Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 86

Văn bản gốc(Tây Tạng)

Trang 14 / 18 (50.000 ký tự/trang)
ང་ལྡན་པའི་ཕྱིར་ཟབ་མོ་ཡིན་ནོ། ཟབ་མོ་དེ་གང་ཡིན་ཞེ་ན་སྟོང་པ་ཉིད་ལ་སོགས་པའོ། །སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཉིད་གང་ཡིན་ཞེ་ན། སྒྲོ་འདོགས་པ་དང་སྐུར་
པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་དོ། །ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། སྟོང་པ་ཉིད་དང་དེ་བཞིན་ཉིད་ལ་སོགས་པའོ། །གཟུགས་མེད་པ་ལ་ཞེས་བྱ་བ་ནི་གཟུགས་སུ་སྒྲོ་འདོགས་པ་བཀག་
པའོ། །སྟོང་པ་དང་སྟོང་པ་མ་ཡིན་པ་དག་ལ་སྟོང་པ་ཉིད་ལ་སོགས་པ་དང་གཟུགས་ལ་སོགས་པ་གཅིག་པར་འགལ་བའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ལ་ཚོར་བ་ལ་སོགས་པ་མེད་དོ་ཞེས་བལྟ་བར་བྱའོ། །གཟུགས་སྟོང་པ་ཉིད་ལ་སོགས་པ་ཐ་དད་པ་
ཉིད་ཀྱིས་ན་གཟུགས་དང་སྟོང་པ་ཉིད་ལ་སོགས་པ་སྐུར་པ་བཏབ་པ་དང་འགལ་བ་ཡིན་ཏེ། གཟུགས་ཀྱི་སྟོང་པ་ཉིད་ལ་སོགས་པ་མེད་པས་རང་གི་ངོ་བོ་དང་བཅས་པར་ཐལ་བར་འགྱུར་བས་སྟོང་པ་ཉིད་ལ་སོགས་པ་གཟུགས་ལ་སོགས་པ་ལས་གཞན་པ་ཡང་མ་ཡིན་
པས་ཞེས་བྱ་བས་ནི་སྐུར་པ་འདེབས་པ་དགག་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ནི་ཚོར་བ་ལ་སོགས་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱའོ། དེ་བཞིན་དུ་གོ་རིམས་བཞིན་དུ་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་སྒྲོ་འདོགས་

པ་དང་སྐུར་པའི་མཐའ་ཅན་ཡིན་ཏེ། འདི་ལྟར་འདི་དག་ནི་འཇིག་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་དག་ལས་གྲོལ་ཞིང་བྲལ་བའི་སྟོང་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་ཟབ་མོ་སྟེ་སྟོང་པ་ཉིད་ལ་སོགས་པ་ཡིན་པ་སྟོང་པ་ཉིད་ལ་སོགས་པ་
ལ་གཟུགས་ལ་སོགས་པ་མེད་པ་དང་གཟུགས་ལ་སོགས་པ་ལ་ཡང་སྟོང་པ་ཉིད་ལ་སོགས་པ་མེད་པ་གང་ཡིན་པ་དེ་དག་ནི་རྣལ་འབྱོར་པའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་པས། ཟབ་མོ་ཉིད་དང་ལྡན་པའི་ཕྱིར་འོག་ནས་བཤད་པའི་བསྒོམ་པའི་ལམ་ནི་ཟབ་
ཅིང་གཏིང་དཔག་དཀའ་བ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ལ་སོགས་པ་ཡིན། ངེས་འབྱེད་ཅེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ཡིན་ཏེ། གང་གི་ཚེ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང་། ཚིག་དང་ངག་དང་ཡི་
གེ་དང་དབྱངས་ཀྱི་ཡི་གེའི་བདག་ཉིད་ཅན་བསྒོམ་པ་དེའི་ཚེ། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་གསུམ་ལ་ངེས་པར་མཐོང་བའི་དོན་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐབས་གསུམ་དུ་གསུངས་པའི་དྲོ་བ་ལ་སོགས་པ་དང་མཐོང་བ་དང་བསྒོམ་པའི་དོན་ལ་
དམིགས་པའི་རྣམ་པའི་རབ་ཏུ་དབྱེ་བ་རྣམས་གོ་རིམས་བཞིན་དུ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་དག་ཡང་དང་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོགས་པ་ཞེས་ཚིག་གསུམ་བཤད་པར་བྱའོ། །གང་གི་ཚེ་ལམ་གྱི་བདག་ཉིད་ཅན་གྱི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལམ་བསྒོམ་པ་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་རྣམས་སུ་སྔར་བཤད་པ་དེའི་བསྒོམ་པའི་ཤེས་རབ་ཀྱིས་བཟུང་བ་ལ་སོགས་པ་མེད་པ་ལ་དམིགས་པ་རབ་ཏུ་གྱུར་པའི་སེམས་ཀྱི་ངེས་པར་འབྱེད་པའི་ཡན་ལག་དང་
མཐོང་བ་དང་བསྒོམ་པའི་ལམ་གྱི་དམིགས་པའི་རྣམ་པ་ལ་ཡང་དང་ཡང་དུ་སེམས་པ་དང་། འཇལ་བ་དང་ངེས་པར་རྟོགས་པ་ཞེས་བྱ་བ་ནི་ཚིག་གསུམ་ཡིན་ཏེ། དེ་ལྟར་བསྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དམིགས་

པའི་རྣམ་པ་གསུམ་གྱི་དབྱེ་བ་ལ་དམིགས་པས་ན་ཡང་དང་ཡང་དུ་དེ་རྣམས་ཉིད་ལ་དམིགས་པས་དམིགས་པར་བྱེད་པའི་སེམས་ནི་གྲངས་མེད་པའི་ཕྱིར་བསྒོམ་པའི་ལམ་ལ་དེའི་རང་བཞིན་ཡིན་པས་མཐའ་ཡས་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་དེ་རྣམ་པ་ཞེས་བྱ་བ་ལ་སོགས་
པ་དང་། དེའི་རྒྱུན་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་བཤད་མ་ཐག་པའི་རིམ་པས་དོན་དམ་པར་ཞེས་བྱ་བ་དེ་ཁོ་ན་ཉིད་མཐོང་བས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པའི་སྒོམ་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དམིགས་པའི་སེམས་ཀྱི་ཁྱད་
པར་གྱིས་སོ། །རྣམ་པར་རྟོག་པ་དགུའི་གཉེན་པོའི་དབྱེ་བ་ལས་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དགུའི་གཉེན་པོ་ཉིད་ཡིན་པས་རྣམ་པ་དགུ་ཡིན་པའི་ཕྱིར་རོ། །གྲངས་བཞིན་དུ་འདོད་པའི་ཁམས་ལ་
སོགས་པ་ས་དགུ་དག་ཏུ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དགུ་ལ་བསྒོམ་པའི་ལམ་དགུ་ནི་རྒྱུན་ཆགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་ཞེས་བྱ་བ་སྟེ། ངེས་པར་འབྱེད་པའི་ཡན་
ལག་ལ་སོགས་པའི་དོན་མང་པོ་ལ་དམིགས་པ་ལས་བྱུང་བའི་ཕྱིར་རམ་བར་ཆད་མེད་པའི་ལམ་དུ་རྒྱུན་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་རྣམ་པ་དགུ་ཉིད་ཡིན་པར་དེ་ཁོ་ན་ཉིད་དུ་མི་འཐད་དོ་ཞེས་དོགས་པ་ལ་ཀུན་རྫོབ་ཡིན་པའི་ལན་བཏབ་པ་ནི་རྒྱལ་བའི་ཡུམ་
ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱལ་བའི་ཡུམ་དེ་དང་དེ་ལས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ལས་སོ། །རྣམ་པ་རེ་རེའི་དབང་དུ་མཛད་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསྒོམ་པའི་ལམ་གྱིས་དྲོ་བ་ལ་སོགས་པ་རེ་རེ་ནས་
ཉེ་བར་གཟུང་སྟེ། གྲངས་དང་ཚད་དང་མངོན་སུམ་ལ་སོགས་པའི་ཚད་མས་ཀྱང་རྟོགས་པར་མི་རུང་བའི་ཕྱིར་རོ། །མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པའི་བསོད་ནམས་གྲངས་མེད་པ་དཔག་ཏུ་མེད་པ་ཚད་མེད་པ་གང་ཡིན་པ་དེ་རྣམས་སྐྱེ་བར་གསུངས་པའི་ཕྱིར་ཞེས་བྱ་

བ་སྐྱེ་བར་བརྗོད་པས་བྱེ་བྲག་མང་བ་སྟེ། བསྒོམ་པའི་ལམ་གྱིས་དྲོ་བ་ལ་སོགས་པའི་གྲངས་མེད་པ་ལ་སོགས་པའི་བསོད་ནམས་ཀྱི་འབྲས་བུ་ཉིད་ཡིན་པས་ན་གྲངས་མེད་པ་ལ་སོགས་པ་ཉིད་དུ་འགྱུར་ན་ཇི་ལྟར་རྣམ་པ་དགུ་ཉིད་ཡིན་ཏེ་མི་འཐད་དོ་ཞེ་ན་གྲངས་
མེད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཕྱེད་སྔ་མ་རྣམ་པར་འགྲེལ་ཏེ། གྲངས་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །སོགས་པའི་སྒྲས་ནི་བརྗོད་དུ་མེད་པ་ལ་སོགས་པའོ། །དེ་རྣམས་བསྟན་པ་རྣམས་ཏེ་དེ་དང་དེར་སྨོས་པ་རྣམས་སོ། །དེ་ཡང་
ཡང་དག་པའི་དོན་མ་ཡིན་པ་དེ་ནི་དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ནི་དོན་དམ་པར་མི་འཐད་པ་ཉིད་ཀྱིས་ཞེས་བྱ་བ་ཡང་དག་པར་ན་ཇི་ལྟར་གྲགས་པའི་དོན་དུ་མི་རུང་བ་ཡིན་པའི་ཕྱིར་ཏེ། སྙན་དངགས་སྦྱར་བ་
དང་འདྲ་བར་སྒྲ་དགོད་པ་ཙམ་དུ་སྦྱར་བའི་ཁྱད་པར་གྱི་བདག་ཉིད་ཅན་གྱི་བརྗོད་པར་བྱ་བའི་སྒྲ་ནི་བརྫུན་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་བས་ན་བསྒོམ་པའི་ལམ་བཅོམ་ལྡན་འདས་ཀྱི་བཀའ་ལས་ཇི་སྐད་བཤད་པའི་མཚན་ཉིད་ཅན་ཏེ། ཟབ་མོ་ལ་སོགས་པའི་བདག་
ཉིད་ཅན་གྱི་བསྒོམ་པའི་ལམ་ནི་བྱེ་བྲག་ཏུ་དབྱེ་བ་བྱེད་པར་བཟོད་པ་མ་ཡིན་ཏེ། གྲངས་མེད་པ་ལ་སོགས་པ་ཉིད་དུ་བྱ་བར་མི་ནུས་སོ། །ཇི་ལྟར་ཞེ་ན་དོན་གཅིག་ཏུ་སྟེ་དོན་གྱི་དབྱེ་བ་གཞན་ལ་ལྟོས་པ་མེད་པས་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ཡུལ་གཅིག་པ་ནི་དོན་
གཅིག་པ་ཡིན་ལ། དེ་ལ་རབ་ཏུ་སྦྱར་ཞིང་ངེས་པར་ལྡན་པའི་ལྡོག་པའི་དབྱེ་བ་གང་ཡིན་པ་དེ་ལ་ལྟོས་པས་རྒྱུ་དེ་ལས་ཉེ་བར་སྐྱེད་པའི་ཐ་དད་པ་ཉིད་ཀྱི་ངོ་བོ་སྟེ། གྲངས་མེད་པ་ལ་སོགས་པ་གང་ཡིན་པ་དེས་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ཡུལ་གཅིག་པ་ཉིད་ལ་
སོགས་པ་ཡིན་པར་གཅིག་ཏུ་ཞུགས་པ་ཡིན་ནོ། །དེ་བས་ན་བྱེ་བྲག་ཏུ་སྣང་བ་ཉིད་ཡིན་ན་ཡང་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དབྱེ་བ་གཞན་ལ་ལྟོས་ནས་ཡང་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དོན་སྣ་ཚོགས་པ་དང་རབ་ཏུ་སྦྱར་བའི་ལྡོག་པ་ལ་

ལྟོས་པའི་ལས་ཉེ་བར་སྐྱེད་པའི་ཐ་དད་པ་ཉིད་ཀྱི་ངོ་བོ་བྱེ་བྲག་ཏུ་དབྱེ་བ་ཉིད་ཡིན་ནོ། །ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་ཕྱེད་འོག་མ་བཤད་པ་ཀུན་རྫོབ་ཏུ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་རྫོབ་ཏུ་ནི་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱིས་དམིགས་པ་མེད་པའི་
ཐུགས་རྗེ་ཆེན་པོ་ཞེས་བྱ་བ་རྣམ་པར་མི་རྟོག་པས་ཁྱབ་པའི་ཐུགས་རྗེ་དེའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཏེ། སྟོབས་བཅུ་ལ་སོགས་པའི་རྒྱུ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རྒྱུ་མཐུན་པར་གྱུར་པ་ཡིན་པ་ནི་ཆ་འདྲ་བའི་ངོ་བོའོ། །དེ་ནི་བཤད་པའི་ཆོས་ཀྱི་
ངོ་བོ་ཉིད་དེ། ཡང་དག་པའི་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའི་ཆོས་ཀྱི་བདག་ཉིད་དེ། རྣམ་པ་ཐམས་ཅད་དུ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྟོན་པ་ཡིན་པའི་ཕྱིར་རོ། །ཇི་སྐད་བཤད་ཅིང་བསྟན་པ་ནི་གྲངས་མེད་པ་ལ་སོགས་པའི་སྒྲ་རྣམས་སོ། །
བྱིས་པའི་སྐྱེ་བོ་རྣམས་ནི་མ་རིག་པས་ཁྱབ་པ་རྣམས་གཞུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷག་མའོ། །འབྲས་བུ་ཆེན་པོ་བསྐྱེད་པར་རབ་ཏུ་སྟོན་པ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུ་སྐྱེད་པར་བརྗོད་པ་ཡིན་པས་སོ། །དེ་བཞིན་གཤེགས་
པས་བཞེད་པས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་སེམས་ཅན་བཞུགས་པའི་ཚུལ་མཁྱེན་པའི་དེ་བཞིན་གཤེགས་པ་རྣམས་དགོངས་སོ། །རྒྱུ་དེ་བས་ན་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་བསྒོམ་པའི་ལམ་གྲངས་མེད་པ་ལ་སོགས་པར་ཐལ་བར་མི་
འགྱུར་རོ། །ཆོས་ཀྱི་དབྱིངས་གྲངས་མེད་པ་ལ་སོགས་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་གྲངས་མེད་པ་ལ་སོགས་པ་ཉིད་ཡིན་པ་ནི་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། བསོད་ནམས་ཀྱི་རྒྱུ་ཉིད་ངེས་པར་འབྱེད་པའི་ཡན་ལག་
ལ་སོགས་པ་དང་སྦྱིན་པ་ལ་སོགས་པ་གྲངས་མེད་ལ་སོགས་པ་ཉིད་ཡོད་ན་ཇི་ལྟར་ན་དེའི་འབྲས་བུ་གྲངས་མེད་པ་ལ་སོགས་པ་ཉིད་ཡིན་ཏེ། དེའི་འབྲས་བུ་མ་ཡིན་པར་ཐལ་བར་འགྱུར་ན་དེ་ལྟར་ན་ཡང་བཅོམ་ལྡན་འདས་ནི་བརྫུན་དུ་གསུངས་པ་ཉིད་མ་ཡིན་ཏེ། སེམས་

ཅན་རྣམས་གཞུག་པའི་ཚུལ་ཕྱིན་ཅི་མ་ལོག་པར་མཁྱེན་པ་ཉིད་ཀྱིས་ན་གང་ཟག་ལ་སོགས་པ་དང་འདྲ་བར་ན་དེ་ལྟར་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང་། ཉེ་བར་གནོད་ཕྱིར་ཡང་དག་པར། །གང་ཞིག་སྨྲས་གྱུར་དེ་ཉིད་བརྫུན། །
བདེན་དང་བདེན་མིན་དོན་ཅི་ཡིན། །གཞན་དོན་བྱེད་གང་དེ་བདེན་ཡིན། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་ན་དེ་མེད་པ་ཡིན་པའི་ཕྱིར་བསྒོམ་པས་ཅི་ཞིག་བྱ། འོན་ཏེ་ཡང་དག་པར་རང་བཞིན་ཡོད་ན་དེ་ལྟ་ན་
ཡང་བསྒོམ་པས་ཅི་ཞིག་བྱ་སྟེ། རང་བཞིན་ལ་ནི་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་གཉི་ག་ལྟར་ན་ཡང་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་བསྒོམ་པའི་ལམ་ནི་སྟོང་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་དོན་མེད་པར་རྟོག་པ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཞེས་བྱ་
བ་ནི་བཟུང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ལམ་དང་། དེ་བསྒོམ་པའི་སེམས་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་ཏེ། གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་ཚད་མ་ནི་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་
རོ་ཞེས་བྱ་བ་ནི་རྒོལ་བ་པོའི་བསམ་པ་ཡིན་ནོ། །གོམས་པ་ཕུལ་དུ་ཕྱིན་པ་བྱར་མེད་པའི་ཕྱིར་ཞེས་བྱ་བ་ནི། གུས་པ་དང་བཅས་པ་དང་རྒྱུན་མི་འཆད་པ་དང་དུས་རིང་མོར་བསླབས་སུ་ཟིན་ན་ཡང་རབ་ཏུ་སྦྱོར་བར་མི་རིགས་ཏེ། མེད་པ་ལ་མེད་པར་གོམས་པ་ནི་
མིའི་རྭ་ནི་རི་བོང་གི་རྭ་ཉིད་དུ་ཕུལ་དུ་བྱུང་བ་བྱར་མི་འཐད་དོ། །དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་ཞེས་བྱ་བ་བསྒོམ་པའི་ལམ་ནི་ཅི་ཡང་བྱེད་མི་ནུས་ཏེ། གང་དུ་ཁྱད་པར་དུ་བྱར་མེད་པ་དང་རྣམ་པ་གང་གིས་ཀྱང་མེད་པ་ནི་བྱེད་པ་པོ་ཉིད་དུ་མི་རིགས་སོ་ཞེས་སྐྱེ་བོ་བློ་དམན་
པ་དག་གི་ངོར་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ལམ་ཀུན་རྫོབ་ཏུ་ཡོད་པ་ཡིན་ཞིང་རྒྱུ་དང་འབྲས་བུའི་དངོས་པོར་འཐད་པའི་རབ་ཀྱི་མཐའ་མི་ཤེས་པའི་སྐྱེ་བོ་རྣམས་ཀྱི་ངོར་དོགས་པ་བསུ་བ་ནི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཚིག་ལེའུར་

བྱས་པའི་དོན་རྣམ་པར་འགྲེལ་པ་ནི་ཆོས་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡང་དག་པར་ན་དེ་ཉིད་དང་། གཞན་ཉིད་དང་། གཉི་ག་དང་། གཉི་ག་མ་ཡིན་པ་ཉིད་ཀྱིས་བྱེ་བྲག་དང་། བྱེ་བྲག་མེད་པ་དང་། གཉི་ག་དང་། གཉི་
ག་མ་ཡིན་པར་བརྗོད་དུ་མེད་པ་ལ་ཐོས་པ་ལ་སོགས་པ་མི་ནུས་པ་ནི་ཅི། ཀུན་རྫོབ་ཏུ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། ཆོས་ཉིད་ཀྱི་རང་གི་ངོ་བོར་ཞེས་བྱ་བ་སྨོས་ཏེ། ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །རྒྱུའི་ཁྱད་པར་དེ་དག་གིས་ན་གང་
གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དེའི་ཕྱིར་བརྗོད་དུ་མེད་པ་ནི་མངོན་པར་འདོད་པའི་ལམ་གྱི་ངོ་བོ་ཡིན་ཏེ། སྔར་བཤད་པའི་བསྒོམ་པའི་ལམ་ནི་བརྗོད་དུ་མེད་པ་ཉིད་ཀྱིས་ན་གང་ཟག་ལ་སོགས་པ་དང་འདྲ་བར་དངོས་པོར་ཡོད་པ་མ་ཡིན་ནོ། །དེ་
བས་ན་བསྒོམ་པ་ཞེས་བྱ་བའི་ལམ་གྱིས་ཏེ། རྒྱུས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྔར་བཤད་པ་དག་ལས་གོ་རིམས་བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་ངོ་ཞེས་བྱ་བར་བསྒོམ་པ་ཕུལ་དུ་ཕྱིན་པ་བྱར་མེད་པའི་ཕྱིར་ཞེས་བྱ་བ་ཡང་དག་པར་ན་བསྒོམ་པའི་
ལམ་མེད་པ་ཉིད་ཀྱིས་ན་བསྒོམ་པ་ཕུལ་དུ་གྱུར་པར་བྱར་མེད་པའི་ཕྱིར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཀུན་རྫོབ་ཏུ་བསྒོམ་པའི་ལམ་དུ་བཤད་པ་ལ་ནི། ཐོས་པ་ལ་སོགས་པར་ནུས་པ་ཉིད་ཡིན་ཞིང་། དོན་དམ་པར་ནི་དེ་ལྟར་མ་ཡིན་ཏེ་ཞེས་
བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྒོམ་པར་བྱ་བ་ལ་སོགས་པ་མེད་པ་ལ་ཡང་ཡང་དག་པར་ན་བསྒོམ་པ་དང་། དེའི་དོན་གྱི་བྱ་བས་ཀྱང་། ཉོན་མོངས་པ་བསྩལ་བ་དང་། བྱང་ཆུབ་སྐྱེད་པའི་མཚན་ཉིད་མེད་པ་ཉིད་ཡིན་པ་བདེན་མོད་ཀྱི། དེ་
ལྟ་ན་ཡང་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དངོས་པོ་ལ་སོགས་པ་ཡོད་པས་བསྒོམ་པ་ཡོད་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ལམ་ཕུལ་དུ་ཕྱིན་པ་ལས་ཉོན་མོངས་པ་རྣམས་གློ་བུར་པ་ཡིན་པས་ན་སྔར་བཤད་པའི་ཉེས་པ་མེད་པའི་ཕྱིར།

དེ་གསལ་བས་གཉེན་པོ་ཞེས་བྱ་བ་སྐྱེ་བ་ལ་ཡང་འགག་པ་མེད་དོ་ཞེས་བྱ་བར་དགོངས་སོ། །རྣམ་འགྲེལ་མཛད་པས་ཀྱང་། དེ་བས་ཡང་དག་ཡང་དག་མིན། །ཤིན་ཏུ་བསྒོམ་ཞིང་གང་གང་ཡིན། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་
བློའི་འབྲས་བུ། །ཞེས་གང་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དང་བསྒོམ་པ་དག་ནི་དོན་དང་བཅས་པ་ཉིད་ཡིན་ཏེ། མདོ་སྡེའི་རྒྱན་ལས། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་
སྒོམ་འཇུག་འགྱུར་ན་བསྟེན་པ་དོན་མེད་འགྱུར། །ཞེས་བཤད་པས་རྟོག་པ་དང་ལྡན་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ལ་འབད་པར་བྱའོ། །མ་གྲུབ་པས་ཅི་ཡང་སྒྲུབ་པར་མི་བྱེད་དོ་ཞེས་བྱ་བའི་ཚུལ་གྱིས་བསྒོམ་པ་མ་གྲུབ་ན་བྱང་ཆུབ་མི་འགྲུབ་པ་མ་ཡིན་ནམ། ཇི་
ལྟར་ན་དེས་དོན་གྱི་བྱ་བ་དེ་སྒྲུབ་པར་བྱེད་ཅེས་བྱ་བའི་བསམ་པ་དང་ལྡན་པས་ཡང་སྔ་མའི་ཕྱེད་ཀྱི་བྱང་ཆུབ་མེད་པར་དོགས་པ་བསུ་བ་ནི་དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ལྟར་དཔྱད་པར་བྱ་སྟེ་རེ་ཞིག་བྱང་ཆུབ་ནི་སྔོན་དང་ཕྱི་མར་གྱུར་པའི་སེམས་
ལས་བྱུང་བ་ཡིན་ལ། དེ་ལ་སྔ་ཕྱིར་གྱུར་པའི་སེམས་རེ་རེ་འམ། མང་པོ་ཅིག་ཅར་འདུས་པའམ། རིམ་གྱིས་འབྱུང་བའི་སེམས་བྱང་ཆུབ་ཀྱི་རྒྱུ་ཡིན་ཞེས་བརྟག་པ་རྣམ་པ་གསུམ་ཡིན་ནོ། །ཕྱོགས་དང་པོ་ནི་རེ་རེས་བྱང་ཆུབ་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཅིའི་
ཕྱིར་ཞེ་ན་སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་སྒྲུབ་པར་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་ཅེས་བྱ་བ་སྔར་བཤད་པ་གང་ཡིན་པ་དེ་མི་སྣང་བའི་ཕྱིར་ཏེ། སེམས་གཅིག་ལ་ཡུལ་དུ་མ་
ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཕྱོགས་གཉིས་པ་གསལ་བ་ནི་མང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ནོ་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན། འདོད་པའི་དོན་སྒྲུབ་པར་བྱེད་པར་སྣང་བའི་སེམས་ཅིག་ཅར་འབྱུང་བ་ཞེས་བྱ་བ་སྟེ། འདོད་

པའི་དོན་ནི་བྱང་ཆུབ་པོ། །གང་དུ་དེ་སྒྲུབ་པར་བྱེད་པར་སྣང་བ་སེམས་ཅིག་ཅར་འབྱུང་བ་མང་པོ་དེ་རྣམས་ཀྱིས་བྱང་ཆུབ་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་དུས་གཅིག་གི་ཚེ་རྟོག་པ་དུ་མ་མི་སྐྱེ་བས་སོ། །
ཉམས་སུ་མྱོང་བ་གྲུབ་པ་ཡིན་ན་ཡང་འདི་ནི་རྟོག་པ་ཉེ་བར་བསྒྲུབས་པ་ཡིན་ནོ་ཞེས་འགའ་ཞིག་ཕྱིན་ཅི་མ་ལོག་པ་བསལ་བར་བྱ་བའི་ཕྱིར། ལུང་ནི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་རྒྱུ་རེ་རེ་བའོ་ཞེས་འབྱུང་བས་སྨོས་པ་ཡིན་ཏེ། རྣམ་པར་རྟོག་པ་མང་པོ་ཅིག་ཅར་
འབྱུང་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ། །དེས་ན་སེམས་ཅན་རྣམས་ཀྱི་སྙིང་ནི་རྣམ་པར་རྟོག་པ་གཅིག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་མཛད་པས་ཀྱང་རྣམ་པར་རྟོག་པ་གཉིས་པོ་དུས་གཅིག་མིན། །ཞེས་བཤད་པ་ཡིན་
ནོ། །བརྟག་པ་གསུམ་ལ་གསལ་བ་ནི་རིམ་གྱིས་འབྱུང་བ་ཡང་མ་ཡིན་ཏེ་ཞེས་སྨོས་པ་ཡིན་ཏེ། སྔར་བཤད་པའི་སྔ་ཕྱིར་གྱུར་པའི་སེམས་གང་ཡིན་པ་དེ་མང་པོ་ཉིད་ཡིན་ན་ཡང་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན་བླ་ན་མེད་པའི་སངས་རྒྱས་
ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྟོགས་ཤིང་ཤེས་པའི་རང་གི་ངོ་བོ་སྒྱུ་མ་ལྟ་བུར་ཤེས་པའི་ཚུལ་གང་ཡིན་པ་དེས་སོ། །ཅིའི་ཕྱིར་བྱང་ཆུབ་པར་རིགས་པ་མ་ཡིན་ཞེ་ན། དེ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཇི་སྐད་བཤད་པའི་སེམས་དེ་རང་གི་ངང་གིས་བྱུང་མ་ཐག་གི་རྗེས་ཐོགས་ལ་འཇིག་ཅིང་ཉམས་པ་གང་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་མེད་པ་སྟེ། རྒྱུ་མེད་པ་ཡིན་ལ་དེའི་དངོས་པོ་དེ་ཉིད་ཀྱིས་ཏེ། དེས་ན་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་གཅིག་ལ་གཅིག་
འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུ་དེ་བས་ན་ཁྱད་པར་ཅན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེར་སྣང་བའི་སེམས་བསྐྱེད་པའི་སྒོ་ནས། ཇི་ལྟར་དོན་གྱི་བྱ་བ་བྱང་ཆུབ་སྒྲུབ་པའི་མཚན་ཉིད་ཅན་ཡིན་ཏེ། མི་རིགས་སོ་ཞེས་བྱ་བ་ནི་གཞན་གྱི་

དོན་ཡིན་ཏེ། དེ་ལྟར་ན་སྔ་ཕྱིར་གྱུར་པའི་སེམས་འདུས་པ་དག་གིས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ན་འདུས་པ་ཡང་མེད་དེ། འདི་ནི་བྱུང་མ་ཐག་ཏུ་འཇིག་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དེ་ནི་ཡང་དག་པ་མ་ཡིན་པས་ཞེས་བྱ་བ་ནི་བརྟག་པ་གསུམ་པོ་
གང་ཡིན་པ་དེ་དག་ནི་ལེགས་པ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་སྨྲ་བས་སྨྲས་པ་ཡིན་ནོ། །མར་མེ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་ཡང་མེ་ལྕེ་དང་སྙིང་པོ་ཅི་རེ་རེ་ནས་སྐད་ཅིག་མ་
སྔ་ཕྱིས་སམ་འོན་ཏེ་ཕྲད་ནས་སྙིང་པོ་ཚིག་པ་ཡིན་ཞེས་བརྟག་པ་གཉིས་ཡིན་ནོ། །དེ་ལ་དང་པོ་བསལ་བར་བྱ་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལྕེ་ནི་མར་མེའི་མེ་ལྕེའོ། །སྙིང་པོ་ནི་གྲགས་པར་ཟད་དོ། །འདི་དག་ཕྲད་པའི་སྐད་ཅིག་ནི་
འདུས་པའི་མཚན་ཉིད་དེ་དང་པོ་སྲེག་པར་ནུས་པ་ནི་སྐད་ཅིག་མ་གཉིས་པ་མེད་པར་ཞེས་བྱ་བ་ནི་སྲེག་པར་ནུས་པའི་སྐད་ཅིག་མ་གཉིས་པ་མེད་པར་མེ་ལྕེ་ནི་སྲེག་པར་བྱེད་པ་ཡིན་པའི་ཕྱིར་རྒྱུ་ཡིན་ལ་སྙིང་པོ་ནི་བསྲེག་པར་བྱ་བའི་ཕྱིར་འབྲས་བུ་ཡིན་པར་ཅི་རིགས་པ་འདི་ནི་
མཚན་ཉིད་ཀྱི་རང་བཞིན་ཡིན་ཏེ། གང་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་མེ་ལྕེ་དང་སྙིང་པོ་དག་ནི་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་ཉིད་ཡིན་པར་ཇི་ལྟ་བ་བཞིན་དུ་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། མེ་ལྕེ་དང་སྙིང་པོ་དག་གི་རང་གི་རྒྱུས་ཞེས་
བྱ་བ་ཉེ་བར་ལེན་པའི་མཚན་ཉིད་དང་ཕན་ཚུན་ལྷན་ཅིག་བྱེད་པའི་སྐད་ཅིག་མས་དེ་དག་ཕན་ཚུན་གྱི་སྒོ་ནས་རྒྱུན་གྱིས་འཇུག་པའི་དབང་གིས་དུས་མཉམ་དུ་སྟེ། དུས་མཚུངས་པར་གྱུར་པའི་ཕྲད་པའི་བསྐྱེད་པས་ཞེས་བྱ་བ་མེ་ལྕེ་དང་སྙིང་པོ་ཕྲད་པ་བསྐྱེད་པ་ཡོད་པ་གང་
ཡིན་པ་དེ་ནི་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར་ཏེ། ཐུན་མོང་ཡིན་པ་ཉིད་ཀྱིས་རང་རང་གི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུར་བྱས་པ་དུས་མཉམ་པར་གྱུར་པ་ཉིད་ཀྱིས་ན་དུས་མཚུངས་པར་འབྱུང་བའི་བ་ལང་གི་རྭ་དང་འདྲ་བས་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་པོ་སྲེག་པར་བྱེད་

པ་དང་བསྲེག་པར་བྱ་བའི་གནས་སྐབས་སུ་གནས་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ནུས་པ་ཡིན་ཕྱིར་ཏེ་གང་མེ་ལྕེ་དང་སྙིང་པོ་དེ་དག་སྐྱེ་བ་སྐད་ཅིག་མ་གཉིས་པའམ་ཡང་ཞེས་བྱ་བ་སྐད་ཅིག་མ་དང་པོ་མ་ཡིན་པར་སྔ་མ་བཞིན་དུ་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་པོ་སྲེག་པར་
བྱེད་པ་དང་བསྲེག་པར་བྱ་བའི་ངོ་བོར་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །རྟག་ཏུ་ཡོད་པར་ལ་སོགས་པར་ཐལ་བར་འགྱུར་བས་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་སྐད་ཅིག་མ་དང་པོ་མེད་པར་འབྱུང་བར་ཁས་ལེན་པ་ན་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་
ཕྱིར། །རྟག་ཏུ་ཡོད་པ་འམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་བྱ་བའི་རིགས་པས་རྟག་ཏུ་ཡོད་པ་འམ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་དེ་གང་གི་ཕྱིར་སྐད་ཅིག་མ་
དང་པོ་མེད་པར་སྐད་ཅིག་མ་གཉིས་པ་འབྱུང་བར་ཁས་ལེན་ན་ཐམས་ཅད་འབྲས་བུ་ཡིན་པར་ཁྱད་པར་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་པ་ཡིན་ལ་དེའི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཡང་ན་སྐད་ཅིག་མ་དང་པོ་ལ་མ་ལྟོས་པར་སྐད་
ཅིག་མ་གཉིས་པ་སྐྱེ་ན་རྟག་ཏུ་ཡོད་པས་ན་རྒྱུའི་སྐད་ཅིག་མ་མ་ཞིག་པས་སོ། །མེད་པ་ཡང་ནུས་པ་མེད་པ་ཡིན་པའི་ཕྱིར་སྙིང་པོ་ཚིག་པ་ཀུན་རྫོབ་ཏུ་ཡང་མེད་པར་འགྱུར་རོ། །དེ་བས་ན་མེ་ལྕེ་དང་སྙིང་པོ་ནི་རྒྱུ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྐད་ཅིག་མ་དང་
པོ་དང་སྐད་ཅིག་མ་གཉིས་པ་ཕྲད་པ་ཁོ་ནས་ཀུན་རྫོབ་ཏུ་སྙིང་པོ་ཚིག་པ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་སྐད་ཅིག་མ་སྔ་མ་དང་ཕྱི་མ་རེ་རེས་ཡིན་པར་མི་རུང་བ་དེའི་ཕྱིར་རྒྱུ་འདི་དང་རྐྱེན་འདི་ལས་སྐྱེ་བས་འདིའི་རྐྱེན་ཉིད་འདི་པ་ཙམ་
ཡིན་པ་དེའི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་ཞེས་བྱ་བ་རྒྱུ་དང་རྐྱེན་ལ་རག་ལས་པ་ལས་སྐྱེས་པའི་རང་བཞིན་གང་ཡིན་པ་དེས་མེ་ལྕེ་དང་སྙིང་པོ་ནི་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་གནས་སྐབས་སུ་གཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །

ཅིའི་ཕྱིར་ཞེ་ན། གང་གི་ཚེ་གཉི་ག་ཕྲད་ཅིང་འདུས་པའི་གཉིས་པ་ལ་སོགས་པ་ཕྲད་པའི་སྐད་ཅིག་མ་སྐྱེད་པར་རུང་བ་མེ་ལྕེ་དང་སྙིང་པོ་གཉིས་ཀ་ཕྲད་དུ་རུང་བའི་སྐད་ཅིག་མ་དེ་ལ་ལྟོས་ཤིང་རྒྱུར་བྱས་ནས་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བ་
ཞེས་བྱ་བ་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་འབྲེལ་པ་གང་ཡིན་པ་དེའི་སྟོབས་ཀྱིས་ཏེ། དེའི་རྒྱུས་སྐད་ཅིག་མ་དང་པོ་དེས་དྲངས་ཤིང་སྒྲོ་བཏགས་པའི་མཐུ་ཁྱད་པར་ཅན་སྲེག་ཏུ་རུང་བ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ཉིད་ཡིན་གྱི་རིས་མི་མཐུན་པ་གཞན་དག་ཡང་མ་ཡིན་ཏེ།
ཁྱད་པར་དུ་སྙིང་པོ་བསྲེག་པ་བསྐྱེད་པར་རུང་བའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཉིས་པ་དང་གསུམ་པ་ལ་སོགས་པ་ཡོད་ན་དེའི་ཚེ་རྒྱུ་མེད་པ་ཞིག་ཀྱང་ཞེས་བྱ་བའི་རྒྱུའི་སྐད་ཅིག་མ་རང་གི་ངང་གིས་འཇིག་ན་ཡང་རྒྱུ་དང་འབྲས་བུ་དག་ཅེས་བྱ་བ་མེ་ལྕེ་དང་
སྙིང་པོའི་མཚན་ཉིད་དག་གོ་རིམས་བཞིན་དུ་གང་དུས་མཉམ་དུ་སྲང་མདའི་མཐོ་དམན་དང་འདྲ་བ་སྐྱེ་བ་དང་འཇིག་པ་སྟེ། སྐྱེ་བ་དང་འགག་པ་གང་ཡིན་པ་དེ་དག་ཉེ་བར་དམིགས་པ་ཡིན་པའི་ཕྱིར་ཏེ། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་
པར་ཡང་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཞེས་བྱ་བའི་རིགས་པས་མངོན་སུམ་དང་མི་དམིགས་པ་རྣམ་པ་ལྔ་དག་གིས་མེ་ལྕེ་དང་སྙིང་པོ་དག་འཇུག་པ་དང་ལྡོག་པའི་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་དམིགས་པའི་ཕྱིར་རོ། །ཡང་གང་གི་ཕྱོགས་ལ་ཡང་
དག་པར་ན་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་བ་དེ་ལ་ཡིད་བརྟན་དུ་རུང་བ་མེད་དེ་དེའི་ཕྱོགས་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་རྗེས་སུ་སྦྱར་བར་འདོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །གཞན་དུ་ན་དེའི་ཕྱོགས་ལ་སྣ་ཚོགས་རྒྱུ་མེད་པ་འམ་རྒྱུ་མ་ངེས་པར་འགྱུར་ཏེ་ངེས་པ་མེད་
པའི་ཕྱིར་རོ། །རྣམ་འགྲེལ་མཛད་པས། ཐམས་ཅད་ནུས་པ་མེད་ཅེ་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཇི་ལྟ་དེ་ལྟར་ཟད། །ཅེས་གང་བཤད་པ་དང་། དབུ་མའི་རྒྱན་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིག་པའི་ལམ་

གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེའི་ཕྱིར་རྒོལ་ངན་གནས་མེད་དོ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །པས་ཞེས་བྱ་བ་ལ་སོགས་པས་དཔེས་བསྟན་པའི་བྱང་ཆུབ་དང་མར་མེའི་དཔེའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ཀྱིས་གང་ཡུལ་གཅིག་ལ་ཞེས་བྱ་བ་མར་མེར་གཏོགས་པ་སྲེག་པ་ལའོ། །དེ་ལ་ཉེ་བར་སྦྱོར་བ་ནི་དེའི་རྒྱུ་ཉིད་དུ་ཤེས་པར་བྱེད་པ་ནི་སྟོན་པའོ། །དེ་ལྷུར་ལེན་པ་ནི་དེ་གཙོ་བོར་གྱུར་པས་མར་མེའི་དཔེའི་ཚུལ་དུ་རིག་པས་སོ། །བྱང་ཆུབ་
སྒྲུབ་པར་བྱེད་པ་དངོས་པོ་ཚད་ཡོད་པ་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་མཚན་ཉིད་དམ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མཚན་ཉིད་དོ། །དེར་སྣང་བའི་རྣམ་པར་ཤེས་པ་ནི་མངོན་པར་རྟོགས་པ་བརྒྱད་ལ་སོགས་པར་རྣམ་པར་རྟོག་པའི་སེམས་རྒྱུར་བྱས་པ་ཉིད་ཡིན་པའི་ཕྱིར་
རོ། །སྔ་མ་ལ་བརྟེན་ནས་ཞེས་བྱ་བ་ནི་འདི་ནི་རྐྱེན་ཙམ་ཉིད་ཀྱི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀུན་རྫོབ་ཏུ་རྒྱུར་བྱས་ནས་སོ། །སྣང་བའི་དོན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་གཟུང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་མཚན་
ཉིད་དུ་ངེས་པའི་ཡུལ་ལོ། །དེས་ན་དབེན་པ་ནི་ལྷག་པར་ཁྱད་པར་དུ་འཕགས་པ་སྟེ། ཁམས་གསུམ་པ་ཁྱད་པར་དུ་བྱས་པའི་སྣང་བ་ཉིད་ཀྱིས་ན་ལྷག་པའི་སེམས་ཀྱི་ཁྱད་པར་ཏེ། དེའི་གཉེན་པོའི་མཚན་ཉིད་དེའི་གཉེན་པོར་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་ཞེས་བྱ་
བ་ཕྱིས་འབྱུང་བའི་བྱང་ཆུབ་ལ་རྟོགས་པའི་སེམས་སྐྱེ་བར་གྱུར་པ་ན་བྱང་ཆུབ་ཐོབ་པར་གྱུར་པ་སྟེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པར་རིགས་པ་ཡིན་ཏེ། དབུ་མའི་རྒྱན་ལས། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་
ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་། །ཞེས་ཇི་སྐད་བཤད་པ་དང་། ཡང་དེ་ཉིད་ལས། རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཀུན་རྫོབ་ཏུ་<ན་‚ནི་>མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུག་པ་མེད། །

ཅེས་གང་བཤད་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སྨོས་པ་ཡིན་ནོ། །དེ་ལྟར་མར་
མེའི་དཔེས་ཡང་དག་པར་ན་རྒྱུ་དང་འབྲས་བུ་ཉིད་དུ་མི་རུང་བས་བྱང་ཆུབ་ཀུན་རྫོབ་ཏུ་ཉེ་བར་བསྟན་པ་ཡིན་ལ། གཞན་དག་ཏུ་ཡང་བཅོམ་ལྡན་འདས་ཀྱིས་རྟོགས་པར་དཀའ་བའི་དོན་རྣམ་པ་བརྒྱད་གསུངས་པ་དམ་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཞེས་བསྟན་པར་བྱ་བའི་
ཕྱིར་ཇི་སྐད་སྨོས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྐྱེ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་སྐད་ཅིག་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམས་
པས་རྟོགས་པར་བྱ་བ་ནི་ཐོབ་པར་བྱ་བའོ། །དོན་ཁྱད་པར་དུ་འཕགས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་གང་ཡིན་པའོ། །དེ་སྐྱེད་པ་ནི་གོམས་པར་བྱེད་པའོ། །སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་གིས་ཀྱང་སྔ་མ་བཞིན་དུ་མི་འཐད་ལ་ངོ་བོ་ཉིད་
མེད་པ་ཉིད་ཀྱིས་ཀྱང་སྔ་མ་བཞིན་དུ་མི་འཐད་དོ་ཞེས་བྱ་བ་ནི་རྒྱུ་གཉིས་པ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྔར་ཉེ་བར་བསྟན་པ་དང་བསམ་གྱིས་མི་ཁྱབ་པའི་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་པོའི་ཤེས་པ་ཟབ་པ་ཉིད་ནི་འོག་ནས་བཤད་པའི་དོན་བདུན་ཅར་ལ་
ཡང་སྦྱར་བར་བྱའོ། །རང་བཞིན་གྱིས་དངོས་པོ་མེད་པར་བྱུང་བ་ཉིད་ཀྱིས་ན་ཡང་དག་པར་ན་འགག་པར་མི་འཐད་པས་འགག་པ་དེ་ནི་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་དག་ལ་གོམས་པས་མངོན་སུམ་
དུ་བྱ་བ་དང་ལྡན་པ་ཉིད་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་མི་བྱེད་པ་ཡིན་ཏེ། དེ་ནི་གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྦྱིན་པར་བྱ་བ་ལ་སོགས་པ་རང་བཞིན་མེད་པས་སྦྱིན་པར་བྱ་བ་ལ་སོགས་པར་རྟོག་པའི་སྦྱིན་པ་ལ་སོགས་པ་སྒྲུབ་པ་མི་འཐད་

པའི་ཕྱིར་ཞེས་བྱ་སྟེ་སྦྱིན་པར་བྱ་བ་ལ་སོགས་པའི་གཟུང་བའོ། །དེ་ནི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུང་བར་བྱ་བའི་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པས་དེའི་ཤེས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་
ཤེས་པ་སྟེ། དེ་ནི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྟོང་པ་ཉིད་ཡིན་པས་ན་སེམས་བསྐྱེད་པ་ལ་སོགས་པ་དང་གཞན་དག་ཉམས་སུ་ལེན་པ་མེད་པའི་ཕྱིར་སྤྱོད་པ་ནི་སེམས་བསྐྱེད་པ་ལ་སོགས་པ་ཉམས་སུ་ལེན་པ་ཡིན་ཏེ། དེ་ནི་ཆོས་ཉིད་ཀྱིས་ཞེས་བྱ་
བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཚུལ་རྣམ་པ་གཉིས་སུ་སྣང་བས་གཉིས་སུ་མེད་པར་ཤེས་པ་མིན་པར་མི་འཐད་པའི་ཕྱིར་གཟུང་བ་ལ་སོགས་པ་མེད་པ་ནི་གཉིས་སུ་མེད་པ་སྟེ། དེ་ནི་གཉིས་སུ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་
ཡིན་ནོ། །སྙིང་རྗེ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱིས་ན་སངས་རྒྱས་ལ་སོགས་པ་ཉིད། འཐོབ་པ་མི་འཇིགས་པས་ཐབས་ལ་མཁས་པ་སྟེ། སེམས་མ་ཞུམ་པ་ལ་སོགས་པའོ། །དེ་ནི་ཚོགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་
ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་ནི་ཡང་དག་པར་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའི་ལམ་རྟོགས་པར་དཀའ་བའི་ཤེས་པ་ཉིད་ཡིན་པས་ཤེས་པ་ཟབ་པ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་
ཡིན་ཏེ། འདི་ནི་ཏིང་ངེ་འཛིན་ཐོབ་པ་ཁོ་ནའི་ཡུལ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་དགོངས་པས་ཚུ་རོལ་མཐོང་བས་ནི་འདིར་དད་པ་ཁོ་ན་ལེགས་སོ་ཞེས་བྱ་བར་དགོངས་སོ། །གང་གིས་འདྲེན་པའི་ངེས་འབྱུང་བའི། །དད་པ་གཞོན་པ་མཆོག་
ཡིན་ནོ། །དེ་བས་དད་པའི་རྗེས་འབྲང་ཉིད། །བློ་ལྡན་མི་ཡིས་བརྟེན་པར་གྱིས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །ཆོས་རྣམས་ཞེས་

བྱ་བ་ལ་སོགས་པའི་ལམ་གྱི་དོན་གྱི་འཁོར་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཁོར་བ་དང་རྣམ་པར་བྱང་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པར་གྱུར་པའི་མི་མཐུན་པ་དང་གཉེན་པོ་ནི་གཟུང་བ་ལ་སོགས་པ་དང་ལམ་གྱི་འབྲས་བུར་བརྗོད་པ་གང་ཡིན་
པ་དེ་རྣམས་ནི་སྣང་བརྙན་ཙམ་གྱི་ངོ་བོ་ཉིད་དེ་སེམས་ཙམ་ཉིད་གང་ཡིན་པས་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་ཤིང་ཁོང་དུ་ཆུད་པ་དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་ན་མཉམ་པ་ཉིད་དུ་ལྷག་པར་མོས་པ་ནི་མཉམ་པ་ཉིད་ཡིན་ཏེ།
སློབ་དཔོན་ནཱ་ག་རྫུ་ནའི་ཞལ་སྔ་ནས་ཀྱིས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །རྨི་ལམ་དང་འདྲ་བ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་
པ་ནི་ཀླན་ཀ་ཡིན་ལ། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱ་བའི་བཤད་པ་ནི་ཇི་ལྟར་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེའི་གཞུང་ལུགས་ལའོ། །སྐད་ཅིག་མ་ཉིད་ཀྱིས་
རྒྱུ་མེད་པར་འཇིག་པ་ཡིན་ལ་ཞེས་བྱ་བ་ནི་རལ་གྲིས་བསྣུན་པ་ལ་སོགས་པ་མཐོང་དུ་ཟིན་ན་ཡང་དེ་ལ་མ་ལྟོས་པར་སྲོག་ཆགས་ལ་སོགས་པ་རང་གི་ངང་གིས་འཇིག་པ་ཡིན་ལ། གྲུབ་པའི་མཐའ་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར་རང་གི་
ལས་ཀྱི་སྟོབས་ཀྱིས་སྲོག་གཅོད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ལུང་ཡིན་པས་དོན་དམ་པར་དེའི་ཐ་སྙད་ཀྱི་དབང་གིས་སྲོག་ཆགས་ལ་སོགས་པ་ནི་སྐད་ཅིག་མ་ཉིད་ཀྱིས་འཇིག་པའི་ཕྱིར་དང་། དེ་གསོད་པ་པོ་ལ་སོགས་པ་ཡང་རང་གི་ལས་ཀྱིས་སྤྲུལ་པ་ཡིན་པའི་
ཕྱིར་སྲོག་བཅད་པ་ལ་སོགས་པ་མི་སྲིད་པས་ན་སུས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མ་བླངས་པ་ཡང་མ་ཡིན་ཞེས་བྱ་བ་ཡུལ་མེད་པས་དེ་དགག་པ་ཡང་རིགས་པ་མ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་སུའི་ཡང་བུད་མེད་གང་གིས་ཀྱང་བླངས་པ་མེད་

དོ་ཞེས་བྱ་བ་ལ་སོགས་པའི་ཉེས་པའི་ཕྱོགས་ཀྱི་རྒྱུན་ལ་འཇུག་པ་ན་སྲོག་ཆགས་ལ་སོགས་པ་ལ་དགའ་བའི་དངོས་པོ་ལུས་ལ་སོགས་པ་གཡོ་བ་མེད་པའི་མཚན་ཉིད་གང་ཡིན་པ་དེ་རལ་གྲི་ལ་སོགས་པས་སྐྱེད་པ་ལ་གསོད་པ་ལ་སོགས་པར་རྟོགས་པ་ནི་བདག་གིས་བསད་
དོ། །འདིའི་རྫས་སམ་བུད་མེད་བདག་གིས་བླངས་སོ་ཞེས་བྱ་བ་ལ་སོགས་པར་མངོན་པར་ཞེན་པ་དེ་རྟོགས་པའི་སྒོ་ནས་ཏེ། དེའི་དབང་གིས་སྲོག་གཅོད་པ་ལ་སོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཇི་ལྟ་བུར་ཞེ་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་དང་
ལྡན་པ་ལ་མི་དགེ་བ་ལ་སོགས་པ་དང་འདྲ་བར་ཞེས་བྱ་བ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་ཉིད་དུ་དམ་བཅས་པ་དང་ལྡན་པའི་དགེ་སློང་ལ་ལ་ཞིག་ལ་ལན་འགའ་ཞིག་ཏུ་བུད་མེད་འགའ་ཞིག་མཐོང་བས་ནུ་མ་སྲ་ཞིང་མཁྲང་ལ་རྒྱས་པ་མཉེ་བ་ལ་སོགས་པའི་བསམ་པ་
སྔོན་དུ་འགྲོ་བས་ཕྲད་པ་ན་འཁྱུད་པ་ལ་སོགས་པས་ཉམས་པས་རྩ་བའི་ལྟུང་བའི་མཚན་ཉིད་ཅན་གྱི་མི་དགེ་བར་འགྱུར་བ་ཡིན་ལ། སོགས་པའི་སྒྲས་ནི་དེའི་མོད་ལ་དགེ་འདུན་ལ་འཆབ་པ་མེད་པས་དེ་ལ་མཐོལ་བ་སྔོན་དུ་འགྲོ་བས་དགེ་སློང་ཉིད་འཐོབ་པའི་ཕྱིར་དགེ་བ་ཡིན་
ལ་དེ་ཉིད་གཉིད་ཀྱིས་ལོག་པ་ནི་ལུང་དུ་མ་བསྟན་པ་རྣམ་པར་གཞག་པ་དང་འདྲའོ། །ཅིའི་ཕྱིར་དོན་དམ་པར་ཡོད་པར་སྨྲ་བའི་གཞུང་གི་ཕྱོགས་ལྟར་ན་ཇི་ལྟར་སྐད་ཅིག་མ་ཉིད་ཀྱིས་ན་མི་དགེ་བ་ལ་སོགས་པའི་སྐད་ཅིག་མ་འཇིག་པའི་ཕྱིར་དང་། ལས་ལས་སྐྱེས་པ་ཉིད་ཡིན་པའི་
ཕྱིར་དེ་བྱེད་པ་མི་དགེ་བ་ལ་སོགས་པ་མེད་དོ། །ཡང་ན་དགེ་བ་ལ་སོགས་པ་དང་འགལ་བ་མི་དགེ་བ་ལ་སོགས་པ་རྟོག་པ་དགེ་སློང་དེའི་གནས་སྐབས་སུ་འཇོག་པ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་དངོས་པོ་རྨི་ལམ་དང་འདྲ་བ་ལ་ཡང་ཞེས་བྱ་བ་ཆོས་ཐམས་ཅད་དངོས་པོ་
མེད་པ་ལ་དེ་དང་མཐུན་པ་སྟེ། རང་བཞིན་གྱིས་སྟོང་པའི་དོན་གྱི་སྲོག་ཆགས་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ལ་གང་དངོས་པོར་མངོན་པར་ཞེན་ཅིང་དངོས་པོ་ལ་མངོན་པར་ཆགས་པའོ། །སོགས་པའི་སྒྲས་ནི་བདག་གིས་རལ་གྲི་ལ་སོགས་པས་བསད་དོ་ཞེས་བྱ་བ་ལ་སོགས་

པ་མངོན་པར་ཞེན་པ་གང་ཡིན་པ་དེའི་དབང་གིས་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་བདག་མེད་པ་ལ་ལྷག་པར་མ་མོས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་གོ་ཞེས་བྱ་བ་ལ་སོགས་པའི་ལན་ཡིན་ལ་དེ་དང་དེ་ཕྱོགས་
གཞན་ལས་གསུངས་པ་ནི་མདོ་སྡེ་ལས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འདིར་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པས་ཐམས་ཅད་དུ་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་སྟེ། སོ་སོར་རྟོགས་པ་དང་ལྡན་པ་རྣམས་ཀྱི་ཇི་སྲིད་དེ་ཡོད་པ་དེ་སྲིད་
བྱང་ཆུབ་པའི་བར་དུ་མི་དགེ་བ་སྤངས་ལ་ངེས་པར་དགེ་བར་བྱའོ་ཞེས་བྱ་བར་དགོངས་སོ། །སྟོང་ཉིད་དོན་ནི་མི་ཤེས་པར། །ཐོས་པ་རྣམས་ལ་འཇུག་བྱེད་ཅིང་། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་བྱ་བ་ལ་སོགས་པ་གང་དག་བཤད་པ་ནི་ལན་ཡིན་ནོ། །སོགས་པའི་
སྒྲས་བསྡུས་པའི་ལན་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་ཡང་ཞེས་བྱ་བ་ནི་ལན་གཞན་བསྡུས་པ་ཡིན་ནོ། །རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །ཞེས་བྱ་བ་གང་གི་ཕྱིར་གཉིད་ཅེས་བྱ་བའི་ལེ་ལོའི་ཁྱད་པར་གྱིས་སྒྲིབ་པར་བཤད་པས་
ཉམས་ཤིང་མི་གསལ་བར་གྱུར་པའི་སེམས་ནི་རྒྱུ་དེས་རྨི་ལམ་སྟེ་གཉིད་ཀྱིས་ལོག་པའི་གནས་སྐབས་སུ་སྲོག་གཅོད་པ་ལ་སོགས་པའི་ཤེས་པ་དང་འབྲས་བུ་འདྲ་བ་མ་ཡིན་ཏེ། གཉིད་མ་ལོག་པའི་གནས་སྐབས་དང་མཚུངས་པ་མི་དགེ་བ་ལ་སོགས་པའི་འབྲས་བུ་རྣམ་པར་
གཞག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་རྨི་ལམ་ན་ཡང་སེམས་གསལ་བར་གྱུར་ན་དེའི་ཚེ་གཉིད་མ་ལོག་པའི་གནས་སྐབས་དང་འདྲ་བར་སྲོག་གཅོད་པ་ལ་སོགས་པ་ཁུ་བ་བྱུང་བ་དང་འདྲ་བར་དེ་ཡང་རྣམ་པར་གཞག་པ་ཉིད་ཡིན་ཏེ། དངོས་པོ་ལ་སོགས་
པ་ལ་མངོན་པར་ཞེན་པར་མཉམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་དཔེ་མ་གྲུབ་པོ་ཞེས་བྱ་བ་རྨི་ལམ་གྱི་དཔེ་ནི་གཉིད་མ་ལོག་པའི་གནས་སྐབས་སུ་མི་དགེ་བ་ལ་སོགས་པ་མེད་པར་སྒྲུབ་པ་མ་ཡིན་ནོ། །ལན་གྱི་རྣམ་པ་གཞན་ནི་དེ་བཞིན་དུ་ཞེས་བྱ་བ་ལ་

སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་གཉིད་མ་ལོག་པའི་གནས་སྐབས་དེ་དང་འདྲ་བར་རྨི་ལམ་ན་དགེ་བ་དང་མི་དགེ་བའི་སྤྱད་པ་ནི་ཞེས་བྱ་བ་རྨི་ལམ་དུ་དགེ་བ་ལ་སོགས་པ་བྱས་པ་སད་པའི་གནས་སྐབས་ན་ལྡང་བའི་གནས་སྐབས་སོ། །ཐོལ་ལེ་བྱས་སོ་
ལེགས་པ་བྱས་སོ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བས་དགེ་བ་ལ་སོགས་པ་ལ་དགའ་བ་ཡིན་པའི་ཕྱིར་རོ། །རྗེས་ཀྱི་གནས་སྐབས་ཀྱི་སེམས་ནི་དེའི་ཕྱི་མར་གྱུར་པའི་སེམས་ཀྱིས་མངོན་པར་ཞེན་པའི་གསོས་ནི་འཕེལ་བ་གང་ཡིན་པ་སྟེ། །དེ་ཡོངས་སུ་གསོས་པ་ནི་དགེ་བ་ལ་
སོགས་པ་འཕེལ་བར་རྣམ་པར་གཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཕྱིར་ཡང་དཔེ་མ་གྲུབ་པས་ཞེས་བྱ་བ་ནི་རྨི་ལམ་གྱི་དཔེ་གཉིད་མ་ལོག་པའི་གནས་སྐབས་སུ་མི་དགེ་བ་ལ་སོགས་པ་མེད་པ་གྲུབ་པ་མ་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་
ཞིང་རྣམ་པར་དག་པའི་འགྲེལ་པ་ནི་གོ་སླའོ། །དེའི་ཡུལ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ནི་བར་ཆད་ཀྱི་ཆོས་ལས་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པ་ཡིན་ཏེ། བར་ཆད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་བཟུང་བའི་ཆོས་
རྣམས་ཡོད་པར་ལྟ་བ་ལས་ནི་བདུད་ལ་སོགས་པ་འབྱུང་ལ་དེ་མེད་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པས་བདག་མེད་པར་བསྒོམ་པ་གོམས་པར་བྱས་པ་ནི་ཐམས་ཅད་མཉམ་པ་ཉིད་ཡིན་པས་
གང་དུ་ཡང་མངོན་པར་ཞེན་པ་མེད་པ་མ་ཡིན་པའི་ཕྱིར་རོ། །སྨོན་ལམ་ལས་གྲུབ་པས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་གོ་ཆ་བགོས་པ་ཡིན་པའི་ཕྱིར་རོ། །དཀའ་བ་སྤྱད་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ནི་གཏོང་བ་དང་གཏོང་བ་
ཆེན་པོ་དང་ཤིན་ཏུ་གཏོང་བ་ལ་གོམས་པ་ཡིན་པའི་ཕྱིར་རོ། །ཆོས་དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་པས་ཐམས་ཅད་དུ་བསམ་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་ཞེས་བྱ་བ་ལ་སོགས་པར་ནི་སྟོང་པ་ཉིད་དང་མཚན་མ་མེད་

པ་དང་སྨོན་པ་མེད་པའི་ཐབས་ལ་གོམས་པ་ཡིན་པའི་ཕྱིར་རོ། །འདྲི་བ་སྔོན་དུ་བཏང་བ་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པའི་རྗེས་ཐོགས་ལ་ཆོས་སྟོན་པའི་ཕྱིར་རོ། །ཡུལ་ཐམས་ཅད་ཤེས་པ་ཉིད་དང་བྱམས་པ་ལ་སོགས་པ་ཚད་མེད་པ་ལ་མཁས་
པའི་ཕྱིར་ཏེ། སྒྲ་རྣམས་ལས་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་ཡུལ་ཞེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་མི་རྟོག་པའི་བདག་ཉིད་ཅན་ནི་རྣམ་པ་བཅུ་སྟེ་རྣམ་གྲངས་བཅུ་ཡིན་པ། དེའི་ཡུལ་ནི་སྤྱོད་
ཡུལ་མངོན་སུམ་དུ་བྱ་བ་ནི་གང་བདག་ཉིད་ཀྱི་མངོན་སུམ་དུ་བྱ་བ་སྟེ། དེའི་དུས་དང་དུས་མ་ཡིན་པ་ཤེས་པ་ནི་རིགས་པ་དང་མི་རིགས་པའི་དུས་ཤེས་པའི་སྦྱོར་བ་ནི་བསམ་པའི་ཁྱད་པར་རོ། །ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ལམ་རྣམ་པ་བཅུ་ལ་བྱང་བའོ། །འདིའི་
ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་གནས་པའི་དོན་གྱིས་ཤེས་པར་བྱའོ། །ཡང་ཐམས་ཅད་མཁྱེན་པ་གསུམ་དང་། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་དུ་བཤད་པའི་རྣམ་
པས་རྣམ་པའི་ཡུལ་སོ་སོར་ངེས་པ་ཡིན་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་འདི་རྣམ་པ་མ་ལུས་པའི་ཡུལ་ཡིན་ནོ་ཞེས་འདོད་དོ་གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་ཅན་དུ་རྣམ་པར་བཞག་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་
པ་ནི་སྦྱོར་བ་ཅན་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་རྣམ་པར་གཞག་པས་རབ་ཏུ་ཕྱེ་བ་ཡིན་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་དེ་ལྟ་བུ་མ་
ཡིན་ནོ་ཞེས་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་པར་དཀའ་བའི་སྣང་བ་མདོར་བཤད་པ་ཆོས་ཀྱི་གྲགས་པས་བྱས་པ་ལས་སྐབས་བཞི་པའི་འགྲེལ་པའི་

བཤད་པའོ།། །།གང་དུ་འབད་པ་མེད་པར་དྲན་པ་མེད་པ་དེར་ནི་འབད་པས་བསམ་པར་བྱའི་གཞན་དག་ཏུ་ནི་མ་ཡིན་ཏེ། དེ་ནི་ལྷུན་གྱིས་གྲུབ་པར་གནས་པ་ཡིན་པའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སེམས་བསྐྱེད་པ་ལ་སོགས་
པ་བསྒོམ་པའི་རིམ་གྱིས་གང་དུ་རྩོལ་བ་མེད་པ་དེར་ནི་རྩོལ་བ་དོར་བར་བྱ་ལ། གང་དུ་དེ་མེད་པ་དེར་ནི་རྩོལ་བ་བྱའོ། །དེ་ལྟར་སྐབས་རྣམ་པ་བཞིའི་དོན་བསྒོམས་པས་རྣམ་པ་ཐམས་ཅད་དང་ལམ་དང་གཞིའི་སྐྱེ་བ་མེད་པར་ཤེས་པ་དང་ལྡན་པར་བཤད་པའི་རིམ་གྱིས་
བསྒོམ་པར་བྱ་བའི་དོན་དུ་ཡང་དེ་ལས་རབ་ཀྱི་མཐར་ཕྱིན་པའི་ལམ་རྟོགས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རྣམ་པ་ཀུན་དུ་མངོན་པར་རྫོགས་པར་རྟོགས་པ་ལས་ཞེས་བྱ་བ་སྨོས་ཏེ། རྣམ་པ་ཐམས་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་ཤེས་པ་དང་ལྡན་པ་
ལས་ཅིར་འགྱུར་ཞེ་ན། རབ་ཀྱི་མཐར་ཕྱིན་པར་རྟོགས་པ་འབྱུང་ངོ་ཞེས་བྱ་བ་ཡིན་ཏེ། འདི་ལ་རབ་ཀྱི་མཐར་ཕྱིན་པར་རྟོགས་པ་ཡོད་པ་སྟེ། རྩོལ་བ་དང་མི་རྩོལ་བ་དག་གི་རྩེ་མོའི་མངོན་པར་རྟོགས་པ་བསྒོམས་པས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་
ནི་ལྷག་མའོ། །རྩེ་མོའི་མངོན་པར་རྟོགས་པ་ལས་དང་པོར་རྟགས་ལ་སོགས་པ་བཤད་པའི་རྒྱུ་གོ་སླ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྨི་ལམ་ན་ཡང་ཞེས་བྱ་ལ་སོགས་པའི་རྟགས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ཤིན་ཏུ་གོམས་པའི་ཕྱིར་
ཞེས་བྱ་བ་ལ་སོགས་པ་ནི་གུས་པ་དང་བཅས་པ་ལ་སོགས་པས་བདག་མེད་པའི་ལམ་བསྒོམས་པ་ན་ཉུང་ཟད་ཙམ་གྱི་རབ་ཀྱི་མཐུས་གཉིད་མ་ལོག་པའི་གནས་སྐབས་སུ་མཐོང་བ་ཉིད་ཀྱིས་ན་གཟུགས་ལ་སོགས་པའི་ཆོས་རྣམས་རྨི་ལམ་དང་སྒྱུ་མ་ལ་སོགས་པར་མཐོང་བར་
མ་ཟད་ཀྱི་གཞན་དུ་ན་གཉིད་ཀྱིས་ཉམས་པའི་གནས་སྐབས་སུ་ཡང་མཐོང་བའི་ཕྱིར་རོ། །དེའི་རྗེས་ལ་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་བློ་རབ་མཆོག་ཡོད་པས་ལམ་གཞན་སྙིང་པོ་མེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་

ལ་སོགས་པ་ནི་དེ་བཞིན་དུ་རང་གི་སེམས་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐ་མི་དད་པར་མཐོང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ལུས་ལ་སོགས་པ་ཡང་བས་རང་དང་གཞན་གྱི་སྒྲུབ་པ་
དང་འཚམ་པའི་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་མཐོང་བའི་ཕྱིར་རོ། །ཆོས་སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་དམན་པ་ཉིད་ཀྱིས་ན་སྨད་དེ། སྤོང་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དམྱལ་བ་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་རང་གི་སེམས་དག་
པས་རང་གི་སངས་རྒྱས་ཀྱི་ཞིང་དག་པ་ཡིན་ལ། དེ་དྲན་པས་དམྱལ་བ་ལ་སོགས་པ་དག་པ་ཡིན་ཏེ། རང་གི་སེམས་ལས་ཐ་དད་པ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་ལ་བསླབས་པས་ནུས་པ་བསམ་
གྱིས་མི་ཁྱབ་པ་རྫོགས་པ་ཡིན་པའི་ཕྱིར་རོ། །གནོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་གཟུང་བ་ལ་སོགས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །རང་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་ཁྱད་པར་དུ་འཕགས་པ་ལ་བརྩོན་
པ་ཉིད་བདུད་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ཡང་དག་པའི་དགེ་བའི་བཤེས་གཉེན་བརྟེན་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་དུ་རྟག་པ་དང་བདག་ལ་སོགས་པ་དག་སྙིང་པོ་མེད་པ་ཉིད་ཀྱིས་ན་ཕྱི་དང་ནང་གི་མུ་སྟེགས་
པའི་སྐྱེ་བོ་ཚར་བཅད་པས་ཕུལ་དུ་བྱུང་བའི་དོན་དང་གཞུང་གི་ཁྱད་པར་དུ་འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེའི་དོན་ལ་སློབ་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་གཟུང་བ་ལ་སོགས་པའི་བསམ་པ་མེད་པའི་ཕྱིར་
རོ། །སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་བསམ་པ་དྲི་མ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིའོ། །རྟགས་

ཡིན་ནོ་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པའི་རྣལ་འབྱོར་པས་མཚན་མ་ལ་སོགས་པ་སྟེ། འདིར་ཞུམ་པའི་སེམས་ནི་གཟུང་བར་བྱ། །རྒོད་པ་ཡང་ནི་ཞི་བར་བྱ། །ཞེས་སྨོས་པས་བསྒོམ་པ་ཐམས་ཅད་ལ་ཞུམ་པའི་སེམས་ནི་སྣང་བ་ཡིད་ལ་བྱེད་པས་སོ། །འདོད་ཆགས་དང་
རྣམ་པར་རྟོག་པ་དག་གིས་རྒོད་པ་ལ་ནི་གོ་རིམས་བཞིན་དུ་མི་སྡུག་པ་དང་། དབུགས་བགྲང་བ་དྲན་པའི་བསམ་གཏན་དག་གིས་བཟློག་པར་བྱ་བར་ཤེས་པར་བྱའོ། །འཛམ་བུའི་གླིང་གི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་འཛམ་བུའི་གླིང་ལ་སོགས་པར་སྐྱེས་པའི་
སྐྱེ་བོ་རྣམས་ནི་འཛམ་བུའི་གླིང་གི་སྐྱེ་བོ་སྟེ། དེ་རྣམས་ཇི་སྙེད་ཡོད་པ་གྲངས་དེ་སྙེད་ཀྱི་སངས་རྒྱས་གང་ཡིན་པ་དེ་རྣམས་ལ་མཆོད་པ་ནི་ཡིད་དགའ་བ་སྐྱེད་པར་བྱེད་པའོ། །དགེ་བ་ལ་སོགས་པ་ནི་བསོད་ནམས་ཀྱི་མཆོག་གོ། དཔེར་མཛད་ནས་ནི་རྣམ་མང་དུ། །ཞེས་
བྱ་བ་ནི་མེ་ཏོག་དང་སྤོས་ལ་སོགས་པ་རྣམ་པ་མང་པོ་ཉིད་ཀྱིས་ཡང་དང་ཡང་དུ་སྟེ། དེ་ཉིད་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མས་ཕན་ཚུན་དཔེར་མཛད་ནས་གོང་ནས་གོང་དུ་རྣམ་པར་འཕེལ་བའི་རིམ་གྱིས་བསོད་ནམས་འཕེལ་བའི་བདག་ཉིད་ཅན་བཅུ་དྲུག་ཡིན་ནོ། །གླིང་བཞི་པ་
དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཛིན་ཅིང་འབྱུང་བ་ཡིན། །
ཞེས་འབྱུང་བས་དེའི་དོན་ནི་འདི་ཡིན་ཏེ། ཚིག་ལེའུར་བྱས་པ་ལས་འཛམ་བུའི་གླིང་སྨོས་པ་ནི་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་འཛམ་བུའི་གླིང་ལ་སོགས་པས་འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་།
ཟླ་བ་ལ་སོགས་པ་དང་བཅས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ན་སེམས་ཅན་གང་ཡིན་པ་དེ་ཉིད་ཀྱི་གྲངས་དང་ལྡན་པའི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་རྣམས་ལ་མཆོད་པ་ནི་རྣམ་པར་འཕེལ་བ་དང་པོ་ཡིན་ནོ། །ཁྱད་པར་དུ་

ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འཕེལ་བ་རྣམ་པ་བདུན་དུ་བཤད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གསུམ་མོ། །དེ་ཡིད་ལ་བྱེད་པ་ནི་བསྒོམ་པ་ལ་སོགས་པ་རྟེན་པའོ། །མི་སྐྱེ་བ་ནི་ཆོས་རྣམས་ཀྱི་སྐྱེ་བ་མེད་པ་སྟེ།
དེ་ལ་བཟོད་པ་ནི་སྲེད་པ་སྟེ་དེ་ཐོབ་པའོ། །བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་མི་དམིགས་པ་ནི་ཤེས་བྱ་ལ་སོགས་པ་མི་དམིགས་པའོ། །ཁྱད་པར་ཅན་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་དགེ་བ་བཅུ་ལ་སོགས་པ་དང་། །གཟུགས་
མེད་པའི་སྙོམས་པར་འཇུག་པ་བཅུ་སྟེ། དེ་དག་ཐོབ་པའོ། །ལྷའི་རིས་ཐམས་ཅད་དུ་ཉེ་བར་འགྲོ་བ་ནི་ལྷ་ལ་སོགས་པ་བསྡུས་པར་རྟོགས་པར་གཞན་གྱི་དོན་གྱི་ཕྱིར་འགྲོའོ། །བདུད་ཐམས་ཅད་ནི་དབང་པོ་ལ་སོགས་པའོ། །དེ་རྣམས་ཟིལ་གྱིས་གནོན་པ་ནི་མངོན་པར་ཤེས་པས་
ནུས་པ་མེད་པར་བྱས་པས་སོ། །སྟོན་པ་དང་འདྲ་བའི་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དང་མཚུངས་པར་གནས་པ་ནི་བྱ་བ་དེ་ཉིད་ཉམས་སུ་ལེན་པའོ། །ཡང་བསོད་ནམས་ནི་རྣམ་པ་བརྒྱད་དེ་ཞེས་འོག་མ་དང་སྦྱར་རོ། །དེ་ནི་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་
སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པ་ནི་དད་པ་ལ་སོགས་པས་སོ། །བསླབ་པ་ཡོངས་སུ་དག་པ་ནི་བདག་མེད་པས་ཟིན་པའི་སྦྱིན་པ་ལ་སོགས་པའོ་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་ནི་ཉན་ཐོས་ལ་སོགས་པའི་རིགས་འཇོམས་པའོ། །
འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་ནི་སེམས་སྐྱེད་པ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པའོ། །དེ་དང་མི་མཐུན་པའི་ཕྱོགས་ནི་སེར་སྣ་ལ་སོགས་པ་སྟེ་དེའི་སེམས་མི་སྐྱེད་པའོ། །གཟུགས་ལ་སོགས་པ་དང་ལྡན་པར་རྟོག་པ་ནི་མིག་
གི་རྣམ་པར་ཤེས་པ་ལ་སོགས་པ་ལའོ། །དེ་རབ་ཏུ་མི་སྐྱེད་པ་ནི་ཤེས་བྱ་རང་གི་སེམས་ཀྱི་རྣམ་པ་ཉིད་ཡིན་པར་མཐོང་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་སྟེ། དེའི་ཀུན་བསྡུས་པ་ནི་སྦྱིན་པ་ལ་སོགས་པ་རེ་རེ་ལ་སྦྱིན་པ་ལ་སོགས་པ་ཐམས་ཅད་ཁོངས་སུ་

འདུས་པའོ། །དེའི་ཤེས་པ་ནི་རྟོགས་པའོ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དག་གོ། །དེ་ཐོས་པ་ནི་རབ་ཏུ་རྙེད་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་དང་ཉེ་བར་གྱུར་པ་གཟུང་བ་ལ་སོགས་
པའི་ལྟ་བ་དང་བྲལ་བས་ཐག་ཉེ་བའོ། །འཛམ་བུའི་གླིང་གི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་རྣམ་པར་འཕེལ་བས་རྣམ་པར་སྤེལ་བའོ། །བཤད་མ་ཐག་པའི་བསོད་ནམས་རྣམ་པར་འཕེལ་བ་རྣམ་པ་བཅུ་དྲུག་མཐར་ཕྱིན་པའི་དབང་དུ་གྱུར་པ་ནི་མངོན་སུམ་དུ་གྱུར་པས་རྟོགས་པ་
ཡིན་ལ་དེ་ཉིད་ནི་མཐར་ཕྱིན་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེའི་མཚན་ཉིད་རྣམས་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ངེས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པ་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ཏེ། ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི། <ད་‚དེ་>ལྟར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་ནུས་པས་སོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་བསོད་ནམས་ཀྱི་རིམ་པས་
རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན་འཚང་རྒྱ་བ་ཉིད་ནི་ཐམས་ཅད་དུ་རྒྱུན་མི་འཆད་པར་གཞན་གྱི་དོན་གྱི་སྙིང་རྗེ་དང་བྱམས་པ་ལ་སོགས་པ་སྟེ། དེ་རྣམས་མངོན་སུམ་དུ་བྱེད་པའི་ངོ་བོ་དེའི་དབང་དུ་གྱུར་པ་སྟེ། དེས་ན་དེའི་དབང་གིས་སེམས་ཅན་གྱི་དོན་ཡོངས་སུ་མི་
གཏོང་བའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་དུ་རྒྱུན་མི་འཆད་པར་གཞན་གྱི་དོན་གྱི་རྒྱུ་ཡིན་ནོ། །ཇི་སྐད་བཤད་པ་ཞེས་བྱ་བ་ལ་སོགས་པ་ལ་བྱ་བ་མེད་པ་ཉིད་ཡིན་ན་ཡང་བསོད་ནམས་ཀྱི་དབང་གིས་གཞན་གྱི་དོན་ལས་མི་ལྡོག་པས་བདག་མེད་པ་བསྒོམ་པ་དང་ལྡན་པ་རྣམས་ཀྱིས་བྱང་ཆུབ་
ཐོབ་ན་ཡང་བསོད་ནམས་ཀྱི་བྱ་བ་ལ་འབྲས་བུ་དང་བཅས་པ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །དེ་ལྟར་ངེས་པས་གཏན་ལ་ཕབ་པའི་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒྲུབ་པས་རྫོགས་པར་གྱུར་པ་ནི་བསྟན་པར་འགྱུར་བ་སྟེ། དེ་ཉིད་དུ་བརྟན་པོར་འགྱུར་བ་

དེའི་མཚན་ཉིད་ཅན་གྱི་སེམས་ཀུན་ཏུ་གནས་པ་ནི་སྔར་བཤད་པའི་རྣམ་པར་མི་རྟོག་པའི་སེམས་ཡོངས་སུ་མི་འདོར་བའོ། །སེམས་ཀུན་ཏུ་གནས་པ་ནི་གླིང་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གླིང་བཞི་པ་ནི་གླིང་བཞི་པ་དང་ཟླ་བ་ལ་
སོགས་པ་སྟེ། དེ་དང་ལྡན་པའི་སྟོང་དང་སྟོང་གཉིས་པ་དང་། སྟོང་གསུམ་ནི་སྔར་བཤད་པའོ། །དེ་དག་དཔེར་མཛད་ནས་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཞེས་བྱ་བ་ནི་ལྷག་མའོ། །དེ་བསོད་ནམས་མང་བ་ཉིད་ཀྱིས་ན་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སེམས་
ཀུན་ཏུ་གནས་པ་ཡིན་ནོ་ཞེས་ཡོངས་སུ་བསྒྲགས་སོ། །ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི། ལུགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྲིད་པ་བཟུང་ན་ཞེས་བྱ་བ་ནི་ཚད་ཡོད་པ་སྲིད་ན་དངོས་པོ་སྲང་ཚད་ཀྱིས་གཞལ་བར་ནུས་ཀྱི་ཞེས་བྱ་བའི་ཚུལ་གྱིས་
ཚུ་རོལ་མཐོང་བ་རྣམས་ཀྱི་ཚད་མས་གཞལ་བར་མི་ནུས་ཀྱི། འོན་ཀྱང་ཐམས་ཅད་མཁྱེན་པ་ཚད་མར་བྱས་ནས་གཞལ་ཞིང་ཡོངས་སུ་བརྟགས་པ་ཡིན་པའི་ཕྱིར་སེམས་ཀུན་ཏུ་གནས་པ་རྣམ་པར་གཞག་པའི་དོན་ཡིན་ནོ་ཞེས་འདིར་ཡང་ཤེས་པར་བྱའོ། །དེ་ནི་གླིང་བཞི་
པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གླིང་བཞི་པ་ལ་སོགས་པ་དང་ལྡན་པའི་སྟོང་གསུམ་པ་སྟེ། སྟོང་དང་སྟོང་གཉིས་པ་དང་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་རྣམས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་སྦྱིན་པ་ལ་སོགས་པ་
རྣམས་སོ། སོགས་པའི་སྒྲས་ནི་སྙིང་རྗེ་ལ་སོགས་པའི་ཚོགས་རྣམས་སོ། །དེའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་མཐའ་ཡས་པ་གང་ཡིན་པ་དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་གང་ཡིན་པ་དེ་སོ་སོར་རེ་རེ་ནས་དཔེ་སྟེ་ཆ་འདྲ་བར་མཛད་ནས་དེ་དག་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་
འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་གྲངས་མེད་པའི་བསོད་ནམས་གང་ཡིན་པ་དེའི་རྒྱུས་ཏིང་ངེ་འཛིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་སྙིང་རྗེ་ལ་སོགས་པའི་སྟོབས་ལས་གྱུར་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་བསོད་ནམས་དང་ཡེ་ཤེས་ཚད་མེད་

པ་ལས་ཡང་དག་པར་སྐྱེས་པ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་བརྟན་པའི་རྒྱུ་ཅན་སེམས་རྩེ་གཅིག་པ་ཉིད་དེ། དེའི་མཚན་ཉིད་ཅེས་བྱ་བ་དེའི་ངོ་བོ་ཉིད་ནི་སེམས་ཀུན་དུ་གནས་པས་ཞེས་བྱ་བར་བཤད་དོ། །བཤད་མ་ཐག་པའི་རྣམ་པར་མི་རྟོག་པའི་སེམས་རྒྱུན་
གྱིས་འཁོར་བ་ཇི་སྲིད་པར་གནས་པ་ཡིན་ལ། གཞན་དག་ཏུ་ནི་འདུལ་བའི་དབང་གིས་འཚེ་བ་མེད་པ་ཉིད་དང་། ཡང་དག་པའི་དོན་ཡིན་པ་ཉིད་དང་། དེའི་ཕྱོགས་སུ་ལྟུང་བར་བཤད་པ་ཉིད་དོ། །གཞན་དུ་ན་སྨོན་ལམ་གྱི་དབང་དུ་བྱས་པའི་སེམས་ནི་ཉོན་མོངས་པ་ལ་སོགས་པས་
ལྡོག་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ཡང་ཚད་མ་རྣམ་འགྲེལ་མཛད་པས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློག་སྟེ། །བློ་ནི་དེའི་ཕྱོགས་འཛིན་ཕྱིར་རོ། །ཞེས་བཤད་པ་ཡིན་ནོ། །རྟགས་དང་
རྣམ་པར་འཕེལ་བ་དང་། ངེས་པ་དང་སེམས་ཀུན་དུ་གནས་པ་ནི་འདིར་དྲོ་བ་ལ་སོགས་པའི་རང་བཞིན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པར་བཤད་ལ། དེ་ནི་རྟགས་ལ་སོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཇུག་པ་དང་ནི་ཞེས་བྱ་བ་ལ་སོགས་
པའི་ཚིག་ལེའུར་བྱས་པའི་དོན་ནི་འཇུག་པ་དང་ནི་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པ་ཡིན་ཏེ། གོ་རིམས་བཞིན་དུ་མི་དམིགས་པའི་ངོ་བོ་ཉིད་ཀྱི་འཇུག་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཡིན་ཏེ་ངོ་བོ་ཉིད་ལ་སོགས་པའོ། །དམིགས་པའི་ངོ་བོ་ཉིད་ལྡོག་པ་ནི་ཉན་ཐོས་
ལ་སོགས་པའི་ཆོས་ཡིན་ཏེ། སྲིད་པ་དང་ཞི་བར་ལྟུང་བ་ཡིན་པའི་ཕྱིར་རོ། །དེ་ནི་ལེན་པ་དང་དོར་བའི་སྒོ་ནས་བཟུང་བ་སྟེ། དམིགས་པར་བྱ་བ་དག་གོ། །དེ་ལྟར་ན་གཟུང་བའི་རྣམ་པར་རྟོག་པ་ཁོ་ན་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་དངོས་པོ་དང་མ་འབྲེལ་བར་
འཇུག་པ་ཉིད་ཀྱིས་ཞེས་སྨོས་པ་ཡིན་ཏེ། སྤྱིའི་ཡུལ་ཡིན་པ་ཉིད་ཀྱིས་མདོ་སྡེ་པ་ལ་སོགས་པས་སྦྱར་བའི་ཤ་ཟ་སྙམ་པ་ལ་སོགས་པ་ཕྱིའི་ཡུལ་དང་འབྲེལ་བ་ཉིད་ནི་མི་འཐད་པ་ཡིན་པས་སོ། །དེ་ཉིད་ཀྱིས་ན་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཏེ། །ཕྱིའི་ཚུལ་གྱིས་སྤྱིའི་ངོ་བོ་ལ་སོགས་

པའི་རང་བཞིན་གྱི་རང་གི་རྣམ་པར་འཛིན་པ་ཡིན་པའི་ཕྱིར་བརྫུན་པར་ཤེས་པ་ཡིན་པས་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་སྟེ། བརྫུན་པའི་ཡུལ་གྱི་བདག་ཉིད་ཅན་དག་གི་ཡུལ་གྱི་དབྱེ་བས་རྣམ་པར་བརྟགས་པའི་རང་བཞིན་ལ་སོགས་པ་ནི་
ཡུལ་སྣ་ཚོགས་པ་ཉིད་ལ་སོགས་པའོ། །ཉོན་མོངས་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་ཉོན་མོངས་པར་བྱེད་པ་ཡིན་པའི་ཕྱིར་རོ། །སེམས་ཅན་རྫས་དང་ཞེས་བྱ་བ་ལ་སོགས་པའི་འཛིན་པའི་ཚིག་ལེའུར་བྱས་པ་ནི་སོ་སོའི་སྐྱེ་བོ་དང་ཞེས་བྱ་བ་ལ་སོགས་པས་
རྣམ་པར་འགྲེལ་ཏེ། གོ་རིམས་བཞིན་དུ་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པའི་སྐྱེས་བུ་རྫས་དང་བཏགས་པར་ཡོད་པ་དེ་དག་ནི་ཡང་དག་པ་དང་ཐ་སྙད་ཉིད་དུ་བཏགས་པ་ཡིན་ལ། དེའི་རྟེན་ཅན་ནི་དེ་ལ་གནས་པའི་འཛིན་པ་དག་སྟེ། དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་
དག་ནི་རྣམ་པར་རྟོག་པ་ཉིད་འཛིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་གང་གི་ཚེ་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེས་བུ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་ཅིང་དམིགས་པར་གཏོགས་པའི་གཟུང་བའི་དོན་དག་སྟེ། འོག་ནས་བཤད་པའི་ཡུལ་དག་ཇི་
ལྟར་དེ་དག་གིས་ཡོངས་སུ་བཏགས་པ་དེ་བཞིན་དུ་གང་གི་ཚེ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱིའི་གཟུང་བ་ཉིད་འཛིན་པའི་རྒྱུ་ཉིད་ཀྱིས་ན་དེ་དག་འཛིན་པ་ཉིད་དུ་མི་འཐད་དོ་ཞེས་བྱ་བའི་རྒྱུ་དེས་ན་དེའི་ཚེ་གང་གི་འཛིན་པར་འདོད་ཅེས་སྔ་མ་དང་སྦྱར་རོ། །དེ་ལྟར་ཕྱིའི་
གཟུང་བའི་འབྲས་བུ་ཉིད་ཀྱི་མཚན་ཉིད་འཛིན་པ་ཉིད་མི་འཐད་པས་འཛིན་པའི་ངོ་བོས་སྐྱེས་བུ་རྫས་སུ་ཡོད་པ་དང་བཏགས་པར་ཡོད་པ་དག་གིས་དབེན་ཞིང་མེད་པའི་ངོ་བོ་ཡིན་པས་ཕྱིན་ཅི་ལོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔ་མ་བཞིན་དུ་ཡུལ་གྱི་དབྱེ་བས་
ཞེས་བྱ་བ་དམིགས་པ་སྣ་ཚོགས་པ་ཉིད་ཀྱིས་ན་ཇི་ལྟར་གཞན་གྱིས་ཡོངས་སུ་བཏགས་པའི་སྲིད་པ་དང་ཞི་བར་ལྟུང་བ་ཉིད་ཡིན་པའི་ཕྱིར་རོ། །གེགས་བྱེད་པ་ཡིན་པས་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྒྲིབ་པ་ཉིད་ཡིན་པའི་ཕྱིར་ཏེ། རེ་ཞིག་གཉིས་སུ་མེད་པའི་ཚུལ་ལ་ལྟ་སྨོས་

ཀྱང་ཅི་དགོས། ཕྱི་རོལ་སྨྲ་བའི་ཚུལ་ལ་ཡང་། །ཐ་དད་དུས་སུ་བཟུང་བ་ན། །ཇི་ལྟར་ཡིན་སྙམ་རིགས་ཤེས་པས། །ཤེས་པའི་རྣམ་པ་གཏོང་ནུས་པའི། །རྒྱུ་ཉིད་ཡིན་པར་ཤེས་པར་བྱ། །ཞེས་སྨོས་པའི་ཕྱིར་གཟུང་བ་དང་འཛིན་པ་ཉིད་དུ་མི་འཐད་པས། བཤད་མ་ཐག་པའི་
གཟུང་བ་དང་འཛིན་པ་དག་ནི་བཏགས་པ་ཡིན་པའི་ཕྱིར་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གཟུང་བའི་རྣམ་པར་རྟོག་པ་དང་པོའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་དབེན་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབེན་པ་
ཞེས་བྱ་བ་གཟུང་བ་ཉིད་ལ་སོགས་པས་སྟོང་པར་གཟུགས་ལ་སོགས་པ་མ་རྟོགས་པའི་ངོ་བོ་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་མ་ཡིན་པའི་བདག་ཉིད་ཅན་ནོ། །ཅིའི་ཕྱིར་ཞེ་ན་དབེན་པས་ཞེས་བྱ་བ་གཟུང་བ་ལ་སོགས་པ་སྟོང་པའི་ཚུལ་གྱིས་ན། དེ་ལ་སྐྱོན་
མེད་པ་ཉིད་ཀྱིས་ཏེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་པ་ཉིད་ཀྱིས་ན་ཉོན་མོངས་པ་མེད་པ་ཉིད་ཡིན་པས་དེ་ཉིད་ཀྱི་ཕྱིར་གཟུང་བར་བྱ་བ་ཉིད་ཡིན་ཞིང་བླང་བར་བྱ་བའི་དམིགས་པ་ཉིད་ཀྱིས་འཇུག་པར་བྱའོ་ཞེས་འོག་མ་དང་སྦྱར་རོ། །ས་མི་གཡོ་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་
མི་གཡོ་བ་ལ་སོགས་པ་ལ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ས་བདུན་པའི་བར་དུ་རིགས་པ་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟ་བུར་ཞེས་བྱ་བ་ལ་སོགས་པ་ནི་འདིར་དམིགས་པ་དང་བཅས་པ་ཉིད་ཀྱིས་མཐོང་བ་ལ་སོགས་པའི་ལམ་
ཐོབ་པ་མེད་པའི་ཕྱིར་རོ། །སྣང་བརྙན་ཙམ་དུ་ཟད་པས་ཞེས་བྱ་བ་རྣམ་པར་རིག་པ་ཙམ་དུ་ཟད་པས་འཁྲུལ་པ་མེད་པའི་ཤེས་པ་ནི་གཉིས་སུ་མེད་པའི་ཤེས་པ་དམིགས་པར་བྱ་བ་ལ་སོགས་པ་ནི་དམིགས་པ་དེ་ལ་དམིགས་པའོ། །ཡོན་ཏན་དང་སྐྱོན་ནི་སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་
པ་ལས་ལྡོག་པ་དང་འཇུག་པའི་མཚན་ཉིད་དོ། །དེ་མཐོང་བ་སྔོན་དུ་འགྲོ་བའི་གང་བླང་བར་བྱ་བ་དང་དོར་བར་བྱ་བ་ཉིད་ཀྱིས་གཉེན་པོ་དང་མི་མཐུན་པའི་ཕྱོགས་སོ། །དྲི་མ་ཐམས་ཅད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་གྱི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་

པ་རྣམས་ནི་ཉེས་པ་ཐམས་ཅད་དེ། ཉོན་མོངས་པ་ལ་སོགས་པའི་ཉེས་པ་རྣམས་སོ། །དེ་དང་བྲལ་བ་ཉིད་ཀྱིས་རང་གི་རྟོགས་པ་རྫོགས་པའི་བྱང་ཆུབ་ཐོབ་པའོ། །སྔར་བཤད་པའི་དམིགས་པ་ལ་སོགས་པ་ནི་དམན་པ་ཉིད་ཡིན་པ་དང་དམིགས་པ་དང་
བཅས་པ་ཉིད་ཡིན་པའི་ཕྱིར་དམན་ཞིང་གྱ་ནོམ་པ་མ་ཡིན་པ་ཉིད་ཡིན་ལ་དེས་ཉན་ཐོས་ལ་སོགས་པའི་ས་ནི་སྔར་བཤད་པའི་ས་བརྒྱད་ཡིན་ལ་དེ་རྣམས་ཐག་བསྲིང་བར་བྱེད་པ་ནི་སྤང་བའི་ཕྱིར་རོ། །བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་པ་ནི་གདུལ་བྱའི་དབང་གིས་ཉན་ཐོས་ལ་
སོགས་པའི་ཚུལ་དུ་སྟོན་པ་སྟེ། དེས་སེམས་ཅན་གྱི་དོན་གྱི་ལས་ཏེ། གདུལ་བྱ་རྣམས་ཀྱི་ངེས་པར་ལེགས་པ་དང་མངོན་པར་མཐོ་བ་བསྒྲུབ་པའི་ལས་རྣམས་སོ། །དང་ཞེས་བྱ་བ་ནི་བསྡུ་བ་ཡིན་ནོ། །ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་སངས་
རྒྱས་ལ་སོགས་པ་ལ་དམིགས་པའི་དད་པ་ལ་སོགས་པས་སྐྱེ་བོ་ཐམས་ཅད་སྔར་བཤད་པའི་མྱ་ངན་ལས་འདས་པ་དེ་ལ་དགོད་པའི་བྱ་བ་ཉིད་འབྲས་བུ་ཡིན་ཏེ་དེ་ལའོ། །ངོ་བོ་ཉིད་ལ་སོགས་པ་ནི་སྐྱོན་མེད་པ་ཉིད་ཀྱིས་དེ་བཤད་པ་ཉིད་ནི་གསལ་བ་ཡིན་པས་ལོགས་ཤིག་ཏུ་མ་བཤད་དོ། །
འཇུག་པའི་ཕྱོགས་ཀྱི་རྟེན་ཅན་ནི་འཇུག་པའི་ཡུལ་ལ་གནས་པའོ། །མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ནི་མཐོང་བའི་ལམ་གྱི་བསམ་གཏན་གྱི་ཁྱད་པར་གང་ཡིན་པ་སྟེ། དེས་སྤང་བར་བྱ་བར་ཞེས་བྱ་བ་ལ་སོགས་པའོ། །སྲིད་དང་ཞེས་བྱ་བ་ལ་སོགས་པ་གཟུང་
བའི་རྣམ་པར་རྟོག་པ་ལྡོག་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ནི། འཁོར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ནང་ནས་གང་ཡང་རུང་བ་གཅིག་ཏུ་ལྷུང་བ་ཉིད་ཀྱིས་ལྟུང་བ་དེ་ནི་ཉེས་པ་དང་བཅས་པ་ཉིད་ཀྱིས་དམིགས་པ་དང་
བཅས་པ་ཉིད་ཡིན་ཞིང་རྟག་པ་དང་ཆད་པར་ལྟ་བའི་ཉེས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་ཞིང་སྤང་བར་བྱ་བ་ལ་དམིགས་པ་ཉིད་ཀྱིས་ན་ལྡོག་པར་བྱའོ་ཞེས་འོག་མ་དང་སྦྱར་རོ། །དེ་ལྟར་ན་རྟོགས་པ་དམན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱ་སྟེ། ཀུན་ཏུ་

འགྲོ་བའི་བདག་ཉིད་མེད་པས་སྟོང་པའི་ཕྱིར་དམན་པ་སྟེ། ཡོངས་སུ་མ་རྫོགས་པ་ཉིད་ཀྱིས་རྟོགས་པའི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་སོགས་པ་གང་ཡིན་པ་དེ་ལའོ། །དགེ་བའི་བཤེས་གཉེན་གྱི་རྒྱུས་ཐབས་ལ་མཁས་པ་སྟེ། སེམས་མི་འགོང་བ་ལ་སོགས་པའི་ཤེས་པ་
གང་ཡིན་པ་སྟེ་དེ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་སྟེ། དགེ་བའི་བཤེས་གཉེན་ཡང་དག་པས་བདག་གིས་བྱས་པ་མེད་པའོ། །ཤེས་བྱའི་སྒྲིབ་པ་མཐའ་དག་ནི་ཡུལ་ལ་སོགས་པས་ཆོད་པའི་གཟུང་བ་ལ་སོགས་པའོ། །དེ་རྣམས་ཀྱི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་འཇོམས་
པར་མི་ནུས་པ་ཉིད་ཡིན་ཞིང་། སྒྲུབ་པའི་ལམ་མ་ཚང་བ་སྟེ། ཡེ་ཤེས་ཀྱི་ཐབས་ཀྱིས་སྤོང་བ་ཉིད་དོ། །དེ་བཞིན་གཤེགས་པ་ལ་སོགས་པའི་གདམས་ངག་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་ཞེས་བྱ་བ་རང་ཉིད་རྟོགས་པ་མེད་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་གཅིག་
ལ་གཅིག་གི་གདམས་ངག་ལས་སྐྱེས་པའི་ཡེ་ཤེས་ཡོད་པ་ཉིད་ཀྱིས་ན་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་དེ། སངས་རྒྱས་ལ་སོགས་པའི་མཁྱེན་པས་ཁྲིད་པ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཆེན་པོ་ཉིད་ལ་སོགས་པ་ནི་སྔར་བཤད་པ་སྟེ། དེ་ལ་མི་འཇུག་པ་
ཉིད་ཀྱིས་ན་དེ་མེད་པ་ཡིན་པས་ཆེད་དུ་བྱ་བ་ལས་ལོག་པ་ཡིན་ཏེ། ཆེད་དུ་བྱ་བ་རྣམ་པ་གསུམ་མེད་པའོ། །གཟུང་བ་ལ་སོགས་པའི་བག་ཆགས་ཡོད་པས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་གི་གཉེན་པོར་གྱུར་པ་ཉིད་ཀྱིས་ན་ཉི་ཚེ་བ་ཞེས་བྱ་བ་ཕྱོགས་གཅིག་པའི་ལམ་
གྱི་བྱེད་པ་སྟེ། བདེན་པ་བཞིའི་རྣམ་པའི་བྱེད་པ་གང་ཡིན་པ་དེ་ལའོ། །དེ་ལ་དམིགས་པ་དང་བཅས་པ་ཉིད་ཀྱིས་ཞེས་བྱ་བ་གཟུང་བ་ལ་སོགས་པའི་དམིགས་པ་ཡོད་པས། འབྲས་བུ་དང་པོ་ལ་སོགས་པ་རྟོགས་པ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པ་དེ་ནི་
ཐ་དད་ཉིད་ཀྱིས་དབྱེ་བ་ལ་སོགས་པའོ། །མ་རིག་པའི་བག་ལ་ཉལ་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་བག་ཆགས་ཏེ། དེ་རྣམས་མ་སྤངས་པ་ཉིད་ཀྱིས་ན་གནས་པ་དང་འགྲོ་བ་མི་ཤེས་པ་སྟེ། གདུལ་བྱའི་ཡུལ་དུ་འགྲོ་བ་མི་ཤེས་པའོ། །ཐེག་པ་ཆེན་པོ་ཐམས་ཅད་སྡུད་

པར་བྱེད་པ་ཉིད་ཀྱི་རྒྱུ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཐམས་ཅད་མཁྱེན་པ་གསུམ་པ་ཉིད་ཀྱིས་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་གང་ཡིན་པ་དེའི་འོག་ཏུ་གང་འཇུག་ཏུ་འགྲོ་ཞིང་རྗེས་སུ་
འབྲང་བ་དེ་ལ་དྲང་བའི་ལམ་མེད་པས་ཡོན་པོའི་ལམ་གྱིས་འགྲོ་བ་ནི་འདིར་ཉེས་པ་ཡིན་ནོ། །འདི་དག་ལ་ཡང་དང་ནི་བསྡུ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལ་སོགས་པ་ལས་ལྡོག་པ་དང་འཇུག་པའི་གནས་སྐབས་གོ་བཟློག་པ་ནི་གཟུང་བའི་རྣམ་པར་རྟོག་པ་ཞེས་
བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་གང་ཡིན་པ་སྟེ། དེ་རྣམས་ཀྱི་འཇུག་པའི་གནས་སྐབས་ནི་གཟུང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་ཡིན་པས་རྒྱུན་གྱིས་འབྱུང་བའི་
ཁྱད་པར་དེས་སྤང་བར་བྱའོ། །འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྐྱེས་བུ་རྫས་སུ་ཡོད་པའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི། ཀུན་རྫོབ་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྒྱུ་མ་བཞིན་དུ་སྟེ། སྒྱུ་མ་དང་འདྲ་བར་ཀུན་རྫོབ་ཏུ་དབྱེ་བའི་ཐ་སྙད་ཀྱིས།
འཛིན་པ་དང་ཐར་པ་སྟེ་གཟུགས་ལ་སོགས་པ་ལེན་པ་དང་འདོར་བའོ། །ཡང་དག་པ་ཉིད་དུ་དབྱེ་བ་མེད་པའི་བློས་ཡིད་ལ་མི་བྱེད་པ་སྟེ། ཡུལ་མེད་པའི་ཕྱིར་གཉིས་སུ་མེད་པ་འཇོག་པའི་སེམས་ཀྱིས་ཡིད་ལ་བྱེད་པའོ། །ཆོས་ཉིད་ཀྱི་ཞེས་བྱ་བ་ནི་གཟུགས་ལ་སོགས་
པ་དམིགས་པའི་སེམས་ཆོས་ཉིད་ཀྱིས་ཏེ། གཉིས་སུ་མེད་པས་ཁམས་གསུམ་ཅར་དང་ཉེ་བར་འབྲེལ་པ་ཞེས་བྱ་བ་རྣལ་འབྱོར་པའི་ལྟ་བས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་གཅིག་ཏུ་དམིགས་པའོ། །སྟོང་པ་ཉིད་དུ་དམིགས་པ་ནི་གནས་
ལ་མངོན་པར་ཞེན་པ་མེད་པའོ། །དེས་གནས་པ་ནི་གཟུགས་ལ་སོགས་པ་ལ་གནས་པའོ། །དངོས་པོ་ལ་མངོན་པར་ཞེན་པ་ནི་གཟུགས་ལ་སོགས་པ་ལ་མ་ཆགས་པས་སོ། །ཐམས་ཅད་ལ་མངོན་པར་ཞེན་པ་ནི་གཟུགས་ལ་སོགས་པ་ལ་ཀུན་ཏུ་ཆགས་པ་ལའོ། །རྫས་སུ་ཡོད་པ་

མེད་པས་ཞེས་བྱ་བ་ནི་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་བཏགས་པ་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པའི་ཐ་སྙད་དུའོ། །དེ་ཁོ་ན་ཉིད་ཤེས་པའི་ཆགས་པས་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ལ་མངོན་པར་མ་ཆགས་པ་ཡིན་པའི་
ཕྱིར་རོ། །མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་ནི་མངོན་པར་ཞེན་པ་མེད་པས་གཟུགས་ལ་སོགས་པ་ལ་ཆགས་པའོ། །མཉམ་པ་ཉིད་དུ་བསྒོམ་པ་ནི་དེ་ཁོ་ན་ཉིད་དུ་ན་གཟུགས་ལ་སོགས་པ་རྣམ་པ་གཅིག་པར་བསྒོམ་པའོ། །དེ་ཉིད་ནི་གཟུང་བ་ལ་སོགས་པ་བྱེ་བྲག་གི་
བློ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་གཉེན་པོ་སྟེ། དེས་ན་ཐམས་ཅད་མཁྱེན་པ་གསུམ་གྱི་ལམ་ནི་གཉེན་པོ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མི་ཤེས་པ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཐོགས་པ་ལ་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལམ་གྱི་བདག་ཉིད་ཅན་ཡིན་པ་དེའི་ཚེ་དངོས་པོ་ལ་སོགས་པར་མི་དམིགས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པར་མ་རྟོགས་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་སོགས་པ་མི་དམིགས་པའི་ཤེས་པ་ནི་མི་འཇུག་པ་ཡིན་ལ། ཡང་གང་གི་
ཚེ་འབྲས་བུའི་བདག་ཉིད་ཅན་ཡིན་པ་དེའི་ཚེ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱས་པ་ཡིན་པས་ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་དུ་འགྲོ་བ་ལ་ཐོགས་པ་མེད་པ་ཡིན་ནོ། །དང་ཞེས་བྱ་བ་རྣམས་ནི་བསྡུ་བ་ཡིན་ནོ། །བཤད་མ་ཐག་པའི་འཛིན་པའི་རྣམ་པར་རྟོག་
པ་གང་ཡིན་པ་དེ་སྔ་མ་བཞིན་དུ་མཐོང་བའི་ལམ་གྱི་བསམ་གཏན་གྱི་ཁྱད་པར་གྱིས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དོན་དམ་པའི་དངོས་པོ་ནི་སྐྱེས་བུ་རྫས་སུ་ཡོད་པ་སྟེ། དེ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ལ་སོགས་
པ་ཡིན་ནོ། །ཆེད་བཞིན་ཞེས་བྱ་བ་ལ་སོགས་པ་འཛིན་པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་ཚིག་ལེའུར་བྱ