Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 87
Văn bản gốc(Tây Tạng)
Trang 10 / 17 (50.000 ký tự/trang)
ཕྱིར་སྤྱོད་པ་མཆོག་ཡིན་པས་ཆགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འགྲོ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཏུ་ཞེས་བྱ་བ་ལྷག་མ་ཡིན་ནོ། །རློམ་སེམས་ཐམས་ཅད་དང་བྲལ་ན་སྦྱོར་བ་མཉམ་པ་ཉིད་ཀྱིས་ཉི་མ་བཞིན་དུ་འོད་གསལ་བའི་ཕྱིར་དང་མེ་བཞིན་དུ་འགྲོ་ བའི་ཉོན་མོངས་པའི་བུད་ཤིང་སྲེག་པའི་ཕྱིར་ནི་ཉི་མ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་དོན་གོ་བར་ཟད་དོ། །དེ་ལྟར་རབ་ཏུ་སྦྱོར་བ་ནི་རང་བཞིན་གྱིས་དག་པ་ཡིད་ལ་བྱེད་པའི་སྒོ་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་སྤོང་སྟེ། དེའི་ཡུལ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་ བྱང་བའི་བྱེ་བྲག་གིས་བདེན་པ་བཞི་ཡིན་པའི་ཕྱིར། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་དག་ཅེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཡོངས་དག་ཅེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཡང་དག་པར་ན་མེད་པའི་ ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་འོ་ན་ནི་ལྟ་བ་པོ་དག་གི་མཚན་ཉིད་ཡིན་པའི་ཕྱིར་བདག་ཏུ་དམིགས་པ་མ་ཡིན་ནམ་ཞེ་ན། བྱེད་པ་པོ་ཡང་མི་དམིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བས་ན་གང་ཟག་མི་དམིགས་པ་འདིས་ནི་ཐམས་ཅད་ཤེས་པ་ཉིད་ ཀྱིས་མཐོང་བའི་ལམ་མཚོན་པ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་རྟོགས་པ་ནི་ཕལ་ཆེར་གང་ཟག་ཙམ་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ལམ་གྱི་རབ་ཏུ་དབྱེ་བ་འདི་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་པས་ཡང་མི་བརྗོད་དོ། །ཆོས་ ཐམས་ཅད་མི་དམིགས་པའི་སྒོ་ནས་དེ་སྤོང་བ་ནི། ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལྟ་བུ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །བྱང་ཆུབ་སེམས་དཔས་དེ་ལྟར་ངེས་པར་བཟུང་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མཚན་ཉིད་ཀྱི་ སྦྱོར་བ་ཡིད་ལ་བྱ་དགོས་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེ་ཡང་། རྟེན་ནི་སྦྱོར་བར་བྱས་པ་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་ དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །དེ་ལ་རེ་ཞིག་སྦྱོར་བའི་རྟེན་ནི། རྒྱལ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཤེས་རབ་སྤྱོད་ཅེས་བྱ་བ་ནི་ཤེས་རབ་ལ་མི་སྐྲག་པའི་སེམས་ཀྱིས་འཇུག་པ་ ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་སྦྱོར་བའི་རྟེན་བྱང་ཆུབ་སེམས་དཔའ་སྔོན་གྱི་སངས་རྒྱས་ལ་ལྷག་པར་བྱ་བ་བྱས་པ། དེ་ལས་དགེ་བའི་རྩ་བ་བསྐྲུན་པ་བཤེས་གཉེན་དམ་པ་ལ་བརྟེན་པ། ཤེས་རབ་ལ་མོས་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། གཞན་ལ་ནི་སྤྱོད་པ་ འདི་ལྟ་བུ་མི་འཐད་པའི་ཕྱིར་རོ་ཞེས་སྔར་རྒྱ་ཆེར་བཤད་ཟིན་ཏོ། །སྦྱོར་བ་འདི་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། སྦྱོར་བ་མེད་པའི་སྦྱོར་བ་ནི། །ཕུང་པོ་ཁམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་ལ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལའོ། །ཡང་ཕུང་པོ་ཞེས་བྱ་བ་སྨོས་ པ་ནི་ཟག་པ་མེད་པའི་ཕུང་པོ་ཡིན་པར་གཟུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བརྩོན་ཞེས་བྱ་བ་ནི་སྦྱོར་བ་མེད་པ་ཉིད་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་བརྩོན་པའི་བདག་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཤེས་རབ་ ལ་ཐེ་ཚོམ་མེད་པ་ནི་ལུང་བསྟན་པའི་གཞི་ཡིན་པའི་ཕྱིར་ལུང་བསྟན་པའི་སྦྱོར་བ་ནི། སེམས་ཅན་དེ་ནི་རིང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྤྲུལ་པ་དང་སྒྱུ་མ་འདྲ་ཞེས་བྱ་བ་ནི་དེ་དག་དང་འདྲ་བའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་སྦྱོར་བ་ནི་སོམ་ཉི་མེད་པའི་སྦྱོར་ བ་ལས་ཕྱིར་མི་ལྡོག་པ་ཡིན་པའི་ཕྱིར། ཕྱིར་ཞིང་སྦྱོར་བྱེད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སློབ་ལ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་འབྱུང་བའི་སྦྱོར་བ་ནི་དགོན་པར་ཞུགས་པས་ གནག་རྫི་ལ་སོགས་པ་མཐོང་བ་བཞིན་དུ་ཤེས་རབ་མཉན་པ་བར་དུ་གཅོད་པའི་ཐིབས་པོ་ཐམས་ཅད་ལས་འདའ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགོན་པའི་ལམ་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་ཞེས་བྱ་བ་ནི་ གྲོང་ལ་སོགས་པའི་མཚམས་དང་ལྡན་པའི་ནགས་ཚལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བའི་ཞེས་བྱ་བ་ནི་དེ་ན་ཡོད་པའི་གྲོང་ལ་སོགས་པ་གང་ཡིན་པ་དེ་དག་ཉེ་བའོ། །འདི་དག་ཅེས་བྱ་བ་ནི་གནག་རྫི་ལ་སོགས་པའི་རྟགས་སོ། །རྟགས་ཞེས་བྱ་བ་ནི་ དབུགས་ཕྱིན་པའི་རྒྱུའོ་སྙམ་དུ་དགོངས་པ་ཡིན་ནོ། །དབུགས་ཕྱིན་ཐོབ་པར་གྱུར་ཅིང་ཞེས་བྱ་བ་ནི་ཤེས་རབ་མཉན་པ་སྲིད་པའི་ཉེས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །འཇིགས་མེད་དེ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཏུ་སྨོན་པས་གཞན་གྱིས་གེགས་བྱེད་པ་ཡིན་པའི་ ཕྱིར་རོ། །དེ་བསལ་བར་བྱ་བའི་ཕྱིར། དགྲ་བཅོམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟག་ཏུ་སྦྱོར་བ་ནི་རྒྱ་མཚོ་ཆེན་པོར་འགྲོ་བ་བཞིན་དུ་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཡང་། དེ་དང་ཉེ་བར་གྱུར་ན་རྟག་ཏུ་འཇུག་པའི་རྟགས་མཐོང་བ་ཡིན་པའི་ཕྱིར་མི་ཞིག་ཅེས་བྱ་བ་ལ་སོགས་ འབྱུང་བ་ཡིན་ཏེ། རྟགས་ཞེས་བྱ་བ་ནི་རིང་བའི་རྟགས་ཏེ་ཤིང་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱ་མཚོ་ཆེན་པོ་ནི་ཉེ་བར་གྱུར་ཏོ་སྙམ་སྟེ་ཞེས་བྱ་བ་ནི་དེ་དང་ཉེ་བ་ན་ཤིང་ལ་སོགས་པ་མེད་པའི་ཕྱིར་རོ། །རིག་པར་བྱ་ཞེས་བྱ་བ་ནི་ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ། དེ་ཅི་ཞིག་ཅེ་ན། རྣམ་པར་འདྲེན་པས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བདག་ཅེས་བྱ་བ་ནི་བདག་ཉིད་དོ། །རེག་པར་འགྱུར་ཞེས་བྱ་བ་ནི་མངོན་དུ་བྱེད་པར་གྱུར་པ་སྟེ། དེའི་རྟགས་ཐོས་པ་ལ་སོགས་པ་རྟག་ཏུ་དམིགས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །མངོན་ པར་རྫོགས་པར་བྱང་ཆུབ་པར་ཉེ་བའི་སྦྱོར་བ་ནི་དཔྱིད་ཀྱི་དུས་སུ་ལོ་མ་ལྷགས་པའི་སྡོང་པོ་བཞིན་དུ་ཤེས་རབ་ཐོབ་པ་ཡང་དྲི་མ་མེད་པའི་ཡོན་ཏན་གྱི་ལོ་མ་ལ་སོགས་པ་ཉེ་བའི་གཞིར་གྱུར་པ་ཡིན་པའི་ཕྱིར། དཔྱིད་དུས་བཟང་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དཔྱིད་དུས་ བཟང་ལ་ཞེས་བྱ་བ་སྨོས་པ་ནི་དུས་ལོག་པ་སྤང་བའི་ཕྱིར་རོ། །བསྐྲུན་ཞེས་བྱ་བ་ནི་འགྲུབ་པར་འགྱུར་བ་སྟེ། ཡལ་ག་རྣམས་ཀྱི་ལོ་མ་ལ་སོགས་པ་ཞེས་བྱ་བ་བར་སྐབས་དང་སྦྱར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི་སྦྲུམ་ མ་སྡུག་བསྔལ་གྱིས་ཉེན་པ་བཞིན་དུ་ཤེས་རབ་ལ་འདུན་པ་ལ་སོགས་པ་དང་ལྡན་པ་ལས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །གང་ཞེས་བྱ་བ་ནི་སྡུག་བསྔལ་དག་གིས་ཉམ་ཐག་པ་ཞེས་བྱ་བ་ལྷག་མ་ཡིན་ ནོ། །སྐྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ཞེས་བྱ་བའི་ཐ་ཚིག་གོ། །འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ་ནི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་མི་དགེ་བ་དང་ཅིག་ཤོས་དག་ལ་འཕེལ་བ་དང་འགྲིབ་པར་མི་ལྟ་བ་ཡིན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་མཆོག་ཅེས་ བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གཟུགས་ཞེས་སྨོས་པ་ནི་ཚོར་བ་ལ་སོགས་པ་ཡང་ཉེ་བར་མཚོན་པ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པ་མི་དམིགས་པའི་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་གཉེན་པོ་མི་མཐུན་པའི་ཕྱོགས་དང་བཅས་པ་དང་ཆོས་ཀྱི་དབྱིངས་དེ་བཞིན་ ཉིད་ཅེས་བྱ་བ་མི་དམིགས་པ་ཡིན་པའི་ཕྱིར། གང་ཞིག་ཆོས་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གང་ཞིག་མི་མཐོང་བ་དེ་གནས་ཞེས་བྱ་བར་སྦྱར་རོ། །འདིའི་རྣམ་པར་མི་རྟོག་པའི་སྦྱོར་བ་ཡང་འདིར་སངས་རྒྱས་ཀྱི་ཆོས་ལ་སོགས་པ་ལ་ ཡང་མི་རྟོག་པ་ཡིན་པའི་ཕྱིར། གང་ཞིག་འདིར་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་མི་རྟོག་ཅེས་བྱ་བ་ནི་ངོ་བོ་ཉིད་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྟོག་བྲལ་ཞེས་བྱ་བ་ནི་སྒྲོ་འདོགས་པའི་རྟོག་པ་དང་བྲལ་བའི་ཕྱིར་རོ། །བྱིན་གྱི་རླབས་ཀྱིས་ སྤྱོད་ཅེས་བྱ་བ་ནི་སྨོན་ལམ་གྱི་ཤུགས་ཀྱིས་འགྲོ་བ་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་འཇུག་པའི་ཕྱིར་རོ། །འདིས་ནི་རྣམ་པར་རྟོག་པའི་མཚན་མ་རྣམ་པ་བཞི་དང་བྲལ་བའི་སྦྱོར་བ་བསྟན་པ་ཡིན་ཏེ། ཕུང་པོ་དང་ཕ་རོལ་ཏུ་ཕྱིན་པ་དང་དེ་ཁོ་ན་ཉིད་དང་། སངས་རྒྱས་ཀྱི་ ཆོས་རྣམས་ལ་གོ་རིམས་བཞིན་དུ་རང་བཞིན་དང་། གཉེན་པོ་དང་དེ་ཁོ་ན་ཉིད་དང་ཐོབ་པར་རྟོག་པའི་མཚན་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མཚན་མའི་རབ་ཏུ་དབྱེ་བ་འདི་ནི་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་བསྟན་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་སྦྱོར་བ་ ཁ་ན་མ་ཐོ་བ་མེད་པའི་ཕན་ཡོན་མདོར་བསྟན་པ་ནི། འདི་ནི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ལྟར་སྦྱོར་བ་ནི་བདུད་ཀྱིས་ཟིལ་གྱིས་མི་ནོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ལ་བདུད་ཀྱིས་བར་དུ་གཅོད་པར་ འགྱུར་བ་ཡང་གང་དག་ཡིན་ཞེ་ན། སྨྲ་བའི་ཟླ་བ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་འབྱོར་གྱིས་ཞུས་པ་ནི་དེས་གདུལ་བའི་འགྲོ་བ་དད་པར་བྱ་བའི་ཕྱིར་རོ། །སྨྲ་བའི་ཟླ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གསལ་བར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་བས་ན་དེ་ ལ་ཞུའོ་སྙམ་དུ་དགོངས་པ་ཡིན་ནོ། །ཡོན་ཏན་ནི་ཤེས་རབ་ལ་སྦྱོར་བ་སྟེ། དེ་ཁོ་ནའི་ཁོངས་སུ་ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་བར་དུ་གཅོད་པར་འགྱུར་བ་དེ་དག་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཅུང་ཟད་ཙམ་ཞིག་ཅེས་བྱ་བ་ནི་བར་དུ་གཅོད་པར་འགྱུར་ བ་རྣམ་པ་དགུ་སྟེ། འདི་ལྟ་སྟེ་བྱ་བ་གཞན་ལ་སྤོབས་པ་ནི། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདྲི་ཚེ་ཞེས་བྱ་བ་ནི་འདྲི་བའི་ཚེ་ནའོ། །ཐ་དད་པ་ཉིད་ནི་ཡུལ་ཐ་དད་པའི་ཕྱིར་རོ། །རྣམ་པ་དུ་མ་ཉིད་ནི་ཡུལ་གཅིག་ལ་རྣམ་པ་སྣ་ཚོགས་པའི་ཕྱིར་ རོ། །དེ་ལ་སྤོབས་པ་མྱུར་བ་ཉིད་ནི་ཤེས་རབ་འདྲི་བར་སེམས་པ་བར་མ་དོ་ཁོ་ནར་ལྡོག་པ་ཡིན་པའི་ཕྱིར་རོ། །འགྲོ་བའི་དོན་མ་བྱས་པར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དོན་ཞེས་བྱ་བ་ལ་དོན་ནི་ཤེས་རབ་འདྲི་བ་ལ་སོགས་པ་ཡིན་ཏེ། དེ་ནི་འགྲོ་བ་ལ་ཕན་པའི་རྟེན་ ཡིན་པའི་ཕྱིར་རོ། །ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་ནི་འདི་ལས་བདག་ཉིད་མིང་མ་སྨོས་པའི་སྒོ་ནས་ལུང་བསྟན་པ་མེད་དོ་སྙམ་ནས་ཕྱིར་ཕྱོགས་ཤིང་སྤོང་བ་སྲིད་པའི་ཕྱིར། འདི་བཤད་ཚེ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་རིགས་ནི་ཆོ་རིགས་སོ། །བདུད་ཀྱི་ལས་ཞེས་བྱ་བ་ནི་ དེ་ནི་ཞེས་བྱ་བ་ལྷག་མ་ཡིན་ཏེ། བདུད་ཀྱི་བྱིན་གྱིས་བརླབས་པ་ཁོ་ནས་སྤོང་བ་སྟེ། དེ་ལྟ་བུ་འབྱུང་བའི་ཕྱིར་རོ། །རྩ་བ་འདོར་བ་ནི་ཡལ་ག་ལ་སོགས་པ་ལྟ་བུའི་ཆོས་གཞན་གྱི་གཞི་ཡིན་པས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བ་ཡིན་པའི་ཕྱིར་དེ་ལྟར་ཞེས་བྱ་ བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐེག་པ་མཆོག་ལས་ཉམས་པ་ནི་གླང་པོ་དོན་དུ་གཉེར་བ་ཞིག་དེ་རྙེད་ཀྱང་དེའི་རྗེས་ཚོལ་བ་བཞིན་དུ་ཐེག་པའི་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤངས་ནས་མདོ་གཞན་ཚོལ་བར་བྱེད་པ་ཡིན་པའི་ཕྱིར། གླང་པོ་ཞེས་བྱ་ བ་ལ་སོགས་པ་གསུངས་པ་ཡིན་ནོ། །གྱ་ནོམ་པའི་རོ་མྱང་བ་ལས་ཉམས་པ་ནི་ཁ་ཟས་བཟང་པོ་བོར་ནས་ཁ་ཟས་ངན་པ་ཚོལ་བ་བཞིན་དུ་ཤེས་རབ་བོར་ནས་ལམ་གཞན་གྱིས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་ལ་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་ བ་ཡིན་ཏེ། དགྲ་བཅོམ་རྣམས་ཀྱི་ས་དང་དེ་དང་ལྡན་པའི་མདོ་ལ་སོགས་པས་སོ། །བཀུར་སྟི་ལ་སོགས་པ་ལ་ལྟོས་པ་ཉིད་ནི། བཀུར་སྟི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལྟ་དང་བཅས་པའི་སེམས་ཞེས་བྱ་བ་ནི་བསྟི་སྟང་ལ་སོགས་པ་ལ་ཞེས་བྱ་བར་སྦྱར་རོ། །འདྲིས་ བྱེད་ཅེས་བྱ་བ་ནི་བཤེས་པར་བྱེད་པའོ། །ཐབས་མ་ཡིན་པས་ཐབས་ལ་མཁས་པ་ཚོལ་བ་ནི་ཆོས་བཏང་ནས་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཆོས་ནི་ཤེས་རབ་ཅེས་བྱ་བ་ཡིན་ནོ། །ཆོས་མིན་ཞེས་བྱ་བ་ནི་བདུད་ཀྱིས་བསྟབས་པའི་མདོ་གོམས་པར་བྱེད་ པའོ། །ལམ་གོལ་འགྲོ་བ་ཞེས་བྱ་བ་ནི་དེ་ལྟ་བུར་ཞེས་བྱ་བ་ལྷག་མ་ཡིན་ནོ། །སྟོན་པར་བྱེད་པ་ལ་དགའ་བ་མེད་པ་ནི། གང་དག་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདུན་ཅིང་ཞེས་བྱ་བ་ནི་མངོན་པར་འདོད་ཅིང་ངོ་། །དད་གྱུར་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་འབྲས་ བུ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་རོ། །བྱ་བ་ལྡན་ཞེས་བྱ་བ་ནི་བྱ་བ་གཞན་ལ་བྲལ་བའོ། །རིག་ནས་ཞེས་བྱ་བ་ནི་ཤེས་ནས་སོ། །བར་དུ་གཅོད་པ་མང་བ་ཉིད་དུ་བསྟན་པའི་ཕྱིར་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཚེ་ན་ཞེས་བྱ་བ་ནི་ཤེས་རབ་འདྲི་བ་ལ་སོགས་ པའི་ཚེ་ནའོ། །གང་དག་གིས་ཞེས་བྱ་བ་ནི་གང་རྣམས་ཀྱིས་སོ། །དགེ་སློང་སྨོས་པ་ནི་ལས་གཞན་མེད་པ་རྣམས་ལ་ཡང་བར་ཆད་བྱེད་པ་ཡོད་པ་བསྟན་པའི་ཕྱིར་རོ། །བར་ཆད་བྱེད་པའི་རྒྱུ་བསྟན་པའི་ཕྱིར་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ཆོས་ཞེས་བྱ་བ་ནི་ ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །དཀོན་ལ་ཞེས་བྱ་བ་ནི་ཤེས་རབ་རྙེད་པ་ནི་ཡུན་རིང་མོ་ཞིག་ནས་ཞུགས་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེའི་ཕྱིར་དེ་ནི་ཞུགས་ནས་རིང་པོ་མ་ལོན་པར་མི་འཐོབ་པས། ཐེག་པ་ལ་གསར་དུ་ ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་ཆུང་བ་ཞེས་བྱ་བ་ནི་བློ་གྲོས་ཚད་ཡོད་པའོ། །འོན་ཀྱང་ཅིའི་ཕྱིར་མ་རྙེད་ཅེ་ན། དེ་ལ་བར་ཆད་བྱ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཁོ་ནས་རྙེད་པར་འགྱུར་བར་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་ པ་སྨོས་སོ། །ཡོངས་སུ་འཛིན་ཞེས་བྱ་བ་ནི་འདྲི་བ་ལ་སོགས་པ་ལ་བར་ཆད་མེད་པ་ཉིད་དོ། །དེ་ལ་སྦྱོར་བ་ནི་བརྩོན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ལ་དགོངས་པ་ནི་བཅོམ་ལྡན་འདས་རྣམས་དེ་ལས་འཁྲུངས་པའི་ཕྱིར་རོ། །མ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་གྲོ་བྱེད་ ཅེས་བྱ་བ་ནི་སྲིད་ཞུ་བྱེད་པའོ། །ཡུམ་གྱུར་ཞེས་བྱ་བ་ནི་ཡུམ་དུ་གྱུར་པའོ། །དགོངས་པ་མཛད་ཅེས་བྱ་བ་ནི་བགེགས་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཁོང་ནས་དྲང་ངོ་། །བར་ཆད་བྱེད་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་འདི་ཁོ་ ནའི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ཤེས་པ་དང་། ཁྱད་པར་དང་། བྱེད་པ་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་དབྱེ་བས་རྣམ་པ་བཞིའོ། །དེ་ལ་ཤེས་པའི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོ་ནས་རྣམ་པ་བཅུ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་ དེ་དེ་བཞིན་གཤེགས་པ་མངོན་པར་བསྒྲུབ་པ་ཤེས་པ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཤེས་རབ་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདི་ལས་ཞེས་བྱ་བ་ནི་སྦྱོར་བའི་བདག་ཉིད་ཀྱི་ཤེས་རབ་ཇི་སྐད་བཤད་པའི་དབང་ དུ་མཛད་པ་ཡིན་ནོ། །འཇིག་རྟེན་ཞེས་པ་ནི་ཕུང་པོ་ལ་སོགས་པའི་བདག་ཉིད་ཀྱི་འཇིག་རྟེན་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་གཅོད་པའི་ཕྱིར་ཏེ་དེ་སྟོན་པས་འཇིག་རྟེན་སྟོན་པ་ཞེས་བྱ་བ་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་མ་རྫོགས་པའི་སངས་རྒྱས་ཀྱི་ཡུམ་དངོས་ ཡིན་པས། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར། སེམས་ཅན་གཞན་གྱི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཆོས་ཉིད་མི་འཁྲུགས་ པ་ཞེས་པ་ནི་དེ་བཞིན་ཉིད་ནི་སོ་སོའི་སྐྱེ་བོ་དང་འཕགས་པའི་བྱེ་བྲག་གིས་ཀྱང་གཞན་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཇིག་རྟེན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དང་སློབ་པའི་ངོ་བོ་ཉིད་དོ། །དངོས་བྲལ་ཞེས་བྱ་བ་ནི་འཛིན་པ་ལ་སོགས་པར་ སྒྲོ་བཏགས་པ་ལོག་པ་ཙམ་གྱི་བདག་ཉིད་ཡིན་པ་འབའ་ཞིག་ཏུ་ཟད་དེ། དེ་ནི་ཚུལ་འདྲ་བ་ཙམ་དུ་རྣམ་པར་གཞག་པའི་རྗེས་སུ་འགྲོ་བའི་རྣམ་པ་ཡིན་གྱི་ཡང་དག་པའི་རྣམ་པ་ནི་འགའ་ཡང་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་པས་ཞེས་བྱ་བ་ནི་ལམ་གྱི་ རྣམ་པ་སྤྱོད་ཡུལ་ཅན་གྱི་ཤེས་རབ་ཀྱིས་སོ། །མཁྱེན་ཞེས་བྱ་བ་ནི་ཐུགས་སུ་ཆུད་པ་སྟེ་དེ་བཞིན་ཉིད་ཅེས་བྱ་བར་སྦྱར་རོ། །ཇི་ལྟར་འདི་ཐ་དད་པ་མ་ཡིན་ཞེ་ན། རབ་ཏུ་དབྱེ་བ་ཤེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་འདས་པ་ལ་སོགས་པས་ཐ་དད་ཀྱང་ ཆོས་ཉིད་སོ་ན་འདུག་པའི་ཕྱིར་རོ། །མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སམ་ཞེས་བྱ་བ་ནི་གནས་ཀྱང་རུང་བའོ། །ཆོས་ཉིད་ངེས་པ་ཞེས་བྱ་བ་ནི་ཆོས་ཉིད་ངེས་པ་སྟེ། དེ་བསྟན་པའི་ཕྱིར་ཆོས་རྣམས་སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚན་ཉིད་ མེད་པ་ཤེས་པ་ནི། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་དབེན་པའི་བདག་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བར་སྦྱར་རོ། །དེའི་ཕྱིར་སངས་རྒྱས་སུ་ཐ་སྙད་གདགས་པ་ཡིན་པས། དེའི་ ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟེན་རང་གི་ཆོས་ཤེས་པ་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་ཀྱི་བདེ་བར་གཤེགས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དང་། དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་གནས་པའི་རྟེན་ཡིན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བ་ལ་ སོགས་པ་འབྱུང་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པའི་རྣམ་པར་འདོད་པ་ཉིད་དགའ་ཚལ་ཡིན་ཏེ་དགའ་བ་རྣམ་པ་དུ་མའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་དེས་ནི་ཅི་ཞིག་མཛད་ཅེ་ན། བྱེད་པ་མེད་པ་ཤེས་པ་སྟེ་འགྲོ་བ་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་ལ་ ཞུགས་ཀྱང་བྱེད་པ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། སྟོང་པ་ཉིད་སྟོན་པར་བྱེད་པ་ཤེས་པ་དེ་སེང་གེ་བཞིན་དུ་ཤེས་རབ་ཀྱི་རི་དང་། རྫོང་ལ་བརྟེན་ནས་མུ་སྟེགས་ཅན་གྱི་རི་དྭགས་སྐྲག་ པར་བྱེད་པའི་རྒྱུ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་ཕྱིར་དཔེར་ན་སེང་གེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཇིགས་པ་མེད་པར་ཞེས་བྱ་བ་ནི་བག་ཚ་བ་མེད་པར་རོ། །ཇི་ལྟར་རྣམ་པར་གྲོལ་བར་བྱེད་ཅེ་ན། སྟོང་པ་ཉིད་མཐོང་བའི་ཤེས་པ་སྟེ། ཉི་མའི་འོད་ཟེར་བཞིན་དུ་བདག་ཉིད་ ཤེས་རབ་ཀྱི་ནམ་མཁའ་ལ་གནས་ཏེ་སྲིད་པའི་སྲེད་པ་བསལ་ནས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་དཔེར་ན་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཤེས་པའི་མཚན་ཉིད་བཤད་ཟིན་ཏོ། །ས་གཞན་ལས་ཁྱད་པར་དུ་འཕགས་པ་ནི་རྣམ་པ་བརྒྱད་དེ་ མཐོང་བས་ཁྱད་པར་དུ་འཕགས་པ་ནི་སྡུག་བསྔལ་གྱི་བདག་ཉིད་ཀྱི་གཟུགས་ལ་སོགས་པ་མཐོང་བ་མེད་པ་ཉིད་ཆོས་མཐོང་བ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་ དྲུག་གོ། །སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ཇི་ལྟར་ན་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་པར་འགྱུར་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཇི་ལྟར་ཀ་བ་ལ་སོགས་པའི་དངོས་པོ་མ་མཐོང་བ་ ལ་ནམ་མཁའ་མཐོང་བའི་ཐ་སྙད་འདོགས་ཀྱི་ནམ་མཁའི་དངོས་པོར་གྱུར་པ་མཐོང་བའི་ཕྱིར་ནི་མ་ཡིན་པ་དེ་བཞིན་དུ་རྟག་པ་མེད་པར་མཐོང་བ་ཉིད་ཆོས་མཐོང་བ་དམ་པ་ཡིན་ནོ་ཞེས་ཐ་སྙད་བཏགས་ཏེ། དེ་བསྟན་པའི་ཐབས་གཞན་ནི་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། ། ཡང་མ་མཐོང་བ་ལ་རང་དང་གཞན་གྱི་དོན་འབྱུང་བ་ཅི་ཞིག་ཡོད་ཅེ་ན། བྱ་བ་ཐམས་ཅད་བསྡུས་པས་ཁྱད་པར་དུ་འཕགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བློན་པོ་བཞིན་དུ་བདག་དང་གཞན་ལ་ཕན་པ་སྒྲུབ་པ་ཡིན་པའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་འབྱུང་ བ་ཡིན་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་བཤད་པའི་ཚུལ་དུའོ། །ཆོས་ཀུན་ཞེས་བྱ་བ་ནི་ཀུན་འབྱུང་བའི་ངོ་བོ་ཉིད་དག་གོ། །རྒྱལ་པོ་བཏང་སྙོམས་འདུག་པ་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་ཁོང་ནས་དྲང་ངོ་། །སངས་རྒྱས་མཛད་དང་ཞེས་བྱ་བ་ནི་སེམས་ཅན་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་སྨིན་པར་བྱེད་པའོ། །ཉན་ཐོས་ཆོས་རྣམས་ནི་བདེན་པའི་ཚུལ་ལ་འགོད་པའོ། །བཏང་སྙོམས་སུ་འདུག་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་རྒྱལ་པོ་གྲོང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུད་པ་ནི་ལེན་པ་སྟེ་བློན་པོའི་དབང་གིས་ཞེས་བྱ་བ་ཁོང་ནས་བྱུང་ངོ་། །ཡོན་ཏན་ཞེས་ བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོན་ཏན་དག་སྟེ། ཤེས་རབ་ཀྱི་མཐུས་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལྟར་བདག་ཉིད་བཏང་སྙོམས་སུ་འདུག་ན་རིང་མོ་ཞིག་ཏུ་འབྲས་བུ་ཕུན་སུམ་ཚོགས་པར་མི་འགྱུར་བར་བྱ་བའི་ཕྱིར་མྱུར་དུ་ མངོན་པར་ཤེས་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དང་བ་དང་ལྡན་པ་ནི་འགོག་པ་ལ་ཆོས་ཤེས་པ་ཉིད་ཀྱིས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་པ་ནི་དད་ ཅེས་བྱ་བར་སྦྱར་རོ། །ཟིལ་གྱིས་མི་ནོན་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱིས་མ་གཙེས་པར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་རབ་ཏུ་དབྱེ་བའི་མཚམས་སྦྱར་བ་ནི་ཅི་རིགས་པར་བརྟག་པར་བྱའོ། །དམིགས་པས་ཁྱད་པར་དུ་འཕགས་པ་ནི་གྲུ་ཆག་པའི་མི་རོ་ལ་སོགས་པ་ ལ་འཇུ་བ་ཁོ་ན་ལྟར་འགོག་པ་ལ་རྗེས་སུ་ཤེས་པས་སྲིད་པའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བའི་ཕྱིར། དཔེར་ན་རྒྱ་མཚོར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། རྒྱ་མཚོ་སྨོས་པ་ནི་རྟེན་མེད་པས་རྒལ་བར་དཀའ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གང་ཞིག་འཛིན་པ་ཞེས་བྱ་ བ་ནི་རོ་ལ་སོགས་པ་ལ་ཞེས་བྱ་བར་སྦྱར་རོ། །དད་པ་ནི་ཡོད་པ་ཉིད་དང་མངོན་པར་འདོད་པའི་རྣམ་པ་ཡིན་ནོ། །ཐབས་ནི་སྙིང་བརྩེ་བ་ལ་སོགས་པའི་མཚན་ཉིད་དོ། །ཡོན་ཏན་དེ་ཉིད་གང་དག་གམ་ཤེས་རབ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། །། བམ་པོ་བཞི་པ། རྟེན་གྱི་ཁྱད་པར་དུ་འཕགས་པ་ནི་རྫ་མ་སོ་བཏང་བ་བཞིན་དུ་ལམ་ཤེས་པ་ཁོ་ན་བྱང་ཆུབ་ཀྱི་ཚོགས་ཀྱིས་ཆུ་ཐུབ་པར་བྱེད་པ་ཡིན་པའི་ཕྱིར། དཔེར་ན་ལ་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བདེ་བར་ཞེས་བྱ་བ་ནི་བདེ་བླག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། ། ཕྱིན་པར་འགྱུར་ཞེས་བྱ་བ་ནི་བུམ་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཀྱང་ཞེས་བྱ་བ་ནི་འོན་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །མ་རུང་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་གཞན་དུ་ལྷུང་བའོ། །དད་པས་ཞེས་བྱ་བ་ནི་དད་པ་ཅན་གྱིས་སོ། །ས་གཉིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ ཆུབ་ཀྱི་མཚན་ཉིད་དོ། །ལྷག་མ་ནི་གོ་སླའོ། །ཕུན་སུམ་ཚོགས་པས་ཁྱད་པར་དུ་འཕགས་པ་ནི་རྒྱ་མཚོའི་གྲུ་བཅོས་ལེགས་མ་བྱས་པ་དང་། ཅིག་ཤོས་དག་བཞིན་དུ་ཤེས་རབ་ཉམས་པ་དང་། ཅིག་ཤོས་དག་རྫོགས་པའི་བྱང་ཆུབ་ཡོངས་སུ་ཉམས་པ་དང་ཐོབ་པའི་རྒྱུ་ཡིན་པའི་ ཕྱིར། དཔེར་ན་བཅོས་ལེགས་མ་བྱས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ནོར་དང་བཅས་ཤིང་ཞེས་བྱ་བ་ནི་གྲུ་ནོར་དང་བཅས་ཤིང་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཅེས་བྱ་བ་ནི་གོང་དུ་བཤད་པའི་བྱང་ཆུབ་སེམས་དཔའོ། །མ་སྨོས་པ་ནི་ཉོན་མོངས་པ་དག་གིས་སོ། །མ་ ཉམས་པ་ནི་ཤེས་བྱའི་སྒྲིབ་པས་སོ། །ཡོངས་སུ་བཟུང་བས་ཁྱད་པར་དུ་འཕགས་པ་ནི་མི་ཉམ་ཆུང་བ་བཞིན་དུ་ལྷན་ཅིག་བྱེད་པ་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་མ་ཟིན་པས་སྲིད་པ་དང་ཞི་བར་ལྷུང་བ་སྲིད་པའི་ཕྱིར། ལོ་བརྒྱ་ཉི་ཤུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཇིགས་པ་མེད་ཅིང་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་མི་འགྱུར་ཞིང་ཞེས་བྱ་བའི་དོན་ཏོ། །མི་ཉམས་ཞེས་བྱ་བ་ནི་སྲིད་པ་དང་ཞི་བ་གཅིག་ཏུ་འདྲེས་པར་མི་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །རོ་མྱང་བ་མེད་པས་ཁྱད་པར་དུ་འཕགས་པ་ནི་བཤེས་གཉེན་དམ་པའི་གདམས་ངག་གི་ སྟོབས་ཀྱིས་མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ལས་དང་པོ་པའི་ས་ནི་མོས་པས་སྤྱོད་པ་ཡིན་ནོ། །ཡང་ན་རབ་ཏུ་དགའ་བ་ཡིན་ཏེ་ཟག་ པ་མེད་པ་དང་པོའི་ཡོངས་སུ་སྦྱོང་བར་གྱུར་པའི་ཕྱིར་རོ། །སློབ་མ་བཟང་པོ་བླ་མ་ལ་གུས་པ་གང་ཡིན་པ་དེ་དང་ལྡན་པའོ། །དེ་དག་གིས་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སོ། །མཁས་པ་ཞེས་བྱ་བ་ནི་ཡང་དག་པའི་གདམས་ངག་ལ་མཁས་པའི་ཕྱིར་མཁས་པ་རྣམས་ཏེ་དགེ་བའི་བཤེས་ གཉེན་ཞེས་བྱ་བར་སྦྱར་རོ། །བསྟེན་པར་བྱ་ཞེས་བྱ་བ་ནི་བསྟེན་པར་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་དེ་དག་ལས་སོ། །དེ་དག་ཅེས་བྱ་བ་ནི་དེ་དག་འབྱུང་བར་བྱེད་པ་ཡིན་ཏེ་གང་གི་ཕྱིར་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཡོན་ཏན་རྣམས་ཇི་ལྟར་འབྱུང་བ་དེ་བསྟན་པའི་ ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བ་གསུངས་ཏེ་ཤེས་རབ་ལའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་གདམས་ངག་བསྟན་པའི་ཕྱིར། སྦྱིན་དང་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། བྱང་ཆུབ་ནི་རྣམ་པར་བྱང་བའི་བདག་ཉིད་རྣམས་སོ། །ཕུང་པོ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྣམས་སོ། །དེ་ལ་དེ་སྐད་བསྟན་པར་བྱ་ཞེས་བྱ་བ་ནི། དེ་དག་ལ་དེ་སྐད་བསྟན་པར་བྱ་བའམ། དེ་དག་གཟུང་བར་བྱའོ་ཞེས་བྱ་བར་སྦྱར་རོ། ། རྟེན་གྱི་ཁྱད་པར་དུ་འཕགས་པ་ལ་སོགས་པ་བཞི་པོ་འདི་དག་ནི་ལམ་གྱི་བཟོད་པ་དང་ཤེས་པའི་བྱེ་བྲག་གི་སྒོ་ནས་ཤེས་པར་བྱའོ། །ཁྱད་པར་དུ་འཕགས་པ་བཤད་ཟིན་ཏོ།། །།དེའི་བྱེད་པ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པའི་དོན་གྱིས་རྣམ་པ་དགུ་སྟེ། དེ་ལྟར་སྤྱོད་པ་ཞེས་ བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ལེགས་འཚོ་སྨྲ་བའི་ཟླ་བ་ཞེས་བྱ་བ་ནི་མཆོག་སྟོན་པར་བྱེད་པ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པ་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་སྔོན་དུ་འགྲོ་བ་ཅན་དུ་རབ་ཏུ་བསྟན་པའི་ཕྱིར་རོ། །སྐྱབས་ནི་འཁོར་བ་པའི་སྡུག་བསྔལ་ཟློག་པར་བྱེད་ པའི་ཕྱིར་རོ། །དཔུང་གཉེན་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་བྱེད་པའི་ཕྱིར་རོ། །གནས་ནི་སྡུག་བསྔལ་གྱི་རྒྱུ་སེལ་བར་བྱེད་པའི་ཕྱིར་རོ། །རྟེན་ནི་དེའི་དབང་གིས་རྣམ་པར་བྱང་བར་འགྲོ་བའི་ཕྱིར་རོ། །བློ་ནི་ཕན་པ་དང་ཅིག་ཤོས་ཡོངས་སུ་གཅོད་པ་དེ་ལ་རག་ལས་ པའི་ཕྱིར་རོ། །གླིང་ནི་དེ་ལ་བརྟེན་པ་རྣམས་སྲིད་པའི་སྲེད་པའི་ཆུས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཡོངས་སུ་འདྲེས་པ་ནི་རང་དང་གཞན་གྱི་དོན་ལ་འཇུག་པ་དེ་ལ་བརྟེན་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལྟ་བུ་ཡིན་ཞེ་ན། འདི་ལྟར་དོན་འདོད་པ་ཡིན་ཏེ་སྙིང་བརྩེ་བ་ཆེན་པོ་དང་ལྡན་པས་སོ་ཞེས་ བྱ་བའི་ཐ་ཚིག་གོ། །གསལ་བྱེད་ནི་གང་ཟག་ལ་བདག་མེད་པར་རབ་ཏུ་བསྟན་པར་བྱེད་པའི་ཕྱིར་རོ། །སྒྲོན་མ་ནི་འགྲོ་བ་དག་མེད་པར་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ། །སྨྲ་བའི་ཟླ་བ་ཉིད་ཡིན་པར་རབ་ཏུ་བསྟན་པའི་ཕྱིར། ཆོས་མཆོག་སྨྲ་བ་ཞེས་བྱ་བ་སྨོས་ཏེ། སོ་སོ་ཡང་དག་པར་རིག་ པ་རྣམས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ། །མི་འཁྲུགས་པ་ནི་མི་འཇིགས་པ་བཞི་དང་ལྡན་པའི་ཕྱིར་ཏེ། དེ་ལྟ་བུ་ནི་བྱེད་པའི་མཚན་ཉིད་ཡིན་ནོ། །འདིར་ནི་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གང་གིས་ན་དེ་ལྟ་བུར་འགྱུར་བ་འདིའི་ངོ་བོ་ཉིད་ཀྱི་ མཚན་ཉིད་ཅི་ཞིག་ཡིན་ཞེ་ན། ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ཡང་རྣམ་པ་བརྒྱད་དོ། །དཀའ་བ་བྱེད་པའི་ངོ་བོ་ཉིད་ནི་འགྲོ་བའི་སྐྱབས་ལ་སོགས་པ་བྱ་དཀའ་ཡང་དེ་གོ་ཆ་གྱོན་པའི་ཕྱིར། གྲགས་ཆེན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་རྨོངས་པར་མི་འགྱུར་ཞེ་ན། མི་དམིགས་པའི་ངོ་བོ་ཉིད་དེ་དེའི་དོན་དུ་བརྩོན་ཡང་དེའི་ཕུང་པོ་ལ་སོགས་པའི་མཚན་ཉིད་མི་དམིགས་པའི་ཕྱིར། ཕུང་པོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །འོ་ན་ནི་རྣམ་པར་བྱང་བ་ལ་མངོན་པར་ཞེན་པར་འགྱུར་རོ་ཞེ་ན། མངོན་པར་ཞེན་པ་མེད་པའི་ངོ་བོ་ཉིད་དེ་ ཐེག་པ་གསུམ་གྱི་དབང་དུ་བྱས་ནས་རྣམ་པར་བྱང་བ་ལ་མངོན་པར་ཞེན་པ་མེད་ཅིང་ཐེ་ཚོམ་མེད་པ་རྣམས་རང་དང་གཞན་གྱི་དོན་ལས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་གཟུང་བའི་ཕྱིར་ཐེག་པ་གསུམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །གཡོ་བ་མེད་པ་ནི་ཀུན་ནས་ཉོན་ མོངས་པའི་ཕྱོགས་ཀྱིས་སོ། །མི་འཁྲུགས་ཆོས་ཅན་ནི་མྱ་ངན་ལས་འདས་པ་སྟེ་དེ་ལྟ་མ་ཡིན་ན་ཕྱིན་ཅི་ལོག་པའི་ཕྱིར་ཕྱིར་མི་ལྡོག་པ་ཉིད་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །སྤྲོས་པ་མེད་པ་ནི་ཐེ་ཚོམ་ཆུང་ངུ་ལ་སོགས་པ་གསུམ་དང་བྲལ་བའི་ཕྱིར་ཏེ། དེ་ཉིད་ཐེ་ཚོམ་ ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ཇི་ལྟར་ན་ཐེག་པ་ཆེན་པོར་འདུ་ཤེས་པ་དེ་ཡང་ཕྱིན་ཅི་ལོག་པ་ཉིད་ཡིན་དེའི་ཡུལ་ནི་ཤིན་ཏུ་རྣམ་པར་བྱང་བའི་ཕྱིར་རོ་ཞེ་ན། དམིགས་པ་མེད་པའི་ངོ་བོ་ཉིད་དེ་ཆོས་ཟབ་པ་ཉིད་ཀྱིས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ ཁྱད་པར་མེད་པས་སྟོན་པ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་ལ་ཐུགས་ལས་ཆུང་ངུར་མཛད་པའི་ཕྱིར་འདྲེན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་རྟོགས་པ་ནི་མཐོང་བའི་ལམ་གྱིས་སོ། །ཐོབ་པ་ནི་བསྒོམ་པས་སོ། །སུས་ཤེས་སྙམ་ཞེས་བྱ་བ་ནི་འགས་ ཀྱང་མི་གོའོ་སྙམ་ནས་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པར་ན་མེད་པའི་ཕྱིར་དང་མི་མཐུན་པའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་དང་མི་མཐུན་པའི་ངོ་བོ་ཉིད་ནི། སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། ། གནས་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བ་སྟེ་དེ་ནི་ཡུལ་ལ་སྲེད་པ་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་རོ། །འཛིན་པ་ནི་ཆོས་སུ་རྣམ་པར་རྟོག་པའོ། །མི་མཁས་པ་ནི་སེམས་ཅན་དུ་ལྟ་བའོ། །བླུན་རྨོངས་པ་ནི་ཡུལ་ལ་མངོན་པར་འདོད་པས་སོ། །མུན་པ་བཞིན་ཞེས་བྱ་བ་ནི་འཛིན་པ་ལ་ སོགས་པར་རྟོགས་པས་སོ། །ཆོས་ནི་དེ་དང་མི་མཐུན་པ་ཡིན་པས། ཐོབ་པར་བྱ་བའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་ཞེས་བྱ་བ་ནི་དེའི་ཕྱིར་རྩོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་རབ་ཏུ་སྒྲུབ་པའི་ཕྱིར་གཞི་མེད་པའི་ངོ་བོ་ཉིད་ དེ་ཆོས་ཀྱི་དབྱིངས་ནི་ཕྱོགས་ཐམས་ཅད་ཀྱི་ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པའི་གཞི་མེད་པའི་ཕྱིར་རང་བཞིན་གྱི་གཞི་མ་ཡིན་པའི་ཕྱིར་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཅིའི་ཕྱིར་ཐ་དད་པ་ཉིད་མེད་ཅེ་ན། འདི་ལྟར་བྱེ་བྲག་གྱུར་པ་མེད་དེ་ཐམས་ ཅད་དུ་དབེན་པར་མཚན་ཉིད་གཅིག་པའི་ཕྱིར་ཏེ། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་མེད་པའི་མཚན་ཉིད་དེ་ཀུན་རྫོབ་ཏུ་དུས་དང་། རྣམ་པར་བྱང་བ་ལ་སོགས་པ་ཐ་དད་ཀྱང་དེ་ཁོ་ན་ཉིད་ལ་འཛིན་པ་ལ་སོགས་པའི་ཁྱད་པར་དུ་ འགྲོ་བ་མེད་པའི་ཕྱིར་འདས་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདས་པའི་དེ་བཞིན་ཉིད་གང་ཡིན་པ་ཞེས་དེ་སྐད་དུ་སྦྱར་རོ། །བྱེ་བྲག་མེད་པ་ནི་འཛིན་པ་ལ་སོགས་པས་དབེན་པ་ནི་ཐམས་ཅད་དུ་འདྲ་བའི་ཕྱིར་རོ། །དེ་རབ་ཏུ་སྒྲུབ་པའི་ཕྱིར་དེ་བཞིན་ཉིད་མི་དམིགས་ པའི་ངོ་བོ་ཉིད་དེ། དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་ཉིད་ལ་ཡང་མི་དམིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་དེ་ནི་དེའི་རྗེས་སུ་མཐུན་པའི་ཕྱིར་དེའི་དོན་དུ་ཡང་ཤེས་རབ་ལ་བརྩོན་པར་བྱ་བ་ཡིན་པས། བདེ་གཤེགས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ ཡིན་ཏེ། འདི་ནི་ཞེས་བྱ་བ་ནི་དེ་བཞིན་ཉིད་ཅེས་བྱ་བར་སྐབས་དང་སྦྱར་རོ། །ཐོབ་འདོད་པ་ཞེས་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་ཐོབ་པར་འདོད་པའོ། །དེ་ལྟ་མ་ཡིན་ཏེ། འཛིན་པ་ལ་སོགས་པའི་བྱེ་བྲག་ཡོད་ན་ཐ་དད་པ་དང་བྲལ་བ་མེད་པའི་ཕྱིར་རོ། །སྦྱོར་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔས་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་འདབ་གཤོག་མེད་པས་ཉམས་རྩལ་མེད་པ་བཞིན་དུ་དེ་ལས་གཞན་པའི་དགེ་བ་བསགས་ཀྱང་ཐབས་དང་ཤེས་རབ་ཀྱི་འདབ་གཤོག་མེད་ནས་གཞན་དུ་ལྷུང་ བ་སྲིད་པའི་ཕྱིར། བྱ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་དཔག་ཚད་བརྒྱ་ལྔ་བཅུ་པ་ཞེས་སྨོས་པ་ནི་དེ་ལྟ་བུར་ཆེན་པོ་ཡང་འདབ་གཤོག་མེད་ན་ནམ་མཁའ་ལ་འགྲོ་བར་མི་ནུས་པར་བསྟན་པའི་ཕྱིར་རོ། །སུམ་ཅུ་རྩ་གསུམ་པའི་གནས་ནས་འཛམ་བུའི་གླིང་དུ་འོང་བ་སྨོས་པ་ ནི་ཡུལ་ཐག་རིང་བར་བསྟན་པའི་ཕྱིར་ཏེ་ཐག་ཉེ་བར་འགྲོ་བ་ནི་སྒྲུབ་པ་སླ་བའི་ཕྱིར་འདབ་གཤོག་མེད་ཀྱང་ཇི་ཞིག་ལྟར་ནུས་སོ། །མཆོངས་ན་ཞེས་བྱ་བ་ནི་བོར་ནའོ། །དེར་ནི་ཞེས་བྱ་བ་ནི་དེ་ནས་སམ་འཛམ་བུའི་གླིང་དེར་ནི་ཞེས་བྱ་བར་སྦྱར་རོ། །དངོས་བསྟན་པའི་ཕྱིར་རྒྱལ་ བ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་གཞན་ཉེ་བར་བསགས་པ་ཡང་མཐའ་དག་གི་སྒོ་ནས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་ཆར་སྒྲུབ་པའི་ཕྱིར་རོ། །གལ་ཏེ་ཤེས་རབ་མེད་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པར་ཐ་སྙད་གདགས་ཤེ་ན་བདེན་མོད་ཀྱི། གཞན་གྱི་བསམ་པ་དང་བསྟུན་པར་གསུངས་པའི་ཕྱིར་ཉེས་པ་མེད་དོ། །དུས་རིང་བའི་སྒོ་ནས་ནི་བསྐལ་པ་དུ་མར་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །སྤེལ་བའི་སྒོ་ནས་ནི་སྨོན་ལམ་ཆེན་པོ་མཐའ་ཡས་པ་བསྒོམས་པས་དེ་སྤེལ་བའི་ཕྱིར་རོ། །འོན་ཀྱང་ངེས་པར་འཛིན་པའི་གཙོ་བོ་ མེད་པའི་ཕྱིར་བྱང་ཆུབ་མི་འཐོབ་པས། ཐབས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཉིད་ཀྱི་རབ་ཏུ་ཕྱེ་བ་བཤད་ཟིན་ཏོ།། །།ཐབས་དང་ཤེས་རབ་འབྲས་བུ་དང་བཅས་པ་ཡང་ཐར་པའི་ཆ་དང་མཐུན་པ་ཅན་ཡིན་པས། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ཡང་དག་པར་སྒྲུབ་པ་ལ་མཁས་པ་མཚན་མར་མ་བྱས་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དོ། །འདི་ལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ སངས་རྒྱས་ཀྱི་ཡེ་ཤེས་ལ་ཞེས་བྱ་བར་སྦྱར་རོ། །ངེས་པར་འབྱུང་འདོད་ཅེས་བྱ་བ་ནི་མཚན་མ་མེད་པའི་སྦྱིན་པ་ལ་སོགས་པ་ལ་མོས་པས་ངེས་པར་འབྱུང་བར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་ལྟར་ཐར་པའི་ཆ་དང་མཐུན་པ་ཐོབ་པ་དེ་ནི་སྦྱོར་ བའི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྒྲུབ་པར་བྱེད་པས་འགྲོ་བ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་སྙོམས་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ཐོབ་པ་ནི་བརྗོད་པ་ཙམ་དུ་མོས་པས་རང་དང་གཞན་མཉམ་པ་ཉིད་ཐོབ་པའི་ཕྱིར་རོ། །ཕ་མའི་འདུ་ཤེས་ཞེས་བྱ་བ་ནི་རྟག་ ཏུ་དེ་དག་ལ་འདོད་པ་དོན་དུ་གཉེར་བའི་ཕྱིར་རོ། །ཕན་པའི་སེམས་ནི་རྩེ་མོར་གྱུར་པའི་གནས་སྐབས་པའི་ཡིན་ཏེ། ཕྱི་མ་ལ་ཕན་པར་བྱ་བར་སེམས་པའི་ཕྱིར་རོ། །བྱམས་པའི་ཡིད་ཅེས་བྱ་བ་ནི་བཟོད་པའི་གནས་སྐབས་ན་ཡོད་པ་སྟེ། བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྒྲུབ་པར་ སེམས་པའི་ཕྱིར་རོ། །ཐབ་མེད་པ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ན་ཡོད་པ་ཡིན་ཏེ། གནོད་སེམས་མེད་པའི་ཕྱིར་རོ། །དྲང་ལ་ཞེས་བྱ་བ་ནི་གཡོ་མེད་པའི་ཕྱིར་རོ། །དེ་ལྟར་བསམ་པ་བསྟན་ནས། སྦྱོར་བ་བསྟན་པའི་ཕྱིར་ཚིག་འཇམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་བྱམས་པའི་ལུས་ཀྱི་ལས་ཀྱང་ཉེ་བར་མཚོན་པ་ཡིན་ནོ། །འདི་དག་ཀྱང་གོང་དུ་བཤད་པ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ནི་འགྲོ་བ་ལ་ཕན་པའི་ཐབས་ཀྱི་ཁྱད་པར་དུ་བྱས་པ་ཡིན་ཏེ་དེའི་ཕྱིར་ཟློས་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ ཡང་མི་ཟློས་པ་ཉིད་དུ་སྐབས་ཀྱིས་ཁོང་དུ་ཆུད་པར་བྱའོ། །མི་ལྡོག་རིག་པར་བྱ་ཞེས་གསུངས་པ་གང་ཡིན་པ་དེ་ལམ་འདི་ལ་དེ་དག་གི་རྟགས་ཀྱི་རབ་ཏུ་དབྱེ་བ་གང་ཡིན་ཞེ་ན། འཇིག་རྟེན་མགོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཙམ་ཞེས་བྱ་བ་ནི་དེ་དག་གི་ཡོན་ཏན་མཐའ་དག་ནི་ བསྟན་པའམ་མཉན་པར་མི་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཕྱིར་མི་ལྡོག་པ་དེ་དག་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་ཡོན་ཏན་བཅུ་དྲུག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་ སྐབས་དག་ཡིན་པས་མཐའ་དག་འདུ་ཤེས་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པ་བརྗོད་པ་ཙམ་དུ་རྟོགས་པའི་ཕྱིར་ཐ་དད་པ་ཉིད་ཀྱི་འདུ་ཤེས་ཉིད་མེད་པ་དང་། འཐད་པར་སྨྲ་བ་དང་། གཞན་མུ་སྟེགས་ཅན་ལ་མི་བརྟེན་པའི་ཕྱིར་དཀོན་མཆོག་གསུམ་ལ་མི་ཕྱེད་ པ་ཉིད་དང་། རྟག་ཏུ་སྡིག་པ་སྤོང་བ་དང་། རང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་ལས་ཀྱི་ལམ་ལ་བརྟེན་པ་དང་། འགྲོ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཟང་ཟིང་མེད་པར་ཆོས་ཀྱི་མཆོག་སྦྱིན་པ་དང་། སྒྲིབ་པ་སྤང་བའི་ཕྱིར་ཆོས་ཟབ་མོ་ལ་མངོན་པར་དགའ་བ་དང་། བྱམས་པའི་ངག་གི་ལས་དང་། སྤྱོད་ལམ་ཐམས་ཅད་དུ་ལེགས་པར་ཤེས་བཞིན་དང་ལྡན་པ་དང་། གཟུང་བའི་གཡེང་བ་མེད་པ་ནི་རྟག་ཏུ་ཕྱི་ནང་གི་གཙང་སྦྲ་དང་ལྡན་པས་གཞན་མུ་སྟེགས་ཅན་དད་པར་བྱ་བའི་ཕྱིར་ནང་གི་གཙང་སྦྲ་ཀུན་ཏུ་སྤྱོད་པ་དང་། བསོད་ནམས་ཀྱི་ མཐུས་ཆོས་གོས་ལ་སོགས་པ་ལ་དྲི་ང་བ་ལ་སོགས་པ་མེད་པའི་ཕྱིར་གོས་ལ་གཟོབ་པ་དང་། ལུས་ཀྱི་ལས་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་སྒོ་གསུམ་དབེན་ཞིང་དག་པ་དང་། སྦྱངས་པའི་ཡོན་ཏན་ཀུན་ནས་ཉོན་མོངས་པ་མེད་པ་ཡང་དག་པར་ལེན་པའི་ཕྱིར་རྙེད་པ་ལ་སོགས་ པ་ལ་མི་ལྟ་བ་དང་། འཛིན་པའི་གཡེང་བ་མེད་ན་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་འཁྲུགས་པའི་ཕྱིར་ཁྱུ་མཆོག་དང་། རྟག་ཏུ་ཆོས་འདོད་པ་དང་། བདུད་ལ་སོགས་པས་བྱང་ཆུབ་ལས་མི་ལྡོག་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་པས་སོ། །ཡོན་ཏན་འདི་དག་ ནི་དྲོ་བར་གྱུར་པ་ལ་སོགས་པའི་གནས་སྐབས་སུ་ཅི་རིགས་པར་སྦྱར་བར་བྱའོ། །བཅུ་དྲུག་གིས་མཐོང་བའི་ལམ་གྱི་གནས་སྐབས་དག་ཡིན་པས། བསམ་གཏན་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་བཞི་ཡིད་ལ་བྱེད་པའི་ཕྱིར་རྣམ་པར་མི་གཡེང་བ་དང་། སྡུག་ བསྔལ་གྱི་རྣམ་པ་ལ་ཕྱིན་ཅི་མ་ལོག་པ་ནི་བསམ་གཏན་ལ་མི་གནས་པའི་ཕྱིར་རོ་མྱང་བ་མེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་གྲགས་པ་མི་འདོད་པ་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་དག་བདག་མེད་པར་ཁོང་དུ་ཆུད་ པའི་ཕྱིར་ཁྲོ་བ་མེད་པ་དང་། ཐབས་ལ་མཁས་པ་ནི་སྲིད་པ་མེད་ཀྱང་འཇིག་རྟེན་ལ་སྙིང་བརྩེ་བས་དེ་དག་དང་མཐུན་པར་ཁྱིམ་ན་གནས་པ་ཀུན་དུ་སྟོན་པའི་ཕྱིར་དངོས་པོ་ལ་མངོན་པར་ཞེན་པ་མེད་པ་དང་། འཚོ་བའི་ཆེད་དུ་ཡ་ང་བས་ལོངས་སྤྱོད་སྒྲུབ་པ་མེད་པའི་ཕྱིར་འཚོ་བ་ དག་པ་དང་། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དྲག་ཤུལ་མི་སྤྱོད་པ་དང་། བུད་མེད་དབང་དུ་བྱ་བ་ལ་སོགས་པ་མི་སྦྱོར་བའི་ཕྱིར་ལུས་ཀྱི་ལས་དམ་པ་དང་། ཁྱེའུར་འགྱུར་རོ་ཞེའམ་བུ་མོར་འགྱུར་རོ་ཞེས་བྱ་བ་སྟོན་པ་ལ་སོགས་པ་སྤངས་པའི་ཕྱིར་ངག་གི་ལས་ཉོན་མོངས་པ་ཅན་ མ་ཡིན་པ་དང་། དངོས་པོ་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པར་རྟོགས་པའི་ཕྱིར་དབེན་པའི་ཤེས་རབ་ལ་མངོན་པར་བརྩོན་པ་དང་། ངོ་བོ་ཉིད་ཀྱིས་ཞི་བར་ཁོང་དུ་ཆུད་པའི་ཕྱིར་འཐབ་པ་ལ་སོགས་པ་དང་བྲལ་བ་དང་། རྒྱུད་གཞན་ལ་ཡང་ཆོས་གྱ་ནོམ་པ་ཉེ་ བར་སྒྲུབ་པའི་བསམ་པ་ཅན་ཡིན་པའི་ཕྱིར་བྱམས་པ་བསྟན་པ་དང་། དེ་ཁོ་ན་ངེས་པར་འབྱུང་བ་ཡིན་པའི་རྟོགས་པས་བྱང་ཆུབ་གཞན་མངོན་པར་མི་འདོད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་འདོད་ཅིང་དེའི་བསྟན་པ་ལ་གཞོལ་བ་དང་། མཐའ་འཁོབ་ལ་སོགས་པ་སྤངས་པའི་ ཕྱིར་སྐྱེ་བ་ལ་དབང་བ་ཉིད་དང་། རིགས་པ་དང་ལྡན་པའི་ཆོས་རྟོགས་པས་བདག་ཉིད་ལ་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་འཛིན་པའི་ཕྱིར་རང་གི་ས་ལ་ཐེ་ཚོམ་མེད་པ་དང་། རང་གི་རྟོགས་པ་རི་རབ་དང་འདྲ་བའི་ཕྱིར་མི་གཡོ་བ་ཉིད་དང་། འདི་ཁོ་ན་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བར་ རྟོགས་ན་དེའི་ཕྱིར་སྲོག་ཀྱང་ཡོངས་སུ་འདོར་བའི་ཕྱིར་དམ་པའི་ཆོས་ལ་དགའ་བས་སོ། །འདི་དག་ནི་བདེན་པ་སོ་སོའི་བཟོད་པ་དང་། ཤེས་པ་དང་མཐུན་པར་ཅི་རིགས་པར་མི་རྟག་པ་ལ་སོགས་པའི་རྣམ་པའི་སྒོ་ནས་བལྟ་བར་བྱའོ། །བསྒོམ་པའི་ལམ་ལ་གནས་པ་རྣམས་ནི་ ཆོས་ཟབ་མོ་ཇི་ལྟར་མཐོང་བ་གོམས་པར་བྱེད་པ་ཡིན་པས། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་མེད་པ་ནི་རང་བཞིན་གྱིས་གཟུགས་སུ་རུང་བ་ལ་སོགས་པའི་མཚན་མ་མེད་པའི་ཕྱིར་རོ། །ཞི་བ་ནི་སྟོང་པ་ཉིད་དང་སྨོན་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཟབ་བོ་སྙམ་དུ་དགོངས་པ་ཡིན་ནོ། །དཔེར་ན་མདའ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་མདའ་ལ་སོགས་པས་རྒྱ་མཚོའི་གཏིང་བཞིན་དུ་ཇི་སྐད་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕུང་པོ་ལ་སོགས་པ་ལ་གཏིང་མ་རྙེད་པ་ནི་ཕྱིར་མི་ལྡོག་པ་དག་ཡིན་པར་རིག་པར་བྱའོ་ ཞེས་བཤད་པ་ཡིན་ནོ། །འདི་ཉིད་ཀྱི་ཡོན་ཏན་དྲི་བ་སྔོན་དུ་འགྲོ་བ་ཅན་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་གྱུར་ཞེས་བྱ་བ་ནི་གཏིང་དཔག་དཀའ་བའི་ཕྱིར་རོ། །ཐེག་པ་ནི་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་རོ། །དོན་དམ་ པ་ནི་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །ཆགས་མེད་ནི་རང་བཞིན་གྱིས་དག་པའི་ཕྱིར་རོ། །དེ་ཡང་ཆོས་ལ་བདག་མེད་པ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཞེས་བྱ་བ་ནི་ཆོས་གང་དག་ལ་ཞེས་བྱ་བར་སྦྱར་རོ། །བསོད་ནམས་ ཀྱི་ཚད་བསྟན་པར་བྱ་བའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་རྗེས་སུ་ཆགས་པ་དཔེར་བརྗོད་པ་ནི། དེ་བུད་མེད་དང་ཕྲད་པར་དུས་བཏབ་ནས་དེ་ལ་རྣམ་པར་རྟོག་པ་མང་བར་བསྟན་པའི་ཕྱིར་རོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་ཤེས་རབ་ཡིད་ལ་བྱེད་པ་སྐད་ཅིག་ མ་ཅུང་ཟད་ཅིག་གིས་བསྐལ་པ་དེ་སྙེད་དུ་བསྒྲུབ་པར་བྱ་བའི་བསོད་ནམས་མངོན་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཟབ་མོ་ལ་གོམས་པ་ཡང་ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་ཆུང་ངུ་ནི་སྦྱིན་པ་ལ་སོགས་པ་གཞན་མཆོག་ཏུ་གྱུར་པ་ཡང་ཤེས་ རབ་ཀྱི་ཆོས་སྦྱིན་པ་ཙམ་གྱིས་ཟིལ་གྱིས་ནོན་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དགྲ་བཅོམ་རང་རྒྱལ་ཞེས་བྱ་བ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། །འབྲིང་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་རྒྱུ་ལས་བྱུང་བའི་ཆོས་ཀྱི་སྦྱིན་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས་ཁམས་གསུམ་པའི་བསོད་ནམས་ཐམས་ཅད་པས་མཆོག་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཆེན་པོ་ནི་དེ་ ལྟར་མཆོག་ཏུ་གྱུར་པའི་བསོད་ནམས་ཀྱི་ཚོགས་ལ་ཡང་བསོག་པ་ལ་སོགས་པར་རྟོག་པས་ཟག་པ་མེད་པའི་བསོད་ནམས་གཞལ་དུ་མེད་པ་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར། བསོད་ནམས་དེ་ཡང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གསོག་ནི་གཟུགས་སུ་རུང་བའི་ མཚན་ཉིད་ལ་སོགས་པས་དབེན་པའི་ཕྱིར་རོ། །སྟོང་པ་ནི་སྡུག་བསྔལ་ལ་སོགས་པའི་རྣམ་པས་སྟོང་པའི་ཕྱིར་རོ། །གསོ་བ་ནི་མཚན་མ་མེད་པའི་ཕྱིར་རོ། །ཡ་མ་བརླ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ། །སྙིང་པོ་མེད་པ་ནི་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། ། གཞལ་དུ་མེད་ན་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་རོ་གཅིག་པས་གཞལ་བྱ་ལ་སོགས་པའི་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ལྟ་ན་དེ་ཁོ་ན་ཉིད་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱང་མི་འཇུག་པ་མ་ཡིན་ནམ། དེ་ལྟ་ན་ཡང་བརྗོད་པ་ཙམ་ནི་ གཉེན་པོ་མ་ཡིན་པའི་ཕྱིར་མི་མཐུན་པ་དང་གཉེན་པོ་དག་ཉམས་པ་དང་འཕེལ་བ་མེད་པར་ཐལ་བར་འགྱུར་བས། སངས་རྒྱས་ཀྱིས་བཤད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་ཅེས་བྱ་བ་ནི་མདོར་བསྟན་པའི་སྒོ་ནས་སོ། །རབ་ཏུ་སྦྱར་ཞིང་ཞེས་བྱ་བ་ནི་རྒྱས་པར་བཤད་ པའི་སྒོ་ནས་སོ། །རབ་ཏུ་བསྟན་པ་ནི་ཐེ་ཚོམ་སྤོང་བའི་སྒོ་ནས་སོ། །བསྐལ་པ་བྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གཉེན་པོ་མ་ཡིན་པ་གོམས་པ་ནི་ཡུན་རིང་མོ་ཞིག་ལོན་དུ་ཟིན་ཀྱང་དོན་མེད་པར་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱང་ གཉེན་པོ་མ་ཡིན་ཏེ། དེ་དག་ཀྱང་སྦྱོར་བའི་དུས་ན་རྣམ་པར་རྟོག་པའི་མཚན་ཉིད་ཡིན་པའི་ཕྱིར། རྒྱལ་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ལན་གདབ་པར་ཡོངས་བསྔོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རློམ་སེམས་ཐམས་ཅད་ལས་འདས་པའི་ཡོངས་ སུ་བསྔོ་བ་ཉིད་རྣམ་པར་མི་རྟོག་པའི་གོ་འཕང་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སེམས་དང་པོ་བསྐྱེད་པས་རབ་ཏུ་ཕྱེ་བའི་ཡོངས་སུ་བསྔོ་བ་ནི་བྱང་ཆུབ་པའི་རྒྱུ་མ་ཡིན་ཏེ། དེ་ནི་དེའི་ཚེ་ན་འགགས་ནས་ཡུན་རིང་ཞིག་ལོན་པའི་ཕྱིར་རོ། །བར་ཆད་མེད་ པའི་ལམ་གྱི་མཚན་ཉིད་ཀྱང་མ་ཡིན་ཏེ། སེམས་དང་པོ་ལ་སོགས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་དག་འདུས་པ་ཡང་མ་ཡིན་ཏེ། དེ་དག་ནི་རིམ་གྱིས་འབྱུང་བ་ཉིད་དང་རིང་དུ་མི་གནས་པ་ཉིད་ཀྱིས་ལྷན་ཅིག་པ་མེད་པའི་ཕྱིར་རོ་ཞེ་ན། དེ་འབྲུ་མར་གྱི་སྙིང་པོ་བསྲེགས་ པའི་ཚུལ་གྱིས་ལན་གདབ་པའི་ཕྱིར་འབྲུ་མར་གྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲུ་མར་གྱི་སྙིང་པོ་སྨོས་པ་ནི་སྲེག་པའི་རིམ་པ་རྟོགས་པར་བྱ་བའི་ཕྱིར་ཏེ། གཞན་ལ་ནི་མྱུར་དུ་ཚིག་པ་སྲིད་པས་རིམ་པ་ཡང་བརྟག་དཀའ་བར་འགྱུར་རོ། །འདི་ལ་དགོངས་པ་ནི་ དཔེར་ན་མེ་ལྕེ་ཕྲད་པ་དང་པོ་ཁོ་ནས་ཀྱང་སྙིང་པོ་རིལ་གྱིས་མི་སྲེག་ལ་དང་པོ་ལ་སོགས་པ་མེད་ན་ཕྱི་མ་ཉིད་ཀྱང་མེད་པའི་ཕྱིར་ཕྱི་མ་ཁོ་ནས་ཀྱང་མ་ཡིན་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིམ་པ་ཡང་དེ་དང་འདྲ་ཞེས་བྱ་བ་ཡིན་ནོ། །དེ་བསྟན་པའི་ཕྱིར་དང་པོའི་སེམས་ཀྱིས་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། དང་པོའི་སེམས་ནི་མོས་པ་སྤྱོད་པས་རབ་ཏུ་བསྡུས་པའོ། །ཞི་བ་ནི་བྱང་ཆུབ་ཅེས་བྱ་བར་སྐབས་དང་སྦྱར་རོ། །འབྱུང་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཞེས་བྱ་བ་ནི་ས་བོན་དེ་ཡང་ཞེས་བྱ་ བའི་ཐ་ཚིག་གོ། །ཤིང་ཡང་མེད་པ་དེ་མིན་ལྟར། །ཞེས་བྱ་བ་ནི་ས་བོན་གྱི་མཇུག་ཐོགས་སུ་ཡལ་ག་ལ་སོགས་པ་མི་སྐྱེ་བའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་བྱེད་རྒྱུ་སྟེ། བརྒྱུད་པས་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ནི་སྙིང་རྗེ་དང་མཚུངས་པར་ལྡན་པས་ས་བོན་གྲུང་པོ་དང་འདྲ་བའི་ཕྱིར་རོ། །འགགས་ ལ་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་དུས་ན་སེམས་ཀྱི་སྐད་ཅིག་མ་སྔ་མ་འགགས་པའི་ཕྱིར་རོ། །མེད་པ་དེའི་མ་ཡིན་ཞེས་བྱ་བ་ནི་འགགས་པ་ནི་དུས་གཞན་ན་ཡང་ཡོད་པ་མ་ཡིན་པའི་ཕྱིར་བྱང་ཆུབ་ནི་དེའི་མ་ཡིན་ཏེ། དངོས་སུའོ་སྙམ་དུ་དགོངས་པ་ཡིན་ནོ། །རིམ་གྱིས་ ནི་སེམས་ཀྱི་སྐད་ཅིག་མ་སྔ་མ་སྔ་མ་རྣམས་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཆུའི་ཐིགས་པས་བུམ་པ་འགེངས་པ་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་ཡིན་པས། ཆུའི་ཐིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུའི་ཐིགས་པས་ཞེས་བྱ་བ་ནི་ཆུའི་ ཐིགས་པ་དག་གིས་སོ། །རིམ་གྱིས་ཞེས་བྱ་བ་ནི་མཐར་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཞེས་བྱ་བ་ནི་བུམ་པ་ཞེས་བྱ་བར་སྦྱར་རོ། །ཐབས་ཀྱི་མཐུས་ནི་བྱང་ཆུབ་མཆོག་རྒྱུ་ཡིན་ཏེ། དེ་ནི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་ཉིད་ལ་ཆུ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཆོས་ ཟབ་མོ་ལ་གོམས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ཕྱིར་ཕྱིར་མི་ལྡོག་པ་ཉིད་ཀྱི་རྟགས་དམ་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།དེ་དག་གིས་ཀྱང་མི་གནས་པའི་མྱ་ངན་ལས་འདས་པ་ལ་བསླབ་པར་བྱ་དགོས་པས་འཁོར་བ་དང་མྱ་ངན་ ལས་འདས་པ་མཉམ་པ་ཉིད་ནི་སྟོང་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་འགྲོ་བ་ལ་ཕན་འདོགས་པའི་སེམས་ཉམས་པའོ། །མཚན་མ་ནི་འཛིན་པ་ལ་སོགས་པའོ། །འདིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་ཡང་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རྒྱ་མཚོའི་ཚུ་རོལ་དང་ཕ་རོལ་གྱི་འགྲམ་ལྟ་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་དག་ལ་བློ་གྲོས་མ་ཆགས་པར་གནས་སོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་སྤྱོད་པའི་ཞེས་བྱ་བ་ནི་བདག་མེད་པ་ཉིད་དུ་རྣམ་ པར་བལྟའོ། །རློམ་སེམས་མེད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཁྱད་པར་མེད་པར་རྟོགས་པའི་ཕྱིར་རོ། །འདི་ལ་ཅི་ཡང་མེད་ཅེས་བྱ་བ་ནི་ཁྱད་པར་མེད་པར་རྟོགས་པས་ན་བྱང་ཆུབ་ལ་སྐྲག་པ་མེད་པ་སྟེ། ཡང་དག་པར་ན་མཉམ་པ་ཉིད་དུ་རྟོགས་པ་ཁོ་ན་ ཁྱད་པར་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མཉམ་པ་ཉིད་ལ་ཞིང་རྣམ་པར་དག་པ་ནི་སྣོད་དང་སེམས་ཅན་གྱི་འཇིག་རྟེན་དག་ལ་མྱ་ངན་གྱི་དགོན་པ་དང་གནོད་སེམས་ལ་སོགས་པ་མཐོང་ན་དེ་དག་རྣམ་པར་སྦྱང་བའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པར་གོ་ཆ་གྱོན་པའི་ཕྱིར་དང་དེ་ཡང་སྐྱོ་བ་ མེད་པའི་ཕྱིར། འཇིག་རྟེན་དགོན་པའི་ལམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། རྟག་ཏུ་བརྩོན་ཞེས་བྱ་བ་ནི་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་ཞུགས་པའོ། །རབ་ཤེས་ནས་ཞེས་བྱ་བ་ནི་དགོན་པ་ལ་སོགས་པ་ལ་སྒྱུ་མ་ལྟ་བུར་ལྟ་བའོ། །ཞིང་དག་པ་བཤད་ཟིན་ཏོ། ། དེ་ཡང་ཐབས་དང་ལྡན་པའི་འབྲས་བུ་ཡིན་པས་ཐབས་ལ་མཁས་པ་སྟེ། དེའི་ཡུལ་ནི་སྟོང་པ་ཉིད་དོ། །དེའི་སྦྱོར་བ་ནི་སྙིང་བརྩེ་བས་སེམས་ཅན་ལ་ལྟ་བ་སྔོན་དུ་འགྲོ་བའི་ཤེས་རབ་ཡིད་ལ་བྱེད་པ་ཡིན་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཉམ་པར་ མ་བཞག་ཅེས་བྱ་བ་ནི་མཇུག་དང་སྦྱོར་བའི་གནས་སྐབས་དག་ནའོ། །ཡོངས་མི་ཉམས་ཞེས་བྱ་བ་ནི་ཤེས་རབ་དང་སྙིང་བརྩེ་བ་དག་གིས་འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་བའི་ཕྱིར་རོ། །ཐབས་དེ་ཡང་རྣམ་པ་བཅུ་གཉིས་ཏེ། བར་ཆད་བྱེད་པ་ལས་ཡང་དག་པར་འདའ་ བའི་ཐབས་ནི་སྒྱུ་རྩལ་ལ་མཁས་པའི་སྐྱེས་བུ་བཞིན་དུ་བྱམས་པས་སེམས་ཅན་གྱི་ཁམས་ལ་དམིགས་ཏེ་ཞུགས་པ་བདུད་ལ་སོགས་པ་བར་ཆད་བྱེད་པ་ལས་ཡང་དག་པར་འདའ་བའི་ཕྱིར། དཔེར་ན་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བརྩོན་བྱས་ཞེས་བྱ་བ་ནི་ གོམས་པར་བྱས་པའོ། །སྒྱུ་མ་སྒྲུབ་ཅེས་བྱ་བ་ནི་གཅིག་པུས་ཀྱང་འཁོར་དུ་མ་སྟོན་པའི་ཕྱིར་རོ། །འགྲོ་དོན་རབ་ཏུ་འདོད་པ་ཞེས་བྱ་བ་ནི་སྙིང་རྗེ་མེད་པ་ནི་ནུས་སུ་ཟིན་ཀྱང་གཞན་ཡོངས་སུ་བསྐྱབ་པ་ལ་མི་འཇུག་པའི་ཕྱིར་རོ། །དེ་ཡིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་སྐྱེས་བུས་སོ། །ཀུན་དུ་ ཞེས་བྱ་བ་ནི་ཐམས་ཅད་ལ་སྟེ་སེམས་ཅན་གྱི་ཁམས་ཞེས་བྱ་བར་སྦྱར་རོ། །ས་གཉིས་ལས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལས་ཏེ། རབ་འདས་ནས་ཞེས་བྱ་བར་སྐབས་དང་སྦྱར་རོ། །བྱང་ཆུབ་རེག་མི་བྱེད་ཅེས་བྱ་བ་ནི་ཚོགས་མ་རྫོགས་པའམ་དེ་ལ་ཡང་མངོན་པར་ ཞེན་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཐབས་ནི་འགྲོ་བའི་ལས་ཀྱི་དབང་གིས་ནམ་མཁའ་ལ་སྣོད་ཀྱི་འཇིག་རྟེན་གནས་པ་བཞིན་དུ་སེམས་ཅན་ཡོངས་སུ་མི་གཏོང་བའི་བསམ་པས་ཤིན་ཏུ་བྱ་དཀའ་བའི་སྟོང་པ་ཉིད་ལ་གནས་པའི་ཕྱིར་མཁའ་ལ་ཞེས་བྱ་བ་ལ་ སོགས་པ་འབྱུང་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཆུའི་ཕུང་པོ་དེ་ལའོ། །འགྲོ་བ་ཞེས་བྱ་བ་ནི་རྟེན་ཞེས་བྱ་བར་སྦྱར་རོ། །ལས་ལ་སྤྱོད་པའི་རྒྱུ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་མེད་པ་ལས་ཀྱི་འབྲས་བུ་ལ་སྤྱད་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱ་བ་ཞེས་ བྱ་བ་ནི་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོའི་མཚན་ཉིད་དག་གོ། །བྱ་བ་སྟོན་པ་གང་ལ་བརྟེན་སེམས་ཅན་རྣམས་ཀྱིས་ཤེས་པའི་ཆེད་དུ་སྨོན་ལམ་གང་ཡིན་པ་དེ་ཁོ་ན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གནས་པ་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་ནི་ནམ་མཁའ་བཞིན་དུ་རྟེན་མ་ ཡིན་པའི་ཕྱིར་ཏེ། འོན་ཀྱང་ས་གཞན་དུ་མི་ལྟུང་ངོ་སྙམ་དུ་དགོངས་པ་ཡིན་ནོ། །མཚན་མ་མེད་པའི་ཐབས་ནི་སྟོང་པ་ཉིད་ལ་གནས་པ་མཚན་མ་དང་མཚན་མ་མེད་པ་དག་ཏུ་མི་འཛིན་པའི་ཕྱིར་གང་གི་ཚེ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཚན་མ་ལ་མངོན་པར་མ་ཞེན་ པའི་ཕྱིར་ཞི་ལ་སྤྱོད་པ་ཡིན་ནོ། །མཚན་མ་མེད་པ་ལ་མངོན་པར་མ་ཞེན་པའི་ཕྱིར་རབ་ཞི་སྤྱོད་པ་ཡིན་ནོ། །མི་གནས་པར་གནས་པའི་ཐབས་ནི་ནམ་མཁའ་དང་ས་དག་ལ་བྱ་བཞིན་དུ་ཞི་བ་དང་མཚན་མ་དག་ལ་མི་གནས་པར་སེམས་ཅན་གྱི་དོན་བྱ་བ་ལ་གནས་པའི་ཕྱིར་བར་སྣང་ ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ན་གནས་པ་མ་ཡིན་ཞེས་བྱ་བ་ནི་ནམ་མཁའ་ཁོ་ན་ལ་འགྲོ་བའི་ཕྱིར་རོ། །རྣམ་ཐར་སྒོ་ཞེས་བྱ་བ་ནི་སྟོང་པ་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་བདག་ཉིད་ཡིན་ཏེ། གྲོལ་བའི་ཐབས་ཡིན་པའི་ཕྱིར་རོ། །སྨོན་ལམ་གྱི་འཕེན་ པས་རྗེས་སུ་འཇུག་པའི་ཐབས་ནི་འཕོང་དཔྱད་ལ་མཁས་པ་ཇི་ལྟར་འདོད་པ་བཞིན་དུ་མདའ་གནམ་དུ་འཕངས་པ་འཛིན་པ་དེ་ལྟར་ཤེས་རབ་ལ་གནས་པ་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་རྗེས་སུ་འཇུག་པས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་ཕྱིར། དཔེར་ན་འཕོང་བསླབས་ ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མདའ་གཞན་དག་ཅེས་བྱ་བ་ནི་གཞན་དག་གིས་སོ། །ཕྱི་བཞིན་རྒྱུད་མར་ལོང་བཏགས་ནས། །ཞེས་བྱ་བ་ནི། རྒྱུད་མར་འཕངས་ཏེ་སྔར་འཕངས་པའི་མདའ་དེ་ས་ལ་ལྷུང་དུ་མི་སྟེར་རོ་ཞེས་བྱ་བར་སྦྱར་རོ། །ཐབས་ནི་སྙིང་བརྩེ་བ་ལ་སོགས་པའི་ མཚན་ཉིད་དོ། །སྟོབས་ནི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །རྣམ་དཔྱོད་པ་ནི་ངོ་བོ་ཉིད་མེད་པར་ལྟ་བའོ། །སྟོང་ཉིད་དམ་པ་ནི་རྣམ་པར་རྟོག་པའི་བག་ཆགས་མཐའ་དག་མེད་པའོ། །དེ་ཐོབ་མི་བྱེད་པ་ནི་ཚོགས་ ཡོངས་སུ་མ་རྫོགས་པས་དེ་མངོན་སུམ་བྱས་ན་ལྷུན་གྱིས་གྲུབ་པར་འགྲོ་བ་ཡོངས་སུ་སྐྱོབ་པ་མེད་པའི་ཕྱིར་རོ། །ཚོགས་ཡོངས་སུ་རྫོགས་པ་ཡང་དག་པའི་རྣམ་པར་རྟོག་པའི་མངོན་པར་སྒྲུབ་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། ས་མི་གཡོ་བ་ལས་གལ་ཏེ་སངས་རྒྱས་བཅོམ་ལྡན་ འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་མངོན་པར་སྒྲུབ་པའི་སྒོ་ལ་གཞུག་པ་མ་མཛད་ན་དེ་ཉིད་འདིའི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གང་གསུངས་པ་ལྟ་བུ་ཡིན་ནོ། །སྐྱོ་བ་མེད་པའི་ཐབས་ནི་དགེ་སློང་རྫུ་འཕྲུལ་དང་ལྡན་པ་ནམ་མཁའ་ལ་དུས་གཅིག་ཏུ་ཆོ་ འཕྲུལ་བྱེད་པ་དག་གིས་མི་སྐྱོ་བ་བཞིན་དུ་སྟོང་པ་ཉིད་ལ་གནས་པ་ཡང་སེམས་ཅན་སྐྱོབ་པའི་བྱ་བ་དག་གིས་སྐྱོ་བར་མི་འགྱུར་བའི་ཕྱིར་དཔེར་ན་དགེ་སློང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དགེ་སློང་སྨོས་པ་ནི་དེ་ལ་ཐེ་ཚོམ་མེད་པ་རྣམས་འདི་ལ་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་རོ། ། ཅིག་ཅར་ཆོ་འཕྲུལ་བྱེད་པ་ནི་དུས་གཅིག་ཏུ་བྱ་བ་འགལ་བར་སྟོན་པའོ། །དེ་བསྟན་པའི་ཕྱིར་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོ་བ་མེད་ཅིང་ཞེས་བྱ་བ་ནི་བསམ་པའི་སྒོ་ནས་སོ། །དུབ་པ་མེད་ཅེས་བྱ་བ་ནི་སྦྱོར་བའི་སྒོ་ནས་སོ། །ཡེ་ཤེས་རྫུ་འཕྲུལ་ཕ་རོལ་ཕྱིན། །ཞེས་བྱ་བ་ ནི་ཐབས་དང་ཡེ་ཤེས་དོན་ཡོད་པ་ཕུལ་དུ་བྱུང་བའོ། །ཟུང་དུ་འབྲེལ་བའི་ཐབས་ནི་མི་གཡང་ས་ཆེན་པོར་མཆོང་བ་བཞིན་དུ་སྙིང་བརྩེ་བ་སྔོན་དུ་འགྲོ་བའི་རྣམ་པར་ཐར་པའི་སྒོ་མངོན་དུ་གྱུར་ན་ཤེས་རབ་དང་ཐབས་ཀྱི་གདུགས་གཉིས་ཡོངས་སུ་བཟུང་བས་ས་གཞན་དུ་མི་ལྟུང་བའི་ཕྱིར། དཔེར་ན་མི་འགའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཆོང་བར་བྱེད་ཅིང་ཞེས་བྱ་བ་ནི་འདོར་བར་བྱེད་པ་སྟེ་ལུས་ཞེས་བྱ་བར་སྦྱར་རོ། །ལྷུང་བར་མི་འགྱུར་ཞེས་བྱ་བ་ནི་སྣད་བར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྙེད་དེར་ནི་འགྲོ་བར་འགྱུར། །ཞེས་བྱ་བ་ནི་བགྲོད་པར་བྱ་བ་ ཇི་སྙེད་པ་དེར་བདེ་བླག་ཁོ་ནར་འགྲོ་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཆོས་རྣམས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །འགྲོ་བ་ལ་ཕན་པ་སྐྱེད་པའི་ཐབས་ནི་རིན་པོ་ཆེའི་གླིང་དུ་ཕྱིན་པ་བཞིན་དུ་ཏིང་ངེ་འཛིན་གྱི་ མཆོག་ཐོབ་པ་འཇིག་རྟེན་ལ་སྙིང་བརྩེ་བས་ཡང་དག་པའི་རྣམ་པར་རྟོག་པ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཞན་གྱི་དོན་མི་འཐད་པའི་ཕྱིར། དཔེར་ན་རིན་ཆེན་འདོད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཕྱིར་ཡང་ཁྱིམ་དུ་འོང་འགྱུར་བ། །ཞེས་བྱ་བ་ནི་ སླར་འོང་བར་འགྱུར་བ་ཞེས་བྱ་བར་སྦྱར་རོ། །ཡིད་མི་བདེར་འཇོག་པ་མིན་ཞེས་བྱ་བ་ནི་གཉེན་བཤེས་ཀྱི་ཚོགས་སྡུག་བསྔལ་བ་འབའ་ཞིག་ཡིད་ལ་བཞག་ནས་ཕྱིར་ལྡོག་པ་ཡིན་ཏེ་རང་གི་དོན་ནི་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྟོང་པ་ཉིད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་ གནས་ཡིན་པའི་ཕྱིར་དང་སྲེད་པའི་ཆུ་མེད་པའི་ཕྱིར་རིན་ཆེན་གྱི་གླིང་ཡིན་ནོ། །ཆགས་པ་མེད་པའི་ཐབས་ནི་ཚོང་པ་བཞིན་དུ་མཁས་པར་བྱ་བའི་ཕྱིར་ལམ་ལ་སོགས་པས་རབ་ཏུ་ཞུགས་ཀྱང་དེ་ལ་མི་གནས་པའི་ཕྱིར། དཔེར་ན་དོན་གཉེར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བར་ གྱི་ཞེས་བྱ་བ་ནི་བགྲོད་པར་བྱ་བའི་ལམ་ཀ་ཡིའོ། །གྲོང་ཁྱེར་གང་ཡིན་པ་དང་། གྲོང་རྡལ་གང་ཡིན་པར་ཞེས་བྱ་བར་སྦྱར་རོ། །འགྲོ་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པ་དེ་དག་ཏུ་འགྲོ་བ་ལའོ། །དེར་ཡང་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པར་རོ། །ལམ་ལ་མཁས་པར་འགྱུར་ཞེས་བྱ་ བ་ནི་ལམ་རྒྱུས་ལ་མཁས་པར་བྱ་བ་འབའ་ཞིག་གི་དོན་དུ་རྟོགས་པར་བྱེད་པ་ཁོ་ནར་ཟད་དོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །རང་རྒྱལ་རྣམས་ཀྱི་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་དང་ཤེས་པ་ཞེས་བྱ་བར་སྦྱར་ཏེ། ཤེས་པ་ནི་ལམ་མོ། །ཀུན་ལ་ཞེས་བྱ་བ་ནི་ལམ་ལ་སོགས་པ་ རབ་ཏུ་དབྱེ་བ་དང་བཅས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །བྱམས་པ་ཆེན་པོའི་སྦྱོར་བའི་ཐབས་ནི་འགྲོ་བ་ལ་བྱམས་པ་སྔོན་དུ་འགྲོ་བའི་སྟོང་པ་ཉིད་ལ་སོགས་པ་མངོན་སུམ་དུ་གྱུར་ན་མྱ་ངན་ལས་འདས་པ་དང་འདུས་བྱས་སུ་གདགས་པ་ལས་ཡང་དག་པར་འདས་པའི་ཕྱིར། གང་ཚེ་ཞེས་ བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ནི་གནས་མེད་དོ་ཞེས་བྱ་བ་ནི་བྱམས་པའི་སྦྱོར་བ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དག་ནི་གོ་རིམས་བཞིན་དུ་མྱ་ངན་ལས་འདས་པ་དང་སྲིད་པར་གདགས་པ་དང་འགལ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །མི་དམིགས་པའི་ཐབས་ནི་སྤྲུལ་ པ་བཞིན་དུ་རྣམ་པར་ཐར་པའི་སྒོ་ལ་གནས་པ་ནི་གདུལ་བར་བྱ་བ་རྣམས་ཀྱིས་བྱ་བ་ཐམས་ཅད་ལ་ལུས་ཙམ་རྟོགས་པའི་ཕྱིར་མིང་ཙམ་དུ་འདོགས་པས། དཔེར་ན་སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མི་ལུས་མི་སྣང་མ་ཡིན་ཞིང་། །ཞེས་བྱ་བ་ནི་ཀུན་དུ་རྟོག་པ་ མེད་ཀྱང་ལུས་ཀྱི་བྱེད་པ་ཙམ་རྟོགས་པའི་ཕྱིར་རོ། །མིང་གིས་ཀྱང་ཞེས་བྱ་བ་ནི་མིང་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ནི་བདག་ཉིད་ཐབས་དང་ཤེས་རབ་ལ་གནས་ཤིང་གཞན་དག་ལ་ཡང་དེ་སྟོན་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་འཛིན་པ་ཡིན་པའི་ ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སྤྱོད་པ་ཞེས་བྱ་བ་ནི་སྤྱོད་པའོ། །ཆོས་ཟབ་མོ་ཉིད་བསྟན་པའི་ཕྱིར་སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱིར་མི་ལྡོག་པའི་སའི་ཆོས་ནི་འགྲོ་བ་ལ་ལྟ་བ་དང་ལྡན་པའི་སྟོང་པ་ཉིད་ལ་སོགས་པར་གོམས་པར་བྱེད་པའི་ མཚན་ཉིད་དག་གོ། །ལུང་མ་བསྟན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རུང་བ་སྤྱོད་པ་ལ་སོགས་པ་འདྲི་བར་བྱེད་པ་རྣམས་ལ་ཇི་སྐད་དུ་བཤད་པའི་ཆོས་རབ་ཏུ་བསྟན་པར་བདག་ཉིད་མ་མོས་པའི་ཕྱིར་དང་སེམས་ཅན་ལ་བསླུ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་འོས་མ་ཡིན་པའི་ཕྱིར་རོ་ སྙམ་དུ་དགོངས་པ་ཡིན་ནོ། །འདིར་ཡང་ཐབས་ཀྱི་གོ་རིམས་ནི་སྔ་མ་སྔ་མ་རབ་ཏུ་སྒྲུབ་པར་ཕྱི་མ་ཕྱི་མ་བསྟན་པའམ་ཡང་ན་བདུད་ལ་སོགས་པས་བར་ཆད་མ་བྱས་པ་ནི་ཐུན་མོང་མ་ཡིན་པའི་ཐབས་ལ་བརྟེན་ནས་མཚན་མ་མེད་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། དེ་ བཞིན་དུ་འོག་མ་དག་ལ་ཡང་རབ་ཏུ་དབྱེ་བའི་གོ་རིམས་ནི་ཅི་རིགས་པར་སྦྱར་བར་བྱའོ། །རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཡང་དག་པར་རབ་ཏུ་བརྩོན་པ་ནི་ཤེས་རབ་ཕུལ་དུ་གྱུར་པ་སྒྲུབ་པར་བྱེད་པས་རྩེ་མོར་ཕྱིན་པའི་མངོན་པར་རྟོགས་པ་སྟེ། དེ་ཡང་། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བསྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དག་དང་། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་ པར་སྒྲུབ་དང་བཅས་པ་ནི། །ཡང་དག་བྱང་ཆུབ་འདྲས་འབྱུང་བའི། །རྩེ་མོའི་མངོན་རྟོགས་ཡིན་པར་གསུངས། །རེ་ཞིག་དེའི་ཡིད་ཆེས་པར་བྱེད་པའི་རྟགས་ནི་རྣམ་པ་དགུར་བཤད་དེ། ས་གཞན་ལ་དགའ་བ་མེད་པའི་རྟགས་ནི་སྙིང་བརྩེ་བ་དང་ཤེས་རབ་ཕུལ་དུ་བྱུང་བས་གོ་རིམས་ བཞིན་དུ་རྨི་ལམ་ན་ཡང་ས་གཞན་དང་ཁམས་གསུམ་པ་དག་ལ་དགའ་བ་མེད་པའི་ཕྱིར། དགྲ་བཅོམ་པ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་རྟགས་ནི་རྨི་ལམ་ན་ཡང་བདག་དང་གཞན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྫོགས་ པའི་སངས་རྒྱས་མཐོང་བ་དང་འགྲོ་བ་ལ་ཆོས་རབ་ཏུ་སྟོན་པའི་ཕྱིར། སངས་རྒྱས་རྣམས་མཐོང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ལུང་བསྟན་ཡིན་པར་རིག་པར་བྱ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །སྙིང་བརྩེ་བ་ཕུན་སུམ་ཚོགས་པའི་ རྟགས་ནི་རྨི་ལམ་ན་ཡང་ངན་སོང་དུ་སྐྱེས་པའི་སེམས་ཅན་མཐོང་ན་དེའི་མོད་ལ་ངན་སོང་རྣམ་པར་བཟློག་པའི་སྨོན་ལམ་འདེབས་པའི་ཕྱིར་རྨི་ལམ་ན་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མཐུ་ཕུན་སུམ་ཚོགས་པའི་རྟགས་ནི། བདེན་པའི་བྱིན་གྱི་རླབས་ཀྱིས་གྲོང་ཁྱེར་ལ་མེ་ འབར་བ་ལ་སོགས་པ་རབ་ཏུ་ཞི་བར་བྱེད་པའི་ཕྱིར། བདེན་པའི་བྱིན་གྱི་རླབས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མངོན་པའི་ང་རྒྱལ་མེད་པ་ཉིད་ཀྱི་རྟགས་ནི་བདེན་པའི་བྱིན་གྱི་རླབས་ཀྱིས་འབྱུང་པོའི་གདོན་ལ་སོགས་པ་རབ་ཏུ་ཞི་ཡང་དྲེགས་པར་མི་འགྱུར་བའི་ཕྱིར། འཇིག་རྟེན་འབྱུང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཕན་དང་སྙིང་བརྩེར་ལྡན་པ་ནི་རྙེད་པ་ལ་སོགས་པ་འདོད་པ་མ་ཡིན་པའོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །རློམ་སེམས་ནི་བདག་ནི་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མཚན་མར་འཛིན་པ་ཡིན་ནོ། །དེ་སྔོན་ དུ་འགྲོ་བའི་ཁེངས་པ་ནི་མངོན་པའི་ང་རྒྱལ་ཡིན་ལ་མངོན་པའི་ང་རྒྱལ་ཅན་ཡང་ཕྱིར་མི་ལྡོག་པ་མ་ཡིན་པས། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །རློམ་སེམས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། བདག་ལུང་བསྟན་སྙམ་ཞེས་བྱ་བ་ གསུངས་སོ། །ཅིའི་ཕྱིར་ཞེ་ན། བདེན་པའི་བྱིན་གྱི་རླབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྱོར་པས་ཞེས་བྱ་བ་ནི་འགྲུབ་པར་འགྱུར་བ་སྟེ། གང་གི་ཕྱིར་བདག་གི་ཞེས་བྱ་བ་ལྷག་མ་ཡིན་ནོ། །གཞན་གྱིས་ལུང་བསྟན་ཞེས་བྱ་བ་ནི་བདུད་ཀྱིས་སངས་རྒྱས་སུ་འགྱུར་རོ་ ཞེས་བསྟན་པའོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། མིང་གི་གཞི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་གཞི་མིང་ཁོ་ན་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་སྟེ་སྨྲ་ཞེས་བྱ་བ་ཁྱད་པར་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། ། བདུན་མེས་རྒྱུད་ཀྱི་ཞེས་བྱ་བ་ནི་མིང་ནི་འདི་ཞེས་བྱ་བ་ལྷག་མ་ཡིན་ནོ། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་ཞེས་བྱ་བ་ནི་གང་གི་ཚེ་འགྲུབ་པར་འགྱུར་བའི་ཞེས་བྱ་བའི་ཐ་ཚིག་གོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིའོ། །འདི་སྐད་དུ་ཁྱོད་དང་ཕ་མ་ལ་སོགས་པ་དང་། ཕ་མེས་བདུན་རྒྱུད་ ཀྱི་བར་གྱི་མིང་ནི་འདི་ཞེས་བྱའོ། །གང་གི་ཚེ་ཁྱོད་རྫོགས་པའི་སངས་རྒྱས་སུ་འགྱུར་བ་དེའི་ཚེ་ཁྱོད་ཀྱི་མིང་འདི་ཞེས་བྱ་བ་ཁོ་ནར་འགྱུར་རོ། །ཁྱོད་ཀྱིས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ཡང་ཚེ་སྔ་མ་ལ་ཡང་འདི་ཁོ་ན་དང་འདྲ་བར་གྱུར་པས་ཁྱོད་ནི་གདོན་མི་ཟ་བར་སངས་ རྒྱས་སུ་འགྱུར་རོ་ཞེས་བདུད་ཀྱིས་བསྟན་པས་ང་རྒྱལ་འཛིན་པ་ནི་ལུང་མ་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བཤད་པ་ཡིན་ནོ། །དབེན་པ་ན་གནས་པ་ནི་རབ་ཏུ་དབེན་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །བདུད་ཀྱིས་ཡོངས་སུ་བསླང་ཞེས་བྱ་བ་ནི་བདུད་ཀྱིས་བྱིན་གྱིས་བརླབས་ པ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྐྱེ་བོ་མེད་པའི་གྲོང་ལ་སོགས་པ་ལ་གནས་པ་ཙམ་གྱིས་ནི་ཁེངས་པ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུན་པའི་དབེན་པ་གང་ཡིན་ཞེ་ན། རྟག་ཏུ་གྲོང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གཏོགས་པར་ཞེས་བྱ་བ་ནི་སྙིང་རྗེས་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་ཤེས་རབ་ཀྱིས་བྱང་ཆུབ་ལ་སྦྱོར་བ་འབའ་ཞིག་ཏུ་ཟད་དེ། གྲོང་ལ་སོགས་པ་ན་གནས་ཀྱང་སེམས་སྲིད་པའི་བདེ་བ་ལ་མ་ཆགས་སོ་སྙམ་དུ་དགོངས་པ་ཡིན་ནོ། །གཞར་མི་སྐྱེད་ཅེས་བྱ་བ་ནི་དགྲ་བཅོམ་པ་དང་ རང་སངས་རྒྱས་ཀྱི་ཐེག་པ་ལ་ནམ་ཡང་དགའ་བ་སྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་དབེན་པར་གསུངས་ཞེས་བྱ་བ་ནི་སྲིད་པ་དང་ཞི་བ་ལ་མ་ཆགས་པས་དབེན་པ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་ནི་སྐྱེ་བོས་ཤིན་ཏུ་དབེན་པ་ན་གནས་ཀྱང་འདྲེ་བར་གནས་ པ་ཁོ་ན་ཡིན་པས། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་དབེན་པའོ། །ལྷག་པའི་ང་རྒྱལ་གྱི་ཡུལ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ ནི་གྲོང་གི་ནང་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལའོ། །བརྙས་པ་བྱེད་པ་ཞེས་བྱ་བ་ནི་ཁྱད་དུ་གསོད་པར་བྱེད་པའོ། །ཇི་ལྟར་ཞེ་ན་འདི་ནི་དགོན་དབེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་གྲོང་དང་དགོན་པ་ན་སྤྱོད་པ་གཉིས་ལས་སྔར་བཤད་པའི་དབེན་ པ་ཁོ་ན་མཆོག་ཡིན་པས་གང་ཞིག་གྲོང་ངམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དྲོད་སྙོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་དབེན་པ་དེ་ལྟ་བུ་ལ་དྲོད་སྙོམ་ཞིང་བརྙས་པར་ བྱེད་པ་དེ་ནི་དབེན་པ་གཞན་ལ་བརྟེན་པའི་ཕྱིར་བདག་ཉིད་ཉམས་ཤིང་ཕུང་བར་འགྱུར་བ་འབའ་ཞིག་ཏུ་ཟད་དེ། དེ་ལུས་དུབ་པ་འབྲས་བུ་མེད་པ་ཙམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །བཤེས་གཉེན་དམ་པ་ལ་བརྟེན་པའི་རྟགས་ནི་ནད་པ་སྨན་པ་ལ་བརྟེན་པ་བཞིན་དུ་ང་རྒྱལ་བཅོམ་ ཞིང་སྐྱོ་བ་མེད་པར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གསོ་ཕྱིར་ཞེས་བྱ་བ་ནི་གསོ་བར་བྱ་བའི་ཕྱིར་ཏེ། ཇི་ལྟར་ནད་པའི་ཚོགས་ཀྱིས་སྨན་པ་ལ་བསྙེན་བཀུར་བྱ་བ་དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་བརྟེན་ པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་གང་དག་ཡིན་པ་དང་བྱང་ཆུབ་སེམས་དཔའ་གང་དག་ཡིན་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་དག་ཡིན་པ་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ནོ། །དེ་ཅིའི་ ཕྱིར་ཞེ་ན། དེ་དག་རྗེས་སུ་སྟོན་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སངས་རྒྱས་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དོ། །རྒྱུ་རྣམ་གཉིས་ཀྱིས་ཞེས་བྱ་བ་ནི་རྗེས་སུ་སྟོན་པ་དང་རང་གི་སྒྲུབ་པའི་མཚན་ཉིད་ཀྱི་རྒྱུ་རྣམ་ གཉིས་ཀྱིས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་དེ་ཡང་གཙོར་ཤེས་རབ་ཡིན་པས་ཤེས་རབ་དམ་པ་ལ་མངོན་པར་བརྩོན་པའི་རྟགས་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པ་ཡིན་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་མངོན་པར་བརྩོན་པ་ཡིན་པའི་ཕྱིར། རྒྱལ་བ་འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གསལ་ཞེས་བྱ་བ་ནི་གསལ་བར་བྱེད་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །སྒྲོན་མ་ནི་ལམ་ཤེས་པ་ཉིད་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །སྣང་བ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་རང་གི་ངོ་བོར་རབ་ ཏུ་སྟོན་པའི་ཕྱིར་རོ། །སྟོན་མཆོག་ཅེས་བྱ་བ་ནི་ཉོན་མོངས་པ་ཚར་གཅོད་པར་བྱེད་པའི་ཕྱིར་དང་བྱང་ཆུབ་གཞན་ལ་སྐྱོབ་པའི་ཕྱིར་རོ། །ཆོས་ཐམས་ཅད་ཐ་དད་པ་མེད་པར་རྟོགས་པའི་རྟགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཚན་ཉིད་གཅིག་ པར་ཡོངས་སུ་གཅོད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཚན་ཉིད་སྟོང་ཞེས་པ་ནི་འཛིན་པ་ལ་སོགས་པའི་རྣམ་པས་སོ། །ཆོས་འདི་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའོ། །མཚན་ཉིད་དེ་དང་འདྲར་ཤེས་ཞེས་བྱ་བ་ནི་དེ་ཁོ་ན་བཞིན་ དུ་འཛིན་པ་ལ་སོགས་པའི་རྣམ་པས་དབེན་པར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་སྟོང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ལྐོག་ཏུ་གྱུར་པ་ནི་འཛིན་པ་ཉིད་མ་ཡིན་ཏེ་བདག་ཉིད་ཀྱི་བྱེད་པ་མི་