ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་བྱ་བའི་ཚིག་འདི་ནི་དེའི་རིགས་པ་སྟོན་པ་སྟེ། གལ་ཏེ་སྐུ་བཞི་པ་ཡིན་ན་དེའི་ཚེ་ཚིག་ལེའུར་བྱས་པའི་ནང་དུ་ངོ་བོ་ཉིད་ཀྱི་སྐུའི་འོག་ཉིད་དུ་འབྲེལ་པར་ཆོས་ཀྱི་སྐུ་སྨོས་པར་རིགས་སོ་ཞེས་སོ། །དེ་དག་གིས་ནི། རྣམ་པ་བཞིར་ནི་
ཡང་དག་བརྗོད། །ཅེས་བྱ་བ་ལ་བཞི་ནི་ཕྲིན་ལས་དང་བཞི་ཞེས་འདོད་པར་བྱེད་དོ། །གཞན་དག་ན་རེ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྔར་སྐུ་བཞིར་འདོད་པར་སྨྲ་བ་རྣམས་ཀྱི་ལན་བཏབ་པ་སྟེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་སྨོས་པ་ནི།
ཚིག་ལེའུར་བྱས་པ་སྦྱར་བའི་ངོར་ནི་ཡེ་ཤེས་ཁོ་ན་དང་མཛད་པར་སྦྱར་བའི་ཕྱིར་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་དེ་སྐད་གསུངས་པ་ཡིན་ཏེ། དེའི་ཕྱིར་དེ་ནི་སྐུ་གསུམ་དུ་བཞག་པའི་རྒྱུ་མཚན་དུ་མི་རུང་ངོ་ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །དེ་ལྟར་མཛད་པ་རྣམས་ནི་ཆོས་ཀྱི་སྐུའི་ཕྲིན་ལས་
ཞེས་བཏགས་ཀྱང་། བསྐལ་པའི་བར་དུ་སྐུ་ཐམས་ཅད་ཀྱིས་བརྒྱུད་པ་དང་དངོས་སུ་མཛད་པས་ན། སྐུ་ཐམས་ཅད་ཀྱི་མཇུག་ཏུ་བསྟན་པར་རིགས་པས་དེ་ལྟར་བསྟན་ལ། མཛད་པ་ཉི་ཤུ་རྩ་བདུན་པོ་དེ་དག་སྤྲུལ་པའི་སྐུའི་རྗེས་ཁོ་ནར་འབྱུང་བས་དེ་དག་གིས་ནི་སྤྲུལ་པའི་སྐུའི་ཕྲིན་ལས་ཡིན་
པ་ལྟ་ཞིག་ཅེས་ཁ་ཅིག་སེམས་པ་ལ། སྔར་ཆོས་ཀྱི་སྐུའི་གདགས་པ་ནི་མ་མཛད་ལ། སྐུ་དེ་ནི་གྲུབ་པའི་མཐའ་ཐམས་ཅད་ལས་གྲགས་པས་འདིར་ཡང་སྟོན་པར་རིགས་པས་དེ་ལྟར་ན་འདི་ནི་དེའི་ལས་ཡིན་ཏེ། དེས་ན་ལས་ཀྱི་བྱེད་པ་པོ་བསྟན་ཏེ་ལས་དང་བྱེད་པ་པོ་ནི་ཐ་མི་དད་པའི་ཕྱིར་རོ་
ཞེས་རྟོགས་པར་བྱ་བའི་ཕྱིར་ཚིག་ལེའུར་བྱས་པའི་ངོ་བོ་ཉིད་ཀྱི་སྐུའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་མ་བཏགས་སོ། །དེ་ལྟར་དེ་ནི་དགོས་པ་ཉེ་བར་སྟོན་པའི་ཤུགས་ཞེས་བྱའོ། །ཡེ་ཤེས་ཁོ་ན་ཞེས་བྱ་བ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་
པ་རྣམས་ཏེ། དེ་དང་མཛད་པ་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་སྦྱར་བ་ནི་བྱེད་པ་པོ་དང་དེའི་ལས་སུ་སྦྱར་རོ། །འོ་ན་ཡེ་ཤེས་རྣམས་སྤྲུལ་པའི་སྐུའི་རྗེས་སུ་ཅིའི་ཕྱིར་མི་བསྟན་ཞེ་ན། དེ་ནི་སྐུ་རྣམས་གཙོ་བོའི་རིམ་གྱིས་བསྟན་པར་རིགས་པའི་ཕྱིར་དང་། ངོ་བོ་ཉིད་དང་ཡེ་ཤེས་

རྣམས་ཆོས་ཉིད་དང་ཆོས་ཅན་དུ་བསྟན་པའི་འབྲེལ་པ་བསྒྲུབ་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་མངོན་པར་བྱང་ཆུབ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་འབའ་ཞིག་གི་སྣང་བའི་ལམ་དུ་གྱུར་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་ཇི་སྐད་བཤད་པའི་ཡེ་
ཤེས་རྣམས་ཀྱི་གཞིར་གྱུར་པ་དང་། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་སྣང་བའི་ལམ་དུ་གྱུར་པ་སྤྲུལ་པའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པ་དང་། སྤྲུལ་པའི་སྐུ་སྟེ་སྐུ་ལྔར་འདོད་དོ། །གཞན་དག་ནི་སྤྲུལ་པའི་སྐུ་ལ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་
པའི་དབྱེ་བས་སྐུ་ལྔར་སྟོན་པར་བྱེད་དོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །མཚན་དང་དཔེ་བྱད་བཟང་པོ་འབར་བ་ཞེས་བྱ་བ་ལ་འདི་དག་གིས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་དེ་འོག་ནས་འཆད་པའི་སུམ་ཅུ་རྩ་གཉིས་སོ། །འདི་དག་གིས་གཞན་གྱི་རྒྱུད་ལ་རྣམ་
པར་སྒོ་བར་བྱེད་པས་ན་དཔེ་བྱད་བཟང་པོ་སྟེ། འདིར་ཨ་ནུ་བྱཉྫ་ནའི་སྒྲའི་དོན་ནི་ཕ་རོལ་པོའི་རྒྱུད་ལ་ཐུབ་པ་ཆེན་པོའི་སྐུའི་མཛེས་པ་ཉིད་ཀྱི་རྣམ་པར་བསྒོ་ཞིང་ཞེན་པར་བྱེད་པའི་དོན་ཏེ། དེ་བས་ན་མཚན་དང་དཔེ་བྱད་རྣམས་ཀྱི་ཕྲིན་ལས་ནི་སྐྱེས་བུ་ཆེན་པོར་བྱེད་པ་དང་། གདུལ་བྱ་རབ་ཏུ་འདུན་
པར་བྱེད་པའོ། །དེ་ལ་མཚན་རྣམས་ནི་གཙོ་བོར་གྱུར་པས་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གི་རྒྱུ་ལས་བྱུང་བར་བསྟན་ཏེ། ཇི་སྐད་དུ་སྨིན་མཚམས་ཀྱི་མཛོད་སྤུ་བ་མོ་དང་དུང་དང་མེ་ཏོག་ཀུན་ད་ལྟར་དཀར་བ་ནི་སྦྱིན་པའི་འབྲས་བུའོ། །གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་
བུའོ། །དཔའ་ཞིང་ཟིལ་གྱིས་མི་གནོན་པ་ནི་བཟོད་པའི་འབྲས་བུའོ། །རིང་བར་གནས་པ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །ཤིན་ཏུ་འཁྱིལ་ཞིང་ལེགས་པར་གནས་པ་ནི་བསམ་གཏན་གྱི་འབྲས་བུའོ། །འོད་མཐའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་
སྟེ་རྒྱས་པར་ནི་འཕགས་པ་བསྐལ་པ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དཔེ་བྱད་རྣམས་ནི་འཁོར་དུ་གྱུར་པས་ན་དེ་ལྟར་བསྟན་པ་མེད་དེ་གཙོ་བོས་བསྡུས་པའི་ཕྱིར་རོ། །ཇི་ལྟར་ན་གཙོ་བོ་དང་འཁོར་དུ་བསྟན་ཞེ་ན། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་

མོའི་མདོག་སྣུམ་པ་དང་། སེན་མོ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ། དཔེ་བྱད་བཟང་པོ་འདི་དྲུག་ནི་མཚན་ཕྱག་གི་སོར་མོ་རིང་བའི་འཁོར་དུ་གྱུར་པའོ། །དབུ་གདུགས་ལྟ་བུར་རྒྱས་
པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་མི་བཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་སྟེ། འདི་དག་ནི་དབུ་གཙུག་ཏོར་དང་ལྡན་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའི་འཁོར་དུ་གྱུར་པའོ། །
དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བའི་དབྱེས་ཆེ་བ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མ་སྣུམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། ཤངས་མཐོ་བ་དང་། ཤངས་གཙང་བ་སྟེ། འདི་དག་ནི་མཛོད་སྤུའི་འཁོར་དུ་གྱུར་པའོ། །སྤྱན་དག་པ་དང་།
སྤྱན་མཛེས་པར་འཛུམ་པ་ལྟ་བུ་དང་། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། སྤྱན་པདྨའི་འདབ་མ་འདྲ་བ་སྟེ། འདི་རྣམས་ནི་སྤྱན་མཐོན་མཐིང་དང་། སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུའི་འཁོར་དུ་གྱུར་པའོ། །སྙན་མཉམ་པ་དང་། སྙན་མ་ཉམས་པ་སྟེ། འདི་དག་ནི་འགྲམ་པ་སེང་གེ་ལྟ་
བུའི་འཁོར་དུ་གྱུར་པའོ། །ཞལ་ཧ་ཅང་མི་རིང་བ་དང་། སྒྲོས་ཤིང་ཐོག་བིམ་པ་ལྟར་དམར་བ་དང་། ལྗགས་མཉེན་པ་དང་། ལྗགས་སྲབ་པ་དང་། ལྗགས་དམར་བ་དང་། འབྲུག་གི་སྒྲ་ཉིད་དང་། གསུང་མཉེན་པ་དང་། གསུང་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་།
མཆེ་བ་དཀར་བ་དང་། མཆེ་བ་མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་སྟེ། འདི་རྣམས་ནི་ལྗགས་ཡངས་པ་དང་། ཚངས་པའི་དབྱངས་དང་། ཚེམས་དཀར་བ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། རོ་བྲོ་བའི་མཆོག་བརྙེས་
པ་རྣམས་ཀྱི་འཁོར་དུ་གྱུར་པ་སྟེ། ཅི་རིགས་སུ་སྦྱར་རོ། །རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་དང་། ལོང་བུ་མི་མངོན་པ་དག་དང་། སྐུ་གཞོན་མདོག་ཅན་དང་། ཕྱག་ཤིང་བལ་ལྟར་འཇམ་པ་དང་། ཕྱག་གི་རི་མོ་མདངས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་

རིང་བ་རྣམས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཞབས་ལོང་བུ་མི་མངོན་པའི་འཁོར་དུ་གྱུར་པ་སྟེ། དཔེ་བྱད་ཀྱི་ལོང་བུ་མི་མངོན་པ་ནི་ལོང་བུ་ཆུང་ངུར་བཟུང་ལ། མཚན་བཟང་པོའི་ནི་དེ་ཆེན་པོ་བཟུང་ངོ་། །ཁ་ཅིག་ནི་མཚན་གྱི་ཕྱིའི་ལོང་བུ་སྟེ་དཔེ་བྱད་ཀྱི་ནང་
གི་ལོང་བུ་ཞེས་འདོད་དོ། །ཞབས་མཉམ་པ་ནི། ཞབས་རུས་སྦལ་ལྟར་གནས་པའི་འཁོར་དུ་གྱུར་པའོ། །སེང་གེ་དང་། གླང་པོ་ཆེ་དང་། ངང་པ་དང་། ཁྱུ་མཆོག་དང་། གཡས་ཕྱོགས་སུ་དང་། མཛེས་པར་དང་། དྲང་པོར་གཤེགས་པ་དང་། གོམ་པ་སྙོམས་པ་རྣམས་ནི།
ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་དང་། རྟིང་པ་ཡངས་པ་རྣམས་ཀྱི་འཁོར་དུ་གྱུར་པའོ། །སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་དང་འདྲ་བ་དང་། སྐུ་རིམ་པར་འཚམ་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་དག་པ་དང་། སྐུ་ཁོ་ལག་ཡངས་ཤིང་
བཟང་བ་དང་། སྐུ་མ་ཞུམ་པ་དང་། སྐུ་རྒྱས་པ་དང་། སྐུ་ཤིན་ཏུ་གྲིམས་པ་དང་། ཡན་ལག་རྣམ་པར་མཛེས་པ་དང་། དཀུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། སྐུ་ཀུན་ནས་བལྟ་ན་སྡུག་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། སྐུ་ལ་སྨེ་བ་གནག་
བག་མེད་པ་དག་ནི་སྐུ་ཆེ་ཞིང་དྲང་བ་དང་། སྐུའི་བདུན་མཐོ་བ་དང་། པགས་པ་གསེར་གྱི་མདོག་འདྲ་བ་དང་། པགས་པ་སྲབ་པ་དང་། དཔུང་མགོ་ཟླུམ་པ་དང་། ཐལ་གོང་རྒྱས་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པའི་
འཁོར་དུ་གྱུར་པའོ། །ཕྱལ་ཕྱང་ངེ་བ་དང་། ཕྱལ་མ་རྙོངས་པ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་རྣམས་ནི་མདོམས་ཀྱི་གསང་བ་སྦུབས་སུ་ནུབ་པའི་འཁོར་དུ་གྱུར་པའོ། །དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། ཉ་དང་། གཡུང་དྲུང་འཁྱིལ་བ་ལ་སོགས་པ་
རྣམས་ནི། མཚན་བཟང་པོ་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པའི་འཁོར་དུ་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་།

བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར་ཞེས་བྱ་བ་འདིས་ནི་མཚན་གྱི་དོན་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་ནི་རྟོགས་པའི་ཆོས་སོ། །ཁ་ཅིག་ན་རེ་ལུང་གི་ཆོས་ཐུན་མོང་མ་ཡིན་པ་ཡང་བསྟན་ཏོ་ཞེས་ཟེར་རོ། །སྐུ་འདིའི་མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་
ཞལ་སྔ་ནས། རང་གི་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ཅན་རྣམས་ཀྱི་དགའ་བ་སྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་པ། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་
པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྐུ་འདི་ཅི་རྟག་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞིག་གམ། དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞེ་ན། ཁ་ཅིག་ན་རེ་གདུལ་
བྱ་གང་དག་སངས་རྒྱས་དཀོན་མཆོག་མི་རྟག་པའི་ཕྱིར་རྩོམ་པ་དོན་མེད་པར་རྟོག་པ་དེ་དག་གི་ཕྱིར་ནི་འདི་རྟག་པ་ཡོངས་སུ་མི་འཇིག་པའི་སྐུར་བརྗོད་ཅིང་། རང་གི་རང་བཞིན་གྱི་དབང་དུ་བྱས་ཏེ་ནི། འདི་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་མོད་ཀྱི། འོན་ཀྱང་ལྷའི་
དབང་པོ་བརྒྱ་བྱིན་རྣམས་ནི་འཆི་འཕོ་བ་དང་དེར་སྐྱེ་བ་དེ་དག་ཉིད་དང་། དེ་བས་ཆེས་ཆེ་བའི་ལྷ་རྣམས་ཀྱིས་ཤེས་ཀྱི་ལྷའི་བུ་ཕལ་པ་རྣམས་ཀྱིས་ནི་བདག་ཅག་གི་གནས་འདིར་ལྷའི་དབང་པོ་ཅིག་ཤི་འཕོས་ཏེ། གཞན་ཞིག་ལྷའི་རྒྱལ་པོར་གྱུར་ཞེས་བྱ་བ་ནི་རབ་ཏུ་མི་ཤེས་ཏེ། ལས་ཀྱི་མེ་
ལོང་ལ་སོགས་པ་ལ་ལྟ་བས་ངེས་པར་གཞན་གྱིས་མི་ཤེས་པར་དེ་ཉིད་དམ། གཞན་ཞིག་མཚམས་སྦྱོར་བ་ནི་བརྒྱ་བྱིན་དུ་གྱུར་པ་རྣམས་ཀྱི་ཆོས་ཉིད་དུ་ངེས་པའོ། །དེ་བཞིན་དུ་སྐུ་འདི་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དེ་བཞིན་གཤེགས་པ་རྣམས་འབའ་ཞིག་གི་ཡུལ་དུ་འགྱུར་གྱི།
ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུལ་དུ་མི་འགྱུར་བའི་ཕྱིར། སྐུ་གདུང་རྣམ་པར་དབྱེ་བ་ལ་སོགས་པ་ཡང་མེད་དོ་ཞེས་འདོད་དོ། །སྐུ་འདི་མྱ་ངན་ལས་འདའ་བའི་རྒྱུ་ཡང་ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་

རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དེ་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། གདུལ་བྱ་ཐམས་ཅད་ཤིན་ཏུ་བཏུལ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་གྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་
མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། གཞན་གང་དག་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཤད་པ་དེ་དག་ནི་སྔར་བསྟན་པ་ལྟར། སྤྲུལ་པའི་སྐུ་ལ་ལོངས་སྤྱོད་
རྫོགས་པར་བཏགས་པའི་དབང་དུ་བྱས་པ་ཡིན་གྱི། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་རྣམ་པར་དག་པའི་གཞིར་གྱུར་པ་ནི་ནམ་ཡང་མྱ་ངན་ལས་མི་འདའི། སྐད་ཅིག་མའི་རྒྱུན་ཅན་ཉིད་དུ་ནི་གནས་སོ། །སྐུ་འདི་ཡང་སྨོན་ལམ་མམ། ཚོགས་ཀྱིས་འཕེན་པའམ། བཞེད་པ་ཙམ་
གྱིས་ཕྱེ་བའི་འོག་མིན་གྱི་གནས་གཅིག་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རྣམ་པ་རབ་ཏུ་མང་པོའི་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་རྣམས་ན་གནས་པ་ནི་སྤྲུལ་པའི་སྐུ་འབའ་ཞིག་རྒྱ་ཆེན་པོར་སྣང་བར་ཟད་དོ། །ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ཇི་སྙེད་མངོན་པར་རྫོགས་
པར་སངས་རྒྱས་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་པུ་ཞིག་གི་རང་བཞིན་དུ་ཟད་ཅིང་ཆོས་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་ཡང་དེ་ལྟར་གཅིག་ཏུ་ཟད་པས་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་ཐ་དད་པའོ་ཞེས་བྱ་བའི་སྒྲུབ་པ་འདི་སངས་རྒྱས་ཀྱི་ཡེ་
ཤེས་ལ་ནི་མཚུངས་པ་མ་ཡིན་ཏེ། འོན་ཀྱང་སྨོན་ལམ་གྱི་དབང་གིས་བདག་སེམས་ཅན་འདིའི་བུར་གྱུར་ཏེ་སྤྲུལ་པའི་སྐུ་བྱང་ཆུབ་རྙེད་པར་གྱུར་པས་དེ་དག་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པས་དོན་མཛད་པ་ནི་མི་འདྲ་བར་གྱུར་ཏོ་ཞེས་ཟེར་ཏེ། འདི་ལྟ་བུ་དག་ནི་
བདག་ཅག་གི་སྤྱོད་ཡུལ་དུ་མ་གྱུར་པས་དཔྱད་པའི་རྣམ་པར་རྟོག་པ་ངན་པས་ཅི་ཞིག་བྱ་སྟེ། ཇི་ལྟར་བསྟན་པ་ཡང་བཟོད་པར་མཛོད་ཅིག །ལྷག་མ་རྣམས་ནི་གོ་སླའོ། །ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་ཞེས་བྱ་བ་ལ། དགའ་ལྡན་ནས་བབས་པ་ལ་སོགས་པ་དོན་

མཛད་པ་རྣམ་པ་བཅུ་གཉིས་ཀྱིས་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ནི་རྣམ་པར་སྨིན་པའི་སྤྲུལ་པའི་སྐུ་སྟེ། དེ་ལ་དོན་གྱི་མཛད་པ་བཅུ་གཉིས་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཇི་སྐད་དུ་དུས་གཅིག་ཏུ་
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཅོམ་པ་དང་། མངོན་
པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཆོས་ནུབ་པར་སྟོན་པ་ལ་མཁས་པ་ཞེས་གསུངས་པ་རྣམས་ཏེ། འདིར་ཆོས་ནུབ་པར་སྟོན་པ་ཡང་། གདུལ་བྱ་རབ་ཏུ་མ་གུས་པ་དག་གིས་ཆོས་དང་ཆོས་སྨྲ་བ་ལ་
བརྟེན་པའི་སྡིག་པ་མི་འབྱུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་ཆེན་པོ་སྟེ། དེའི་ཕྱིར་འཕགས་པ་གསེར་འོད་དམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱ་ངན་
འདའ་ལ་སོགས་པར་སྟོན། །ཞེས་གསུངས་སོ། །མཚན་ཉིད་འདི་ལས་གཞན་པ་ཁྱེའུ་དང་བུ་མོ་ལ་སོགས་པའི་གཟུགས་སུ་སྣང་བས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང་། ཡང་དཔག་བསམ་གྱི་ཤིང་དང་ནོར་བུ་རིན་པོ་ཆེ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དུ་བསྡུས་པར་སྤྲུལ་པ་
ཡང་སྲིད་དེ། འཕགས་པ་དཀོན་མཆོག་སྒྲོན་མའི་མདོ་ལས་ཇི་སྐད་དུ། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་གྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་འབྱིན་སྙིང་པོ་དང་། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པས་སོ། །
དེ་ལྟ་བུ་དེ་དག་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྤྲུལ་པའི་སྐུ་སྟེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་རབ་ཏུ་རྒྱས་པས་མི་འདྲ་བར་སྨིན་པའི་དོན་དུ་བརྗོད་པར་བྱ་བ་ཡིན་ལ། ཁྱེའུ་དང་བུ་མོ་ལ་སོགས་པ་དེ་དག་ནི་དམན་པར་སྣང་བའི་ཕྱིར་སློབ་པའི་ལམ་གྱི་གནས་སྐབས་དང་མི་འདྲ་བའི་ཤས་

ཆུང་བའི་ཕྱིར་དེ་དག་ལ་དེ་སྐད་ཅེས་བྱའོ། །སྐུ་འདིའི་མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང་། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་བར་གང་སྣང་ལ། །
སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིག་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་བསྟན་ཏོ། །དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་པར་ཞེན་
པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་རྣམས་ལ། དང་པོ་བཞི་ནི་ཚོགས་ཀྱི་ལམ་ཕལ་པའི་རང་བཞིན་ནོ། །དེའི་འོག་མ་ལྔ་པ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལ་སྦྱར་རོ། །དེ་ནས་གཉིས་པ་ནི་སྦྱོར་བའི་ལམ་ལ་སྦྱར་རོ། །ལྷག་མ་རྣམས་ནི་གསལ་ལོ། །ཁ་ཅིག་ན་
རེ་དང་པོ་ནི་ཚོགས་ཀྱི་ལམ་མོ། །དེ་ནས་ལྔ་ནི་སྦྱོར་བའི་ལམ་གྱི་རང་བཞིན་ནོ། །དེ་ནས་གཅིག་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་འབའ་ཞིག་སྟེ། དེར་འཛིན་པ་སྤོང་བའི་སྦྱོར་བ་ཡིན་ལ། འོག་མ་རྣམས་ནི་གཟུང་བའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ་ཞེས་ཟེར་ཏེ། གཟུང་བ་དང་འཛིན་
པའི་དོན་ཡང་ཕྱི་རོལ་གྱི་དོན་དང་། རྣམ་པར་ཤེས་པ་ནང་གི་བདག་ཉིད་དུ་བལྟ་བར་བྱའོ། །སྔར་ཇི་ལྟར་བསྟན་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་མ་ཡིན་ཏེ་དེ་དག་ནི་ས་དེ་དང་དེར་འབྲེལ་པ་ཡིན་གྱི་དེས་སྤོང་བར་ནི་མི་ནུས་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་
ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས་ཞེས་བྱ་བ་ལ། འགྲོ་བ་ནི་མི་ལ་སོགས་པ་སྟེ། དེ་དག་རབ་ཏུ་ཞི་བ་ནི་འདོད་ཆགས་འབར་བ་མཛེས་དགའ་བོ་དང་། ཞེ་སྡང་འབར་བ་སོར་མོའི་ཕྲེང་བ་དང་། གཏི་མུག་འབར་བ་ལྟེང་
རྒྱས་འོད་སྲུངས་ལ་སོགས་ཏེ། དེ་དག་ཀྱང་རབ་ཏུ་ཞི་བར་བྱ་བའོ། །གཞན་ཡང་འཕགས་པའི་གང་ཟག་མ་ཡིན་པ་ཐམས་ཅད་ལ་ཐུན་མོང་དུ་རབ་ཏུ་སྤང་དཀའ་བ་ནི་འཁྲིག་པའི་འདོད་ཆགས་ཡིན་ལ། དེ་ཡང་བུད་མེད་གཞོན་ནུ་རྣམས་ནི་རབ་ཏུ་ཤས་ཆེ་བ་ཡིན་མོད་ཀྱི། སངས་རྒྱས་

རྣམས་ཀྱིས་ནི་དེ་ཡང་བདེ་བར་ཡོངས་སུ་སྤོང་དུ་འཇུག་པར་སྤྱོད་པའི་ཕྱིར་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེངས་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ན་
ཆུང་མཆོག་བདེ་བའི། །དགའ་ལ་དགའ་རྣམས་བཞེད་དགུར་རབ་ཏུ་དགའ་མཛད་ནས། །ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང་། །སྐྱེ་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་རྙེད་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་གཡོ་བ། །མི་བསྙེངས་ནོངས་མི་
མངའ་བའི་གོ་འཕང་བརྙེས་པར་མཛོད། །ཅེས་གསུངས་སོ། །དེ་ལྟར་འགྲོ་བའི་ཉོན་མོངས་པ་ཞི་བར་གྱུར་པས་ཕྲིན་ལས་དང་པོ་མཛད་ནས་འཁོར་གྱི་དོན་བྱ་བའི་ངོ་བོ་དེ་དག་ཇི་ལྟར་དགའ་བའི་མུ་ཏིག་གི་དོ་ཤལ་དང་། བཟའ་བ་དང་བཅའ་བའི་སྦྱིན་པས་སྡུད་དེ། དེ་ཡང་གྲོལ་བར་
བྱེད་པའི་ཆོས་བསྟན་པ་དང་། དེ་སྤྱོད་པ་དང་། རྗེས་སུ་མཐུན་པར་བྱ་བ་དང་། བདག་ཀྱང་སྒྲུབ་པ་སྙིང་པོར་བྱེད་པས་སྨྲ་བ་ལྷུར་མི་ལེན་པ་དག་ནི་ཕྲིན་ལས་གཉིས་པ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ལ་བཀོད་པ་སྟེ། ཇི་སྐད་དུ། འདི་དག་གི་ནི་ཡོན་ཏན་དང་། །འཁོར་སྡུད་པ་
དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་རྟེན། །ཀུན་གྱི་དོན་ཀུན་སྒྲུབ་བྱེད་པས། །ཐབས་བཟང་ཡོན་ཏན་ལྡན་པ་ཡིན། །ཞེས་གསུངས་སོ། །རྟོགས་པར་མཛད་ནས་ཞེས་བྱ་བ་ནི་སྙན་པར་སྨྲ་བ་ཡུན་རིང་དུ་བསྟེན་ཅིང་དེ་བཞིན་དུ་བསམ་པ་ལ་སོགས་པ་ནི་ངེས་པར་བླང་བ་དང་དོར་
བར་ཁོང་དུ་ཆུད་པར་ནུས་པ་སྟེ་ཕྲིན་ལས་གསུམ་པའོ། །གཞན་དག་གི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ལྟར་བསམ་པ་ལྟར་སྒྲུབ་པར་རྟོགས་པས་ན་སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་
ཞེས་བསྟན་ཏོ། །སེམས་ཅན་རྣམས་བདེ་བར་གྱུར་ཞེས་བསམ་པ་འབའ་ཞིག་གིས་ཆོག་པར་འཛིན་པ་དགག་པའོ། །དེ་ནི་བླང་བ་དང་དོར་བ་རྟོགས་ནས་ཡང་རྟོགས་པ་དང་མཐུན་པར་དངོས་སུ་སྒྲུབ་པའི་དོན་ཏེ་ཕྲིན་ལས་བཞི་པའོ། །རང་གི་དོན་ཞེས་བྱ་བ་ནི་རང་གི་དོན་ལ་མངོན་

པར་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་སྔར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་འདི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བསྟན་པ་
རྣམས་སོ། །རང་དང་གཞན་གྱི་དོན་གྱི་མཚན་ཉིད་ཅེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། །བརྫུན་དུ་སྨྲ་བ་སྤོང་བ་དང་། ཚིག་རྩུབ་པོ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། གནོད་སེམས་སྤོང་བ་
རྣམས་ནི་གཞན་ལ་གནོད་པ་སྤོང་བས་གཞན་གྱི་དོན་དུ་བསྡུས་ལ། ངག་འཁྱལ་པ་དང་། བརྣབ་སེམས་དང་། ལོག་པར་ལྟ་བ་རྣམས་སྤོང་བ་ནི་རང་ལ་གནོད་པ་སྤོང་བས་རང་གི་དོན་བསྡུས་པའམ། ཡང་ན་རང་དང་གཞན་གྱི་དོན་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་མ་བསྔོས་པས་
ཉན་ཐོས་རྣམས་ལྟར་ན་རང་འབའ་ཞིག་གི་དོན་ནི་མ་ཡིན་གྱི་གཉི་གའི་དོན་དུའོ་ཞེས་བྱ་བའོ། །སངས་རྒྱས་ཉིད་ཀྱི་ལམ་ཞེས་བྱ་བ་ནི་སངས་རྒྱས་ཐོབ་པར་བྱ་བ་ལ་ལམ་དང་ལམ་གྱི་ཡན་ལག་ཇི་སྙེད་དུ་བསྟན་ཀྱང་དེ་དག་ལས་གཙོ་བོ་ནི་དགེ་བ་བཅུ་པོ་འདི་དག་ཡིན་པའི་ཕྱིར་དེ་སྐད་ཅེས་
བྱའོ། །དགེ་བ་བཅུའི་ལས་ཀྱི་ལམ་ལའོ་ཞེས་བྱ་བ་ལ། འདི་དག་ནི་རྣམ་པར་སྨིན་པ་སྡུག་ཅིང་ཡིད་དུ་འོང་བ་ཅན་ཡིན་པས་ན་དགེ་བའོ། །ལུས་ཀྱི་གསུམ་དང་ངག་གི་བཞི་དང་ཡིད་ཀྱི་གསུམ་རྣམས་ནི་བཅུའོ། །ལས་ཀྱི་ལམ་ཞེས་བྱ་བ་ནི། སྐད་ཅིག་གཞན་དུ་མི་
གནས་ཤིང་། །བྱེད་མེད་ཡིད་ཀྱང་གང་གིས་ནི། །བྱེད་དང་བཅས་ལྟར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་བྱ་བའི་ཚུལ་གྱིས་ན་ལས་ནི་སེམས་པ་སྟེ། སེམས་པ་དེ་ཡང་བརྣབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་
རྣམས་ཀྱི་དབང་དུ་འགྲོ་ཞིང་དེ་དག་གི་ལམ་དུ་འཇུག་པས་ན་ལས་དེའི་ལམ་ནི་དེ་དག་གོ། །ལྷག་མ་སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལས་ཀྱང་ཡིན་ལ་སེམས་པ་ཡང་དང་པོར་འདི་དག་སློང་ཞིང་བསྐྱེད་ལ། དེ་ནས་ཀྱང་འདི་དག་ལ་རྟེན་ཅིང་འཇུག་པས་ལས་ཀྱི་ལམ་ཡང་

ཡིན་ཏེ། དེ་སྐད་དུ་དབྱིག་གཉེན་གྱི་ཞལ་སྔ་ནས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གསུམ་མམ་བདུན་ནི་ལས་ཀྱང་ཡིན། །ཞེས་བཤད་ལ། ལས་ཀྱི་མཚན་ཉིད་ཀྱང་། དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །
དེ་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གོམས་པ་ལའོ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པའི་དབང་གིས་གོམས་པར་བྱེད་པ་ཙམ་ཞིག་ཏུ་གཞག་གི་དངོས་གཞི་ནི་མ་ཡིན་ཏེ། དེ་ནི་ས་རབ་ཏུ་དགའ་བ་ལ་སོགས་པར་དེ་ཁོ་ན་ཉིད་
ཡིད་ལ་བྱེད་པར་བཞག་པའི་ཕྱིར་རོ། །དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ནི་སྦྱིན་པ་ནི་བསོད་ནམས་ཀྱི་ལས་ཀྱི་མཆོག་ཡིན་ལ། བསོད་ནམས་ཤིན་ཏུ་ཆེར་བསགས་པའི་སེམས་ལ་ཇི་ལྟར་སྨོན་པ་འགྲུབ་པའི་ཕྱིར་ན་སྦྱིན་པ་ནི་ས་དང་པོ་དེར་ཆོས་ཀྱི་དབྱིངས་
ཀུན་ཏུ་འགྲོ་བ་རྟོག་པའི་མཚན་ཉིད་གཉིས་སུ་མེད་པའི་ཆོས་ཀྱི་རྒྱུས་ཏེ་དེ་ལ་སྦྱོར་རོ་ཞེས་བྱ་བའི་དོན་ཏོ། །ཚོགས་ནི་ས་དང་པོ་བསོད་ནམས་དང་ཡེ་ཤེས་གཉིས་སོ། །དེ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་ཚོགས་ཁྱད་པར་ཅན་ལ་གནས་ཀྱང་ད་དུང་
ཡོངས་སུ་རྫོགས་པ་ནི་མ་ཡིན་པས་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ས་གཉིས་པ་ལ་སོགས་པ་ལ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་། དེའི་ཚེ་ཡང་དེ་དག་གི་བརྡར་བཏགས་པར་ཤེས་པས་དཔྱོད་ཀྱི་དངོས་པོར་
འཛིན་པའི་ཚུལ་གྱིས་ནི་མ་ཡིན་པ་ལ་འགོད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་བརྡར་བཏགས་པ་ཙམ་ལ་ལྟོས་པའོ། །ཤེས་པ་དང་ཤེས་བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་བློ་རབ་ཏུ་ལོག་པས་
འདི་དག་ནི་དབྱེར་མེད་པར་ཆོས་ཀྱི་དབྱིངས་སྣ་ཚོགས་སུ་སྣང་བའོ་ཞེས་བྱ་བ་ལ་ངེས་པར་གྱུར་པའོ། །དེ་ལྟར་ན་ཤེས་པའི་ཕྱིར་རང་དང་གཞན་དུ་འབྱེད་པ་མེད་པས་རང་གི་དོན་དུ་མཐོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་སེམས་ཅན་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་

ཤེས་ཕྲིན་ལས་དང་བཅས་པ་དེ་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་སོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པ་ནི་དྲོད་ལ་སོགས་པ་ཐོབ་པ་སྟེ། ཤིང་ཏོག་སྨིན་པ་དང་། མ་སྨིན་པ་བཞིན་དུ་ལས་སུ་རུང་བའོ་ཞེས་བདག་གི་བླ་མས་ལུང་ཕོག་པའོ། །དེ་ལྟར་ན་མདོ་སྡེ་
རྒྱན་ལས་ཀྱང་བསྟན་ཏོ། །ཉན་ཐོས་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ནི་ཤིན་ཏུ་མཚན་མ་མེད་པའི་དབྱིངས་སུ་ཡང་ཞུགས་ལ། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བའི་མཐུས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱེད་པས་སོ། །ཆོས་ཐམས་
ཅད་ལ་མངོན་པར་ཞེན་པ་སྤངས་པ་ཞེས་བྱ་བ་ནི་སྔར། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བསྟན་པའི་ཆགས་པ་ཕྲ་མོ་ཡང་ས་འདི་ལས་བརྩམས་ནས་ནི་བྲལ་ཏེ། འོན་ཀྱང་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པའོ། །གཞན་དག་ནི་ས་འོག་མ་ལ་ལྟོས་ནས་
མངོན་པར་ཞེན་པ་སྤངས་པར་འདོད་ཀྱི་ཆགས་པ་ཕྲ་མོ་ནི་ས་བཅུ་པའི་བར་དུ་ལྡན་པར་འདོད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་ཐོབ་པ་ལའོ་ཞེས་བྱ་བ་ལ། འདིར་བྱང་ཆུབ་ནི་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དེ་ཐོབ་པ་ནི་ཚོགས་མ་
རྫོགས་པས་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པར་མི་ནུས་ཀྱི། གདུལ་བྱའི་དབང་གིས་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་སྨོན་ལམ་གྱི་མཐུས་ནུས་པར་གྱུར་ཏེ། འདི་སྐད་དུ་རྒྱལ་བའི་ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལྟར་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འདོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །འོ་ན་འཕགས་པ་ས་བཅུ་པའི་མདོ་ལས། ས་བཅུ་པ་ནས་བརྩམས་ཏེ་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་ནས་བབས་པ་ལ་སོགས་པའི་རིམ་པས་མངོན་པར་རྫོགས་པར་སངས་རྒྱས་པར་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། དེའི་ཚེ་ནི་ས་དགུ་པ་ལ་འཇིག་རྟེན་

གྱི་ཁམས་རབ་ཏུ་མང་པོར་འཚང་རྒྱ་བའི་སྦྱོར་བ་སྟོན་པས་ས་འོག་མ་དག་ལས་ཁྱད་པར་དུ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་བཀོད་ནས་ཞེས་བྱ་བ་ལ་ཞིང་རྣམས་ནི་ཡང་དག་པའི་དོན་དུ་ན་ཡེ་ཤེས་ཀྱི་སྣང་བ་སྟེ། དེའི་ཕྱིར་འཕགས་
པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འདོད་པས་ནི་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ་ཞེས་གསུངས་ལ་འདིར་ཡང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ཞེས་གསུངས་སོ། །དེ་ལྟ་བུའི་ས་བཅུའི་བདག་ཉིད་
ཀྱི་མཐའི་བྱ་བ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ནས་བསྒོམ་པའི་ལམ་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ། བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་
མཐའ་དག་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་པའི་བྱང་ཆུབ་ཐམས་ཅད་དོ། །དེ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་ཏེ། སྔར་རྣམ་པའི་སྐབས་སུ་བཤད་པ་རྣམས་སོ། །དེ་ཡང་དེ་དག་ནི་མཐོང་བའི་ལམ་
ཡིན་ལ། མཐོང་བའི་ལམ་ནི་སྔར་བྱང་ཆུབ་ཆེན་པོ་གྲུབ་པར་བྱེད་པ་མཐོང་བའི་ལམ་ཞེས་བསྟན་པས་ན་དེ་དག་ལ་བྱང་ཆུབ་མཐའ་དག་འདྲེན་པར་བཞག་གོ། །ལས་དང་འབྲས་བུར་འབྲེལ་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཆུད་མི་ཟ་བ་ནི་སྐད་ཅིག་མ་གཅིག་པའི་མངོན་
པར་རྫོགས་པར་བྱང་ཆུབ་པ་དེས་ནི་ཡེ་ཤེས་རྣམ་པར་དག་པ་བསྐྱེད་ཀྱི། བསྐལ་པ་མང་པོ་ཞིག་ཏུ་དཀའ་བ་བྱས་ནས་རང་གི་ཡེ་ཤེས་རྒྱུན་གཅོད་པ་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་དག་སངས་རྒྱས་ཀྱི་སའི་ཡེ་ཤེས་ཀུན་རྫོབ་ཏུ་ཡང་མེད་པར་སྨྲ་བ་དེ་དག་གི་ལྟ་བ་དགག་
པར་འདི་གསུངས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་ལས་དེ་དག་ཐ་དད་པར་མི་འཛིན་པའི་ངོ་བོ་སྟེ། ཇི་སྐད་དུ་འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་

པས་བདེན་པ་གཉིས་སུ་དབྱེར་མེད་པར་བསྟན་པ་ལྟ་བུའོ། །ཕྱིན་ཅི་ལོག་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་བདེན་པ་གཉིས་ལོག་པར་རྟོགས་པ་སྟེ་དེ་དག་སྤང་བ་ནི་ཇི་སྐད་དུ་བསྟན་པའི་བདེན་པ་གཉིས་སུ་མི་འཛིན་པའི་མཐུ་སྟེ། དེས་ན་སྔ་མའི་འབྲས་བུར་འདི་བསྟན་པའོ། །དེ་ལྟར་
ཕྱིན་ཅི་ལོག་སྤང་བ་དེ་ཡང་གང་ཞིག་ཡོད་པ་བོར་བ་ནི་མ་ཡིན་པས་ན་ཕྱིན་ཅི་ལོག་སྤང་བ་གཞི་མེད་པའི་ཡེ་ཤེས་ཞེས་སྨོས་ཏེ། གཟོད་མ་ནས་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཕྲ་བ་ཡང་མེད་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཞིག་དེས་ཤེས་པར་ཟད་དེ། དེ་ལྟ་
བས་ན་སྔར། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་ལ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། ཡུལ་འདི་
དག་ནི་དུག་མེད་སྟོང་པ་སྟེ། །དངོས་པོར་དམིགས་པ་ཐམས་ཅད་གཟུང་དུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་འདི་ནི་རྒྱ་ཆེར་འཕགས་པ་འཇམ་དཔལ་གྱི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་ཚུལ་གྱིས་རང་བཞིན་
གྱིས་ཡོངས་སུ་དག་པའི་མཚན་ཉིད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་ཞེས་གསུངས་ཏེ། རྒྱལ་བའི་སྲས་དེའི་ཡོན་ཏན་དེ་དག་རབ་ཏུ་དག་ཅིང་འོད་གསལ་བའི་རྒྱུ་མཚན་ནི་སྔ་མ་ཉིད་དོ། །དེ་ལྟར་རྣམ་པར་དག་པའི་ཡོན་ཏན་གྱི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱི་སའི་རྒྱུར་
གནས་པའི་ཕྱིར་དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་ཞེས་སྨོས་སོ། །ཡང་ལམ་དེ་ལ་གནས་པ་ནི་བདག་གི་སློབ་པའི་ས་འདི་ཡོངས་སུ་སྤངས་ཏེ། ཆོས་ཀྱི་སྐུ་འདུས་མ་བྱས་ཐོབ་པར་བྱའོ་ཞེས་མི་རྟོག་པར་སྟོན་ན་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་འདུས་བྱས་
དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་འགྲོ་བ་རབ་ཏུ་ཞི་བར་མཛད་པ་ནས་བཟུང་སྟེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ནི་གནས་སྐབས་གོང་མ་གོང་མ་ལས་འོག་མ་རྣམས་ཐ་དད་ལ། སྐྱེ་བ་གཅིག་གིས་ཐོགས་པའི་ཁྱད་

པར་གསུམ་དང་ཁྱད་པར་གྱི་ལམ་གྱི་ཡོན་ཏན་རྣམ་པ་བརྒྱད་ནི་རང་རང་གི་ཆོས་ཅན་གཅིག་གི་ཡོན་ཏན་གྱི་ཁྱད་པར་ལྔའོ། །དེ་བཞིན་གཤེགས་པའི་ས་ནི་ཀུན་ཏུ་འོད་དེ། དེ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་འགོད་པར་མཛད་པས་ན་ཕྲིན་
ལས་ཡོངས་སུ་རྫོགས་པས་ཐུགས་ལ་མི་མངའ་བར་གྱུར་པའི་ཕྱིར་ལས་གཞན་དེ་ནས་མ་སྨོས་སོ། །འཁོར་བ་ཇི་སྲིད་བར་ཞེས་བྱ་བ་ནི་སྔར་དེ་ཉིད་ཟད་པ་མེད་པའི་ཕྱིར། རྟག་པ་ཞེས་ཀྱང་ངེས་པར་བརྗོད། །ཅེས་བསྟན་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་བཅོམ་ལྡན་
འདས་ཐུགས་རྗེ་ཆེན་པོས་ཕྲིན་ལས་མཛད་པ་མངོན་པར་བརྩོན་པའི་ཕྱིར། སངས་རྒྱས་བརྒྱུད་པ་ཐོག་མ་མེད་པ་དག་གིས་སེམས་ཅན་དཔག་ཏུ་མེད་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སྔ་མ་ཉིད་དུ་བཀོད་ཅིང་། ད་ལྟར་དང་མ་འོངས་པའི་དུས་སུ་ཡང་དེ་
ལྟར་འགོད་པར་མཛད་ན་ཅིའི་ཕྱིར་འཁོར་བ་ཐོག་མ་མེད་ཅེ་ན། དགེ་སློང་དག་ཁྱེད་ཀྱིས་ལྷའི་མིག་དག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་གནས་པ་མཐོང་བ་ནི་ཆེས་ཉུང་གི། ངས་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སེམས་ཅན་
གནས་པ་རྣམས་མཐོང་བ་ནི་ཆེས་མང་ངོ་ཞེས་གསུངས་པའི་ཚུལ་གྱིས་སེམས་ཅན་གྱི་ཕུང་པོ་ནི་རབ་ཏུ་མང་ལ་སངས་རྒྱས་རྣམས་ནི་བརྒྱ་ལམ་ན་ལན་འགའ་ཁོ་ན་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་འབྱུང་བའི་ཕྱིར། འདི་དག་ཟད་པར་བྱ་དཀའ་བའི་ཕྱིར་ཏེ། རྡུལ་ཕྲ་རབ་རེ་རེ་ལ་ཡང་
སངས་རྒྱས་དཔག་ཏུ་མེད་པར་བཞུགས་པ་གང་དང་གང་ལས་བསྟན་པ་ནི་སྤྲུལ་པའི་སྐུའི་དབང་དང་། བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་ཡུལ་དུ་བྱས་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་
བུའི་དུས་ཉེ་བར་གནས་སུ་ཆུག་ན་ཡང་དེ་དག་གི་ཡེ་ཤེས་སྐད་ཅིག་མ་བདེ་བ་ཆེན་པོ་རྒྱུན་དུ་འབྱུང་བ་ཉིད་ལ་འཁོར་བ་ཞེས་བྱ་བའི་ཕྱིར་ཡང་ཉེས་པ་མེད་དོ། །བཞེད་པས་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འབྱུང་བ་སྟེ། ཁྱོད་ཀྱི་ཕྲིན་ལས་ཇི་སྙེད་པ། །བཞེད་པ་ཙམ་

ལ་རག་ལས་ཏེ། །སྦྱོར་འབྱུང་ཡོན་ཏན་གཅིག་མ་མཆིས། །ཞེས་བསྟོད་པ་ལྟ་བུའོ། །སེམས་བསྐྱེད་པ་དང་པོ་ནི། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པའོ། །ཐ་མ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་ལས་དེ་ལྟར་བསྟན་པས་
ཞེས་བྱ་བ་ནི་རང་རང་གི་གནས་སྐབས་ཀྱི་བྱ་བ་དང་ཡོན་ཏན་དང་རང་བཞིན་བསྟན་པའོ། །གོ་རིམས་བསྟན་པའི་རིམ་པ་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རིམ་པ་མ་འཁྲུགས་པར་བསྟན་པས་སོ། །ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཀྱང་ལས་
དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་སྟོན་པའི་དབང་དུ་བྱས་པ་དེ་དག་གི་རྗེས་སུ་འབྲངས་ཏེ། དེ་དག་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱས་ཏེ། དེའི་དགོས་པ་ནི་སྔར་བསྟན་ཏོ། །དེ་ལྟར་ན་སློབ་དཔོན་གྱི་ཞལ་སྔ་ནས་ཅིའི་ཕྱིར་འགྲེལ་པར་དེ་ལྟར་མི་སྟོན་སྙམ་པ་ལ་ཚིག་མང་དུ་དོགས་པས་
བདག་གིས་མ་བྲིས་སོ་ཞེས་བྱ་བ་གསུངས་ཏེ། དེས་ན་ཚེགས་ལ་ལྟ་བའམ། དགོད་པར་མི་མཁྱེན་པ་ནི་མ་ཡིན་གྱི་དང་པོ་ནས་ཀྱང་ཡུམ་འདི་ཟློས་བུ་ལྟ་བུར་རབ་ཏུ་མང་པོ་བྱུང་བས་དོན་ཁོང་དུ་ཆུད་པར་དཀའ་བར་གྱུར་ན། གལ་ཏེ་ངག་རེ་རེ་ལ་སྐབས་ཀྱི་དོན་མཐའ་དག་བཀོད་
ན། དེའི་ཚེ་ཡུམ་འདིས་གདུལ་བྱ་ཕལ་ཆེར་ཁམས་རབ་ཏུ་འཁྲུག་པར་བྱེད་པ་ཉི་ཚེ་བ་ཞིག་གི་ཡན་ལག་ཏུ་འགྱུར་བའི་ཕྱིར་མ་བཀོད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བདག་གིས་ཀྱང་འདིར་དཔྱད་པ་མ་བྱས་སོ། །སྐབས་བརྒྱད་པའི་འགྲེལ་བཤད་རྫོགས་སོ།། །།
སྐབས་བསྡུས་པ་གཉིས་ཀྱི་དོན་ནི་དང་པོར་བཤད་ཟིན་ཏེ། ཚིག་གི་དོན་ཡང་གོ་བར་སླའོ། །ཆུང་ཟད་དུ་ན་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་སྐབས་བསྡུས་པ་རྣམ་པར་དབྱེ་བ་བསྡུས་པ་ཡིན་དུ་ཟིན་ཀྱང་། དོན་ལ་ནི་ཁྱད་པར་དུ་བྱ་བ་མེད་དོ། །ཚེགས་ཆུང་ཟད་ཅིག་
བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་གཞུང་ཉེ་བར་བསྡུ་བ་སྟོན་ཏེ། འཕགས་པ་རྣམ་པར་གྲོལ་སྡེ་ཡིས། །མཐུ་ཡི་དོན་མཐོང་སྒོ་ནས་ནི། །ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེང་གེ་བཟང་པོས་བྱས། །ཞེས་བྱ་བར་སྦྱར་ཏེ་ཇི་ལྟར་བྱས་ཤེ་ན། ཚིག་དང་ནི། ངག་སོགས་

སྦྱར་བ་མ་བྱས་པར། །ཞེས་བྱ་བར་སྦྱར་ཏེ། དེ་ལ་ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་སྟོན་པར་བྱེད་པའོ། །ངག་ནི་ཚིག་ཇི་སྙེད་པས་བརྗོད་པར་བྱ་བ་གཅིག་སྟོན་པར་བྱེད་པ་སྟེ། ཀ་བ་ནི་བྱས་པའི་ཕྱིར་མི་རྟག་ལ་དེའི་ཕྱིར་དེ་ལ་རང་བཞིན་མེད་དོ་ཞེས་བྱ་བ་ལྟ་
བུའོ། །སོགས་པ་ཞེས་བྱ་བ་ནི་སྡེབ་སྦྱོར་གྱི་བསྟན་བཅོས་ལྷུར་བླངས་ཏེ་དོན་སྟོན་པར་མཚུངས་ཀྱང་། ཚིག་ཡིད་དུ་འོང་བར་བྱེད་པའི་སྙན་དངགས་དག་ཀྱང་མ་སྦྱར་ཞེས་བསྡུ་བའོ། །དེ་ལྟར་ངག་དང་ཚིག་དང་སྙན་དངགས་རྣམས་འདིར་ཅིའི་ཕྱིར་སྦྱོར་བ་མ་མཛད་ཅེ་ན།
གོ་བར་སླ་བར་བྱ་བའི་ཕྱིར་ཏེ། དོན་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་དུས་ན་ཚིག་གི་ཚོགས་རབ་ཏུ་མང་པོ་བསྟན་པ་ནི་དོན་དེ་ཁོང་དུ་ཆུད་པའི་བར་ཆད་དུ་འགྱུར་བར་སྣང་སྟེ། དེའི་ཕྱིར་འདི་གཟུ་བོར་བསྟན་པས་སློབ་མ་ལ་བཤད་པའི་ཕྱོགས་ལྟར་བསྟན་པས་ཁོང་དུ་ཆུད་པར་སླ་
བའི་ཡན་ལག་ཏུ་བྱས་པའོ། །ཅི་འདི་གཞན་གྱིས་རྗེས་སུ་མ་གནང་བར་བྱས་སམ་ཞེ་ན། མ་ཡིན་ཏེ། མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །དེ་དག་ལས་གནང་བ་མནོས་ཤིང་མན་ངག་གི་ཆ་གནང་ནས་འདི་བྱས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་
འདི་ལྟར་མཁན་པོ་ཡང་དག་རྣམ་སྣང་མཛད། །ཅེས་བྱ་བ་ནི་རྗེ་བཙུན་རྣམ་པར་སྣང་མཛད་ལས་གནང་བ་ཐོབ་པར་སྟོན་པ་ཡིན་ཏེ། སློབ་དཔོན་འདི་ནི་དེའི་མངོན་སུམ་པ་ཡིན་པའི་ཕྱིར་རོ། །བླ་མ་བཟང་པོ་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེ་སྟེ། དེ་དག་ལ་ཕྱག་འཚལ་ནས་
གནང་བ་མནོས་ཏེ་འདི་ཙམ་ཞེས་འཆད་པར་བྱེད་དོ། །བདེ་གཤེགས་ཤེས་རབ་ནི་ཆོས་ཀྱི་སྐུའོ། །མི་གསལ་ཞིང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལས་མཇུག་གི་མངོན་སུམ་དུ་ཡུམ་འདིའི་དོན་མ་གྱུར་པར་སྟོན་པ་སྟེ། ཇི་སྐད་དུ། དེ་ལ་སྒྲོ་བཏགས་གཅོད་བྱེད་པའི། །རྗེས་སུ་དཔག་
རྣམས་ཤེས་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །ཞེས་བསྟན་པ་ལྟ་བུའོ། །དེ་ལྟར་དེས་ནི་རྟོགས་པའི་ཆོས་ཁོང་དུ་མ་ཆུད་པར་བསྟན་ཏེ། ད་ནི་ལུང་གི་ཆོས་ཀྱང་མ་རྟོགས་པར་སྟོན་པར་བྱེད་པ་ནི། བསྟན་བཅོས་ཀུན་ལས་ཐག་རིང་ལ། །ཞེས་སྨོས་པའོ། །

དེ་དག་ཀྱང་གང་གི་ནུབ་མོ་ལ་དགྲ་བཅོམ་པ་དེས་པ་དང་། སྡེ་སྣོད་གསུམ་པ་སློབ་མ་ཅན་གཉིས་མྱ་ངན་ལས་འདས་པ་དང་། ཚེའི་དུས་བྱས་པ་དེའི་ནུབ་མོ་ནུབ་པས། དེ་ཕྱིན་ཆད་ནི་ཆོས་ཀྱི་གཟུགས་བརྙན་ལ་སྤྱོད་པའི་ཕྱིར་རོ། །འོ་ན་དེ་དག་སུས་ཤེས་ཤེ་ན། བསྟན་བཅོས་རྣམས་ཀྱི་
དོན་ཇི་ལྟ་བུ་ཞིག་ཡིན་པ་ནི་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་བསགས་པས་བདག་ཉིད་ཆེ་བའི་བློ་ཅན་རྣམས་དང་། ཡུན་རིང་དུ་དགེ་བའི་བཤེས་གཉེན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མན་ངག་ཡོངས་སུ་བཟུང་བ་རྣམས་དང་། འཕགས་པའི་
སྐྱེ་བོ་འཕགས་པ་རྣམ་པར་གྲོལ་བ་ལ་སོགས་པ་དེ་དག་གི་སྤྱོད་ཡུལ་ཡིན་ནོ། །སྐྱེ་བོ་མཁས་པ་རྣམས་ནི་བློ་དང་ལྡན་པ་རྣམས་སོ། །བཟོད་པ་མཛོད་ཅེས་བྱ་བ་ནི། བདག་ལ་སྨད་པས་ཁྱེད་རྣམས་ཉམས་པར་མ་གྱུར་ཅིག །ཅེས་དགོངས་པའམ། ཡང་ན་གཞན་གྱི་འཇིགས་པས་
ང་རྒྱལ་མེད་པར་སྟོན་པ་སྟེ། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །ཞེས་གསུངས་པའི་ཚུལ་གྱིས་སོ། །ཤིན་ཏུ་རྒྱ་ཆེའི་ཕ་རོལ་མ་མཐོང་རྒྱ་མཚོའི་བྱ་འདྲ་བདག་གིས་ནི། །གཞུང་མཆོག་ཚིག་གི་ཆུ་གཏེར་འདི་ལ་འབད་པས་རྒལ་བར་བསམས་པ་དང་། །གང་གིས་གཏིང་
ནི་རབ་ཏུ་རྙེད་པར་དཀའ་བས་རབ་ཟབ་ཅེས་བརྗོད་པ། །དེ་ཡི་གཏིང་ཡང་བདག་གིས་དམན་པའི་བློ་ཡིས་བཙལ་བས་འབད་པ་ཡིན། །དེ་ཡི་དགེ་བ་དྲི་མེད་ཟླ་ཟེར་འདྲ་བ་བདག་ལ་གང་སྐྱེས་དེས། །སངས་རྒྱས་ཡེ་ཤེས་འགྲོ་བའི་བཤེས་གཉེན་དམ་པའི་དཔལ་དུ་བདག་གྱུར་ཅིག །
འགྲོ་བ་རྣམས་ཀྱང་འཇིག་རྟེན་རྒྱང་པན་ལ་སོགས་གསང་ཚིག་འདོན་པ་ལས། །རྣམ་ལོག་ཉིན་དང་མཚན་དུ་རྒྱལ་བའི་ཡུམ་ལ་གུས་འབད་གནས་གྱུར་ཅིག །ཅི་ཕྱིར་ཞེ་ན་གཞུང་གང་འདོད་ཆགས་བྲལ་དང་མི་མཐུན་དེ་རབ་འཕེལ། །རྩོད་དང་སྡང་བའི་རྩ་བ་གཅིག་པུ་འགྲོ་བ་རྣམས་
ལ་རབ་འཚེའི་རྒྱུ། །དེ་རྟེན་གྱུར་པས་ཇི་ལྟར་གོ་འཕང་བླ་མེད་འགྲོ་བའི་གཉེན་གཅིག་འགྱུར། །དེ་མཐོང་ཕྱིར་ན་བདག་ནི་ཡུམ་འདིར་གཞོལ་ཕྱིར་སྨོན་ལམ་བརྩོན་པར་བྱེད། །དཔེར་ན་རིན་ཆེན་མང་པོས་གང་བའི་གླིང་དུ་སོང་བའི་བློ་ཉམས་པའི། །ཚོང་པས་ནོར་བུ་རིན་ཐང་མེད་པ་བོར་ཏེ་མཆིང་

བུའི་ནོར་བུ་ལེན། །དེ་བཞིན་རྒྱལ་བ་སྐྱེད་མ་རིན་ཐང་མེད་པའི་ནོར་བུ་བོར་ནས་ནི། །གཅེར་བུའི་གསང་ཚིག་དག་དང་ཉི་ཚེའི་ཐེག་པ་དག་ལ་བརྩོན་བྱེད་སྨད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་
བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ། ཡུལ་ཆེན་པོ་བཻ་ད་ལར་སྐྱེས་པའི་སློབ་དཔོན་མཁས་པ་ཆེན་པོ་གྲུབ་པའི་མཐའ་རབ་འབྱམ་ལ་མཁྱེན་པའི་སྣང་བས་ཁྱབ་པ། ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་དཔལ་ཆོས་ཀྱི་བཤེས་གཉེན་ཞེས་བྱ་བའི་ཞལ་སྔ་
ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཨ་བྷི་ཡུགྟ་ཀ་ད་ཏ་ར་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་དད་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་
མི་ཏཱ་བིནྟཱརྠ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ་ཞེས་བྱ་བ། དང་པོ་ཡུམ་ལ་དང་བ་སྐྱེད་པའི་དོན་དུ་མཁྱེན་པ་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་ཡུམ་ལ་ཕྱག་འཚལ་བ་བསྟན་ཏོ། །དེ་ནས་འཕགས་པ་བྱམས་པ་བདག་ཉིད་ཀྱི་བསྟན་བཅོས་དོན་ལྔ་དང་
ལྡན་པར་སྟོན་པར་བཞེད་པས་དགོས་པ་བསྟན་ཏོ། །དགོས་པ་ནི་གཉིས་ཏེ། བརྒྱུད་པའི་སྒོ་ནས་དང་། དངོས་ཀྱི་དགོས་པའོ། །བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་བརྒྱུད་པའི་དགོས་
པའོ། །བདེ་བླག་ཏུ་རྟོགས་པ་ནི་རྩོམ་པའི་དངོས་ཀྱི་དགོས་པའོ། །དེ་ནས་ཚིགས་སུ་བཅད་པ་བཅོ་ལྔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་གཞག་པ་བསྟན་ཏོ། །དེ་ལ་དང་པོ་གཉིས་ཀྱིས་མདོར་བསྟན་ལ། བཅུ་གསུམ་གྱིས་ནི་ཅུང་ཞིག་རྒྱས་པར་བསྟན་ཏོ། །མདོའི་ཚིག་
ལེའུར་བྱས་པ་དང་པོ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་མངོན་པར་རྟོགས་པ་བརྒྱད་དུ་བསྡུས་པར་བསྟན་ཏོ། །དེ་ལ་གཉིས་ཏེ། གྲངས་ངེས་པ་དང་། གོ་རིམས་ངེས་པའོ། །དེ་ལ་གྲངས་ངེས་པ་ནི་མངོན་པར་རྟོགས་པ་བརྒྱད་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱིས་རྣམ་པ་

གཉིས་སོ། །རྒྱུ་ནི་དམིགས་པ་དང་བཅས་པའི་སྦྱོར་བའི་བྱེ་བྲག་གིས་མངོན་པར་རྟོགས་པ་རྣམ་པ་བདུན་ཡིན་ལ། བརྒྱད་པ་ནི་འབྲས་བུའོ། །མཁྱེན་པ་གསུམ་ནི་དམིགས་པ་བསྟན་པའོ། །ལྷག་མ་མངོན་པར་རྟོགས་པ་བཞི་ནི་སྦྱོར་བའོ། །འབྲས་བུ་ནི་ཆོས་ཀྱི་སྐུའོ། །དེ་ལ་
བདུན་ཙམ་གྱིས་ནི་མི་རྫོགས་ལ། དགུ་ཕན་ཆད་ནི་འབྲས་བུ་མེད་པས་གྲངས་ངེས་པའོ། །གོ་རིམས་ངེས་པ་ནི་འབྲས་བུ་ལ་བྲོད་པ་སྐྱེད་པའི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་པོར་བསྟན་ཏོ། །དེ་ཉིད་ལམ་གོམས་པ་ལས་བྱུང་བས་དེའི་རྗེས་ལ་ལམ་ཤེས་པ་བསྟན་ཏོ། །
དེ་ཉིད་ནི་མི་མཐུན་པའི་ཕྱོགས་སྤོང་བའི་བདག་ཉིད་ཡིན་པས་སྤང་བྱ་བཞི་ཤེས་དེའི་རྗེས་ལ་བསྟན་ཏོ། །འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་སྒྲུབ་པ་ཉམས་སུ་བླང་དགོས་པས། དེ་ཡང་ལས་དང་པོ་པའི་གནས་སྐབས་ནས་ཡིན་པས་ལས་དང་པོ་པའི་
གནས་སྐབས་སུ་གོ་ཆའི་སྒྲུབ་པའི་བདག་ཉིད་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་དེའི་སྦྱོར་བའོ། །དེ་ཉིད་མཐར་ཐུག་པ་ལས་འཇུག་པའི་སྒྲུབ་པའི་བདག་ཉིད་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱ་བ་རབ་ཀྱི་སྦྱོར་བའོ། །རྩེ་མོ་དེ་ཉིད་ཀྱི་དབང་དུ་བྱ་བའི་ཕྱིར་
རམ། ཉམས་ན་གསོ་བའི་དོན། ཚོགས་ཀྱི་སྒྲུབ་པའི་བདག་ཉིད་མཐར་གྱིས་པ་ཞེས་བྱ་བ་གོ་རིམས་ཀྱིས་སྦྱོར་བའོ། །དེ་ཉིད་མཐར་ཐུག་པས་ངེས་པར་འབྱུང་བའི་སྒྲུབ་པའི་བདག་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཞེས་བྱ་བ་མཐར་ཕྱིན་པའི་སྦྱོར་བའོ། །དེའི་
སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བས་བརྒྱད་པ་ལ་འབྲས་བུ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའོ། །དེ་ནི་གོ་རིམས་ངེས་པའོ། །དོན་བརྒྱད་པོ་དེ་ཡང་བསྡུས་ན་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུའོ། །ཡང་ན་རྣམ་པ་གསུམ་སྟེ། དམིགས་པ་དང་།
སྦྱོར་བ་དང་། འབྲས་བུའོ། །དེ་ལ་དང་པོ་གསུམ་ནི་དམིགས་པའོ། །དེའི་སྦྱོར་བ་དང་། རབ་དང་། གོ་རིམས་དང་། མཐར་ཕྱིན་པ་ཞེས་བྱ་བའི་བྱེ་བྲག་གིས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་བཞི་ནི་སྦྱོར་བའོ། །ཆོས་ཀྱི་སྐུ་ནི་འབྲས་བུའོ། །དེ་ལ་

མངོན་པར་རྟོགས་པ་བརྒྱད་དུ་ངེས་པར་བསྟན་པ་ནི་དབང་པོ་རྟུལ་པོ་དང་འབྲིང་གི་དབང་དུ་བྱས་པའོ། །རྣོན་པོ་ལ་ནི་དྲུག་གིས་མཆོག་གོ། །སྒྲུབ་པ་བཞི་ལམ་དང་སྦྱར་ན་གོ་ཆའི་སྦྱོར་བའི་ལམ། འཇུག་པ་མཐོང་བའི་ལམ། ཚོགས་བསྒོམ་པའི་ལམ།
ངེས་པར་འབྱུང་བ་བསྒོམ་པའི་ལམ་གྱི་ཁྱད་པར་གྱི་ལམ་གྱིས་བསྡུས་ཏེ། མདོར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞིའི་ངོ་བོ་ཉིད་དོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཚོགས་ཀྱི་ལམ་གྱིས་བསྡུས་པ་མ་ཡིན་ནམ། ཇི་
ལྟར་གོ་ཆ་སྦྱོར་བའི་ལམ་ཡིན་ཞེ་ན། གོ་ཆའི་སྦྱོར་བ་ནི་སྦྱོར་བའི་ལམ་གྱི་གནས་སྐབས་སུ་རྫོགས་པ་ལ་དགོངས་པས་ན་སྦྱོར་བའི་ལམ་ཞེས་བརྗོད་དོ། །དེ་བཞིན་དུ་འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བ་ནི་མཐོང་བ་དང་། བསྒོམ་པ་དང་། ཁྱད་པར་གྱི་གནས་སྐབས་
སུ་རྫོགས་པས་ན་ལམ་དེ་དག་གི་རང་བཞིན་དུ་བརྗོད་དོ། །དེ་ནི་མདོར་བསྟན་པའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ཏོ།། །།དོན་བརྒྱད་པོ་དེ་ཡང་རེ་རེ་ནས་བསྟན་པའི་ཕྱིར་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དོན་བཅུས་བསྟན་ཏོ། །དེ་ལ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་
རང་སངས་རྒྱས་ཀྱི་སེམས་བསྐྱེད་ལས་ཁྱད་པར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་པ་མངོན་སུམ་དུ་བྱ་བའི་དོན་དུའམ་འཕེལ་བར་བྱ་བའི་དོན་གྱི་ཕྱིར་གདམས་ངག་གོ། །གདམས་ངག་གི་སྒོ་ནས་སེམས་བསྐྱེད་པ་ཅི་ལྟར་འཕེལ་ཞེ་ན། གདམས་ངག་ཡོད་ན་བྱང་ཆུབ་ཏུ་
སེམས་བསྐྱེད་པ་ལ་དད་པ་དང་། སྤྲོ་བས་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་སེམས་ལ་སེམས་རྩེ་གཅིག་ཏུ་སྐྱེ་བ་འབྱུང་བས་ན་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་ཡང་ནས་ཡང་དུ་དྲན་པ་འབྱུང་བས་ན་དྲན་པ་དང་། བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་ལ་སོགས་
པ་ཐར་པའི་ཆ་དང་མཐུན་པ་དང་དེ་བཞིན་དུ་རིམ་པ་བཞིན་དུ་འབྱུང་བས་དེ་ལྟར་ན་གདམས་ངག་གི་སྒོ་ནས་སེམས་བསྐྱེད་པ་འཕེལ་བ་ཡིན་ནོ། །གདམས་ངག་དང་ལྡན་པ་ལས་དབང་པོ་དང་སྟོབས་ཀྱི་བདག་ཉིད་ཀྱི་དད་པ་ལ་སོགས་པ་བསྐྱེད་པས་ངེས་པར་འབྱེད་པའི་ཡན་ལག་རྣམ་པ་

བཞི་བསྟན་ཏོ། །དེ་ལ་གཙུབ་ཤིང་གཙུབས་པའི་གནས་སྐབས་སུ་དང་པོ་གྲང་བའི་རེག་པ་སེལ་མི་ནུས་པའི་དྲོ་བ་ཙམ་འབྱུང་བ་བཞིན་དུ་མ་དད་པ་ལ་སོགས་པ་བས་སྟོབས་ཆུང་བའི་དད་པ་ལ་སོགས་པ་ལྔ་ནི་དྲོད་ཅེས་བྱའོ། །མཉམ་པར་གྱུར་པའི་གནས་སྐབས་ན་ནི་རྩེ་མོ་ཞེས་བྱའོ། །
དྲོད་དང་རྩེ་མོའི་གནས་སྐབས་ཀྱི་དད་པ་ལ་སོགས་པ་ལྔ་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་པ་དང་། སྤང་བྱ་སྤོང་མི་ནུས་པའི་ཕྱིར་དབང་པོ་ལྔ་ཞེས་བྱའོ། །མ་དད་པ་ལ་སོགས་པ་བས་སྟོབས་ཆེ་བའི་གནས་སྐབས་ན་ནི་བཟོད་པ་ཞེས་བྱའོ། །མ་དད་པ་ལ་སོགས་པ་མ་ལུས་
པར་སྤོང་ནུས་པའི་གནས་སྐབས་ན་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །བཟོད་པ་དང་ཆོས་མཆོག་གི་གནས་སྐབས་ན་ནི་མ་དད་པ་ལ་སོགས་པ་འཇོམས་ནུས་པས་སྟོབས་ཞེས་བྱའོ། །སེམས་བསྐྱེད་པ་ལ་སོགས་པའི་ཆོས་དེ་དག་ཀྱང་རིགས་དང་ལྡན་པ་ལ་སྐྱེ་བས།
སྒྲུབ་པའི་རྟེན་ཐེག་པ་ཆེན་པོའི་རིགས་བསྟན་ཏོ། །རིགས་དང་ལྡན་པ་དེ་ལ་ཡང་སྒྲུབ་པ་ཉམས་སུ་བླངས་པ་ལས་འབྱུང་བས་སྒྲུབ་པ་ཉམས་སུ་ལེན་པའི་དམིགས་པ་བསྟན་ཏོ། །ཉམས་སུ་ལེན་པ་དེ་ཡང་འབྲས་བུ་མེད་པར་མ་ཡིན་པས་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་འབྲས་བུ་
ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་ཏོ། །འབྲས་བུ་ཐོབ་པར་བྱ་བའི་དོན་དུ་ལམ་ལ་ནན་ཏན་དུ་བྱ་དགོས་པས་སྤྲོ་བའི་བརྩོན་འགྲུས་ཀྱི་གོ་ཆའི་སྒྲུབ་པ་བསྟན་ཏོ། །གོ་བགོས་པ་དེ་ལས་འཇུག་པ་འབྱུང་བས་འཇུག་པའི་སྒྲུབ་པ་བསྟན་ཏོ། །འཇུག་པ་དང་ལྡན་པ་ལས་བསོད་ནམས་
དང་ཡེ་ཤེས་ཀྱི་ཚོགས་འབྱུང་བས་ཚོགས་ཀྱི་སྒྲུབ་པ་བསྟན་ཏོ། །ཚོགས་བསགས་པ་ལས་ངེས་པར་འབྱུང་བའི་སྒྲུབ་པ་འབྱུང་བས་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་ཏོ། །མདོར་ན་སྒྲུབ་པ་རྣམ་པ་བཞི་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་སྦྱོར་བ་བཞིའི་
བདག་ཉིད་དེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཐམས་ཅད་ཤེས་པར་བྱ་དགོས་པས་དང་པོར་ཉན་ཐོས་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་སངས་རྒྱས་ཀྱི་འོད་ཀྱིས་ལྷ་རྣམས་ཀྱི་རྣམ་སྨིན་གྱི་འོད་ཟིལ་གྱིས་མནན་པ་ལ་སོགས་པ་རྣམ་

པ་ལྔ་ནི་ལམ་ཤེས་པའི་སྦྱོར་བའོ། །དེ་ལྟར་སྣོད་དུ་རུང་བ་ལ་སོགས་པ་རྣམ་པ་ལྔ་དང་ལྡན་པས་ལམ་ཐམས་ཅད་ཤེས་པར་བྱ་དགོས་པས་དང་པོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་བསྟན་ཏོ། །འདི་དང་གཞན་པའི་ཡོན་ཏན་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་
མཐོང་བའི་ལམ་བསྟན་ཏོ། །དེའི་ཡོན་ཏན་ཕྱིར་མི་ལྡོག་པ་གཞན་གྱི་ཡོན་ཏན་ནི་སྐྱེ་བ་སྔ་ཕྱིའི་ཤེས་རབ་པོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཅི་སྟེ་མ་སྨོས་ཤེ་ན། སྐབས་དང་པོར་སྨོས་ཟིན་པས་ན་འདིར་མ་སྨོས་སོ། །འོ་ན་མཐོང་བའི་ལམ་ཡང་སྨོས་ཟིན་པས་ན་འདིར་ཅི་
སྟེ་ཞེ་ན་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཆོས་ཉིད་ཀྱི་རྣམ་པའི་ཚུལ་གྱིས་གཟིགས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གཉེན་པོའི་ཚུལ་ཙམ་དུ་ཤེས་པས། སྐབས་དང་པོ་མཐོང་བའི་ལམ་ལས་ལོགས་ཤིག་ཏུ་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་
བསྟན་ཏོ། །ངེས་པར་འབྱེད་པའི་ཡན་ལག་ནི་ལས་དང་པོ་པའི་སས་བསྡུས་ལ། ལས་དང་པོ་པའི་གནས་སྐབས་ན་ནི་གཉིས་ཀ་ཡང་ཁྱད་པར་མེད་པས་ལོགས་ཤིག་ཏུ་མ་བྱས་སོ། །དེས་ནི་སྔར་མ་ཐོབ་པ་ཐོབ་པས་ན་མཐོང་བའི་ལམ་བསྟན་ཏོ། །ཐོབ་པ་ཁྱད་པར་དུ་འགྲོ་བ་ནི་
བསྒོམ་པའི་ལམ་ཡིན་པས་ན་བསྒོམ་པའི་ལམ་བསྟན་ཏོ། །མདོར་བསྡུས་ན་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི་སྦྱོར་བ་དང་དངོས་དང་མཇུག་གི་བྱེ་བྲག་གིས་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་གསུམ་ཡིན་ལ། ཟག་
པ་མེད་པ་ནི་སྒྲུབ་པ་དང་ཤིན་ཏུ་རྣམ་དག་གཉིས་སོ། །དེ་ལྟར་ན་བསྒོམ་པའི་ལམ་རྣམ་པ་ལྔའོ། །ཅིའི་ཕྱིར་བྱེད་པ་ལོགས་སུ་མ་སྨོས་ཤེ་ན། བྱེད་པ་དང་བཅས་པའི་དབྱེ་བ་རྣམ་པ་ལྔ་ཡིན་པས་ལོགས་ཤིག་ཏུ་མ་སྨོས་སོ། །བསྟོད་པ་དང་བཀུར་བ་དང་བསྔགས་པ་ནི་མོས་པ་རང་དང་
གཞན་དང་གཉི་གའི་བྱེ་བྲག་གིས་རྣམ་པ་གསུམ་ལ་གསུམ་དུ་ཡིན་པས་མོས་པ་ནི་གནས་སྐབས་ལོགས་ཤིག་ཏུ་མ་སྨོས་སོ། །ཅི་ལྟར་མོས་པ་རེ་རེ་ལ་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་ཉི་ཤུ་རྩ་བདུན་དུ་འགྱུར་བ་དེ་བཞིན་དུ་མོས་པ་དགུ་ཚན་གསུམ་ལ་བསྟོད་པ་དང་བཀུར་

བ་དང་བསྔགས་པ་དང་། དགུ་ཚན་གསུམ་དུ་འགྱུར་བས་དེ་ཉི་ཤུ་རྩ་བདུན་དུ་འགྱུར་རོ། །དེ་ལྟར་བསྒོམ་པའི་ལམ་ནི་རྣམ་པ་ལྔའོ། །ལྔ་པོ་དེ་དང་དེ་དག་ཉིད་ས་གང་དང་གང་གིས་བསྡུས་ཤེ་ན། མོས་པ་ནི་ས་གཉིས་པ་དང་གསུམ་པ་དང་བཞི་པས་བསྡུས་སོ། །བསྔོ་བ་ནི་ས་ལྔ་པ་
དང་དྲུག་པ་དང་བདུན་པས་བསྡུས་སོ། །རྗེས་སུ་ཡི་རང་བ་ནི་ས་བརྒྱད་པ་དང་། དགུ་པས་བསྡུས་སོ། །སྒྲུབ་པ་དང་ཤིན་ཏུ་རྣམ་པར་དག་པ་ནི་ས་བཅུ་པས་བསྡུས་སོ། །ཅིའི་ཕྱིར་མོས་པ་རྣམ་པ་གསུམ་ཞེ་ན། དེ་ལ་རང་གི་དོན་དུ་མོས་པ་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་རྒྱུ་མཚན་
ཡིན་ལ། གཞན་གྱི་དོན་དུ་མོས་པ་ནི་སྤྲུལ་པའི་སྐུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡིན་ཏེ། གཉིས་ཀའི་དོན་དུ་མོས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡིན་པས་མོས་པ་ནི་རྣམ་པ་གསུམ་གསུམ་མོ། །མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་ནི་ལས་
དང་པོ་པའི་གནས་སྐབས་ན་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་བསྒོམ་ལམ་ལ་དེ་གསུམ་གཞག་ཅེ་ན། མཚན་ཉིད་པ་ནི་བསྒོམ་པའི་ལམ་ན་ཡོད་པས་བསྒོམ་ལམ་དུ་སྨོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་མི་མཐུན་པའི་ཕྱོགས་བསྟན་པའི་ཕྱིར་ཉན་ཐོས་རྣམས་ཀྱི་
ཐམས་ཅད་ཤེས་པ་ཉིད་བསྟན་ཏོ། །དེ་ལ་དངོས་སུ་ནི་བླང་བར་བྱ་བ་ཡིན་པས་བྱང་ཆུབ་སེམས་དཔའི་ལམ་བླང་བར་བྱ་བར་སྟོན་ལ། ཉན་ཐོས་ཀྱི་ལམ་ནི་དོར་བར་བྱ་བ་ཡིན་པས་དེའི་ཤུགས་ལ་སྟོན་ཏོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་རྟོགས་
པའི་ཤེས་རབ་ཀྱིས་སྲིད་པ་སྟེ་འཁོར་བ་ལ་མི་གནས། སྙིང་རྗེས་ཞི་བ་སྟེ་མྱ་ངན་ལས་འདས་པ་ལ་མི་གནས་སོ་ཞེས་བསྟན་པས། ཉན་ཐོས་རྣམས་ནི་ཤེས་རབ་དང་སྙིང་རྗེ་དང་བྲལ་བས་འཁོར་བ་དང་མྱ་ངན་ལས་འདས་པས་གནས་ཞེས་བྱ་བར་ཤུགས་ལ་རྟོགས་སོ། །ཉན་ཐོས་
རྣམས་ཀྱི་ལམ་ནི་ཐབས་མ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཐབས་ཡིན་པས་ཉེ་བ་ཉིད་ཡིན་ནོ། །ཉན་ཐོས་ཀྱི་ལམ་ནི་ཐབས་མ་ཡིན་པས་མི་མཐུན་པའི་ཕྱོགས་ཡིན་ལ། བྱང་ཆུབ་སེམས་དཔའི་ལམ་ནི་ཐབས་ཡིན་

པས་གཉེན་པོ་ཡིན་ནོ། །དེའི་འོག་ཏུ་སྦྱོར་བ་དང་མཉམ་པ་ཉིད་དུ་བསྟན། དེ་ལ་སྦྱོར་བ་ནི་དྲོད་དང་རྩེ་མོའི་དབང་བཅུའོ། །མཉམ་པ་ཉིད་ནི་བཟོད་པ་དང་ཆོས་མཆོག་གི་སྟོབས་བཅུའོ། །ཉན་ཐོས་ཀྱི་སྦྱོར་བ་དང་མཉམ་པ་ཉིད་ནི་དེའི་ཤུགས་ལ་རྟོགས་སོ། །དེ་ལྟར་
བྱང་ཆུབ་སེམས་དཔའི་མཐོང་ལམ་སྦྱོར་ལམ་བསྟན་ནས། ཉན་ཐོས་ཀྱི་ལམ་ཤུགས་ལ་རྟོགས་སོ། །བྱང་ཆུབ་སེམས་དཔའི་ལམ་ཡང་ཉན་ཐོས་ཀྱི་ལམ་ལམ་ཤེས་ཀྱི་སྐབས་སུ་བསྟན་པ་མ་ཡིན་ནམ། འདི་ཡང་ལམ་ཡིན་ན་ཅིའི་ཕྱིར་ཟློས་པར་མི་འགྱུར་ཞེ་ན། མ་ཡིན་ཏེ། དཔེར་ན་
མེའི་ངོ་བོ་གཅིག་ཡིན་དུ་ཟིན་ཀྱང་འབར་བ་དང་གསལ་བ་དང་དུ་བ་བསྐྱེད་པའི་བྱེ་བྲག་གིས་མི་འདྲ་བ་བཞིན་དུ་མཁྱེན་པ་གསུམ་ཀ་ལ་མ་ཡིན་དུ་ཟིན་ཀྱང་། དང་པོས་ནི་ཆོས་ཉིད་ཀྱི་རྣམ་པའི་ཚུལ་དུ་བསྟན་ལ། གཉིས་པས་ནི་གཉེན་པོ་ཙམ་ཞིག་བསྟན་ཏེ། གསུམ་པས་ནི་
གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་སྒོ་ནས་བསྟན་པས་ཟློས་པའི་ཉེས་པ་མེད་དོ། །མཐོང་བའི་ལམ་བཞིན་དུ་མི་མཐུན་པའི་ཕྱོགས་ཤུགས་ལ་བསྟན་པའི་དོན་དུ་བསྒོམ་པའི་ལམ་ཡང་ཅི་སྟེ་མི་སྟོན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ལམ་མངོན་སུམ་དུ་
བྱ་བ་ཡིན་པས་མཐོང་བའི་ལམ་ནི་བསྟན་ལ། ལམ་གྱི་འབྲས་བུ་ནི་ཐོབ་པར་བྱ་བ་མ་ཡིན་པས་ཉན་ཐོས་ཀྱི་བསྒོམ་པའི་ལམ་ནི་མ་བསྟན་ཏོ། །འོ་ན་མཐོང་བའི་ལམ་ཡང་གཞན་གྱི་དོན་དུ་མ་ཡིན་ནམ། དེ་བཞིན་དུ་ཉན་ཐོས་ཀྱི་བསྒོམ་པའི་ལམ་ཡང་གཞན་གྱི་དོན་དུ་ཅི་སྟེ་མི་སྟོན་ཞེ་ན།
བདེན་མོད་ཀྱི་བསྒོམ་པའི་ལམ་ནི་དངོས་སུ་བྱང་ཆུབ་ཐོབ་པའི་རྒྱུ་མཚན་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པ་ན་དམ་བཅས་པ་ཉམས་པའི་དོགས་པར་འགྱུར་བས་བསྒོམ་པའི་ལམ་ནི་མ་བཤད་དོ། །དེ་ལྟར་ན་མཁྱེན་པ་གསུམ་དམིགས་
པའི་ཡུལ་བསྟན་ནས། འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་སྦྱོར་བ་ལས་དང་པོ་པའི་སས་བསྡུས་པ་རྣམ་པ་ཀུན་མངོན་པར་རྟོགས་པའི་སྦྱོར་བ་བསྟན་པར་བྱ་སྟེ། དེ་ལ་མཁྱེན་པ་གསུམ་ཀའི་རྣམ་པ་ཀུན་མངོན་པར་རྟོགས་པ་ནི་གཉིས་ཏེ། སོ་སོའི་སྐྱེ་བོའི་གནས་སྐབས་

ཀྱིས་བསྡུས་པ་དང་། རྣལ་འབྱོར་པའི་རྒྱུད་ཀྱིས་བསྡུས་པའོ། །དེ་ལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་ནི་རྗེས་སུ་དཔག་པས་ཤེས་ལ། རྣལ་འབྱོར་པའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་ནི་རྣལ་འབྱོར་གྱི་མངོན་སུམ་གྱིས་ཤེས་སོ། །དེ་ལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་
པའི་རྣམ་པ་ནི་རྒྱུ་ཡིན་ལ། རྣལ་འབྱོར་པའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་ནི་འབྲས་བུའོ། །དོན་བཅུ་གཅིག་པོ་ཐམས་ཅད་དང་པོ་གཏན་ལ་འབེབས་པ་དང་། སྒྲུབ་པ་ཉམས་སུ་ལེན་པའི་བྱེ་བྲག་གིས་ཚོལ་བའི་སྦྱོར་བ་དང་། སྒྲུབ་པ་ཉམས་སུ་ལེན་པའི་སྦྱོར་བ་ཞེས་བྱ་བ་རྣམ་
པ་གཉིས་སུ་འགྱུར་རོ། །དེ་ལ་དང་པོ་སེམས་མ་བསྐྱེད་པའི་གོང་རོལ་ནས་རྣམ་པ་ཞེས་བྱ་བ་ནས་ཐབས་མཁས་པའི་བར་དུ་ཤེས་པར་བྱེད་པ་ནི་ཡོངས་སུ་ཚོལ་བའི་སྦྱོར་བའོ། །ཤེས་ནས་དེ་ཐམས་ཅད་ཉམས་སུ་ལེན་པ་ནི་ཉམས་སུ་ལེན་པའི་སྦྱོར་བའོ། །དེ་ལ་དང་པོ་མཁྱེན་པ་གསུམ་གྱི་
རྣམ་པ་སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པ་བསྟན། སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་རྣམས་བསྒོམ་པ་ལས་རྣལ་འབྱོར་པའི་རྣམ་པ་བསྐྱེད་པའི་དོན་དུ་སྦྱོར་བ་ཉི་ཤུ་བསྟན། དེ་ལ་ལྔ་ནི་ཚོགས་ལམ་གྱིས་བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུའི་བར་གྱིས་
བསྡུས་སོ། །དེ་ལ་སྦྱོར་བ་ཕྱིན་ཅི་མ་ལོག་པར་བསྒོམས་ན་ཡོན་ཏན་འབྱུང་བས་ཡོན་ཏན་བཅུ་བཞི་བསྟན། ཡོན་ཏན་བཅུ་བཞི་ས་དང་སྦྱར་ན་བཞི་ནི་ངེས་པར་འབྱེད་པས་བསྡུས་སོ། །ལྷག་མ་བཅུ་ནི་ས་དང་པོ་ནས་ས་བཅུ་པའི་བར་གྱིས་བསྡུས་སོ། །སྦྱོར་བ་ཕྱིན་ཅི་ལོག་ཏུ་
བསྒོམས་ན་སྐྱོན་འབྱུང་བས་སྦྱོར་བའི་སྐྱོན་བཞི་བཅུ་རྩ་དྲུག་ཏུ་བསྟན། དེ་ལ་བཅུ་ནི་ཚོགས་ལམ་གྱིས་བསྡུས་སོ། །བཅུ་ནི་དྲོད་ཀྱིས་བསྡུས་སོ། །བཅུ་ནི་རྩེ་མོས་བསྡུས་སོ། །བཅུ་ནི་བཟོད་པས་བསྡུས་སོ། །དྲུག་ནི་ཆོས་མཆོག་གིས་བསྡུས་སོ། །དེ་ལ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་
མཚན་ཉིད་ཀྱི་སྒོ་ནས་ཤེས་པས་མཚན་ཉིད་དགུ་བཅུ་