Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 87
Văn bản gốc(Tây Tạng)
Trang 8 / 17 (50.000 ký tự/trang)
རྩ་གཅིག་བསྟན་ཏོ། །དེ་ལ་ཤེས་པའི་མཚན་ཉིད་ནི་ཕྱོགས་ཆོས། བྱེད་པའི་མཚན་ཉིད་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཚུལ། ཁྱད་པར་གྱི་མཚན་ཉིད་ནི་མི་མཐུན་པའི་ཕྱོགས་ལ་ལྡོག་པའི་ཚུལ། ངོ་བོ་ཉིད་ནི་རྟགས་ཀྱིས་མཚོན་ པར་བྱ་བའོ། །དེ་ལ་རང་གི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་མཁྱེན་པ་གསུམ་ཆོས་ཅན་ནོ། །གཞན་གྱི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་སྐྱེས་བུ་ཆོས་ཅན་ནོ། །རྟགས་དང་རྟགས་ཀྱིས་མཚོན་པའི་སྦྱོར་བ་ལྔས་ནི་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ལྡན་པའི་སྐྱེས་བུ་ལས་འབྱུང་བས་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པ་བསྟན། དེ་ལ་ཡོངས་སུ་ཚོལ་བའི་དུས་ནི་མཚན་ཉིད་ཤེས་པ་ཙམ་ཡིན་ལ། རྟགས་དང་རྟགས་ཅན་ལས་སྦྱོར་བ་སྐྱེས་པར་ཤེས་པ་ནི་ཐར་པའི་ཆ་དང་ མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ལྡན་པའི་སྐྱེས་བུ་ལས་འབྱུང་ངོ་། །དེ་ལྟར་སྦྱོར་བ་དང་ལྡན་པའི་སྐྱེས་བུ་ལ་ཕྱིར་མི་ལྡོག་པའི་ཚོགས་བསྟན། ངེས་འབྱེད་མ་ཐོབ་པའི་དུས་ན་ནི་སེམས་མི་བརྟན་ལ། ངེས་འབྱེད་ཐོབ་ཡན་ཆད་ནི་སེམས་བརྟན་པ་ ཐོབ་པ་འབྱུང་བས་ཕྱིར་མི་ལྡོག་པ་ཞེས་བྱའོ། །དེ་ལ་ཞིང་དག་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་རྒྱུ་ཡིན་ནོ། །ཐབས་ལ་མཁས་པ་ནི་ལོག་པར་རྟོག་པ་སེལ་བའི་རྒྱུ་ཡིན་ནོ། །འོ་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐབས་འོག་མ་གཉིས་ལ་ཅིའི་ཕྱིར་སྟོན་ ཞེ་ན། ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་འདི་དང་འོག་མ་གཉིས་ཏེ་གསུམ་ཀ་ལ་བསྟན་ཏོ། །མདོར་ན་ལས་དང་པོ་པའི་གནས་སྐབས་ན་ལམ་ཐམས་ཅད་ནི་ཐབས་དང་ཐབས་ལས་བྱུང་བ་ཤེས་པ་དང་། ལམ་ཐམས་ཅད་ཀྱི་སྦྱོར་བ་ཉམས་སུ་ལེན་པ་ནི་རྣམ་པ་ཀུན་ མངོན་པར་རྫོགས་པར་རྟོགས་པ་ཞེས་བྱའོ། །དེ་ལྟར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་གནས་སྐབས་སུ་ལམ་ཐམས་ཅད་ཀྱི་སྦྱོར་བ་ཉམས་སུ་བླངས་པ་ནི་དེའི་སྦྱོར་བ་ཞེས་བྱའོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་མཐར་ཕྱིན་པ་ལས་དེའི་རབ་ཅེས་བྱ་བའི་རྩེ་མོའི་ མངོན་པར་རྫོགས་པར་རྟོགས་པ་འབྱུང་བས་རྩེ་མོའི་མངོན་པར་རྟོགས་པ་བསྟན་པ་དེ་ལ་རྣམ་པ་ཀུན་མངོན་པར་རྟོགས་པའི་སྐབས་སུ་ལམ་ཐམས་ཅད་ཉམས་སུ་བླངས་པས་ལམ་ཐམས་ཅད་རྫོགས་པར་འབྱུང་བས་ན་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱའོ། །དེ་ལ་དང་པོར་རྩེ་མོར་ ཕྱིན་པའི་རྟགས་བསྟན། དེའི་འོག་ཏུ་བསོད་ནམས་ཀྱི་ཚོགས་རྣམ་པར་འཕེལ་བ་བསྟན། དེའི་འོག་ཏུ་བརྟན་པ་བསྟན། དེའི་འོག་ཏུ་སེམས་ཀུན་ཏུ་གནས་པ་བསྟན། བརྟན་པ་དང་སེམས་ཀུན་ཏུ་གནས་པ་ལ་ཁྱད་ཅི་ཡོད་ཅེ་ན། སེམས་ཅན་གྱི་དོན་སྣ་ཚོགས་པ་ བྱེད་ཀྱང་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བས་ན་བརྟན་པ་ཞེས་བྱའོ། །དེ་ཁོ་ན་ཉིད་ལ་སེམས་རྩེ་གཅིག་པས་ནི་སེམས་ཀུན་ཏུ་གནས་པ་ཞེས་བྱའོ། །དེ་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དྲོད་ལ་སོགས་པ་ནི་རྟགས་དང་། རྣམ་པར་འཕེལ་བ་དང་། བརྟན་པ་དང་། སེམས་ཀུན་ཏུ་གནས་པའོ། །འདི་ནི་རྩེ་མོའི་ངེས་འབྱེད་དོ། །འོ་ན་སྐབས་དང་པོའི་ངེས་འབྱེད་དང་ཁྱད་ཅི་ཡོད་ཅེ་ན། སྐབས་དང་པོར་མཚན་ཉིད་ཙམ་བསྟན་ལ། འདིར་ནི་འབྲས་བུ་དངོས་སུ་བསྟན་ཏོ། །འོ་ན་མཐར་གྱིས་པའི་ངེས་འབྱེད་དང་ཁྱད་ཅི་ཡོད་ཅེ་ན། འབྲིང་དང་ཆེན་པོའི་ཁྱད་པར་ཡོད་དོ། །དེའི་འོག་ཏུ་མཐོང་བའི་ལམ་བསྟན། དེའི་འོག་ཏུ་སྤང་བྱ་གཟུང་བའི་རྟོག་པ་དང་འཛིན་པའི་རྟོག་པ་བསྟན། དེ་ལ་འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་བྱེ་བྲག་གིས་གཟུང་བའི་རྟོག་པ་རྣམ་པ་གཉིས་སོ། །དེ་བཞིན་དུ་གང་ ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པར་ཡོད་པའི་བྱེ་བྲག་གིས་འཛིན་པའི་རྟོག་པ་ཡང་རྣམ་པ་གཉིས་སོ། །དེ་ལ་གཟུང་བའི་རྟོག་པ་འཇུག་པའི་ཕྱོགས་བྱང་ཆུབ་སེམས་དཔའི་ལམ་དུ་གཟུང་བའོ། །ལྡོག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་གཟུང་བའོ། །དེ་ལ་ འཛིན་པའི་རྟོག་པ་གང་ཟག་རྫས་སུ་ཡོད་པ་ནི་གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའོ། །དེ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཡིན་ལ། དེ་མཐོང་བས་སྤང་བར་བྱ་བ་རྫོགས་པར་ནི་བཅུ་དྲུག་པས་སྤང་ངོ་། །དེ་ལ་བསྒོམ་ པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་གོ་རིམས་བཞིན་དུ་ས་དགུ་ལ་རྣམ་པ་དགུ་ཡིན་ལ་དེ་སྤོང་བ་ལ་ལྟོས་ཏེ། བསྒོམ་པའི་ལམ་ཡང་རྣམ་པ་དགུ་ཡིན་ནོ། །དེ་ལས་དགུ་ནི་འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་ པའི་སྙོམས་པར་འཇུག་པ་བཞི་སྟེ་དགུའོ། །དེ་ལ་བསྒོམ་པའི་ལམ་ཆུང་ངུས་ནི་ཉོན་མོངས་པ་ཆེན་པོ་སྤོང་ངོ་། །དེ་བཞིན་དུ་གཉེན་པོའི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་རིམ་པས་སྤོང་ངོ་། །དེ་ལ་ཉོན་མོངས་ པ་ནི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་ལ་སོགས་པ་རེ་རེ་ལ་ཡང་ཆེན་པོའི་ཆེན་པོ་ལ་སོགས་པའི་རིམ་པས་དགུ་དགུ་ཡིན་ལ། དེ་བཞིན་དུ་གཉེན་པོ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པ་དགུ་དགུ་ཡིན་ཏེ། དེ་ལྟར་ན་བསྒོམ་པའི་ལམ་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེའི་ འོག་ཏུ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་བསྒོམ་པའི་ལམ་གྱི་ཁྱད་པར་གྱི་ལམ་བསྟན་ཏོ། །ཁྱད་པར་གྱི་ལམ་གྱི་གནས་སྐབས་ན་ལོག་པར་རྟོག་པ་ཀུན་སྤོང་བས་ལོག་རྟོག་སེལ་བ་བསྟན་ཏོ། །དེ་ལ་རྒྱུ་འབྲས་ཀྱི་རིམ་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ ངེས་འབྱེད་རྣམས་རྩེ་མོའི་རྟགས་ལ་སོགས་པ་རྣམ་པ་བཞིའི་སྦྱོར་བའོ། །ཕྱིར་མི་ལྡོག་པ་ནི་མཐོང་བ་དང་བསྒོམ་པའི་སྦྱོར་བའོ། །ཞིང་དག་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའོ། །ཐབས་མཁས་པ་ནི་ལོག་རྟོག་སེལ་བའི་སྦྱོར་བའོ། །རྩེ་མོ་ཞེས་བྱ་བ་རབ་ཀྱི་སྦྱོར་བ་ བསྟན་ནས་དེ་ཉིད་དབང་དུ་བྱ་བའི་ཕྱིར་རམ། ཉམས་ན་ཕྱིར་གསོ་བར་བྱ་བའི་ཕྱིར་མཐར་གྱིས་པ་ཞེས་བྱ་བ་གོ་རིམས་ཀྱི་སྦྱོར་བའོ། །དེ་ལ་སྔར་ནི་ལུགས་དང་མཐུན་པ་དང་། ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཚོལ་བ་ཞེས་ཉམས་སུ་བླངས་པའོ། །མཐར་གྱིས་པའི་སྐབས་སུ་ནི་ ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་བཅུ་གསུམ་སྦྱོར་ལམ་ནས་ས་བཅུའི་བར་དུ་གོ་རིམས་བཞིན་དུ་བསྒོམས་པས་མཐར་གྱིས་པ་ཞེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་བསྡུས་སོ། །དེ་ལ་རྗེས་སུ་ དྲན་པ་དྲུག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་གྱི་ཡོན་ཏན་གོ་རིམས་བཞིན་དུ་དྲན་པའི་རྗེས་སུ་དྲན་པ་དྲུག་གོ། །དེ་ཉམས་པ་ནི་ས་བདུན་པ་མན་ཆད་དུའོ། །དེ་ལ་ལྟོས་ཏེ་ཉམས་པ་གསོ་བའོ། །དབང་དུ་བྱ་བ་ནི་ས་བཅུ་ཐོབ་པ་ཉིད་དུ་བྱ་ བའི་ཕྱིར་གོ་རིམས་བཞིན་དུ་བསྒོམ་པའོ། །དེ་ལ་ས་བདུན་པ་མན་ཆད་དུ་ནི་ཆ་ཡིན་པས་རྩེ་མོ་ཞེས་བཏགས་པར་འདུས་ལ། དེ་ཉམས་པ་གསོ་བ་ཞེས་བྱ་བ་ལ་ལྟོས་ཏེ་རྩེ་མོ་ཉམས་པ་གསོ་བ་ཞེས་བྱའོ། །མཚན་ཉིད་པ་ནི་ས་བཅུའི་གནས་སྐབས་ན་ཡོད་པ་དེ་ལ་ནི་ ཉམས་པ་མི་འབྱུང་ངོ་། །དེའི་དབང་དུ་བྱས་ནས་དེའི་དབང་དུ་བྱ་བའི་ཕྱིར་མཐར་གྱིས་བསྒོམ་པའོ། །དེ་ལྟར་ན་མཐར་གྱིས་པ་ནི་རྣམ་པ་གཉིས་སོ། །དེ་ལ་ཉམས་པ་གསོ་བ་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་ལའོ། །དབང་དུ་བྱ་བ་ཡིན་པའི་ཕྱིར་བསྒོམ་པ་ནི་འབྲིང་པོ་ལའོ། ། མཐར་གྱིས་པ་ཡོངས་སུ་རྫོགས་པ་ལས་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྦྱོར་བ་མཐར་ཕྱིན་པ་འབྱུང་བས་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་བསྟན་པ་དེ་ལ་གོང་དུ་བསྒོམ་པའི་ལམ་ཐམས་ཅད་སྐད་ཅིག་མ་གཅིག་ལ་རྫོགས་པས་ན་སྐད་ཅིག་ མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་མཚན་ཉིད་ཀྱི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་མ་ཡིན་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའོ། །དེ་ཉིད་སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བས་དེའི་ འོག་ཏུ་ཆོས་ཀྱི་སྐུ་བསྟན་པ་དེ་ལ་སངས་རྒྱས་ཀྱི་སྐུ་ནི་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་ཆོས་ཀྱི་སྐུ་སྟེ་རྣམ་པ་བཞིའོ། །དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་རྣམ་པར་དག་པའོ། །ཆོས་ཀྱི་སྐུ་ནི་དྲི་མ་རྣམ་པར་དག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་མངའ་ བདག་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་ལོངས་སྤྱོད་ལ་སྤྱོད་པའོ། །སྤྲུལ་པའི་སྐུ་ནི་ཉན་ཐོས་ལ་སོགས་པ་ལ་སྣང་ལ་གཟུགས་སྣ་ཚོགས་ཀྱིས་རྟག་ཏུ་སེམས་ཅན་གྱི་དོན་བྱེད་པའོ། །དེ་ཡང་ཆོས་ཀྱི་སྐུ་ལས་འབྱུང་བས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཞེས་བྱའོ། །དེ་ལྟར་ནི་སྐུ་རྣམ་ པ་བཞིའོ། །ཁ་ཅིག་ནི་ཆོས་ཉིད་དང་ཆོས་ཀྱི་སྐུ་གཅིག་པས་ན་སྐུ་ནི་གསུམ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ་ལ་མཛད་པ་མེད་པས་ན་མཛད་པ་དང་བཅས་པ་ཞེས་བྱ་བར་མི་འཐད་པར་འགྱུར་རོ། །དེས་ན་མཛད་པ་དང་བཅས་པ་ཞེས་གསུངས་པས་སྐུ་ནི་རྣམ་ པ་བཞི་ཉིད་དུ་བཞེད་པ་ཡིན་ནོ། །དེ་ལྟར་ན་སྐབས་བརྒྱད་དོ། །དེ་ལ་སྐབས་བརྒྱད་ཀྱི་རིམ་པ་ནི་གཉིས་ཏེ། བསྟན་པའི་རིམ་པ་དང་། སྐྱེ་བའི་རིམ་པའོ། །དེ་ལ་བསྟན་པའི་རིམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུར་དང་པོར་བསྟན་ནས་རྒྱུ་ཕྱིས་འཆད་ པའོ། །སྐྱེ་བའི་རིམ་པ་ནི་དེའི་སྦྱོར་བ་དང་། དེ་རབ་དང་། དེའི་གོ་རིམས་དང་། དེའི་མཐའ་ཞེས་བྱ་བའི་བྱེ་བྲག་གིས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་སྦྱོར་བ་བཞི་ནི་སྔར་བསྟན་ལ། འབྲས་བུ་ཆོས་ཀྱི་སྐུ་ནི་ཕྱིས་བསྟན་ཏོ། །དེ་ལ་སྐབས་བརྒྱད་གང་ ཟག་གཅིག་གིས་ཉམས་སུ་བླང་བའི་རིམ་པ་ནི་མཁྱེན་པ་གསུམ་ཐོས་པའི་ཤེས་རབ་ཀྱིས་ངེས་པར་བྱས་ནས། དེ་ཉིད་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཡོངས་སུ་ཚོལ་བའི་དུས་སུ་རྣམ་པ་ནས་ཐབས་མཁས་པའི་བར་དུ་ལམ་དང་། ལམ་གྱི་རིམ་པ་ཀུན་བསམས་པའི་ཤེས་ རབ་ཀྱིས་གཏན་ལ་ཕབ་ནས། སེམས་བསྐྱེད་པ་མན་ཆད་ཆོས་མཆོག་ཡན་ཆད་དུ་ལམ་ཀུན་གྱི་སྦྱོར་བ་ཉམས་སུ་བླངས་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་སོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལམ་ཐམས་ཅད་ཀྱི་རིམ་པ་ཀུན་སྦྱོར་བ་ཉམས་སུ་བླངས་པས་ལམ་ཀུན་རྫོགས་ པ་ནི་རྩེ་མོའོ། །དེ་ཉིད་ཉམས་ན་གསོ་བའམ། མ་ཉམས་ཀྱང་དབང་དུ་བྱ་བའི་ཕྱིར་གོ་རིམས་བཞིན་བསྒོམ་པ་ནི་མཐར་གྱིས་པའོ། །དེ་ལྟར་གོ་རིམས་བཞིན་དུ་བསྒོམས་པ་ལས་སྐད་ཅིག་མ་གཅིག་པ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང་བའོ། །དེ་ཉིད་ཀྱི་སྐད་ཅིག་མ་གཉིས་ པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་ངོ་། །དེ་ནི་ཉམས་སུ་ལེན་པའི་རིམ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་བཀྲ་ཤིས་རྒྱལ་མཚན་ གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཉྩ་ཡ་གཱ་ཐཱ་པཉྫི་ཀ །བོད་སྐད་དུ། སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབང་པོ་དང་ནི་བདེ་ གཤེགས་སྲས་དང་དགེ་སྦྱོང་ཚུལ་ཙམ་འདོད་པ་རྣམས། །འབྲས་བུ་དམ་པ་དང་ནི་རྒྱུ་དང་དམན་པའི་ཡིད་ཀྱིས་འཇུག་པའི་བྱེ་བྲག་གིས། །རྣམ་པ་ཐམས་ཅད་མཐའ་དག་ལམ་དང་ཤེས་བྱ་ཀུན་ཤེས་གང་གིས་ཕ་རོལ་མཆོག །འགྲོ་འགྱུར་ཡུམ་དེར་ཡུན་རིངས་བཏུད་ནས་འཁྲུལ་ སྤངས་བློ་ཡིས་དེ་འགྲེལ་རྒྱས་པར་བྱ། །མ་ལུས་འགྲོ་བའི་རྩ་ལག་འཁྲུལ་པའི་དྲི་མ་བྲལ་བ་ཡི། །བློ་ཅན་རྣམས་ཀྱིས་འབད་པ་སྐྱེད་དེ་འདི་རྒྱན་མཛད་མོད་ཀྱི། །དེ་ཉིད་ཕྱིར་ན་བདག་ཀྱང་འདི་ལ་ངེས་པར་འཇུག་རིགས་ཏེ། །མཁས་རྣམས་ཞུགས་པའི་ལམ་ནི་ཆེན་པོ་ཉིད་དུ་མི་ འགྱུར་མིན། །དེ་ལ་ཡང་དག་པར་སྡུད་པར་བྱེད་པས་རྒྱས་པ་ལ་དད་པ་རྣམས་ཀྱི་དབང་དུ་མཛད་ནས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་ཀྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་རྒྱས་པར་བཤད་པ་ཡང་ཚིགས་སུ་བཅད་པ་དག་གིས་རྒྱས་པར་རབ་ཏུ་སྟོན་པ་ལ་ཟློས་པ་ལ་སོགས་པའི་ཉེས་པ་བསལ་བར་འདོད་ནས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་ཡང་ཞེས་བྱ་བ་ནི་རྒྱས་པར་བསྟན་པའི་མཇུག་ཐོགས་སུའམ། འཁོར་ཤེས་ རབ་མདོར་བསྡུས་ཏེ་བསྟན་པ་མཉན་པར་རུང་བར་ཐུགས་སུ་ཆུད་མ་ཐག་ཏུ་སྟེ། ཚིག་གི་ཕྲད་འདི་ནི་སྤྱིར་ན་དེ་མ་ཐག་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཡང་ཞེས་བྱ་བའི་སྒྲ་ནི་འདིར་ཚིག་གི་རྒྱན་ཡིན་པར་བལྟའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་ བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །སྐལ་ཞེས་བྱ་བའི་སྒྲ་ནི་དབང་ཕྱུག་ལ་སོགས་པ་རྗོད་པར་བྱེད་པ་ཡིན་ཏེ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །གྲགས་དང་དཔལ་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། ། དྲུག་པོ་དག་ལ་སྐལ་ཞེས་བཤད། །ཅེས་གང་བཤད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་དེ་བཞིན་ཉིད་རྣམ་པར་དག་པ་རྣམ་པར་རྟོག་པའི་བག་ཆགས་མ་ལུས་པས་དབེན་པའི་བདག་ཉིད་ཡིན་ཏེ། རང་དང་གཞན་གྱི་དོན་འགྲུབ་པ་ནི་དེས་རབ་ཏུ་ ཕྱེ་བའི་ཕྱིར་རོ། །གཟུགས་བཟང་བ་ཕུན་སུམ་ཚོགས་པ་ནི་དེ་ལས་གཞན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། བཅོམ་ལྡན་འདས་ཀྱི་རང་བཞིན་ནི་ཡེ་ཤེས་འདིར་མཚན་ཉིད་གཅིག་པའི་ཕྱིར་རོ། །གྲགས་པ་དང་དཔལ་ ཕུན་སུམ་ཚོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། ཐུགས་བརྩེ་བ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེས་རབ་ཏུ་ཕྱེ་བའི་ཕྱིར་འགྲོ་བ་ཐམས་ཅད་ལ་ཕན་པ་བསྐྱེད་པར་བཟོད་པ་ཉིད་ཀྱིས་གྲགས་པ་ཕུན་སུམ་ཚོགས་པ་མཐའ་དག་གི་ཡང་དག་པའི་རྟེན་ཡིན་པའི་ཕྱིར་དང་དཔལ་ དང་ལྡན་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ ཏུ་ཕྱེ་བ་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་ཏེ། ཡོན་ཏན་རིན་པོ་ཆེ་ཐུན་མོང་མ་ཡིན་པ་དེ་ལྟ་བུས་བརྒྱན་པའི་བཅོམ་ལྡན་འདས་བདེ་བར་གཤེགས་པས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །འདི་སྨོས་པ་ཡང་ཚིགས་སུ་བཅད་པ་དག་གིས་ཤེས་རབ་བསྟན་པ་ལ་མ་ གུས་པ་དག་ཡོངས་སུ་སྤང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། དེ་ལས་གཞན་པས་བསྟན་ན་ལོག་པར་བསྟན་པར་དོགས་པས་མ་དད་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཅི་ཞིག་སྟོན་ཅིང་ཚིགས་སུ་བཅད་པ་དག་བཀའ་སྩལ་ཞེ་ན། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཞིང་ དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་གསུངས་ཏེ། སྔར་རྒྱས་པར་བསྟན་པ་གང་དག་ཡིན་པ་དེ་དག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ནི་སྤྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ། །དེའི་ཕ་རོལ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་ནི་ཆོས་ཐམས་ཅད་ བདག་མེད་པར་ཡིད་ཆེས་པ་ཡིན་ནོ། །རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་རྟོག་པ་ཐམས་ཅད་ཀྱིས་དབེན་པའང་ཡིན་ནོ། །དེ་ལྟ་བས་ན་གང་དག་དེ་ལྟ་བུའི་ཕ་རོལ་དེའི་བདག་ཉིད་དུ་གྱུར་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་དག་སྟོན་ཅིང་ཞེས་བྱ་བ་ནི་གང་ཟག་ ལ་སོགས་པའི་རྣམ་པར་རྟོག་པས་དབེན་པར་སྒྲོགས་ཤིང་ངོ་། །མོས་པས་སྤྱོད་པ་ལ་ཡོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པའི་ཕྱིར་ཚིགས་སུ་བཅད་པ་ཐོས་མ་ཐག་ཏུ་གདུལ་བྱའི་སྐྱེ་བོའི་རྒྱུད་གཞུང་ལུགས་ཀྱིས་འདུ་བྱེད་བསྐྱེད་པ་ཅན་དག་ ལ་སྐྱེ་བས་རབ་ཏུ་སྟོན་པ་མ་ཡིན་ནམ། འཇིག་རྟེན་ལས་འདས་པ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ལས་འདས་པའི་ངོ་བོ་ཡིན་པའི་ཕྱིར་དང་ཐོས་མ་ཐག་ཏུ་ཡང་མི་སྐྱེ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྒོམ་པ་དོན་མེད་པར་ཐལ་བར་འགྱུར་རོ། །ཐོས་པ་ཙམ་ གྱི་མཇུག་ཐོགས་སུ་འཁྲུལ་པ་དང་བྲལ་བའི་ཡེ་ཤེས་སྐྱེ་ན་ནི་སྒོམ་པ་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་དེ། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་བར་འགྱུར་ན་སྒོམ་པ་དོན་མེད་དུ་འགྱུར་ཞེས་གང་བཤད་པ་ལྟ་བུ་ཡིན་ན་དེ་ཇི་ལྟར་ཁྱད་པར་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་སྟོན་ཅིང་ཞེས་བརྗོད་ཅེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བདག་མེད་པར་ཡིད་ཆེས་པ་ནི་འཇིག་རྟེན་ལས་འདས་པ་དང་ཅིག་ཤོས་ཀྱི་གནས་སྐབས་དག་ཏུ་ཁྱད་པར་དུ་རྟོག་པ་མེད་པར་སྐྱེ་བའི་ཕྱིར་རོ། །འདི་ལྟར་རྣལ་འབྱོར་པ་འཇིག་རྟེན་ལས་འདས་པའི་ས་མངོན་དུ་བྱས་པ་རྣམས་ལ་ ཡང་ལངས་པའི་ཚེ་དེ་ཁོ་ན་ཉིད་འདི་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་རྣམ་པར་རྟོག་པའི་བློ་ཐོས་པ་དང་རྟོགས་པ་ཐ་དད་པར་རྟོགས་པ་མེད་པ་ཅན་དུ་འབྱུང་བ་ཁོ་ནའོ། །དེ་ལྟ་བས་ན་རྣམ་པར་རྟོག་པ་དེ་ལྟ་བུ་འཇུག་པ་ལ་ལྟོས་ཏེ་ཐ་སྙད་ཀྱི་སྒོ་ནས་ཤེས་རབ་ བླ་ན་མེད་པ་རབ་ཏུ་སྟོན་པ་ལ་འགལ་བ་ཅི་ཡང་མེད་དོ། །རྟོག་པའི་སྐྱོན་བསལ་བའི་ཡེ་ཤེས་ནི་ཡང་དག་པར་ན་བསྒོམས་པའི་དབང་ཁོ་ནས་འབྱུང་བས་སྒོམ་པ་འབྲས་བུ་མེད་པ་ཡང་མ་ཡིན་ནོ། །སྔོན་གོམས་པ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ་རྣམས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བསྟན་པ་ཐོས་མ་ཐག་པ་ཁོ་ནར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་དེ་བསྟན་པ་དངོས་སུ་ཡང་མི་འགལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་དྲུག་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་ བ་ལྟ་བུ་ཡིན་ནོ། །ཡང་ཅིའི་ཕྱིར་སྔར་ཡང་རྒྱས་པར་བསྟན་ཟིན་པ་འདི་སྟོན་ཞེ་ན། འཁོར་བཞི་པོ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཅེས་བྱ་བ་ནི་སྔར་བདག་མེད་པ་བསྟན་པའི་དབང་དུ་མཛད་པ་དག་ཉིད་ཡིན་གྱི་གཞན་དག་ནི་རུང་བ་མ་ཡིན་པའི་ཕྱིར་མ་ཡིན་ནོ་ ཞེས་བསྟན་པའི་ཕྱིར་རོ། །འཁོར་བཞི་པོ་དེ་དག་ཅེས་བྱ་བ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཏེ། འདི་ཙམ་ཁོ་ནས་གདུལ་བྱའི་སྐྱེ་བོ་གཙོ་བོ་ཀུན་ནས་བསྡུས་པའི་ཕྱིར་རོ། །ཡང་ན་རབ་ཏུ་བྱུང་བའི་ཕྱོགས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལྷག་ པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པའམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ཁས་བླངས་པས་ཁྱིམ་ན་གནས་པའི་ཕྱོགས་ཐབས་ལ་མཁས་པ་དཔེ་མེད་པས་གཟུགས་ལ་སོགས་པའི་ཡུལ་ཉེ་བར་སྤྱད་པ་ཟིལ་གྱིས་ནོན་པ་ཞིག་བཅོམ་ལྡན་འདས་མ་ཐོས་པ་དང་བསམ་ པ་ལ་སོགས་པའི་རིམ་གྱིས་བསྒྲུབ་པར་འགྱུར་གྱི་དབང་དུ་བྱ་བ་མ་ཡིན་པའི་ཕྱིར་གཞན་ནི་མ་ཡིན་པས་ལྷག་པར་མ་སྨོས་སོ། །ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ལ་མོས་པ་རྣམས་ཀུན་ཏུ་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ། རྣམ་པ་གཅིག་ཏུ་ན་གང་ཞིག་དེ་ཁོ་ན་ཉིད་གཟིགས་པས་གཞུང་རྒྱས་པ་འདི་སྙེད་ཅིག་གིས་བསྟན་པའི་དོན་གང་ཡིན་པ་དེ་ད་ཚིགས་སུ་བཅད་པ་ཉུང་ངུ་ཞིག་གིས་རབ་ཏུ་བསྟན་ཏོ་ཞེས་བཅོམ་ལྡན་འདས་གསུང་ལ། མངའ་བ་ཉིད་དུ་རྟོགས་ནས་གུས་པ་དང་བཅས་པའི་སེམས་དང་ ལྡན་པ་རྣམས་ཀྱིས་དགའ་བ་གང་ཡིན་པ་དེ་ནི་ཡང་དག་པར་དགའ་བ་ཡིན་ཏེ། འདི་ནི་མོས་པས་སྤྱོད་པའི་ས་ན་ཡོད་པའི་འཇིག་རྟེན་པ་ཡིན་ནོ། །འཇིག་རྟེན་ལས་འདས་པས་ནི་ཤེས་རབ་མདོར་བསྡུས་ཏེ་བསྟན་པའི་སྒོ་ནས་གཞུང་རྒྱས་པ་ལ་མངོན་པར་ཞེན་པ་སྤངས་པ་དོན་ལ་ གཞོལ་བའི་སེམས་དང་ལྡན་པ་ཚིག་གིས་དོན་ཉུང་ཤས་ཤིག་གི་རྗེས་སུ་འབྲངས་ཏེ་འགྲོ་བ་མཐའ་དག་བདག་མེད་པར་སྒོམ་པར་བྱེད་པ་རྣམས་ཀྱིས་རབ་ཏུ་དགའ་བ་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །དེ་ལྟ་བས་ན་ཚིག་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་པར་ བྱ་བ་ཡིན་ནོ། །དེ་གསལ་བར་བྱེད་པ་ནི་དངོས་སུ་དགོས་པ་ཡིན་ནོ། །ཡང་དག་པར་དགའ་བ་བླ་ན་ཡོད་པ་དང་བླ་ན་མེད་པ་ནི་བརྒྱུད་པས་ཡིན་ནོ། །དེ་དག་གི་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ནི་ཚིགས་སུ་བཅད་པ་ཉེ་བར་ལེན་པ་ལ་ཤུགས་ཀྱིས་ བསྟན་པར་ཁོང་དུ་ཆུད་པར་བྱའོ། །ཡང་འདིར་བརྗོད་པར་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཤེས་ཚིགས་སུ་བཅད་པ་དེ་དག་ཀྱང་གང་ཡིན་ཞེ་ན། དགའ་དང་གུས་དང་དད་པའི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ནི་དམ་པའི་ཆོས་ལ་དགའ་བའོ། །གུས་པ་ནི་ཆོས་སྨྲ་བ་ལ་སོགས་པ་ལ་ཞེས་བྱེད་པའོ། །དད་པ་ནི་ཐེག་པ་ཆེན་པོ་མཉན་པ་ལ་སོགས་པའི་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་སྟེ་དེའི་སྐབས་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་ཐམས་ཅད་དང་འབྲེལ་པའི་ ཕྱིར་འདི་དག་ཐམས་ཅད་ཆེན་པོའི་ཡང་ཆེན་པོའོ། །ཉེར་བཞག་སྟེ་ཞེས་པ་ནི་ཉེ་བར་བཞག་སྟེའོ། །འདི་སྐད་དུ་དད་པ་དང་མི་ལྡན་པའི་དམ་པའི་ཆོས་ཉན་པའི་མི་མཐུན་པའི་ཕྱོགས་ནི་གཉིས་ཡོད་དེ་དམ་པའི་ཆོས་ལ་ལྡང་བ་དང་མ་གུས་པའོ། །དེ་དག་གི་གཉེན་པོར་འདི་གསུམ་ཉེ་ བར་གཞག་ནས་བཅོམ་ལྡན་འདས་མ་མཉན་པར་བྱའོ་ཞེས་བཤད་པ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པའི་སྒྲུབ་པ་དང་འགལ་བའི་ཆོས་རྣམས་ཡོངས་སུ་སྤངས་ནས་ཞེས་བསྟན་པའི་ཕྱིར། སྒྲིབ་པ་ཉོན་མོངས་བསལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ་པ་ཉོན་ མོངས་ཞེས་བྱ་བ་ནི་སྒྲིབ་པ་དག་ཉིད་དོན་ཕྱིན་ཅི་ལོག་པར་འཛིན་པའི་གེགས་བྱེད་པ་ཉིད་ཀྱིས་གནོད་པར་བྱེད་པའི་ཕྱིར་འདོད་པའི་འདུན་པ་ལ་སོགས་པའི་སྒྲིབ་པའི་བདག་ཉིད་ཀྱི་ཉོན་མོངས་པ་དག་ཡིན་ཏེ། དེ་དག་བསལ་ནས་ཞེས་བྱ་བར་སྦྱར་རོ། །དྲི་མ་ལས་འདས་པ་ཞེས་བྱ་བ་ནི་ ཤིན་ཏུ་ཀུན་དུ་མི་སྤྱོད་པའི་ཕྱིར་སྦྱིན་པ་ལ་སོགས་པ་ཆོས་དཀར་པོ་དང་འགལ་བ་སེར་སྣ་ལ་སོགས་པའི་དྲི་མ་དག་ལས་གྲོལ་བ་ཞེས་བྱ་བའི་དོན་ཏོ། །ལ་ལ་ལས་ནི་དྲི་མ་རབ་ཞི་བ་ཞེས་འབྱུང་སྟེ། དེར་ནི་དྲི་མ་ཞེས་བྱ་བའི་སྒྲ་ཚིག་སྔ་མ་དང་སྦྱར་རོ། །རབ་ཞི་ཞེས་བྱ་བ་ནི་ཉན་པ་དང་མཐུན་པའི་ སྤྱོད་ལམ་ལ་རྣམ་པར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་དེ་ལྟ་བུ་དག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་གྱིས་ཞེས་བྱ་བར་སྦྱར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ནི། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་བྱ་བ་ཡིན་ནོ། །དེ་ལ་ཤེས་རབ་བསྒྲུབ་པའི་དགོས་པ་མཐར་ཐུག་ པ་ནི་སེམས་བསྐྱེད་པ་ལ་སོགས་པ་རྒྱུ་དང་འབྲས་བུའི་རྣམ་པ་མཐའ་དག་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་ཡང་། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བསྟན་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེ་བས་ན་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པའི་ཡིན་ནོ་ཞེས་བརྗོད་དོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་ཉན་པ་པོའི་སྐྱེ་བོ་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པར་སྟོན་པའི་སྒོ་ནས་སེམས་བསྐྱེད་པ་བསྟན་པའི་ཕྱིར། འགྲོ་དོན་མངོན་ཞུགས་ཞེས་བྱ་བ་གསུངས་ཏེ། འགྲོ་བའི་དོན་ནི་ཅི་རིགས་པར་བྱང་ཆུབ་གསུམ་ཐོབ་པ་ཡིན་ནོ། །དེའི་ཕྱིར་མངོན་པར་ཞུགས་པ་སྟེ། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ལ་ཞུགས་པ་དག་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་གྱིས་ཤིག །གཞན་དུ་ན་ཆོས་ཀྱི་རྣམ་པ་ཐམས་ཅད་རྟོགས་པ་མེད་པར་གཞན་གྱི་དོན་བྱ་ བར་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ། ། རང་གི་དོན་ལ་བརྩོན་པ་རྣམས་ལ་ཡང་བཅོམ་ལྡན་འདས་མ་འདི་འདོད་པའི་འབྲས་བུ་འབྱུང་བའི་རྒྱུ་མཚན་དུ་འགྱུར་བ་མ་ཡིན་ནམ། འདི་ལྟར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ན་དེ་ཇི་ལྟར་ འགྲོ་དོན་མངོན་ཞུགས་ཞེས་བྱ་ཞེ་ན། དེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཞེས་བྱ་བ་གསུངས་ཏེ། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་འབྲས་བུ་ནི་གཙོར་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན་ ཏེ་གཞན་དག་ལ་ནི་དེའི་འབྲས་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན། ཇི་ཞིག་ནི་ཁྱད་པར་དུ་འཕགས་སྙམ་པ་ལ། གང་ལ་དཔའ་རྣམས་སྤྱོད་ཅེས་ བྱ་བ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །སྤྱོད་པ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་གོམས་པའི་ཁྱད་པར་གྱིས་འཇུག་པའོ། །དཔའ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བདུད་ལ་སོགས་པས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །འདི་ སྐད་དུ་གང་ལ་བདེ་བར་གཤེགས་པའི་སྲས་རྣམས་འཇུག་པ་དེ་ནི་དེ་དག་གི་ཐུན་མོང་མ་ཡིན་པའི་ལམ་ཡིན་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ཀྱི་ནང་དུ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འདུས་པའི་ཕྱིར་ཏེ་དེ་བཞིན་དུ་འཆད་པར་འགྱུར་རོ་ཞེས་ བརྗོད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་དེ་ནི་དེ་དག་གི་ཐུན་མོང་མ་ཡིན་པ་ཉིད་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ཡང་འགྲོ་བ་མཐའ་དག་བདག་མེད་པའི་རྣམ་པའི་སྤྱོད་ཡུལ་ཅན་ཡིན་ནོ། །མི་རྟག་པ་ལ་སོགས་པའི་རྣམ་ པ་ཙམ་གྱི་སྤྱོད་ཡུལ་ནི་མ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པའི་ངོ་བོ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ལམ་འདི་ཉིད་བྱང་ ཆུབ་མཐའ་དག་ཡོངས་སུ་གཅོད་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་གནས་སྐབས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཐབས་དང་བྲལ་བ་ཡིན་པར་བལྟ་བར་བྱ་སྟེ། ཉན་ཐོས་ལ་སོགས་ པའི་སའི་རྒྱུ་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཁོ་ན་ཡིན་པའི་ཕྱིར་རོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ཁྱད་པར་མེད་པར་གསུངས་པ་དེ་ནི་འདིར་ཆོས་ཐམས་ཅད་བདག་མེད་པ་ཡིད་ཆེས་པ་ཙམ་ལ་ ལྟོས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཐབས་དམ་པས་ཟིན་པའི་ཕྱིར་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལས་ཐ་དད་པ་ཡིན་ནོ་ཞེས་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་ན་དེ་ཇི་ལྟར་བཙུན་ པ་རབ་འབྱོར་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལ་འདོམས་པར་ཞུགས་གདམས་ངག་གི་དེ་ཁོ་ན་ཉིད་མ་མཐོང་བ་ནི་ཕལ་ཆེར་གདམས་ངག་ཁ་ན་མ་ཐོ་བ་མེད་པ་བྱེད་པར་བཟོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྫོགས་པའི་སངས་རྒྱས་དང་ཉན་ཐོས་དག་གཞན་གྱི་དོན་བྱ་བ་ལ་ཁྱད་པར་མེད་ པར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་སྤང་བའི་ཕྱིར་འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྙེད་ཅེས་བྱ་བ་ནི་ཇི་སྙེད་ཡོད་པའོ། །ཆུ་ཀླུང་ནི་གང་གཱ་དང་པཀྵུ་དང་སིན་དྷུ་དང་སི་ཏཱ་ཞེས་བྱ་བ་བཞི་སྟེ། དེ་དག་ཉིད་མ་དྲོས་པ་ལས་འབྱུང་བའི་ཕྱིར་རོ། །འབབ་ པ་ཞེས་བྱ་བ་ནི་རྒྱུན་གྱིས་འབབ་པའོ། །ཅི་ཞིག་བྱེད་ཅེ་ན། མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མེ་ཏོག་དང་འབྲས་བུ་མང་བའི་སྨན་དག་དང་ནགས་ཚལ་གང་དག་ཡིན་པ་དེ་དེ་རྣམས་སྐྱེད་བྱེད་ཅེས་བྱ་བ་ནི་སྐྱེད་པར་བྱེད་ཅིང་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་ལ་བརྟེན་ཅེ་ ན་ཀླུ་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་གང་གི་ཕྱིར་ཀླུ་དབང་ཀླུ་རྣམས་ཀྱི་བདག་པོ་མ་དྲོས་པ་ཞེས་བྱ་བ་གང་ཡིན་པ་དེ་ལ་བརྟེན་ནས་ཆུ་བོ་དེ་དག་འབབ་པ་དེའི་ཕྱིར་དེ་ནི་ཀླུའི་བདག་པོ་དེ་ཁོ་ནའི་མཐུ་དཔལ་ཏེ་མཐུ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་དང་ འདྲ་བར། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བའི་ཉན་ཐོས་པ་དག་ཅེས་བྱ་བ་ནི་རབ་འབྱོར་ལ་སོགས་པའོ། །ཆོས་ནི་རང་གིས་རྟོགས་པའི་རྒྱུ་མཐུན་པ་བསྟན་པའི་མཚན་ཉིད་དག་གོ། །སྟོན་ཞེས་བྱ་བ་ནི་བསྟན་པའི་སྒོ་ནས་སོ། ། འཆད་ཅེས་བྱ་བ་ནི་བཤད་པའི་སྒོ་ནས་སོ། །བརྗོད་པ་ཞེས་བྱ་བ་ནི་དེ་གཏན་ལ་འབེབ་པའི་སྒོ་ནས་སོ། །རིགས་པ་དག་དང་ཞེས་གང་གསུངས་པ་ནི་ལྟོས་པ་དང་བྱ་བ་བྱེད་པ་དང་ཆོས་ཉིད་དང་འཐད་པའི་མཚན་ཉིད་བཞི་དག་དང་ལྡན་པར་བྱ་བ་ཡིན་ནོ། །དེ་བསྟན་པའི་འབྲས་བུ་ བསྟན་པའི་ཕྱིར། མཆོག་འཕགས་བདེ་བ་བྱེད་དང་ཞེས་བྱ་བ་གསུངས་ཏེ། མཆོག་ནི་ཕུང་པོ་དང་བཅས་པའི་མྱ་ངན་ལས་འདས་པ་བས་མཆོག་ཡིན་པའི་ཕྱིར་རོ། །འཕགས་པ་ནི་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བདེ་བ་བྱེད་པ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་ འདས་པའི་བདག་ཉིད་ཀྱི་བདེ་བ་ཕུན་སུམ་ཚོགས་པའོ། །དེའི་འབྲས་བུ་ཐོབ་པ་ཞེས་བྱ་བ་ནི་བསྟན་པ་དེའི་འབྲས་བུ་རྒྱུན་ཏུ་ཞུགས་པ་ལ་སོགས་པའོ། །ཇི་སྙེད་འབྲས་བུ་གྲུབ་པ་ཡང་ཞེས་རྣམ་པར་དབྱེ་བས་བསྒྱུར་ནས་སྦྱར་བར་བྱ་སྟེ། དེ་བཤད་པ་དང་དེའི་འབྲས་བུ་ནི་བཅོམ་ལྡན་ འདས་ཁོ་ནའི་མཐུ་ཡིན་གྱི་ཉན་ཐོས་ལ་སོགས་པའི་ནི་མ་ཡིན་ཏེ་དེའི་རང་དབང་མེད་པའི་ཕྱིར་རོ། །དེ་དག་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོ་བར་ཟད་དོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་ན་དེ་བཤད་པའི་འབྲས་བུ་རང་གི་རྟོགས་པས་རབ་ཏུ་ཕྱེ་བ་ཡང་དེ་དག་ལ་རང་དབང་མེད་སྙམ་དུ་ བསམས་པ་ཡིན་ཏེ། དེ་ཡོངས་སུ་སྤང་བའི་ཕྱིར། རྒྱལ་བས་ཆོས་ཚུལ་གང་བསྟན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དོན་ནི་གང་གི་ཕྱིར་རྒྱལ་བས་ཆོས་ཀྱི་ཚུལ་གང་ཟག་ལ་སོགས་པས་སྟོང་པའི་མཚན་ཉིད་བཤད་པ་གང་དག་ཡིན་པ་དེ་དག་ལ་བཅོམ་ལྡན་འདས་ཀྱི་སློབ་ མར་གྱུར་པ་རབ་འབྱོར་ལ་སོགས་པས་ཐོས་པ་ལ་སོགས་པའི་རིམ་གྱིས་བསླབས་ཏེ། དེ་དག་མངོན་སུམ་དུ་བྱས་ནས་ཇི་ལྟར་རྟོགས་པ་བཞིན་གདུལ་བྱ་རྣམས་ལ་རབ་ཏུ་སྟོན་པར་བྱེད་པ་དེའི་ཕྱིར་འདི་བཅོམ་ལྡན་འདས་ཀྱི་མཐུ་ཡིན་གྱི་དེ་དག་གི་བདག་ཉིད་ཀྱི་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ལུང་མེད་པར་རང་གི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ཡང་མི་སྲིད་པའི་ཕྱིར་རོ། །བཅོམ་ལྡན་འདས་རྣམས་ནི་དེ་ལྟ་མ་ཡིན་ཏེ། གཞན་གྱི་ལུང་མེད་པ་ཉིད་དུ་སྲིད་པ་ཐ་མའི་གནས་སྐབས་ན་རྣམ་པ་ཐམས་ཅད་དང་ལྡན་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་ བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་གང་ཡིན་པ་དེ་ལ་ནི་ཉན་ཐོས་རྣམས་ཀྱིས་རང་དབང་ཐག་རིང་དུ་སྤངས་པ་ཁོ་ན་ཡིན་ཏེ། དེའི་རང་གི་ངོ་བོ་རྟོགས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་ལྟར་ཉན་ཐོས་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱང་རྒྱལ་བའི་སྲས་ཀྱི་ཚུལ་འབྲས་བུ་དང་བཅས་པ་ རབ་ཏུ་སྟོན་པར་བྱེད་པས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་བྱིན་གྱི་རླབས་ཀྱི་ཐུགས་ཀྱི་མངའ་བ་འདི་ནི་མཆོག་ཡིན་པར་གསལ་བ་ཁོ་ནར་ཁོང་དུ་ཆུད་པར་བྱ་སྟེ་དེ་ལྟ་བུ་ནི་སྨོན་པ་དང་འཇུག་པའི་བདག་ཉིད་ཀྱི་སེམས་བསྐྱེད་པ་ཡིན་ནོ། །འདི་ནི་བདེ་བར་གཤེགས་པའི་ཡོན་ཏན་མཐའ་དག་འདྲེན་པར་བྱེད་ པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་བསྟན་ནས་འདི་ཉིད་དུ་མངོན་པར་འདོད་པའི་འབྲས་བུ་འཐོབ་པའི་གཙོ་བོའི་བྱ་ ཐབས་ཉེ་བར་སྟོན་པའི་རང་བཞིན་མཐོང་བ་དང་བསྒོམ་པའི་ལམ་ལ་གདམས་པ་བསྟན་པའི་ཕྱིར། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ལ་ཞེས་བྱ་བ་རྣམ་པར་བསྒྱུར་ཏེ་སྦྱར་རོ། །ཤེས་རབ་ནི་འགྲོ་ བ་ཐམས་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད་དོ། །དེ་ཉིད་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་བས་མཆོག་ཏུ་གྱུར་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ནོ། །དེ་དམིགས་པ་ནི་གང་ཟག་ལ་སོགས་པ་དང་འབྲེལ་པ་ཉིད་དུའམ་འཛིན་པ་ལ་སོགས་པའི་རྣམ་པ་ཉིད་དུ་མངོན་པར་ཞེན་ པ་སྟེ་དེ་མེད་པ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཡང་གང་ཟག་ལ་སོགས་པའི་རྫས་དང་ཕུང་པོ་ལ་སོགས་པར་བཏགས་པའི་བདག་ཉིད་དུ་ཡང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་གང་ལ་མཐོང་བ་དང་བསྒོམ་པའི་ལམ་གྱི་གནས་སྐབས་དག་ན་དེ་ལ་སྐྲག་པ་མེད་ པའི་བདག་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ཡོད་པ་དེ་ལ་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ཏེ། དེ་ཁོ་ན་ཉིད་རྟོགས་པ་དང་ཆུད་མི་ཟ་བར་བྱ་བའི་དོན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ལ་སོགས་པ་ ལ་ཞུགས་ཀྱང་སེམས་ཅན་ལ་སོགས་པར་ལྟ་བ་མ་བསལ་ན་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱ་མི་ནུས་ཏེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ་སེམས་ཅན་ལ་སོགས་པར་ལྟ་བ་ཡང་ཉོན་མོངས་པ་ མཐའ་དག་གི་གནས་ཀྱི་ངོ་བོས་དེའི་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་རེ་ཞིག་སེམས་ཅན་དུ་ལྟ་བ་བདག་གིས་འདི་བསྒྲུབ་པར་བྱའོ་སྙམ་པ་བདག་དང་གཞན་དུ་ཤེས་པའི་བདག་ཉིད་དགེ་བ་དང་ཅིག་ཤོས་སུ་ཐ་སྙད་གདགས་པའི་རྗེས་ སུ་འབྲང་བ་གང་ཡིན་པ་དེ་ཡང་གཉེན་པོའི་སྒོ་ནས་བསལ་བར་བྱའོ། །དེ་མ་བསལ་ན་མི་སྡུག་པ་ལ་སོགས་པར་མོས་པ་ཡིད་ལ་བྱེད་པ་ཙམ་གྱིས་ནི་དེ་ལ་རག་ལས་ཏེ་འབྱུང་བའི་ཉོན་མོངས་པའི་རིགས་གཏན་ནས་བསལ་བར་མི་ནུས་པའི་ཕྱིར་རོ་ཞེས་བརྗོད་པར་འགྱུར་རོ། །གཞན་ཡང་། ཏིང་འཛིན་འཇིག་རྟེན་ན་ནི་སྒོམ་མོད་ཀྱི། །དེ་ཡིས་བདག་གི་འཇིག་རྟེན་མི་འཇིག་ན། །དེ་ལ་ཉོན་མོངས་ཡང་རབ་འཁྲུགས་འགྱུར་ཏེ། །ལྷག་སྤྱོད་འདིར་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གང་གསུངས་པ་ལྟ་བུ་ཡིན་ནོ། །བདག་ཏུ་ལྟ་བའི་གཉེན་པོ་ནི་བདག་མེད་པའི་ལྟ་བ་ཡིན་ཏེ། དེ་ནི་བདག་མེད་པ་ལ་སོགས་པའི་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱིས་དེ་དང་འགལ་བའི་ཕྱིར་རོ། །གལ་ཏེ་འདི་གཉིས་ཕན་ཚུན་དམིགས་པ་འགལ་བའི་ཕྱིར་འགལ་བར་འདྲ་བ་མ་ཡིན་ནམ། འདི་ལ་ལྷག་པ་ཅི་ཞིག་ཡོད་ན་དེས་བདག་མེད་པར་ལྟ་བ་ཁོ་ན་སེམས་ཅན་དུ་ལྟ་བའི་གཉེན་པོར་བཞག་ ལ་འདི་ནི་དེའི་གཉེན་པོ་མ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། སེམས་ཅན་ལ་སོགས་པར་ལྟ་བ་ནི་དམིགས་པ་མེད་པའི་ཕྱིར་རོ། །འདི་ལྟར་འདིའི་ཡུལ་གང་ཟག་ལ་སོགས་པའི་རྫས་ཕུང་པོ་ལ་སོགས་པ་ལས་མ་གཏོགས་པ་གཞན་གྱིས་ཀུན་བརྟགས་པ་ལྟ་བུ་ཞིག་ ཡིན་ནམ། ཕུང་པོ་ལ་སོགས་པ་ཞིག་ཡིན་པར་འགྱུར་གྲང་། གང་ཟག་གི་རྫས་ལ་དམིགས་པ་ཉིད་གཅིག་ཡིན་ན་ཡང་སེམས་ཅན་དུ་ལྟ་བ་མངོན་སུམ་གྱི་མཚན་ཉིད་དམ་རྗེས་སུ་དཔག་པའི་བདག་ཉིད་གཅིག་ཡིན་པར་འགྱུར་གྲང་ན། དེ་ལ་རེ་ཞིག་འདི་མངོན་སུམ་ནི་མ་ཡིན་ཏེ། སྔོན་ པོ་ལ་སོགས་པར་སྣང་བ་བཞིན་དུ་མིག་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་དང་ཡོངས་སུ་མི་གསལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དབང་པོའི་བྱེད་པ་ལ་མི་ལྟོས་པར་སྐྱེ་བའི་ཤེས་པ་མི་གསལ་བར་སྣང་བ་ཅན་ནི་མངོན་སུམ་ཡིན་པར་འོས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཤེས་པ་ཐམས་ཅད་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །འདི་ནི་སྔོན་པོ་མཐོང་བ་ན་སྔོན་པོར་རྟོགས་པའི་བློ་བཞིན་དུ་བདག་གཞན་མཐོང་བའི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་བདག་ཉིད་ཀྱི་མངོན་སུམ་ཡང་མ་ཡིན་ཏེ། ལུས་ལ་སོགས་པ་ཀུན་དུ་རིག་པ་ལས་ མ་གཏོགས་པར་བདག་གི་རྣམ་པར་མི་རྟོག་པའི་ཕྱིར་རོ། །གལ་ཏེ་འདི་ནི་བདག་གི་ལུས་ལ་སོགས་པ་ཡིན་ནོ་ཞེས་ཐ་དད་པར་ཤེས་པའི་ཕྱིར་ཐ་དད་པར་རབ་ཏུ་གྲུབ་པ་ཡོད་དོ་ཞེ་ན། མ་ཡིན་ཏེ་ཤེས་པ་ཙམ་འཇུག་པ་ལ་མངོན་སུམ་གྱི་ཐ་སྙད་མི་སྲིད་པའི་ཕྱིར་ཏེ། དེ་ལས་གཞན་པ་ལས་ཐ་ དད་པ་སྔོན་པོ་ལ་སོགས་པ་རྣམ་པ་ཡོངས་སུ་གསལ་བར་མཐོང་བ་ལ་འདི་ནི་སེར་པོ་ལ་སོགས་པ་ལ་ཐ་དད་པའི་ཡོན་ཏན་ཡིན་ནོ་ཞེས་བྱ་བར་ཤེས་པ་ནི་མངོན་སུམ་གྱི་ཐ་སྙད་ཀྱི་ཡུལ་ཅན་ཡིན་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། ཤེས་པ་ཙམ་མངོན་སུམ་ཉིད་ཡིན་ན་ནི་རྟོག་པ་ཐམས་ཅད་མངོན་ སུམ་གྱི་ཐ་སྙད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་འཁྲུལ་པའམ་མ་འཁྲུལ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །དེ་ལྟ་བས་ན་ལུས་ལ་སོགས་པ་ཀུན་ཏུ་རིག་པ་ལས་བདག་ཐ་དད་པར་མ་གྲུབ་ན་ཐ་དད་པའི་བློ་འཁྲུལ་པ་ཡིན་ནོ། །འདིས་ནི་བདག་གིས་མཐོང་ངོ་ལྟའོ་བལྟ་བར་བྱའོ་སྙམ་དུ་ཤེས་པའི་ མངོན་སུམ་དུས་གསུམ་གྱི་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་ཡིན་པ་ཡང་བསལ་བ་ཡིན་ཏེ། དུས་ལ་སོགས་པས་སོ་སོར་ངེས་པར་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པའི་གནས་སྐབས་ལས་མ་གཏོགས་པར་རྗེས་སུ་འགྲོ་བའི་བདག་ཉིད་གཅིག་པོ་མི་སྣང་བའི་ཕྱིར་དང་། སྣང་བ་ རྣམས་ཀྱང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཤེས་པ་ཡོད་པ་ཙམ་ལ་བདག་ཏུ་ཤེས་པ་ཡང་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དོན་ལྐོག་ཏུ་གྱུར་པ་ལ་རྟགས་ཀྱིས་སྐྱེད་པའི་ཤེས་པ་ནི་རྗེས་སུ་དཔག་པ་ཡིན་ན་བསྒྲུབ་པར་བྱ་ བའི་བདག་ལ་ནི་རྟགས་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་དྲན་པ་ལ་སོགས་པ་རྟགས་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་དག་བདག་མངོན་སུམ་དུ་མ་གྱུར་པ་དང་འབྲེལ་པ་མི་རྟག་པའི་ཕྱིར་དང་ཚད་མས་གནོད་པའི་ཡང་ཕྱིར་རོ། །དྲན་པ་ལ་སོགས་པ་དང་གིས་འཇིག་པའི་ངོ་བོ་ཉིད་དུ་གྱུར་པའི་ རང་བཞིན་རྣམས་ནི་ངང་གིས་མི་འཇིག་པའི་ངོ་བོ་ཉིད་དུ་ཀུན་བརྟགས་པའི་བདག་དང་དེའི་བདག་ཉིད་དུ་མི་རུང་བའི་ཕྱིར་རོ། །ཕན་ཚུན་འགལ་བའི་བདག་ཉིད་རྣམས་ཀྱང་གཅིག་པ་ཉིད་ཡིན་ན་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་པས་འགྲོ་བ་མཐའ་དག་ཐ་དད་པ་དང་ཐ་དད་མ་ཡིན་པའི་ཐ་སྙད་མེད་ པར་ཐལ་བར་འགྱུར་རོ། །དྲན་པ་ལ་སོགས་པ་བདག་གི་འབྲས་བུ་ཡང་མ་ཡིན་ཏེ། རིམ་གྱིས་སྐྱེ་བ་དང་ལྡན་པའི་ཕྱིར་རོ། །རྒྱུ་བདག་རྟག་པ་གཅིག་པའི་ངོ་བོ་ཡིན་པས་རིམ་པ་དང་མི་ལྡན་པ་ལ་ནི་དེ་ཙམ་ལ་རག་ལས་ཏེ་འབྱུང་བའི་འབྲས་བུ་རིམ་ཅན་དུ་རིགས་པ་མ་ཡིན་ནོ། ། གལ་ཏེ་ནང་གི་བདག་ལྷན་ཅིག་བྱེད་པར་རིམ་པ་དང་ལྡན་པ་ཉེ་བ་ལ་ལྟོས་ནས་རང་གི་འབྲས་བུ་སྐྱེད་པ་ལ་རིམ་པ་ཁོ་ནས་བྱེད་པའི་ཕྱིར་འབྲས་བུ་རིམ་ཅན་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་ཕན་པ་བྱར་མེད་པ་ནི་དེ་ལས་གཞན་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཕན་པར་བྱ་བ་ཉིད་ཡིན་ ན་ཡང་ཕན་པ་ནི་དེ་དང་ཐ་མི་དད་པའི་ངོ་བོ་ཡིན་པའི་ཕྱིར་དེ་བྱས་ན་བདག་བྱས་པར་ཐལ་བར་འགྱུར་ཏེ། དེ་ལྟ་ན་ཡང་བདག་རྟག་པ་ཉིད་མ་ཡིན་ནོ། །ཕན་པ་བདག་དང་ཐ་དད་པ་ཉིད་གཅིག་ཡིན་ན་ནི་དྲན་པ་ལ་སོགས་པ་བཞིན་དུ་འབྲེལ་པ་མི་འཐད་ལ་ཐུག་པ་མེད་པར་ཡང་ཐལ་བར་འགྱུར་རོ། ། དེ་ལྟ་བས་ན་བདག་ཕན་པ་ཞེས་བྱ་བ་འབྲེལ་པ་མེད་པ་དངོས་པོ་གཞན་ལ་ཕན་འདོགས་པའི་ལྷན་ཅིག་བྱེད་པ་ཉེ་བ་ལ་མ་ལྟོས་པ་ནི་རིམ་གྱིས་བྱེད་པ་དང་བྲལ་བའི་ཕྱིར་དེ་ཙམ་ལ་རག་ལས་པའི་དྲན་པ་ལ་སོགས་པ་ཅིག་ཅར་འབྱུང་བར་འགྱུར་རོ། །དེ་ལྟ་ན་ནི་སྐད་ཅིག་མ་ གཉིས་པ་ལ་སོགས་པ་འདོད་ཆགས་ལ་སོགས་པ་ཉེས་པའི་རྒྱུན་མེད་པས་འགྲོ་བ་མ་ལུས་པ་འབད་མི་དགོས་པར་མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པ་ཡང་དག་པར་ཐོབ་པར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་ཡང་བདག་གིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་གཏན་པ་མ་ཡིན་པ་ དེ་དག་ཀྱང་ཅིག་ཅར་ཁོ་ནར་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་བདག་མི་རྟག་པ་ཉིད་ཡིན་ཏེ། སྔོན་དྲན་པ་ལ་སོགས་པ་སྐྱེད་པར་བྱེད་པའི་དེ་འབྱེད་པ་སྐད་ཅིག་མ་ཕྱིན་ཆད་དེ་མི་བྱེད་པའི་ཕྱིར་རོ། །དེའི་ཚེ་ནི་དངོས་པོ་ཡང་མ་ཡིན་པ་ཉིད་དེ་དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། ། ཟླ་བ་གཉིས་ལ་སོགས་པར་སྣང་བ་ཕྱི་རོལ་གྱི་གཟུགས་ཉིད་དུ་དོན་བྱེད་པ་དང་བྲལ་བ་དག་དངོས་པོ་ཉིད་དུ་ཡང་མ་གྲུབ་པའི་ཕྱིར་རོ། །འདིས་ནི་ཕུང་པོ་ལ་སོགས་པ་ཡང་རྟག་པའི་ཕྱོགས་ཉམས་པའི་ཕྱིར་བདག་ཏུ་ལྟ་བའི་དམིགས་པ་ཉིད་ཡིན་པ་བཀག་པར་ཁོང་དུ་ཆུད་པར་བྱ་སྟེ། འོག་ ནས་དེ་དག་གཅིག་པ་ཉིད་ལ་སོགས་པའི་མཚན་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་ཀྱང་བཤད་པར་བྱའོ། །ད་ནི་བདག་ལ་སོགས་པ་མེད་ན་ཇི་ལྟར་ཐམས་ཅད་ལ་འདི་ནི་བདག་གོ། །འདི་ནི་བདག་གིའོ་ཞེས་བྱ་བའི་ཐ་སྙད་འཇུག །རྣལ་འབྱོར་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་ རྣམས་ཀྱིས་བདག་གི་ཟག་པ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་བློ་ཡང་ཇི་ལྟར་རབ་ཏུ་འགྲུབ་ཅེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བདག་ལ་སོགས་པ་དང་སེམས་ཅན་དུ་ལྟ་བ་ལ་སོགས་པར་འབྲེལ་བ་མེད་པའི་ཕྱིར་རོ། །གང་ཞིག་གང་དང་འབྲེལ་པར་རབ་ཏུ་གྲུབ་པ་དེ་ཁོ་ན་དེ་བསལ་ན་འབྱུང་བར་མི་ འགྱུར་བ་ཡིན་ན་བདག་ཏུ་ལྟ་བ་ལ་སོགས་པ་ནི་བདག་དང་འབྲེལ་པར་ཡང་མ་གྲུབ་པོ་ཞེས་ཕལ་ཆེར་བསྟན་ཟིན་ཏོ། །དེ་སྐྱེ་བ་ལ་ཕུང་པོ་ལ་སོགས་པར་སྣང་བ་མ་བརྟགས་གཅིག་པུ་ན་དགའ་བ་ནི་ཇི་ལྟར་མཐོང་བ་བཞིན་རྒྱུ་ཡིན་པ་ཉིད་དོ། །དེ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ དང་དེ་ལས་དགེ་སློང་དག་གང་སུ་དག་བདག་གོ་ཞེའམ་བདག་གིའོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་སོ། །གལ་ཏེ་ཕུང་པོ་ལ་སོགས་པ་བདག་ལ་སོགས་པའི་ངོ་བོ་མ་ཡིན་ན་དེ་ཇི་ལྟར་བདག་ ལ་སོགས་པའི་བློའི་ཡུལ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་དེའི་བློའི་ཡུལ་མེད་པས་འཁྲུལ་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། ཡུལ་ཡོད་པ་ཉིད་གཅིག་ཡིན་ན་ཤེས་པ་ཐམས་ཅད་ལ་འཁྲུལ་པ་དང་ཅིག་ཤོས་ཀྱི་ཐ་སྙད་མི་འཐད་དོ། །གལ་ཏེ་འདི་འཁྲུལ་པ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་ མཐོང་བ་དག་འཇུག་ཅེ་ན། མ་ཡིན་ཏེ། དེ་དག་ནི་དེའི་མཚན་ཉིད་ལ་ཀུན་ཏུ་རྨོངས་པ་མེད་པའི་ཕྱིར་རོ། །ངོ་བོ་གཞན་ཡོངས་སུ་འཛིན་པར་ལྷག་པར་ཞེན་པ་ལ་ལྟོས་ནས། འཁྲུལ་པར་མངོན་པར་འདོད་པའི་ཤེས་པ་དག་འཁྲུལ་པར་རྣམ་པར་གཞག་གི་རང་གི་ངོ་བོ་ལ་ལྟོས་ནས་ནི་མ་ ཡིན་ཏེ། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་རང་ལ་སྒྲོ་འདོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྣལ་འབྱོར་པ་སེམས་ཀྱི་འཇུག་པ་མཐའ་དག་རང་གི་རྣམ་པ་ཙམ་ཡོངས་སུ་འཛིན་པ་དང་ལྡན་པར་ལྟ་བ་རྣམས་ཀྱང་རྣམ་པར་རྟོག་པ་འབྱུང་བའི་ཚེ་རྒྱུ་ འགའ་ཞིག་གིས་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་འཇུག་པ་ལ་ཉེས་པ་མེད་པ་ཁོ་ནའོ། །གལ་ཏེ་བདག་ལ་སོགས་པ་འདི་ཐམས་ཅད་ཡང་དག་པར་མེད་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་པ་དང་ ལྡན་པས་བྱང་ཆུབ་མངོན་སུམ་དུ་བྱ་དགོས་སོ། །དེ་མི་དམིགས་པ་ན་ནི་དེ་གོམས་པ་ཡང་མི་སྲིད་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བལྟ་བར་བྱ་དགོས་པ་ཁོ་ནའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་ཟག་ལ་སོགས་པའི་བདག་ཉིད་དུ་མེད་ན་ དེ་དང་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་པའི་ཕྱིར་དང་གཟུང་བ་ལ་སོགས་པའི་རྣམ་པའི་མཚན་ཉིད་དང་མི་ལྡན་པའི་ཡང་ཕྱིར་རོ། །དེ་གོམས་པ་ནི་དེའི་མཚན་ཉིད་ལ་ཀུན་དུ་རྨོངས་པ་མེད་པ་དང་ལྡན་པ་རྣམས་ལ་ཀུན་རྫོབ་ཏུ་འགལ་བ་མེད་པ་ཁོ་ནའོ་ཞེས་ཕལ་ཆེར་བསྟན་ཟིན་ ཏོ། །དེ་ལྟ་བས་ན་གཉེན་པོ་དེ་ལྟ་བུ་གོམས་པའི་སྒོ་ནས་མཐོང་བའི་ལམ་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་འགལ་བ་འཛིན་པ་ལ་སོགས་པར་རྟོག་པས་དབེན་པར་མཚན་ཉིད་གཅིག་པ་ཡང་དག་པར་སྐྱེས་ན་གང་ཟག་ལ་སོགས་པར་རྟོག་པའི་རྒྱུན་སྤོང་བར་འགྱུར་ རོ་ཞེས་བསྟན་ནས། བྱང་ཆུབ་སེམས་དཔའ་ཡང་དག་པའི་གདམས་ངག་ལ་གནས་པ་ལ་ཐོས་པ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བའི་ཐར་པའི་ཆ་དང་མཐུན་པ་དག་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པར་དྲོ་བར་གྱུར་པ་ སྐྱེའོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ལ་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་བདག་ཉིད་མི་རྟག་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་དམིགས་ཤིང་མངོན་པར་ཞེན་པ་མེད་པ་ཞེས་བྱ་བར་སྦྱར་རོ། ། འདི་ནི་མཚོན་པར་ཟད་ཀྱི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ན་དངོས་པོ་ཐམས་ཅད་བརྗོད་པའི་རྗེས་སུ་འཇུག་པར་རྟོག་པས་གཟུགས་ལ་སོགས་པའི་ཕུང་པོའི་རྣམ་པ་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་ཏེ། འདི་ནི་དད་པ་ལ་སོགས་པའི་དབང་པོ་ཆུང་ངུས་རབ་ཏུ་ཕྱེ་ བའི་ཕྱིར་དྲོ་བར་གྱུར་པ་ཆུང་ངུ་ཡིན་པར་བལྟ་བར་བྱའོ། །འབྲིང་ནི། དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །ཞེས་བྱ་བ་ཡིན་ཏེ། རྨོངས་པ་ནི་ཡང་དག་པར་མ་རྟོགས་པའོ། །སྐྲག་པ་ནི་འཇིགས་པར་ལྟ་བ་ཉིད་དོ། །གང་ལ་དེ་གཉིས་མེད་པ་སྟེ། དེ་ཁོ་ན་ཉིད་ཚད་མ་དང་མི་འགལ་ ཞིང་འཚེ་བ་མེད་པ་དབང་པོ་འབྲིང་པོའི་མོས་པས་ཡུལ་དུ་བྱས་པའི་ཕྱིར་རོ། །ཆེན་པོ་ནི། བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་བྱ་བ་ཡིན་ཏེ། སྤྱོད་ཅེས་བྱ་བ་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་སེལ་བའི་སྒོ་ནས་ཡུལ་དུ་བྱེད་པའོ། །བདེ་གཤེགས་ ཤེས་རབ་ནི་གང་ཞིག་སྐྱེ་བ་ལ་སོགས་པ་མངོན་པར་ཞེན་པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་འདིས་ནི་ཉན་ཐོས་ལ་སོགས་པའི་དྲོ་བར་གྱུར་པ་ལས་བྱང་ཆུབ་སེམས་དཔའི་དྲོ་བར་གྱུར་པ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཁྱད་པར་བཞིས་ཁྱད་པར་དུ་ འཕགས་པར་བསྟན་ཏེ། དམིགས་པའི་ཁྱད་པར་གྱིས་ནི་དངོས་པོ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི་བརྗོད་པ་ཙམ་དུ་རྟོག་པས་དེ་ལ་མངོན་པར་ཞེན་པ་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་དང་རྒྱུ་ ཉིད་ཀྱི་ཁྱད་པར་དག་ནི་བདེ་བར་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པ་དང་བྱང་ཆུབ་གསུམ་གྱི་རྒྱུ་རྣམ་པར་དག་པའི་ངོ་བོའི་མཚན་ཉིད་འོག་ནས་འབྱུང་བ་དག་འདིར་ཡང་བལྟ་བར་བྱའོ། །ཉན་ཐོས་ལ་སོགས་པའི་དྲོ་བར་གྱུར་བ་ནི་ཕལ་ཆེར་ཕུང་པོ་ལ་སོགས་ པ་ཙམ་ལ་དམིགས་པ་དང་། མི་རྟག་པ་ལ་སོགས་པར་མངོན་པར་ཞེན་པའི་རྣམ་པ་ཅན་དང་། བདེ་བར་གཤེགས་པ་ལ་སོགས་པ་ཡོངས་སུ་འཛིན་པ་དང་བྲལ་བ་དང་བདག་ཉིད་ཀྱི་ཉོན་མོངས་པ་ཙམ་གྱི་གཉེན་པོ་ཡིན་པའི་ཕྱིར། རང་གི་བྱང་ཆུབ་ཙམ་གྱི་འབྲས་བུ་ཅན་ཡིན་ཏེ། དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་ཁྱད་པར་བཞིས་ཤེས་པར་བྱའོ། །དེ་ལྟར་རེ་ཞིག་གཙོ་བོར་གང་ཟག་ལ་སོགས་པའི་དངོས་པོར་རྟོག་པ་དངོས་སུ་བསལ་ནས་གཟུགས་ལ་སོགས་པའི་དངོས་པོར་རྟོག་པ་བསལ་བའི་སྒོ་ནས་དྲོ་བར་ གྱུར་པའི་མཇུག་ཐོགས་སུ་རྩེ་མོར་གྱུར་པ་སྣང་བ་མཆེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དབང་པོ་ཤིན་ཏུ་མཆོག་ཏུ་གྱུར་པའི་གནས་སྐབས་བསྟན་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་ཡང་ དག་པར་བསྡུས་པ་ཡིན་ནོ། །བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་དེ་ལ་རྩེ་མོའི་གནས་སྐབས་ན་གཟུགས་ལ་སོགས་པར་སྣང་བ་སེམས་ཙམ་གྱི་རྣམ་པ་ཉིད་ཀྱིས་རྡུལ་ཕྲ་རབ་ལ་སོགས་པའི་གཟུགས་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་ཡང་གནས་ཏེ་དམིགས་པའི་ཡུལ་རྡུལ་ཙམ་ ཡང་ཡོད་པ་མིན་པའམ་མི་སྣང་སྟེ་དེ་ནི་ཡང་དག་པར་ན་རིགས་པ་དང་ལུང་གི་སྒོ་ནས་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་དེ་དག་ཐོག་མ་དང་དབུས་དང་ཐ་མ་ལ་སོགས་པའི་བྱེ་བྲག་གིས་ཡན་ལག་དུ་མའི་ ངོ་བོ་ཉིད་དུ་སྣང་བའི་ཕྱིར་དང་དེ་ལས་མ་གཏོགས་པའི་ཡན་ལག་ཅན་ལ་སོགས་པ་གཅིག་པུ་ཡང་མི་དམིགས་པའི་ཕྱིར་ངོ་བོ་ཉིད་གཅིག་པ་མ་ཡིན་ནོ། །འོན་ཏེ་དམིགས་པ་ན་ནི་ཡན་ལག་དུ་མ་ལས་མ་གཏོགས་པའི་གཅིག་པུ་རང་གི་བདག་ཉིད་ཙམ་དུ་གནས་པའི་ཕྱིར་ དུ་མ་ཉིད་ཉམས་པ་མེད་དོ། །ཕན་ཚུན་འདྲེས་པ་མེད་པའི་ངོ་བོར་སྣང་བའི་དུ་མ་ནི་གཅིག་ཏུ་འགྱུར་བར་འོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་གཅིག་འགྱུར་ན་ཡང་ཐམས་ཅད་འགྱུར་བའི་ཕྱིར་རོ། །རྗེས་སུ་དཔག་པའི་སྒོ་ནས་ཀྱང་དེ་གཅིག་པ་ཉིད་དུ་མི་འགྲུབ་སྟེ། སྔོན་ པོ་ལ་སོགས་པ་ཕན་ཚུན་ཡན་ལག་ཐ་དད་པའི་བདག་ཉིད་དུ་སྣང་བ་ལ་དེའི་གཅིག་པ་ཉིད་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་ཞིག་རབ་ཏུ་གྲུབ་པར་རྟོག་ན་ནི་དུ་མ་ཉིད་ཉམས་པ་མེད་དོ་ཞེས་བསྟན་ཟིན་ཏོ། །རིའི་གློ་ལ་འཇུག་པའི་མེ་རྗེས་སུ་ དཔག་པས་རབ་ཏུ་གྲུབ་པའི་ཕྱིར་རིའི་བདག་ཉིད་མེར་སྣང་བ་ནི་མ་ཡིན་ཏེ། དེ་མ་ཡིན་པའི་རྣམ་པར་སྣང་བའི་ཕྱིར་རོ། །ཡན་ལག་ཅན་མངོན་སུམ་མ་ཡིན་པ་དང་འབྲེལ་པ་རབ་ཏུ་གྲུབ་པའི་རྟགས་ཀྱང་ཅུང་ཟད་ཀྱང་མེད་ལ་རྟགས་དང་རྟགས་ཅན་འབྲེལ་པ་རྟོགས་པ་མེད་པར་ཡང་རྗེས་སུ་དཔག་ པ་མི་འཇུག་པའི་ཕྱིར་རོ། །གཅིག་པ་ཉིད་དུ་རྟོག་པ་ནི་སྔོན་པོ་ལ་སོགས་པ་ཡན་ལག་སྣ་ཚོགས་ཀྱི་ངོ་བོར་སྣང་བ་དག་ལ་ཡང་འཇུག་པའི་ཕྱིར་འཁྲུལ་པ་ཡིན་ནོ། །དེ་སྐྱེ་བའི་རྒྱུ་མཚན་ཡང་སྔོན་པོ་ལ་སོགས་པ་དེ་དག་ཉིད་ཡིན་ཏེ། དེ་མཐོང་བ་ཉིད་ལ་ཐ་དད་པ་མ་ཡིན་པའི་བློ་སྐྱེ་བའི་ཕྱིར་དང་དེ་ ལས་གཞན་པའི་གཅིག་པུའི་ངོ་བོ་ཡང་མ་མཐོང་བའི་ཕྱིར་རོ། །གལ་ཏེ་འོ་ན་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་བསགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྡུལ་ཕྲ་རབ་ཆ་ཤས་མེད་པའི་བདག་ཉིད་རྣམས་ཀྱང་མི་རྟོག་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པར་སྣང་བ་ན་ཡན་ལག་མེད་པའི་རྡུལ་ཕྲ་རབ་ ཀྱི་གཟུགས་ཅུང་ཟད་ཀྱང་མི་དམིགས་ཏེ། སྔོན་པོ་ལ་སོགས་པ་རགས་པར་སྣང་བ་ཉིད་དུ་ཤེས་པའི་ཕྱིར་རོ། །གལ་ཏེ་རགས་པ་ནི་ཕྲ་མོ་བསགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་དེ་གྲུབ་ན་རྡུལ་ཕྲ་རབ་ཀྱང་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྡུལ་ཕྲ་རབ་དང་རགས་པ་དག་འབྲེལ་པ་མི་རྟོག་པའི་ ཕྱིར་རོ། །རྡུལ་ཕྲ་རབ་གྲུབ་ན་དེ་བསགས་པའི་བདག་ཉིད་རགས་པ་རབ་ཏུ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཡན་ལག་མེད་པ་རྣམས་ལ་བསགས་པ་མི་འགྲུབ་པའི་ཡང་ཕྱིར་ཏེ། དབུས་ན་འདུག་པའི་རྡུལ་ཕྲ་རབ་ལ་ལྟོས་ནས་ཕྱོགས་དང་ཡུལ་ཐ་དད་པ་ན་གནས་པའི་ རྡུལ་ཕྲ་རབ་རྣམས་བསགས་པ་ཡིན་ན། དེ་ཡང་རྡུལ་ཕྲ་རབ་ཆ་ཤས་མེད་པ་ལ་ཕྱོགས་དང་ཡུལ་ཐ་དད་པ་མི་སྲིད་པའི་ཕྱིར་མི་འཐད་དོ། །ཕྱོགས་དང་ཡུལ་གཅིག་ཉིད་ཡིན་ན་ནི་རྡུལ་ཕྲ་རབ་གཅིག་ཁོ་ནར་རྡུལ་ཕྲ་རབ་ཐམས་ཅད་ཞུགས་པའི་ཕྱིར་སྔོན་པོ་ལ་སོགས་པ་ལ་མཐོང་བ་ཙམ་ ཡང་མེད་ན་རགས་པའི་རྣམ་པ་སོ་སོར་ངེས་པས་དེ་ལས་གཞན་པའི་དོན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། མཐོང་བ་དང་དོན་བྱེད་པ་དག་ཀྱང་རབ་ཏུ་གྲུབ་པའི་ཕྱིར་ལ་རྡུལ་ཕྲ་རབ་ནི་དབང་པོས་མི་སོད་པའི་ཕྱིར་དང་། སྒྲིབ་པ་ལ་སོགས་པའི་དོན་བྱེད་པར་ཡང་རབ་ཏུ་མི་འགྲུབ་པའི་ཕྱིར་ རོ། །གཅིག་དང་དུ་མ་ལས་མ་གཏོགས་པ་གང་གིས་ན་སྔོན་པོ་ལ་སོགས་པ་དངོས་པོ་ཡོད་པར་འགྱུར་བའི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། འདི་གཉིས་ནི་ཕན་ཚུན་འགལ་བས་རྣམ་པ་གཞན་རྣམ་པར་གཅོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་གཟུགས་ཀྱི་ཕུང་པོའི་ མཚན་ཉིད་དང་མི་ལྡན་ན་དེ་ལ་རྟེན་ཅིང་དམིགས་པ་ཚོར་བ་ལ་སོགས་པ་ཡང་མཚན་ཉིད་དང་བྲལ་བར་ཤེས་པར་བྱ་སྟེ། སེམས་དང་སེམས་བྱུང་སྔོན་པོ་ལ་སོགས་པར་སྣང་བ་རྣམས་ཇི་སྐད་བཤད་པའི་རིམ་གྱིས་གཅིག་དང་དུ་མའི་རྣམ་པ་དང་བྲལ་བའི་ཡང་ཕྱིར་རོ། །དེ་ལྟར་གཟུགས་ ལ་སོགས་པའི་བདག་ཉིད་ཀྱི་གནས་བསལ་ནས་འགོག་པའི་བདེན་པར་བསྡུས་པ་དེ་བཞིན་ཉིད་ལ་སོགས་པའི་ངོ་བོ་ཉིད་ཀྱི་གནས་བསལ་བའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཆོས་ཀུན་ལ་མི་གནས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ སོགས་པའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་སྟེ། ཡང་དག་པར་ན་དེ་དག་ཀྱང་གཟུང་བ་མེད་པ་ལ་སོགས་པ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་ལམ་གྱི་བདེན་པས་ཡང་དག་པར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་ཅེ་ན། གནས་པ་མེད་པར་སྤྱོད་ཅེས་བྱ་བ་གསུངས་ཏེ། གང་ཟག་དང་གཟུགས་ལ་སོགས་པའི་ཆོས་ཀྱི་རྣམ་པ་ཐམས་ཅད་ལ་མི་གནས་པ་ཉིད་དུ་དེ་སྒོམ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེས་སྟོང་པ་ཉིད་ཀྱི་རྣམ་པར་རྟོག་ པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཆོས་དང་ཆོས་ཅན་དུ་རྟོག་པའི་མཚན་མ་དག་གིས་ཡོངས་སུ་གཟུང་བ་མེད་ཅིང་བདག་གིར་བྱས་པ་མེད་པ་དེ་ཉིད་ཀྱི་ཕྱིར་མཚན་མའི་ཉོན་མོངས་པ་དང་བྲལ་བས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་འཐོབ་ པོ་ཞེས་བྱ་བར་སྦྱར་རོ། །འདིའི་ཕན་ཡོན་རབ་ཏུ་བསྟན་པ་ནི་ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པར་རྟོག་པ་བསལ་བར་ཤེས་པར་བྱ་སྟེ། ངག་དེ་ལྟ་བུ་ལ་སོགས་པ་རྫོགས་པའི་བར་དུ་གང་ཅུང་ཟད་ཡོད་པར་བསྟན་པ་དེ་ཐམས་ཅད་ནི་འདི་ལྟ་བུར་དགོངས་པ་ཉིད་དུ་རིག་པར་བྱ་སྟེ། འདི་ནི་རྩེ་མོར་ གྱུར་པ་ཆུང་ངུ་ཡིན་ནོ། །འབྲིང་ནི་ཇི་ལྟར་ཀུན་དུ་རྒྱུ་ཕྲེང་བ་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྱུང་གྱུར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །ཤེས་པ་དམིགས་པ་ནི་འཇིག་རྟེན་པའི་རྟོག་པའི་ཤེས་པས་ཕྱི་དང་ནང་ལ་སོགས་པའི་བྱེ་བྲག་གིས་འཛིན་པ་ལ་སོགས་པའི་ངོ་བོ་ཉིད་དུ་ལྷག་ པར་ཆགས་པ་སྟེ་དེ་ལྟ་བུར་གྱུར་པ་མེད་པའོ། །ཕུང་པོ་རྣམ་པར་འཇིག་པ་ནི་ཕུང་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པ་སྟེ། དེ་ལྟ་བུར་གྱུར་པ་ཇི་ལྟ་བར་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན་འདིས་ནི་ཇི་སྐད་དུ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་འཇིག་རྟེན་པའི་ལམ་ཉི་ཚེ་བའི་ཤེས་པས་རྟོག་པ་སྔོན་དུ་ འགྲོ་བའི་འཇིག་རྟེན་ལས་འདས་པའི་ལམ་ལ་ཞུགས་པ་ཡང་གལ་ཏེ་དངོས་པོ་འགའ་ཞིག་དམིགས་པར་གྱུར་ན་དེའི་ཚེ་འདི་ལ་དད་པ་རྙེད་པར་ཡང་མི་འགྱུར་ཏེ། འཇིག་རྟེན་ལས་འདས་པ་དང་ཅིག་ཤོས་ཀྱི་ལམ་དག་དངོས་པོར་དམིགས་པའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་སྟོན་ པར་བྱེད་དོ། །དེ་ལྟ་བས་ན་དངོས་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་བདག་ཉིད་ཁོ་ན་འཇིག་རྟེན་ལས་འདས་པའི་ཚུལ་ཡིན་ལ་དེ་ལས་གཞན་པ་ནི་སྒྲོ་བཏགས་པའི་རྣམ་པའི་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱིས་ཉོན་མོངས་པའི་བག་ཆགས་མཐའ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་འཇིག་རྟེན་ པ་ཡིན་ནོ། །གལ་ཏེ་གང་ཟག་གིས་དབེན་པའི་ཁྱད་པར་ཕུང་པོ་ཙམ་ལ་རྣམ་པར་ལྟ་བ་རྣམས་ཀྱང་སེམས་ཅན་དུ་ལྟ་བ་མེད་ན། ཉོན་མོངས་པའི་ཚོགས་ཐམས་ཅད་སྤོང་བར་འགྱུར་བ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་ན་གང་ཟག་ཙམ་མེད་པར་ལྟ་བ་འཇིག་རྟེན་ལས་འདས་པ་ཉིད་ མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཕུང་པོ་ལ་མངོན་པར་ཞེན་པ་མ་སྤངས་ན་སེམས་ཅན་དུ་ལྟ་བ་མི་ལྡོག་པའི་ཕྱིར་རོ། །དེ་ནི་ཕུང་པོ་ལ་མངོན་པར་ཞེན་པ་ལས་རབ་ཏུ་བྱུང་བའི་ཕྱིར་ཏེ། སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཕུང་པོར་དམིགས་པ་ལས་མ་གཏོགས་པ་གཞན་ ལས་འབྱུང་བར་མི་དམིགས་སོ། །རྟག་པ་ལ་སོགས་པར་མངོན་པར་ཞེན་པ་ཡང་ཕུང་པོར་ཡོངས་སུ་འཛིན་པ་ལ་རག་ལས་པའི་ཕྱིར་དེ་ཡང་ཕུང་པོ་དོན་དམ་པར་ཡོད་པ་མ་ཡིན་པ་ལ་མི་རྟག་པ་ཉིད་དུ་མོས་པས་སྤོང་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་སྡུག་པ་ལ་སོགས་པར་ མོས་པ་ཡིད་ལ་བྱེད་པ་ཡང་ཉོན་མོངས་པའི་གཉེན་པོར་འགྱུར་བར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ཕུང་པོ་མི་དམིགས་པ་ནི་ཚད་མས་འཐད་པའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཉེས་པའི་བག་ཆགས་མཐའ་དག་གི་གཉེན་པོར་གྱུར་པ་ཡིན་གྱི་དེར་ དམིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་དེ་སྲིད། །དེ་ལས་བདག་ཅེས་བྱ་བར་ཡང་། །ཞེས་བཤད་དོ།། །།བམ་པོ་གཉིས་པ། ཁ་ཅིག་ན་རེ་ལ་ལ་ལས་གང་ཟག་བདག་མེད་པ་ཙམ་རྟོགས་པས་ཉོན་མོངས་པ་སྤོང་བར་བཤད་པ་གང་ཡིན་པ་དེ་ནི་ དེ་སྐད་དུ་བཤད་པས་གདུལ་བའི་སྐྱེ་བོའི་ངོར་བྱས་པ་ཡིན་གྱི་ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། དགེ་སློང་དག་ཁུར་ཡང་ཡོད་ལ་ཁུར་ཁྱེར་བ་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་བཤད་པ་བཞིན་ནོ་ཞེས་ཟེར་རོ། །དེ་ལྟར་དཔེའི་སྒོ་ནས་ཆོས་ཐམས་ཅད་བདག་མེད་པར་བསྟན་ནས་འདི་ཉིད་ལ་ བྱང་ཆུབ་སེམས་དཔའི་སྦྱར་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་ལྟ་བུར་རོ། །གང་ཞིག་ཇི་ལྟར་ཕྲེང་བ་ཅན་གྱིས་ཆོས་རྣམས་ཡོངས་སུ་ཤེས་པ་དེ་ལྟར་ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །གང་ཞིག་དེ་ལྟར་ཆོས་ཐམས་ ཅད་བདག་མེད་པར་ཡང་རྣམ་པར་ལྟ་བ་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་ཡང་མི་རེག་ཅིང་ཡུལ་དུ་མི་བྱེད་པ་ཞེས་བྱ་བ་དང་རྣལ་དུ་སྦྱར་ཏེ། ཐུགས་བརྩེ་བ་ཆེན་པོས་འགྲོ་བ་ཐམས་ཅད་ལ་ལྟ་བ་དང་བཅས་པ་ནི་ཆོས་ཐམས་ཅད་མི་ དམིགས་པ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །གནས་ཞེས་བྱ་བ་ནི་ཤེས་རབ་སྒོམ་པར་བྱེད་པ་སྟེ་བདེ་བར་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ། །རྩེ་མོར་གྱུར་པ་ཆེན་པོ་བསྟན་པའི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ ཞེས་བྱ་བ་ནི་རྩེ་མོར་གྱུར་པ་ཆེན་པོའི་གནས་སྐབས་པའི་བྱང་ཆུབ་སེམས་དཔའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྟོག་པ་ཡང་ངོ་བོ་ཉིད་ཀྱི་སྒོ་ནས་ནི་འདི་ནི་གང་ཡིན་ཞེས་གང་གསུངས་པ་ཡིན་ནོ། །གང་ཞེས་བྱ་བའི་སྒྲ་ནི་སྤོང་བ་ཡིན་པར་བལྟ་བར་བྱ་སྟེ། དེའི་ངོ་བོ་ཉིད་འཛིན་ པ་ལ་སོགས་པའི་རྣམ་པར་མི་འཐད་པའི་ཕྱིར་རོ། །འབྲེལ་པའི་སྒོ་ནས་ནི་སུའི་ཡིན་ཞེས་གང་གསུངས་པ་ཡིན་ནོ། །སུ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་དང་འབྲེལ་པའི་བདག་ལ་སོགས་པ་མེད་པའི་ཕྱིར་རོ། །ཡུལ་གྱི་སྒོ་ནས་ནི། གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་ པར་རྟོག །ཅེས་བྱ་བ་གང་གསུངས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཆོས་དང་ཆོས་ཅན་གྱི་དངོས་པོ་དང་དེ་སྟོང་པ་ཉིད་དུ་ཡང་མི་འཐད་པའི་ཕྱིར་རོ། །རྟོག་ཅེས་བྱ་བ་ནི་དཔྱོད་པར་བྱེད་པའོ། །ཞུམ་པ་མེད་ཅིང་ཞེས་བྱ་བ་ནི་ཐམས་ ཅད་སེམས་ཙམ་དུ་རྟོགས་པའི་ཕྱིར་ཀུན་ཏུ་རྨོངས་པར་མི་འགྱུར་ཞིང་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་རིམ་གྱིས་འཕེལ་བའི་རྩེ་མོར་གྱུར་པ་ལས་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་མཚན་ཉིད་ཀྱི་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་གིས་ཏིང་ངེ་འཛིན་གྱི་ བདག་ཉིད་དག་སྐྱེ་བར་འགྱུར་རོ་ཞེས་སྟོན་ཅིང་གཟུགས་ལ་སོགས་པའི་འདུ་ཤེས་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་བརྒྱ་ལའོ། །མི་ཤེས་བཞིན་དུ་ཞེས་བྱ་བ་ནི་ གཟོད་མ་ནས་སྐྱེ་བ་མེད་པའི་དོན་ཁོང་དུ་མ་ཆུད་པར་རོ། །གཟུགས་སུ་འདུ་ཤེས་པ་ནི་གཟུགས་ལ་སོགས་པ་ལ་སྤྱི་དང་ཁྱད་པར་གྱི་མཚན་མར་མངོན་པར་ཞེན་པའོ། །རྟོག་ཅེས་བྱ་བ་ནི་གལ་ཏེ་ཕུང་པོ་དག་ལ་སྟོང་པ་ཉིད་དུ་གཟུང་བའི་བདག་ཉིད་དུ་རྟོག་པར་བྱེད་ན་ཡང་ངོ་། །མཚན་མ་ ལ་ཞེས་བྱ་བ་ནི་མཚན་མ་ལ་སྟེ། ཕྱིན་ཅི་ལོག་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། སྐྱེ་བ་མེད་པ་ཉིད་སྒྲིབ་པའི་བག་ཆགས་ཐམས་ཅད་སྤོང་བའི་གནས་སུ་གྱུར་པའི་ཕྱིར་གནས་ཡིན་ནོ། །དེ་ལ་མ་དད་པ་ནི་མ་མོས་པ་སྟེ། གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཕྱིན་ཅི་ལོག་འདིའི་གཉེན་པོར་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། གང་ཞིག་གཟུགས་མིན་ཚོར་མིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་ཉེ་བར་མཚོན་པའི་ཕྱིར་རོ། །ཡང་ན་ འདུ་བྱེད་ཐམས་ཅད་སེམས་མངོན་པར་འདུ་བྱེད་པའི་ངོ་བོ་ཉིད་ཀྱི་སེམས་པའི་བདག་ཉིད་ཡིན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ་ཞེས་གང་གསུངས་པ་ཡིན་ནོ། །མི་སྤྱོད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྣམ་པ་ཉིད་ ཡིན་པའི་ཕྱིར་གཟུགས་ལ་སོགས་པ་གཟུང་བའི་བདག་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བར་རྟོགས་པའི་ཕྱིར་ཏེ་འདི་ནི་བཟོད་པ་ཆུང་ངུ་ཡིན་ནོ། །གནས་པ་མེད་པར་སྤྱོད་ཅེས་བྱ་བ་ནི་རྟེན་པ་མེད་པར་སྤྱོད་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་རྣམས་མ་ སྐྱེས་པར་ངེས་པར་འབྱུང་བ་མི་འཐད་པའི་ཕྱིར་རོ། །མ་སྐྱེས་པ་ནི་ཡང་དག་པར་ན་གང་གིས་ན་དེ་ལ་བརྟེན་ནས་དཔྱོད་པར་འགྱུར་བ་རྣམ་པར་དག་པར་འགྱུར་བའི་མཚན་ཉིད་ཀྱིས་ངེས་པར་འབྱུང་བ་སྒྲུབ་པར་མི་བྱེད་དེ་འདི་ནི་བཟོད་པ་འབྲིང་ཡིན་ནོ། །དེ་ནི་སྤྱོད་པ་མེད་ན་དེ་དང་ལྡན་པའི་བྱེད་པ་པོ་ཡང་ སྤྱོད་ཅེས་བྱ་བར་མི་དམིགས་པས་སྤྱོད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་བྱེད་པ་པོ་མཚན་མ་མི་དམིགས་ཏེ། གཟུགས་ལ་སོགས་པའི་མཚན་མ་རྣམ་པ་ཐམས་ཅད་དུ་མེད་ན་ཆོས་ཐམས་ཅད་གཟུང་བའི་ངོ་བོ་ཉིད་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་པ་ པོ་མེད་དུ་ཟིན་ཀྱང་འོན་ཀྱང་ཅིའི་ཕྱིར་སོ་སོའི་སྐྱེ་བོ་བཞིན་དུ་དེར་མི་དམིགས་ཤེ་ན། དེ་ལྟར་ཤེས་རབ་བསྟན་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་མཚན་མ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །སྐྱེ་མེད་བློ་ལྡན་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་ གང་གི་ཕྱིར་དེ་བཟོད་པ་ཆེན་པོའི་དབང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པ་དེའི་ཕྱིར་དེ་མཚན་མ་དེ་དག་མི་དམིགས་ཏེ། སྐྱེ་བ་མེད་པར་མོས་པའི་མཚན་མ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །འདི་ནི་བཟོད་པ་ཆེན་པོ་ཡིན་ནོ། །དེ་ལྟར་རིམ་གྱིས་ བཟོད་པ་ཆེན་པོ་ཐོབ་པའི་རྗེས་ལ་བར་ཆད་མེད་པར་མཐོང་བའི་ལམ་ཐོབ་པ་ཡིན་པའི་ཕྱིར་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་ཅེས་བྱ་བ་སྨོས་ཏེ། དེ་ལ་དགེ་བ་རྩེ་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏིང་ ངེ་འཛིན་དག་སྟེ། དཔའ་བར་འགྲོ་བ་ལ་སོགས་པའོ། །འཛིན་པའི་གཡེང་བ་མེད་པའི་ཕྱིར་ཞི་བ་དག་གོ། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་མཆོག་དག་གོ། །དེ་དག་ལ་རེག་པ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་གི་མིང་དང་དོན་བྱེད་ པའི་རྣམ་པ་ཡུལ་དུ་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་ལས་ཇི་སྐད་དུ་དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བ་སྟེ། འདི་ནི་དཔའ་བར་འགྲོ་བ་ ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །འདི་དག་ནི་ཆོས་ཀྱི་མཆོག་ཆུང་ངུ་ཡིན་ནོ། །འབྲིང་བསྟན་པའི་ཕྱིར། བྱང་ཆུབ་སེམས་གང་དེ་ལྟར་འདིར་བདག་ཞིར་གནས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཞེས་བྱ་བ་ནི་དཔའ་བར་འགྲོ་ བ་ལ་སོགས་པའི་ཏིང་ངེ་འཛིན་ལའོ། །བདག་ཞིར་གནས་པ་ཞེས་བྱ་བ་ནི་འཛིན་པའི་རྟོག་པའི་གཡེང་བ་མེད་པའི་ཕྱིར་སེམས་རབ་ཏུ་ཞི་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་པའི་བྱང་ཆུབ་སེམས་དཔའོ། །སྔོན་གྱི་དེ་བཞིན་གཤེགས་པ་ཞེས་སྨོས་པ་ནི་ དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་དེ་ལུང་བསྟན་པའི་ཕྱིར་ཉེ་བར་མཚོན་པའི་དོན་ཏེ། སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པ་དེ་དག་ཀྱང་གང་ཞིག་ཏིང་ངེ་འཛིན་འདི་དག་གིས་གནས་པ་དེ་ལ་ལུང་སྟོན་ཏོ་ཞེས་གང་གསུངས་པ་ཡིན་ནོ་ཞེས་ལུང་བསྟན་ཞེས་ བྱ་བ་ནི་ངེས་པར་རྫོགས་པར་བྱང་ཆུབ་ཐོབ་པར་རབ་ཏུ་བསྟན་པའོ། །རློམ་སེམས་མེད་ཅེས་བྱ་བ་ནི་གནས་ངན་ལེན་གྱི་གཡེང་བ་མངོན་དུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པའི་ཕྱིར་བདག་ནི་མཉམ་པར་གཞག་ཅེའམ་ལངས་ཞེས་བྱ་བ་སྨོས་ཏེ། ངར་འཛིན་པ་ནི་ཉེས་ པ་ཐམས་ཅད་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོས་གནས་ངན་ལེན་གྱི་གཡེང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལས་ལངས་ན་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་གཏན་མེད་པར་བསྟན་པ་ཡིན་ནོ། །འདི་ཉིད་ལ་དྲི་བ་དང་བཅས་པའི་ལན་གྱི་སྒོ་ནས་ཆོས་ཀྱི་མཆོག་ཆེན་པོ་བསྟན་པའི་ ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ན་སྟེ། བདག་ཡོད་ན་དེའི་ངར་འཛིན་པ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱིས་རྣམ་པར་གཡེང་བའི་ངོ་བོ་མ་ཡིན་པའི་ཕྱིར་ཇི་ལྟར་དེ་ཀུན་ནས་མི་ལྡང་སྙམ་དུ་བསམ་པ་ཡིན་ནོ། །དེ་ཡོངས་སུ་སྤང་བའི་ཕྱིར། ཆོས་ཀྱི་རང་ བཞིན་ཡོངས་ཤེས་ཕྱིར། །ཞེས་བྱ་བ་སྨོས་སོ། །དེ་སྐད་དུ་དེ་ལ་བདག་ཡོད་ན་དེ་ལ་ངར་འཛིན་པ་འམ་དེ་ལ་ཕྱིན་ཅི་མ་ལོག་པར་འགྱུར་བ་ཞིག་ན་དེ་གཉིས་ནི་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་ པ་རྣམས་ཡང་དག་པར་ན་མེད་པའི་ཕྱིར་དང་། ཆོས་ཀྱི་མཆོག་ཆེན་པོའི་གནས་སྐབས་ན་མོས་པ་དེའི་ངོ་བོ་ཉིད་དུ་རབ་ཀྱི་མཐར་ཕྱིན་པའི་ཡང་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་འདི་དག་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་མཐོང་ བས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་མཚུངས་པར་ལྡན་པ་ཡིན་ནོ། །དེ་ལ་གཟུང་བར་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ་དངོས་པོ་ཙམ་ལ་བརྟེན་པ་ནི་གང་གིས་ན་ཕུང་པོ་ལ་སོགས་པ་དངོས་པོ་ཙམ་ལ་བརྗོད་པ་ཙམ་དུ་ཤེས་པའོ། །གཉེན་པོ་ལ་ བརྟེན་པ་ནི་གང་གིས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པ་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལས་སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་པའོ། །འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་གི་རྫས་ལ་བརྟེན་པ་ནི་གང་གིས་ན་འཛིན་པའི་ རྣམ་པ་གང་ཟག་གི་རྫས་སུ་སྒྲོ་བཏགས་པ་གཙོར་སེམས་ཅན་ལ་སོགས་པ་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་བྱེད་པའོ། །དེར་གདགས་པ་ལ་བརྟེན་པ་ནི་གང་གིས་ན་དེར་གདགས་པ་ཙམ་ཡང་འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་པར་བྱེད་པའོ། །འདི་དག་ཀྱང་གོ་རིམས་ བཞིན་དུ་ངེས་པར་འབྱེད་པའི་ཆ་བཞི་པོ་དག་ལ་བལྟ་བར་བྱ་སྟེ། དེ་ལ་གཟུང་བར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའི་དབང་དུ་མཛད་ནས། དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་གནས་སྐབས་སུ་རབ་ཏུ་བསྟན་པའི་མི་དམིགས་ པའི་ཚུལ་གྱིས་སོ། །བདེ་གཤེགས་རྣམས་ཀྱིས་ཤེས་རབ་ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཆོས་དཀར་པོ་རྣམས་མི་དམིགས་པའི་བདག་ཉིད་དེ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་རྣམ་པར་བྱང་བའི་དངོས་པོ་ ལ་རྣམ་པར་རྟོག་པ་ཡིན་ནོ། །དམིགས་པ་ཞེས་བྱ་བ་ནི་མི་འགྱུར་ཞེས་བྱ་བ་དང་འབྲེལ་པའི་ཕྱིར་དམིགས་པར་མི་འགྱུར་བ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཅི་ཞིག་ཅེ་ན། ཆོས་གང་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། ཆོས་ནི་བདག་ལ་སོགས་པའོ། །དེ་ཉིད་མི་དམིགས་པའི་སྤྱོད་ པའི་རྟེན་ཡིན་པའི་ཕྱིར་ཏེ་སེམས་ཅན་དུ་རྣམ་པར་རྟོག་པ་ཡིན་ནོ། །ཡང་ཅིའི་ཕྱིར་ན་མི་དམིགས། ཇི་ལྟར་ན་བདག་ལ་སོགས་པ་མི་དམིགས་པས་རང་དང་གཞན་ཡོངས་སུ་སྨིན་པ་ལ་སོགས་པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་ཞེ་ན། སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། འདི་སྐད་དུ་ཆོས་ཐམས་ཅད་སྐྱེ་བ་མི་དམིགས་པའི་མཚན་ཉིད་ཀྱི་སྤྱོད་པ་མེད་པ་གང་ཡིན་པ་དེ་ཉིད་མཚན་མ་དང་མི་འགལ་བའི་ཕྱིར་དང་བདག་དང་གཞན་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་སྤྱོད་པ་དམ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མོས་པ་ཡིད་ལ་བྱེད་པ་ཙམ་གྱིས་ནི་སྒྲིབ་པ་སྤོང་བ་མེད་ པའི་ཕྱིར་རོ། །འདི་ཁོང་དུ་ཆུད་ནས་ཆོས་ཅི་ཡང