Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 86
Văn bản gốc(Tây Tạng)
Trang 18 / 18 (50.000 ký tự/trang)
ན་པའི་རྣམ་པར་རྟོག་པ་སོ་སོར་འཇུག་པ་དང་ལྡོག་པའི་རྟེན་ཅན་ཉིད་ཀྱི་གཞིར་གྱུར་པ་དག་ལ་སོ་སོར་དབྱེ་བ་རྣམ་པ་དགུ་སྟོན་པ་ནི། ངེས་པར་འབྱེད་པའི་ཆ་དང་ མཐུན་པའི་འོག་ཏུ་ཞེས་བྱ་བའོ། །དེ་དག་གི་དབྱེ་བ་ནི་ཡུལ་གྱི་སྒོ་ནས་དབྱེ་བ་ཡིན་པ་དེས་ན་དེ་བརྗོད་པ་ནི། གཟུང་བའི་རྣམ་པར་རྟོག་པ་དང་པོ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་རང་གི་ངོ་བོ་དང་འཛིན་པ་དང་སོ་སོར་ཐར་པ་ལ་སོགས་པ་རྣམ་པ་ བཅྭ་བརྒྱད་ཀྱི་ཡུལ་ཅན། འཇུག་པའི་ཕྱོགས་ཀྱི་རྟེན་ཅན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱིས་སྲིད་པ་དང་། ཞི་བར་ལྟུང་བའི་རྒྱུ་མཚན་རྟོགས་པ་དམན་པ་ཉིད་དང་། ཇི་ལྟར་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་མེད་པ་ཉིད་ལ་སོགས་པ་ ཡུལ་རྣམ་པ་བཅྭ་བརྒྱད་དང་ལྡན་པའི་གཟུང་བ་དང་འཛིན་པའི་རྣམ་པ་རྟོགས་པ་གཉིས་ཀྱིས་འཇུག་པ་ན། མཐོང་བའི་ལམ་དུ་གྱུར་པའི་གེགས་ཡིན་པའི་ཕྱིར། དེ་དག་ལྷག་མ་མེད་པར་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །གཉིས་པ་རྒྱུ་བརྗོད་པ་ནི། དེ་ལྟར་ མཐོང་བའི་ལམ་ལ་ཞེས་བྱ་བའོ། །འདིའི་ཡང་མཚན་ཉིད་དང་། རབ་ཏུ་དབྱེ་བ་གཉིས་བརྗོད་པར་བྱ་བ་ལས། དེའི་མཚན་ཉིད་ནི་དེ་ལ་ཐེག་པའི་རྒྱུ་ཉིད་ཡིན་ལ། གཞན་དག་བྱང་ཆུབ་ལ་སོགས་པ་ལ་འགོད་པ་ལ་སོགས་པ་ལ་རབ་ཏུ་དབྱེ་བའོ། །གསུམ་ པ་འབྲས་བུ་བརྗོད་པ་ནི་གང་གི་དོན་དུ་ཞེས་བྱ་བའོ། །དེ་ཡང་རང་གི་ངོ་བོ་དང་། དེ་ལྟར་སྣང་བ་རྟོགས་ན་བདེ་བར་རྟོགས་པའི་ཕྱིར། དེ་གཉིས་རིམ་གྱིས་བརྗོད་པ་ནི། དྲི་མ་ཟད་དང་ཞེས་བྱ་བ་ལ་སོགས་པའོ། །འཆད་པར་འགྱུར་བའི་ལམ་གྱི་སྟོབས་ཀྱིས་ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཀྱི་དྲི་མ་རྣམས་སྐྱེ་བ་དང་འགག་པ་མེད་པར་ཡོངས་སུ་ཤེས་པ་ཉིད་དང་། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་དོ། །དེས་ན་མཚན་ཉིད་པ་ནི་ངོ་བོ་ཡིན་ནོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ ལ་ངོ་བོ་ཉིད་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོའི་མཚན་ཉིད་སྔོན་དུ་འགྲོ་བ་ཉིད་མེད་པའི་ཕྱིར་རོ། །གཉིས་པ་དེ་ལྟར་སྣང་བ་བརྗོད་པ་ནི། གང་གི་ཕྱིར་དེ་ལྟར་ཡིན་པ་ཞེས་བྱ་བ་སྟེ་རྟོགས་པར་སླའོ། །བཞི་པ་བྱེད་པ་བརྗོད་པ་ནི། དེ་ལྟར་བྱེད་པའི་ཕྱོགས་ཞེས་ བརྗོད་པའོ། །ལམ་གྱི་བྱེད་པ་ནི་འདི་ཁོ་ན་ཡིན་ཏེ། གཟུགས་ལ་སོགས་པ་ལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་བསྣན་པ་དང་། བསལ་བ་ལོག་པ་གང་ཡིན་པའོ། །དེས་ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་ན། སྒྲོ་འདོགས་པ་ཐམས་ཅད་ལྡོག་པའི་མཚན་ཉིད་ནི། བྱང་ཆུབ་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྔ་པ་རང་གི་ངོ་བོ་བརྗོད་པ་ནི། དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་ཞེས་བྱ་བའོ། །དྲུག་པ་སྒོམ་པ་བརྗོད་པ་ནི་དེ་སྐྱེ་བ་ཞེས་བྱ་བའོ། །བརྗོད་མ་ཐག་པའི་མཐོང་བའི་ལམ་རབ་ཏུ་གྱུར་པས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ མཚན་ཉིད་རྣམ་པར་རྟོག་པ་རྣམ་པ་བཞི་སྤངས་པ་ན། དེ་ལ་འཇིགས་པ་མེད་པའི་ཕྱིར། སེང་གེ་ལྟ་བུར་རྣམ་པར་རོལ་པས་ན་དེ་དང་མཐུན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མི་དམིགས་པའི་སྦྱོར་བས་ལུགས་དང་མཐུན་པ་དང་། མི་མཐུན་པའི་ངོ་བོ་ཉིད་མེད་པའི་ མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་བསྒོམ་པའི་ལམ་རབ་ཏུ་གྱུར་པ་བརྗོད་པ་ནི། དེ་ལྟར་མཐོང་བའི་ལམ་བརྗོད་ནས་ཞེས་བྱ་བའོ། །འདིར་ཡང་རང་གི་ངོ་བོ་དང་སྤང་བྱ་དང་། འབྲས་བུ་རྣམས་རྟོགས་ན་བདེ་བླག་ཏུ་ རྟོགས་པའི་ཕྱིར་ན། རེ་ཞིག་རང་གི་ངོ་བོ་བརྗོད་པ་ནི། འདོད་པར་གཏོགས་པའི་ཞེས་བྱ་བའོ། །བསམ་གཏན་དང་པོ་ལ་སོགས་པ་ཐོད་རྒལ་ཉིད་ཀྱིས། འདོད་པ་ན་སྤྱོད་པ་མཉམ་པར་མ་བཞག་པའི་ཤེས་པ་མཚམས་སུ་བྱས་པའི་ཕྱིར། མི་མཉམ་པར་འགྲོ་བས་ ན་འདིའི་རང་གི་ངོ་བོ་ནི་མི་མཉམ་པར་འགྲོ་བ་ཡིན་ནོ། །གཉིས་པ་སྤང་བར་བྱ་བ་ནི་རབ་ཏུ་དབྱེ་བ་དང་། ཡུལ་གྱི་དབྱེ་བས་སྔ་མ་བཞིན་དུ་རྟོགས་པར་བྱའོ། །གཞན་ཡང་ལམ་གཉི་ག་ཡང་སོ་སོར་མི་མཐུན་པའི་ཕྱོགས་སུ་གྱུར་པའི་རྣམ་པར་རྟོག་པ་རྣམ་པ་བཞི་བཤད་ ཟིན་པའི་ཕྱིར་ན། གཉེན་པོ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ་ཞེས་སྟོན་པ་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པ་བཞི་ཞེས་བྱ་བའོ། །གསུམ་པ་འབྲས་བུ་བརྗོད་པ་ནི། སྔ་མ་བཞིན་དུ་ཞེས་བྱ་བ་སྟེ་རྟོགས་པར་སླའོ། །བཞི་པ་བར་ཆད་མེད་པའི་ལམ་རབ་ཏུ་ གྱུར་པ་བརྗོད་པ་ནི། བསྒོམ་པའི་ལམ་གྱི་རྗེས་ལ་ཞེས་བྱ་བའོ། །འདི་ལ་ཡང་མཚན་ཉིད་དང་། དམིགས་པ་དང་། རྒྱུ་དང་། རྣམ་པ་དང་། སྤང་བྱ་རྣམས་བརྗོད་པར་བྱ་བ་ལས། རེ་ཞིག་མཚན་ཉིད་གསུངས་པ་ནི། སྟོང་གསུམ་གྱི་སྐྱེ་བོ་ ཞེས་བྱ་བ་ལ་སོགས་པའོ། དོན་འདི་ཡིན་ཏེ། ཐེག་པ་གསུམ་པོ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་སེམས་ཅན་ཐམས་ཅད་འགོད་པའི་བསོད་ནམས་མང་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་། སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པའི་ཕྱིར། སངས་ རྒྱས་ཉིད་སྒྲུབ་པར་བྱེད་པ་ནི་མཚན་ཉིད་ཡིན་ནོ་ཞེས་བྱ་བའོ། །དེའི་དམིགས་པ་ལ་སོགས་པ་ཇི་ལྟ་བུ་ཞིག་ཅེས་བྱ་བ་ལ་སོགས་པ་ནི་དམིགས་པ་ལ་སོགས་པ་བརྗོད་པ་སྟེ་རྟོགས་པར་སླའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། ཁྱད་པར་གྱི་ལམ་ལ་གནས་པ་ལ། གལ་ཏེ་ཇི་སྐད་ བརྗོད་པའི་ལམ་བཞི་རབ་ཏུ་གྱུར་པ་དེའི་ཚེ་བསྒོམ་པའི་ཆོས་ཀྱི་རྩེ་མོ་ཐོབ་པའི་ཕྱིར་ན་རྩེ་མོ་མངོན་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའོ། །སྐབས་ལྔ་པའོ།། །།དེ་ལྟར་རབ་ཏུ་གྱུར་པ་ཐོབ་ཀྱང་། ཐོག་མ་མེད་པའི་དུས་ཙམ་གྱི་བག་ཆགས་ཀྱི་ས་བོན་ཅན་གྱི་རྣམ་པར་རྟོག་པ་མི་མཐུན་པའི་ ཕྱོགས་དུ་མ་སྐྱེས་པས་སྐྱེས་པ་ཉིད་ཀྱིས། དེའི་གཉེན་པོ་ཡང་དུས་ངེས་པ་ཉིད་མེད་པའི་ཕྱིར། ལམ་གྱིས་ཐོབ་པར་བྱ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མ་ངེས་པར་ཐོབ་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་དག་བརྟན་པར་གྱུར་པ་མ་ཡིན་ཏེ། །དེས་ན་བརྟན་པར་བྱ་བའི་དོན་དུ་སྔར་ བཤད་པའི་ལམ་གྱི་གོ་རིམས་ཅན་གྱི་བསྒོམ་པ་ཡིན་པས་ན། གསུམ་པ་བརྟན་པར་གྱུར་པའི་སྦྱོར་བ་གསུངས་པ་ནི། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བའོ། །འདིར་ཡང་ཁྱད་པར་གྱི་ལམ་གྱི་རང་བཞིན་ཉིད་ཀྱིས། རང་ལ་བརྟན་པའི་ཁྱད་པར་ཅི་ཡང་མེད་པའི་ ཕྱིར། ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས། སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་བརྟན་པར་གྱུར་པ་ནི། སྦྱོར་བའི་ལམ་ལ་སོགས་པར་བསྙད་པ་ཡིན་ནོ། །དེ་ལྟར་ཡིན་ན་དེ་མ་ཐག་པའི་སྐབས་གཉིས་སུ་བརྗོད་པའི་དོན་རྣམས་ཉིད་སྦྱིན་པ་ལ་སོགས་པའི་རང་ གི་ངོ་བོར་གྲུབ་པའོ། །སྐབས་དྲུག་པའོ།། །།དེ་ལྟར་བརྟེན་པར་གྱུར་པའི་དོན་རྣམས་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་གིས་མི་སློབ་པའི་ལམ་ལ་འཇུག་པའི་ཕྱིར། སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ ཐུག་པར་འགྲོ་བའི་སྦྱོར་བ་ཡིན་ཏེ། དེ་ལས་གོང་དུ་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །སྐད་ཅིག་གཅིག་པ་ཟག་པ་མེད་པ་དེ་ལ་ཡང་དངོས་པོར་ན་དབྱེ་བ་འགའ་ཡང་མེད་པ་དེས་ན། རྣམ་པར་སྨིན་པ་ཡིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བ་མཚན་ཉིད་མེད་ པ་དང་། གཉིས་སུ་མེད་པའི་མཚན་ཉིད་ཀྱི་དབྱེ་བས་ལྡོག་པའི་ཐ་དད་པ་ལ་བརྟེན་ནས་རང་གི་ངོ་བོ་དང་། དབྱེ་བ་བརྗོད་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་སྒོམ་པ་ནི་ཞེས་བྱ་བ་སྟེ་གོ་སླའོ། །སྐབས་བདུན་པའོ།། །།དེ་ལྟར་སྦྱོར་བའི་མངོན་པར་ རྟོགས་པས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ན། རང་དང་གཞན་གྱི་དོན་གྱི་རང་བཞིན་གྱི་འབྲས་བུ་ཡིན་པས་ན། ཆོས་ཀྱི་སྐུའི་མཚན་ཉིད་འབྲས་བུའི་མངོན་པར་རྟོགས་པ་བརྗོད་པ་ནི། སྐད་ཅིག་མ་གཅིག་གིས་མངོན་ པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་རང་དང་གཞན་གྱི་དོན་གྱི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་དངོས་པོ་ནི་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་རྣམ་པ་གཉིས་ཡིན་ཡང་ཀུན་རྫོབ་ལ་བརྟེན་པ་དེ་བཞིན་གཤེགས་ པ་དང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་བ་ཉིད་ཀྱིས་རྣམ་པ་གསུམ་ཡིན་པའི་ཕྱིར་ན་རྣམ་པ་བཞིར་འགྱུར་རོ། །གཉིས་པ་ལ་ཡང་ལས་དང་པོའི་ས་ནས་བརྩམས་ནས། སངས་རྒྱས་ཀྱི་སའི་མཐར་ཐུག་པའི་དབང་དུ་བྱས་ཏེ། གང་ ཟག་གཅིག་གི་དབང་དུ་བྱས་ནས་རྣམ་པ་ཉི་ཤུ་རྩ་གཉིས་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་མངོན་པར་རྟོགས་པའོ། །དེ་ལྟར་ན་ཡུལ་དང་། རང་བཞིན་དང་། འབྲས་བུ་བཤད་པའི་སྒོ་ནས་མངོན་པར་རྟོགས་པའི་རང་བཞིན་བརྗོད་ནས། བསྡུ་བ་བརྗོད་པའི་དོན་དུ་གསུངས་པ་ ནི་རྒྱས་པ་ལ་དད་པའི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཀུན་གྱི་རྒྱན་དུ་གྱུར་པ་ཉིད་དང་། གོམས་པ་དང་། དེའི་ཚིག་ལེའུར་བྱས་པ་རྣམ་པར་དབྱེ་ཕྱིར་ཞེས་དམ་བཅས་པ་གསུམ་པོ་གང་ཡིན་པ་དེ་གཞུང་གཟུགས་པར་བཞེད་ནས། རེ་ཞིག་དང་པོར་གཞུང་འཛུགས་པ་ནི་ལ་ལ་ལས་དོན་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བའི་ཡུམ་རྒྱས་པ་དང་། འབྲིང་བཞིན་དུ་རྒྱལ་བའི་ཡུམ་མདོར་བསྡུས་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་ཉི་ཤུ་རྩ་གཉིས་ལ་སོགས་པ་མངོན་པར་རྟོགས་པ་འགའ་ཞིག་མ་མཐོང་ཡང་། གདམས་ངག་ལ་སོགས་པ་ཉེ་བར་བླངས་པའི་ཤུགས་ཉིད་ལས་དེ་འགྲུབ་པོ། །གདམས་ངག་ལ་སོགས་པ་ལ་ཉེ་བར་བླངས་པ་གང་ཡིན་པ་དེ་ནི་གཞུང་དང་འདོན་པ་ལ་སོགས་པ་ཐ་དད་ཀྱང་དོན་ཐ་མི་དད་པའི་ཕྱིར་ན། ཀུན་གྱི་རྒྱན་དུ་གྱུར་པ་ཉིད་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། ། གཉིས་པ་གཞུང་གཟུགས་ལ་བཤད་པ་ནི། འཕགས་པ་རྣམ་པར་གྲོལ་སྡེའི་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་བྱམས་པའི་བཤད་པ་ལས་དོན་རྟོགས་པ་ཡིན་ཡང་། འཕགས་པ་རྣམ་པར་གྲོལ་སྡེའི་ལུགས་ཀྱི་རྗེས་སུ་འཇུག་པ་ཉིད་ཀྱིས། བཅོམ་ལྡན་འདས་མའི་ ཚིག་དང་ངག་གི་སྡེབ་སྦྱོར་མ་བྱས་པར་བདག་གིས་བཤད་དོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་གཞུང་འཛུགས་པ་ནི། མཁན་པོ་ཡང་དག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་དེ་རྟོགས་སླའོ། །བདག་ཉིད་ཀྱིས་གཞུང་བྱས་པའི་བསོད་ནམས་ཡོངས་སུ་བསྔོ་བ་དང་། ཁེངས་བསྐྱུངས་པ་དང་། རྟོགས་པའི་ཁྱད་པར་བརྗོད་པ་ནི། དེ་སྤེལ་བས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །བདག་གི་མཁན་པོས་མཛད་པ་ལ། །དག་པའི་བསྡུས་དོན་བྲིས་པ་ལས། །ཐོབ་པའི་དགེ་བ་གང་ཡིན་དེས། །འགྲོ་བ་མྱུར་དུ་རྒྱལ་བར་གྱུར། །ནུབ་ཀྱི་སྒོ་གླེགས་ དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་བསྡུས་དོན་རྫོགས་སོ།། །།པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་། ལོ་ཙྪ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།