Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 73

Văn bản gốc(Tây Tạng)

Trang 20 / 23 (50.000 ký tự/trang)
མཚན་ཉིད་དང་ལྡན་པ་ལྷག་པར་གནས་པར་འདོད་ན། དེ་ནས་གཤེགས་པ་ལ་མཆོད་ཡོན་དང་། མཆོད་པ་ཕུལ་ལ། ན་བཟའ་རེ་རེ་འམ། སྤྱིར་ཟུང་གཅིག་ཕུལ་ལ། བདེ་གཤེགས་རྡོ་
རྗེའི་རིགས་བདག་པོ། །རྡོ་རྗེ་འཆང་བ་ཐུགས་རྗེའི་བདག །བདག་ལ་མཉེས་ཤིང་དགྱེས་པ་དང་། །བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ་ལ་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སློབ་མ་དགུག་པ་དང་། ལྕགས་སྒྲོག་གིས་བཅིང་བ་དང་། རྡོ་རྗེ་སེར་བའི་ཕྱག་རྒྱས་བསྡིགས་པ་
དང་། ཁྲོ་བོ་བེ་ཅོན་དང་སྟོབས་པོ་ཆེས་དམ་ཚིག་འཛིན་དུ་གཞུག་གོ། །དེ་ནས་སྔ་མ་བཞིན་དུ་བདུན་རྣམ་དག་བྱས་ལ། སློབ་མ་ཁྲོ་བོ་ཕྱག་ན་རྡོ་རྗེའམ་བདུད་རྩི་འཁྱིལ་པར་བསྐྱེད་དེ། ཡི་གེ་ཧཱུཾ་དང་རང་གི་སྔགས་ཀྱི་ལྷའི་ཕྱག་རྒྱ་ཆེན་པོ་བསམས་ལ། མཱ་མ་ཀཱིའི་ཕྱག་རྒྱས་གནས་ལྔར་བྱིན་གྱིས་
བརླབས་ཏེ། སོ་ཤིང་དོར་བ་དང་། ཁ་ལན་གསུམ་དུ་བཀྲུ་བ་དང་། སྲུང་སྐུད་མདུད་པ་གསུམ་པ་བཅིང་བ་དང་། ཀུ་ཤ་བྱིན་ནས་རྨི་ལམ་བརྟག་པ་དང་། སེམས་དཔའ་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་བསྐྱེད་པ་དང་། བྱམས་པའི་སྔགས་ཀྱིས་གོ་ཆ་བསྐོན་པ་དང་། ཧཱུཾ་བཞི་པའི་
སྔགས་དང་བདུད་རྩི་ཐབ་སྦྱོར་གྱིས་བསྲུང་བ་དང་། སྤོས་ཆུས་བརླན་པའི་ལག་པ་མགོ་ལ་གཞག་ལ་རིག་སྔགས་ཀྱི་རྒྱལ་པོ་ལན་བདུན་བཟླས་པ་དང་། དེ་ནས་སློབ་མ་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པར་བྱའོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་སྙན་གསན་དབབ་པར་བྱ་སྟེ། ལྷ་རྣམས་

ཀུན་ལ་གསན་པར་གསོལ། །འདི་ཞེས་བགྱི་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་
ལགས། །དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སངས་
རྒྱས་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་གི་མིང་ནི་འདི་ཞེས་བགྱི། །སང་ནི་གདུགས་ལ་དཀྱིལ་འཁོར་ནི། །བཟང་པོ་མིང་ནི་འདི་ཞེས་བགྱི། །ཡོ་བྱད་ཅི་འབྱོར་པས་འབྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་སུ་
གསོལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་སྙན་གསན་ཕབ་ནས། ཕྱག་འཚལ་ནས་བསྟོད་དོ། །སྟ་གོན་གྱི་ལྷ་གཤེགས་སུ་གསོལ་ལོ། །སྟ་གོན་གྱི་ཆོ་ག་བསྒྲུབ་པ་རྫོགས་སོ།། །།སྒྲུབ་པ་ཆེན་པོ་དཀྱིལ་འཁོར་གྱི་ཆོ་ག་བྱེད་
པར་འདོད་པས། སློབ་དཔོན་དང་སློབ་མ་ཀུ་ཤའི་སྟན་དང་སྔས་ལ་ཉལ་ནས། ནང་པར་སློབ་མ་ལ་སྙིང་བརྩེ་བའི་ཕྱིར་དཀྱིལ་འཁོར་བྱས་ཏེ། སློབ་མ་ལ་རྨི་ལམ་ཅི་མཐོང་ཞེས་ཀྱང་དྲི་བར་བྱའོ། །སངས་རྒྱས་དང་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་མཐོང་ན་དགེའོ། །ཕྱག་ན་རྡོ་རྗེ་ཀུན་
ནས་བཏུས་པ་ལས་འབྱུང་བ་བཞིན་དུ་རྨི་ལམ་བརྟགས་ནས། རྨི་ལམ་མི་ཤིས་ན་གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་བྱའོ། །ནང་པར་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་གོས་དཀར་པོ་གོན་ནས། །བདུད་རྩི་འཁྱིལ་བའི་སྔགས་ཟློས་ཤིང་། ཚོན་སྣ་ལྔའི་སྲད་བུ་སར་པ་གཙང་མ་མཛེས་པ། ཤིན་
ཏུ་རན་པ་དྲི་ཞིམ་པ་རེག་ན་བདེ་བ། ལེགས་པར་བཀལ་བ་སྲ་བ་སྦོམ་ཕྲ་མེད་པ། འཇུར་མདུད་མེད་པའི་ཐིག་སྐུད་ལ། དཀར་པོ་ལ་རཾ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དམར་པོ་ལ་ཀཾ་གསེར་ཐུབ་ཀྱི་རང་བཞིན། སེར་པོ་ལ་ཨཾ་ཐུབ་པ་བྱང་ཆུབ་སྙིང་པོའི་རང་བཞིན། ལྗང་གུ་ལ་པཾ་ཕྱག་ན་རྡོ་རྗེའི་

རང་བཞིན། སྔོན་པོ་ལ་ཧཱུཾ་ཁམས་གསུམ་རྣམ་པར་རྒྱལ་བའི་རང་བཞིན་དུ་བསྐྱེད་ལ། ཨོཾ་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བས་བཟླས་ལ། མཆོད་པ་ལྔས་མཆོད་ནས་ཐིག་གདབ་པར་བྱའོ། །ཐིག་གི་ཆོ་ག་ནི་ཐུན་མོང་གི་ཆོ་ག་ལས་ཤེས་པར་བྱའོ། །སྲད་བུ་ཆད་ན་བླ་མ་འཆི། །རིང་
ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །ཅེས་གསུངས་སོ། །དེ་ནས་བའི་རྣམ་ལྔས་ས་གཞི་ཁོ་ར་ཁོར་ཡུག་ཏུ་ཆག་ཆག་བཏབ་ལ་བྱུགས་ཏེ། བྱུང་ན་རིན་པོ་ཆེའི་ཕྱེ་མའམ། སཱ་ལུའི་ཕྱེ་མའམ་སའི་ཕྱེ་མས་བྱའོ། །དེ་ནས་ཚོན་རྩི་ལ་ཨོཾ་
བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་དང་། རིག་སྔགས་ཀྱི་རྒྱལ་པོ་ཕྱག་ན་རྡོ་རྗེའི་སྔགས་ཀྱིས་བསང་གཏོར་བྱ། མཆོད་པ་ཕུལ་ལ། དང་པོ་གཟུགས་སུ་བྲི་བར་བཤད། །གཉིས་པ་དག་ནི་ཕྱག་རྒྱར་བཤད། །གསུམ་པ་སྟན་དང་གནས་དག་དང་། །ཡིག་འབྲུ་བྲི་བར་རབ་ཏུ་བསྔགས། །དེ་ལ་དཀྱིལ་འཁོར་དང་པོ་ལྷ་ཉི་ཤུ་རྩ་གཅིག་
པ་དགོད་དོ། །དབུས་ཀྱི་ལྟེ་བ་རྩིབས་ལྔ་པ་ལ་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔར་བཤད་པ་བཞིན་དུ་བྲི་བ་དང་། འཁོར་ལོའི་རྩིབས་བཞི་ལ། གཡས་སུ་མཱ་མ་ཀཱི། གཡོན་དུ་བདུད་རྩི་འཁྱིལ་པ་སྟེ། མཱ་མ་ཀཱིའི་རྟགས་རྡོ་རྗེ་རྩེ་གསུམ་པ། བྱང་དུ་རྡོ་རྗེ་རྩེ་གསུམ་པ་དབྱུག་པ་ལ་བཙུགས་པ། །
དབུས་སུ་རྡོ་རྗེ་རྩེ་གསུམ་པ་གཉིས་ཆང་ཟུངས་དྲང་པོར་འདུག་ལ། ཆང་ཟུངས་ཀྱི་ལྟེ་བ་ལ་དགྲ་སྟ་སྲབ་མོ་ཁ་ཕྱིར་བལྟས་པ་བྲི་བར་བྱའོ། །མདུན་དུ་སྐེམ་བྱེད་ཀྱི་དབྱིག་པ། རྒྱབ་ཏུ་གཞོན་ནུའི་འཁོར་ལོ། རྡོ་རྗེ་རྩེ་གསུམ་པས་བསྐོར་བ། དེའི་ཕྱི་རོལ་གྱི་རྩིབས་བཅུ་གཉིས་ལ། ཤར་དུ་རྒྱལ་
བའི་རྡོ་རྗེ་རྩེ་གསུམ་པ། རྣམ་པར་རྒྱལ་བའི་རྡོ་རྗེ་རྩེ་གསུམ་པ་མེ་ལྕེ་འཕྲོ་བ། རྡོ་རྗེ་མཚན་གྱི་རྡོ་རྗེ་རྩེ་གསུམ་པ་ཤར་དུ་དགོད་དོ། །བྱང་དུ་རྡོ་རྗེ་རྟགས་ཀྱི་རྡོ་རྗེ་རྩེ་གསུམ་པ། བཀྲ་ཤིས་ཀྱི་རྡོ་རྗེ་རྩེ་གཅིག་པ། ཤིན་ཏུ་བཀྲ་ཤིས་ཀྱི་རྡོ་རྗེ་རྩེ་གསུམ་པ་པདྨས་མཚན་པའོ། །ལྷོར་པདྨའི་མཚན་
གྱི་པདྨའི་སྡོང་བུ་ཁ་ཅུང་ཟད་བྱེ་བ་རྡོ་རྗེ་རྩེ་གསུམ་པ་དང་བཅས་པའོ། །པདྨ་ཕྲེང་གི་པདྨའི་སྡོང་བུ་ཁ་བྱེ་བ་དབུས་ན་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །ནུབ་ཏུ་གཡུང་དྲུང་རིས་ཀྱི་ནི་གྲུ་བཞི་བསྣོལ་བའི་དབུས་སུ་གཡུང་དྲུང་འཁྱིལ་པའི་རྩེ་མོར་ཤིང་ཐོག་སྐྱུ་རུ་རའི་འབྲས་བུ་རིན་པོ་ཆེས་མཚན་པའོ། །

མདུང་རྩེ་གསུམ་པ་དང་། རྡོ་རྗེ་ནི་ཁ་གཉིས་པ་རྡོ་རྗེའི་རྭ་དབུས་མ་ནས་འབྲས་ཀྱི་དབྱིབས་ལྟར་འདུག་པའོ། །མཆེ་བ་ནི་པདྨའི་སྡོང་བུ་ལ་མཆེ་བ་གཉིས་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །ནང་གི་སྒོ་བཞིར་མདུང་རྩེ་གཅིག་པ་དང་། སྦྲུལ་གྱི་ཞགས་པ་མེ་ལྕེ་དང་བཅས་པ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང་། མདུང་
རྩེ་གསུམ་པ་སྦྲུལ་གྱི་ཞགས་པ་དང་བཅས་པ་དང་། རལ་གྲི་བྲིས་ལ། པཉྩ་རཱ་གའི་རྩིག་པ་དང་། འདོད་ཡོན་གྱི་སྣམ་བུ་དང་། རིན་པོ་ཆེའི་མདའ་ཡབ་དང་། དྲ་བ་དྲ་ཕྱེད་དང་། དར་ཡོལ་དང་། རྟ་བབས་དང་། རྡོ་རྗེ་ར་བ་མེ་འོད་དང་བཅས་པ་བྲིའོ། །དགོད་པའི་སྔགས་དང་ཕྱག་རྒྱ་ནི་སྔར་བཤད་
ཟིན་ཏོ། །དཀྱིལ་འཁོར་གཉིས་པ་ནི་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོན་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིག་པ་མཆོག་ལས་གསུངས་པ་བཞིན་བསམ་པར་བྱའོ། །
ཤར་གྱི་ཁྲོ་བོ་དཀར་པོ་རྡོ་རྗེ་དང་སྡིགས་མཛུབ། ལྷོའི་ཁྲོ་བོ་སེར་པོ་རིན་པོ་ཆེ་དང་སྡིགས་མཛུབ། ནུབ་ཀྱི་ཁྲོ་བོ་དམར་པོ་པདྨ་དང་སྡིགས་མཛུབ། བྱང་གི་ཁྲོ་བོ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་སྡིགས་མཛུབ་མཛད་པའོ། །མཚམས་བཞིའི་སྐུ་མདོག་ནག་པོའོ། །ཤར་ལྷོར་རྡོ་རྗེའི་ཕུར་བུ་བསྣམས་པའོ། །
ལྷོ་ནུབ་ཏུ་རིན་པོ་ཆེའི་ཕུར་བུ་བསྣམས་པའོ། །ནུབ་བྱང་དུ་པདྨའི་ཕུར་བུ་བསྣམས་པའོ། །བྱང་ཤར་དུ་སྣ་ཚོགས་རྡོ་རྗེའི་ཕུར་བུ་བསྣམས་པའོ། །སྒོ་བཞིར་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་བསྣམས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྔ་ལྔ་པ་ནི་སྐུ་མདོག་དང་ཕྱག་
མཚན་སྔ་མ་བཞིན་དུ་བཀོད་ལ། །ཕྱོགས་སྐྱོང་བ་བཅུ་ཡང་སྟ་གོན་གྱི་གཏོར་མའི་སྔགས་དང་། རྡོ་རྗེ་བསྣམས་པ་ལས་གུང་མོ་མྱུ་གུ་ལྟར་གཤིབས་ཏེ། བསྒྲེང་ལ་མཐེ་བོང་དང་། མཐེའུ་ཆུང་སོ་སོར་བསྒྲེང་ལ་སྤྱིའི་ཕྱག་རྒྱས་དགོད་པར་བྱའོ། །དཀྱིལ་འཁོར་བཞི་པ་འཁྲུལ་འཁོར་ཡང་ཁྲོ་
བོར་བསྐྱེད་པའི་ཚེ་དབུས་ཀྱི་གཙོ་བོ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་པ་སྡིགས་མཛུབ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། དབང་ཕྱུག་ཆེན་པོ་ཁྱོ་ཤུག་མནན་པའོ། །ཐམས་ཅད་ཀྱང་སྐུ་མདོག་ནག་པོའོ། །སྟག་གི་པགས་པའི་ཤམ་ཐབས་མནབས་པ།

ཤར་དུ་རྡོ་རྗེ་བེ་ཅོན། ལྷོར་རྡོ་རྗེ་འཆོལ་པ་རྡོ་རྗེ་བསྣམས་པ། ནུབ་ཏུ་རྡོ་རྗེ་ཐོ་བ། བྱང་དུ་རྡོ་རྗེ་ལྕགས་ཀྱུ། ཤར་ལྷོར་རྡོ་རྗེ་ལྕགས་སྒྲོག །ལྷོ་ནུབ་ཏུ་རྡོ་རྗེ་སེར་བ། ནུབ་བྱང་དུ་རྡོ་རྗེ་གནོད་མཛེས། བྱང་ཤར་དུ་རྡོ་རྗེ་རྨོངས་བྱེད། ཤར་སྒོར་རྡོ་རྗེ་སྟོབས་པོ་ཆེ། ལྷོ་སྒོར་རྡོ་རྗེ་བཞད་པ།
ནུབ་སྒོར་རྡོ་རྗེ་སེང་གེའི་གདན། བྱང་སྒོར་རྡོ་རྗེ་གཏུམ་པོ། ཡ་སོས་མ་མཆུ་མནན་པ། སྐྲ་དང་སྨ་ར་འབར་བ་བྲི་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡང་རྡོ་རྗེ་ཕོ་ཉ་མོ་བཅུས་བསྐོར་བའི་དཀྱིལ་འཁོར་ནི་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྔ་མ་བཞིན་དུ་བྲིས་ལ། འཁོར་ལོ་རྩིབས་བཅུ་པའི་
རྩིབས་དང་པོ་བློ་གྲོས་རྡོ་རྗེ་མ་རྡོ་རྗེ་བསྣམས་པ། གཉིས་པ་རྡོ་རྗེ་དྲིལ་བུ་བསྣམས་པ། གསུམ་པ་རྡོ་རྗེ་ནག་མོ་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། བཞི་པ་གཞན་གྱིས་མི་ཐུབ་པ་བེ་ཅོན་བསྣམས་པ། ལྔ་པ་རྡོ་རྗེ་རོལ་པ་རྡོ་རྗེ་རྩེ་གཅིག་པ་བསྣམས་པ། དྲུག་པ་རྡོ་རྗེ་སྐ་རགས་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། བདུན་པ་རྡོ་རྗེ་ཤུགས་མདའ་གཞུ་
བསྣམས་པ། བརྒྱད་པ་རྡོ་རྗེ་ཉི་མ་རྡོ་རྗེ་འབར་བ་བསྣམས་པ། དགུ་པ་རྡོ་རྗེ་དབྱིག་པ་རྡོ་རྗེ་དབྱུག་ཐོ་བསྣམས་པ། བཅུ་པ་རྡོ་རྗེ་བདེན་པ་སྣ་ཚོགས་རྡོ་རྗེ་བསྣམས་པ་བྲི་བར་བྱ་སྟེ། དེ་སྒྲུབ་པའི་སྔགས་དང་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ལས་སྲིན་ལག་ནང་དུ་བཅུག་ལ། ན་མཿས་
མནྟ་བུདྡྷ་བཛྲ་ཎཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བྱ་བར་བྲི་བར་བྱའོ། །ཡང་ན་རྡོ་རྗེ་ཉིད་བསྟོད་དེ། བསྟན་པ་ནི་ཕོ་ཉ་མོ་རྣམས་ཀྱི་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་དྷ་ར་པྲ་ན་མ་བིདྱཱ་ག་ཎ་སྱེ་སྭཱ་ཧཱ། ཞེས་བྱའོ། །རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའི་དཀྱིལ་འཁོར་ལ་ཤར་ཕྱོགས་སུ་རྡོ་རྗེ་རིགས་
ཀྱི་དང་པོ་རྡོ་རྗེ་འཛིན་པ། གཉིས་པ་མདངས་དཀར་མ། གསུམ་པ་རྡོ་རྗེ་རྒྱལ་བ། རྡོ་རྗེ་རྣམ་པར་རྒྱལ་བ། རྡོ་རྗེ་ཁུ་ཚུར། རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་གདོང་དམར། རྡོ་རྗེ་འོད་ཟེར་ཕྲེང་། རྡོ་རྗེ་རྣ་ཆའི་གདོང་། རྡོ་རྗེ་དགའ་བྱེད་གདོང་། རྡོ་རྗེ་སྡེ། རྡོ་རྗེ་ལག་བཟང་། རྡོ་རྗེ་ཁྲོ་བོ། རྡོ་རྗེ་རྩེ་གཅིག་
པ། རྡོ་རྗེ་སྙིང་པོའི་རྒྱལ་པོ། རྡོ་རྗེ་འཇིགས་བྱེད་རྣམས་གཞག་པར་བྱའོ། །ལྷོར་རིན་པོ་ཆེའི་རིགས་རྡོ་རྗེའི་སྐེ་རགས། རྡོ་རྗེ་ཀླུ་མགོ་ཅན། རྡོ་རྗེ་ཀླུ་འཛིན། རྡོ་རྗེ་ཡངས་པ་ཆེན་མོ། རྡོ་རྗེ་ཀླུ་ཆེན་མོ། རྡོ་རྗེ་འཕྲོག་པ། རྡོ་རྗེ་དགའ་བ་ཉེ་དགའ། རྡོ་རྗེ་ཁ་འབར་མ། རྡོ་རྗེ་དཀའ་ཐུབ་ཟློག །རྡོ་རྗེ་

དབྱིག་པ། རྡོ་རྗེ་འོད་ཟེར་ཕྲེང་། རྡོ་རྗེ་ལྕགས་ཀྱུ་མ། དཔལ་གྱི་བློ་གྲོས། ཁྲོ་བོ་ཀཱི་ལི་ཀཱི་ལཱ་ཡ། ཁྲོ་བོ་སུ་རུ་སུ་རུ། དཔལ་ལྷ་མོ། ནུབ་ཕྱོགས་པདྨའི་རིགས་ལ། མ་ཏངྒི། མིག་སྣ་མའི་གདོང་། རྡོ་རྗེ་རྩེ་མོ། སྐྲག་བྱེད་ཆེན་མོ། བྷྲིངྒི་རི་ཏི། རྡོ་རྗེ་སེར་སྐྱ། རྡོ་རྗེ་གཙུག་འཆང་། རྡོ་རྗེ་
ལྕགས་སྒྲོག །རྡོ་རྗེ་སེལ་བྱེད། རྡོ་རྗེ་གདོང་། ནམ་མཁའི་གདོང་། རྡོ་རྗེ་གནོད་འཇོམས། རྡོ་རྗེ་མི་བཟད་པ། རྡོ་རྗེ་འཇིགས་པ། རྡོ་རྗེ་ལུ་གུ་རྒྱུད། རྡོ་རྗེ་ཐོག་ཐོག་རྣམས་བྲི་བར་བྱའོ། །བྱང་ཕྱོགས་སུ་ལས་ཀྱི་རིགས་རྡོ་རྗེ་དབྱིག་པ། འཇིགས་བྱེད་ཆེན་པོ། བདུད་རྩི་ཐབ་སྦྱོར། པདྨ་
ཡངས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་དགྲ་སྟ། རྡོ་རྗེ་སེང་གེའི་ཁྲི། རྡོ་རྗེ་ལྕགས་མདའ། རྡོ་རྗེ་མཚོན་ཆ་མཆོག །རྡོ་རྗེ་མཚོན་ཆའི་ཤུགས། རྡོ་རྗེ་མཚོན་ཆའི་སྙིང་པོ། དམ་ཚིག་ཆེན་པོ། རྡོ་རྗེ་དབྱུག་པ། རྡོ་རྗེ་གཙུག་ཏོར། རྡོ་རྗེ་འདོད་པ། རྡོ་རྗེ་འཇིགས་བྱེད་རྣམས་བྲི་བར་བྱའོ། །རྡོ་རྗེ་
ཕོ་ཉ་མོ་དེ་རྣམས་བྲི་བའི་སྔགས་དང་ཕྱག་རྒྱ་ནི་སྔར་བསྟན་པའི་སྤྱིའི་དེ་ཉིད་ཀྱིས་བྱའོ། །དེ་ལྟར་དཀྱིལ་འཁོར་དྲུག་བྲིས་ནས། གདུགས་བཞི་དང་། བ་དན་བཞི་གུར་གུམ་དང་རྒྱ་སྐྱེགས་ལས་བཙོས་པ་ཤིང་རིང་བཞིའི་རྩེ་མོ་ལ་བཏགས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རྫས་དང་། ཕྱག་
ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ནས་འབྱུང་བ་བཞིན་དུ་བསྲུང་བའི་ཡན་ལག་ཕྱོགས་བཞིར་མདོ་བཞི་བཀླག་པ་དང་། མདའ་བཅུ་དང་ཕུར་བུ་གདབ་པ་དང་། རལ་གྲི་བཅུ་དང་། མཚོན་ཐག་བཏགས་པ་དང་། སྔར་བཤད་པ་བཞིན་དུ་བསྲུང་བའི་ཡན་ལག་རྣམས་དང་། མཆོད་པའི་རྫས་ཐམས་
ཅད་དང་། བུམ་པ་དང་སྦྱིན་སྲེག་དང་། གཏོར་མའི་རྫས་ཐམས་ཅད་བསགས་ལ་རྣལ་འབྱོར་པ་བདག་ཉིད་སྔར་བཤད་པ་བཞིན་དུ་ཁྲུས་དང་གོས་བགོ་བ་བྱས་ནས། ཆོ་ག་དྲུག་གིས་ལྷར་བསྐྱེད་དེ། །སྲུང་བ་དང་སྤྱན་དྲང་སྦྱང་བ་དང་། །ཕྱག་རྒྱ་བཅིང་དང་ཕྱིར་བཟློག་གནོན། །བསྐང་
དང་ཚིམ་པར་བྱ་བ་དང་། །ཚར་གཅོད་པ་དང་བསྐུལ་བ་དང་། །འཁྲུལ་འཁོར་སྦྱིན་སྲེག་ཁྲུས་བྱ་བ། །ཞེས་བཤད་པའི་ཆོ་ག་བཅུ་གཉིས་འདིར་ཡང་ཐམས་ཅད་རྫོགས་པར་བྱས་ལ། བདག་ཉིད་དངོས་གྲུབ་བསྒྲུབ་པའམ་སློབ་མ་དབང་བསྐུར་བའི་ཕྱིར་ཆོ་ག་ཐམས་ཅད་སྤྱད་

པར་བྱའོ། །དེ་ལྟར་བསྙེན་པའི་ཚེ་དོན་བཅུ་གཉིས་ཇི་ལྟར་བྱས་པ་བཞིན་དུ་ཉེ་བའི་བསྙེན་པ་ལ་ཡང་དེ་བཞིན་དུ་བྱའོ། །སྒྲུབ་པ་སྟ་གོན་ལ་ཡང་དེ་བཞིན་དུ་བྱའོ། །སྒྲུབ་པ་ཆེན་པོ་དཀྱིལ་འཁོར་ཞག་ཀྱང་བཅུ་གཉིས་སྔ་མ་བཞིན་དུ་བྱའོ། །དེ་ནས་དཀྱིལ་འཁོར་དྲུག་གང་ཡང་རུང་
བ་ལ། སློབ་མ་དབང་བསྐུར་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་དང་པོར་ཕྱིའི་འཇུག་པ་ནི་སེམས་རབ་ཏུ་དང་བའི་སློབ་མ་སྔ་མ་བཞིན་དུ་ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་བདུན་རྣམ་དག་བྱས་
ལ། སྔར་བཤད་པའི་སྔགས་ཀྱིས་བཏབ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་གདོང་གཡོགས་བསྐོན་ལ་དཀྱིལ་འཁོར་གྱི་བདག་པོའི་སྔགས་དང་ཕྱག་རྒྱ་སྤྱི་བོར་བཞག་ནས་སྔགས་ལན་གསུམ་བཟླས་ནས། ལྷའི་རིགས་ཀྱི་བསོད་ནམས་ཅི་འདྲ་བ་དེ་བཞིན་དུ་འབབ་པར་
འགྱུར་རོ། །དེས་དཀྱིལ་འཁོར་དུ་དབང་དུ་འགྱུར་རོ། །དེ་ནས་རྡོ་རྗེ་རིགས་ཀྱི་སྔགས་བཟླས་ལ་མེ་ཏོག་འཕངས་ལ་གང་ལ་ཕོག་པའི་ལྷ་དེ་ནི་དེའི་རིགས་ཀྱི་ལྷར་འགྱུར་རོ། །དེ་ནས་གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་བསྟན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་
པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འབྱོར་པ་ཐམས་ཅད་མངོན་དུ་གྱུར། །རྟེན་དང་དངོས་གྲུབ་ཐམས་ཅད་ཀྱང་། །ཁྱོད་ལ་མངོན་དུ་ཕྱོགས་འགྱུར་གྱི། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྲུངས། །ཞེས་བརྗོད་པར་
བྱའོ། །དེའི་ཚེ་མེ་ཏོག་དབུ་ལ་ཕོག་ན་མཆོག་གི་དངོས་གྲུབ་འཐོབ། མེ་ཏོག་རྐེད་པ་ལ་ཕོག་ན་ཐུན་མོང་གི་དངོས་གྲུབ་འཐོབ། མེ་ཏོག་རྐང་པ་ལ་ཕོག་ན་འཇིག་རྟེན་པའི་དངོས་གྲུབ་འཐོབ་པར་འགྱུར་རོ། །ནང་གི་འཇུག་པ་རྫོགས་ནས། ནས་དང་སྦྲང་རྩི་དང་འོ་མ་ལ་སོགས་པ་ཞི་བ་འམ།
ཡང་ན་རྒྱས་པ། མངོན་སྤྱོད་ཀྱིས་བགེགས་བཟློག་པས་དབང་བསྐུར་བའི་འོས་སུ་འགྱུར་རོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་པའི་རྟེན་སར་པ་ལ་བཞག་ནས། སྒྲུབ་པའི་གྲོགས་པོས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་སྐད་གདོན་པར་བྱ་སྟེ། གང་ལ་སེར་སྣ་རྣམ་

ཆགས་པ། །རྣམ་བཅོམ་དྲི་མ་སེལ་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྟོན་པ་
བཞུགས་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གི་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྐྱོབ་པ་གང་གིས་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །
གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་བར་མཛད་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་
ཤོག །དཔའ་བོ་ཆེན་པོ་གར་སྐྱེས་པར། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་བྱེད། །ཁྱེད་
ལ་བདེ་ལེགས་མཛད་པར་ཤོག །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་བསྟན་པ་གང་བྱུང་
སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་བཅས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱོད་ཀྱི་
འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་འགྱུར་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་གྱུར། །ཕྱིར་འོང་དག་ཀྱང་བདེ་ལེགས་གྱུར། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་

བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་འགྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་བཀྲ་ཤིས་བརྗོད་ནས། ཆོ་ག་དྲུག་གིས་ལྷར་བསྐྱེད་ནས་གནས་ལྔར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་སྔགས་བཟླས་པའི་གདུགས་བཏེག་ལ་ཁྲོ་བོ་གནོད་མཛེས་
ཀྱི་སྔགས་བཟླས་པའི་བདུག་པས་བདུག་ཅིང་རྔ་ཡབ་ཀྱིས་གཡབ་ལ་གླུ་དང་སིལ་སྙན་དང་། རྔ་བརྡུངས་ནས། དཀྱིལ་འཁོར་གྱི་ལྷ་ཀུན་ལ་གསོལ་བ་བཏབ་ལ། དཀྱིལ་འཁོར་གྱི་ལྷའི་སྔགས་བཏབ་པའི་བུམ་པས་ལན་གསུམ་བསྐོར་བ་བྱེད་དུ་བཅུག་ལ་ཆུའི་དབང་བསྐུར་བར་བྱའོ། །དེ་ནས་
ཕྱག་རྒྱ་བཅིང་བ་དང་། སྔགས་བཟླས་པས་སྤྱི་བོར་གཏུག་པར་བྱའོ། །དེ་ནས་གོས་སར་བ་བསྐོན་ནས་ཅོད་པན་དང་རྒྱན་བཏགས་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཕྱག་མཚན་གཡས་པ་གཡས་པར་སྦྱིན། གཡོན་པ་གཡོན་པར་བྱིན་ལ། དེ་ནས་སློབ་དཔོན་གྱིས་མེ་ཏོག་
གི་ཕྲེང་བ་སྤྱི་བོར་བཞག་ལ་མིང་གདགས་པར་བྱའོ། །དེ་ནས་སེང་གེའི་ཁྲི་ལ་བཞག་ལ། གདུགས་དང་རྒྱལ་མཚན་བསྒྲེངས་ནས། རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་དང་ལྷ་རྣམས་ཀྱི་ཕྱག་མཚན་དང་བཅས་པ་བྱིན་ལ། རང་རང་གི་མིང་དང་ལུང་བསྟན་པ་དང་།
གཟེངས་བསྟོད་པ་དང་། དབུགས་དབྱུང་བར་བྱའོ། །དེ་ནས་སྔགས་ཀྱི་གནང་བ་གི་ཝང་ངམ་གུར་གུམ་གྱིས་ཡི་གེ་བྲིས་ལ་སློབ་མ་དང་སློབ་དཔོན་མཉམ་དུ་ལན་བདུན་གྱི་བར་དུ་བཀླག་པར་བྱའོ། །དེས་སྔགས་ཀྱི་གནང་བ་ཐོབ་པར་འགྱུར་རོ། །དཀྱིལ་འཁོར་མཐོང་ནས་དབང་བསྐུར་
བ་ནི་རྣམ་པ་བཞིར་འགྱུར་ཏེ། སློབ་དཔོན་གོ་འཕང་ཐོབ་པའི་ཕྱིར། །དང་པོའི་དབང་དུ་བསྒྲགས་པ་ཡིན། །རིག་སྔགས་ཐམས་ཅད་གྲུབ་པའི་ཕྱིར། །གཉིས་པའི་དབང་དུ་བཤད་པ་ཡིན། །བགེགས་ནི་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་སྦྱོར་བ་
ཐོབ་པའི་ཕྱིར། །ཆོ་ག་བཟང་པོ་དེ་བཤད་དོ། །ཞེས་གསུངས་སོ། །བུམ་པའི་དབང་བསྐུར་བ་དང་པོའོ། །རིག་སྔགས་བཟླས་པ་གཉིས་པའོ། །བགེགས་རྣམས་ཞི་བ་གསུམ་པའོ། །དཔལ་འཕེལ་བ་ནི་བཞི་པའོ། །ཞེས་གསུངས་པའོ། །ངན་སོང་གསུམ་དུ་མི་ལྷུང་བ་དང་། མི་

ཁོམ་པ་བརྒྱད་སྤངས་པ་དང་། །ཚེ་རབས་དྲན་ཞིང་ལོངས་སྤྱོད་ཆེ། །ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང་། །རྟག་ཏུ་མི་དང་ལྷ་རྣམས་ཀྱི། །མཐོ་རིས་གནས་སུ་སྐྱེ་བར་ཤོག །ཅེས་སྨོན་ལམ་ཡང་གདབ་པར་བྱའོ། །གལ་ཏེ་སྡོམ་པ་འཛིན་པར་མི་ནུས་པའམ། ནད་པའམ་བར་
ཆད་མང་དུ་འབྱུང་བའམ། འབྱུང་པོའི་ལོག་འདྲེན་གྱིས་ཟིན་པའམ། རིག་པ་མཆོག་ལས་གསུངས་པའི་གདོན་རྣམས་ཀྱིས་གཙེས་པ་ལ་ཁྲུས་ཀྱི་ཆོ་ག་བྱ་སྟེ། བདུད་རྩི་འཁྱིལ་པར་བསྐྱེད་ལ་གནས་ལྔར་བྱིན་གྱིས་བརླབས་ཏེ། ལྷ་རྣམས་ཀྱི་སྔགས་ཟློས་ཤིང་ཡུངས་ཀར་གྱིས་བྲབ་པ་དང་། རྨ་
བྱའི་སྒྲོའི་དབུས་སུ་ཕྱག་རྒྱ་བཅིངས་པ་ནི་བིན་དུ་པ་ལ་ཞེས་བྱ་བས་དཀྱིལ་འཁོར་གྱི་སྔགས་ཟློས་ཤིང་བྱབ་པ་དང་། རུ་དྲཱཀྵ་གདོང་གཅིག་པའི་རིན་པོ་ཆེ་རྨ་མེད་པ་ལུས་ལ་བཏགས་ནས་བསྲུང་བ་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་གསོལ་བ་གདབ་པར་བྱའོ། །མགོན་པོ་ཐུགས་རྗེ་འཆང་བའི་
ལྷ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གནོད་པ་ཐམས་ཅད་ཞི་བའི་ཕྱིར། །མགོན་པོ་ཁྱོད་ཀྱིས་བྱིན་རླབས་མཛོད། །ཅེས་བརྗོད་ལ། དགེ་བའི་རྩ་བ་བསྔོ་བར་བྱ་སྟེ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་སངས་རྒྱས་མྱུར་བར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་
རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །ཞེས་དགེ་བའི་རྩ་བ་བསྔོ་བ་དང་། བཟོད་པར་གསོལ་བར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་མའི་སྔགས་དང་ཕྱག་རྒྱས་དཀྱིལ་
འཁོར་གྱི་ལྷ་བུམ་པའི་ལྷ་དང་གཅིག་ཏུ་བསྲེས་ལ། རྨ་བྱའི་སྒྲོས་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་ཕྱིས་ནས་ཁྲུས་ཀྱི་གཞོང་པ་བཞག་སྟེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱི། །ཞི་ཡང་སེམས་ཅན་དོན་དུ་ནི། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་བསྟོད་ལ་
བདུད་རྩི་འཁྱིལ་པའི་སྔགས་རིངས་ཀྱིས་ཀྱང་མཚམས་བཅད་གནས་ལྔར་རྡོ་རྗེས་གཏུག་ཅིང་བྱིན་གྱིས་བརླབ། སེམས་དཔའ་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་བསྐྱེད་པར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛོད་སྤུར་བཞག་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ་

ཨ་བུ་ཛུ་ཞེས་བྱ་བས་མཛོད་སྤུ་བསྐྱེད་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་སྤྱི་བོར་བཅིངས་ཏེ། ཨོཾ་ཛྭ་ལ་ཛྭ་ལ། དབྟ་ཨོད་ཀ་དེ་ཨུ་པི་ཤ་དུ་ན་དུ་ན་ཧཱུཾ་ཞེས་བྱ་བས་གཙུག་ཏོར་བསྐྱེད་པར་བྱའོ། །རྡོ་རྗེ་འཆོལ་པའི་སྔགས་དང་ཕྱག་རྒྱ་དང་། གུ་གུལ་གྱི་དུད་པས་ཀྱང་
བདུག་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨ་ཤ་ནི་ཧཱུཾ་ཕཊ་ཅེས་བྱ་བས་སྲན་ཕྱེ་དང་བག་ཕྱེ་དེའི་ལུས་ལ་བཏབ་ལ། སྒྲུབ་པའི་གྲོགས་པོས་སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་ཞིང་བུམ་པ་ཐམས་ཅད་ཀྱི་ལྷ་ཞུ་བར་བསམས་ལ། དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདུད་རྩི་ཐབ་སྦྱོར་ལ་ཕྱག་འཚལ་ལོ། །དེ་ཐམས་ཅད་ཀྱི་མཐུ་དང་། བྱིན་གྱི་རླབས་ཀྱིས་ཆེ་གེ་མོ་ཞེས་བྱ་བའི་གནོད་པ་དང་། གདོན་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་བརྗོད་ལ། སྤྱི་བོ་ནས་རྐང་པའི་བར་དུ་ལུས་ཐམས་ཅད་ཁྲུས་བྱའོ། །
དཀྱིལ་འཁོར་གྱི་ལྷའི་སྔགས་ལན་བདུན་བཟླས་པས་སྤྱི་བོར་བླུགས་པ་དང་། ལན་བདུན་བཟླས་ཤིང་སྙིང་གར་བླུགས་པ་དང་། ལན་བདུན་བཟླས་པས་ལྟེ་བར་བླུགས་པར་བྱའོ། །དེ་ནས་རྨ་བྱའི་སྒྲོས་བྱབ་ཅིང་། རྫོགས་སངས་རྒྱས་ཀྱིས་བསྔགས་པ་ཡི། །གོ་འཕང་འདི་ནི་ཐོབ་བྱའི་ཕྱིར། །
འཁོར་བའི་རྒྱ་མཚོ་མ་རུངས་པའི། །དགྲ་དང་བགེགས་ཀྱང་མེད་པར་ཤོག །རྐུན་པོ་ལ་སོགས་མེད་པར་ཤོག །མུ་སྟེགས་ཅན་ལས་རྒྱལ་གྱུར་ཅིག །བྱང་ཆུབ་སྙིང་པོ་ཐོབ་པར་དུ། །བདུད་སྡེ་བཞི་ཡིས་མི་ཐུབ་ཅིང་། །ཁྲོ་བོ་མངག་གཞུག་ཕོ་ཉ་མོ། །བྲན་ལ་སོགས་པས་བསྲུང་བར་
ཤོག །གཅོང་རོང་གཡང་ས་ལ་སོགས་དང་། །གདོན་དང་རིམས་ནད་མེད་པར་ཤོག །ཅེས་བྱས་ལ་རྨ་བྱའི་སྒྲོས་བྱབ་པར་བྱའོ། །དེ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལན་གཉིས་གསུམ་བཏོན་ལ་ཁྲུས་ལན་གསུམ་བྱའོ། །དེ་ནས་སྔར་བཤད་པ་བཞིན་དུ། དེ་ལ་བསྲུང་
བ་བྱས་གོས་བསྐོན་ནས་མེ་ཏོག་གི་ཕྲེང་བ་དང་། ཁྲོ་བོ་རྣམས་ཀྱི་ཕྱག་མཚན་བྲིས་པའམ། ལུགས་མ་སྤྱི་བོར་གདགས་པར་བྱའོ། །དེ་ནས་བདག་ཉིད་ཀྱང་སྔར་བཤད་པ་བཞིན་དུ་བསྲུང་བ་བྱས་ལ་ལྡང་བར་བྱའོ། །སྤྱན་དྲངས་པའི་ལྷ་ཡང་། ཁྱོད་ཀྱིས་སེམས་ཅན་དོན་ཀུན་

མཛད། །ཅེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་བར་བྱའོ། །དམ་ཚིག་སེམས་དཔའ་ཡང་སྟོང་པ་ཉིད་དུ་ཞུ་བ་དང་རྡུལ་ཚོན་གྱི་ལྷའི་དམན་མ་ཡང་ཆུ་བོ་ལ་སོགས་པར་དོར་བར་བྱའོ། །དེ་ནས་གནས་དེ་ན་གནས་པའི་འབྱུང་པོ་དང་། གདོན་རྣམས་དང་། ཕྱོགས་སྐྱོང་ལ་གཏོར་མ་
བྱིན་ལ། ནུས་ན་སྦྱིན་བདག་དང་སློབ་མ་བསྲུང་བའི་ཕྱིར་སྦྱིན་སྲེག་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རིག་འཛིན་སྔོན་གྱི་མཁས་པ་ཡིས། །ཅི་གསུངས་ལྷག་ཆད་མེད་པར་ནི། །རང་བཟོར་མ་བྱས་བཟོད་གསོལ་མེད། །ལེགས་གྲུབ་རིག་པ་མཆོག་དག་དང་། །རབ་གྲུབ་
གསང་བ་སྤྱི་རྒྱུད་དང་། །ཕྱག་ན་རྡོ་རྗེའི་དབང་བསྐུར་ལས། །ཡོན་བླངས་དགེ་རྩ་བསྔོ་རྒྱུ་མེད། །རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག་རིན་པོ་ཆེ་མིག་ཐུར་ཞེས་བྱ་བ། སློབ་དཔོན་ཤཱུ་རངྒ་ཝརྨས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་མཎྜ་ལ་བི་དྷི་ནཱ་མ། བོད་
སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཀུན་དགེ་འཇོམས་མཛད་པའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དང་པོར་བདག་སྟན་བདེ་བ་ལ་འདུག་སྟེ། ཨོཾ་ཤོ་དན་ཏེ་ཤོ་དན་ཡེ་སྭཱ་ཧཱ།
ཞེས་དབང་པོའི་སྒོ་དག་པའི་ཁྲུས་བྱས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ནང་གི་བདག་ཉིད་ཅན་གྱི་ཁྲུས་བྱས་ལ། བདག་ཉིད་སྐད་ཅིག་མས་ལྷར་བསྐྱེད་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོཿབྷ་ག་བཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། མི་འགྲོ་བ་རྣམས་ལ་
མཚོན་ཆའི་ཆར་དབབ་པ་སྟེ། ཨོཾ་ཙཀྲ། ཧཱུཾ་བྷྲུཾ་ཏྲཱཾ་བྷྲུཾ་ཧྲཱིཿབྷྲུཾ། ཧ་བྷྲཱུཾ། དེ་ནས་མཚོན་ཆ་ལྔའི་གུར་དང་ས་གཞིར་གྱུར་ཏོ། །མཚམས་ཀྱི་ཁང་པའི་ནང་དུ། ཙཀྲ་ག་ཙ་ལ་མཎྜ་ལ་མ་ཡེ་ཞེས། ཚོགས་བསགས་པ་རྟེན་གྱི་དཀྱིལ་འཁོར་མདུན་དུ་སྤྲུལ་ལ། ཕྱི་དང་ནང་གི་མཆོད་པས་མཆོད། །
རྡོ་རྗེ་མེའི་ཕྱག་རྒྱས་མཆོད་པའི་རྫས་རྣམས་བསྲེགས་ལ། བཛྲ་དྷྭ་ཏི་ཛྭ་ལ་རཾ་ཧཱུཾ་ཞེས་པའོ། །དམ་ཚིག་ཕྱག་རྒྱས་སྤྲུལ་ཏེ། བཛྲ་སཏྭ་ཧཱུཾ། པྲ་བར་སཏྐཱ་ར་པྲ་ཏཱིཙྪ་ཧཱུཾ། དྷཱུ་པེ་ཧཱུཾ། པུཥྤེ་ཏྲཱཾ་ཨཱ་ལོ་ཀེ་ཧྲཱིཿགནྡྷེ་ཨཿནཻ་བེ་དྱེ་ཧཱུཾ། དབུལ་བ་ལས་ཀྱི་ཕྱག་རྒྱས་དབུལ། ཧཱུཾ་ཡན་ལག་བརྒྱད་

དང་ལྡན་པ་ཡི། །ཁྲུས་ཀྱི་དམ་པ་ཡོན་ཆབ་འདི། །བཅོམ་ལྡན་རྣམ་འཇོམས་ཉིད་ལ་དབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ག་ག་ན་ས་མ་ཡེ་ཧཱུཾ། དག་ཅིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཁྲུས་ཆབ་འདི། །རྣམ་འཇོམས་འཁོར་དང་བཅས་ལ་འབུལ། །
འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་ཧོ། ཧཱུཾ་ནགས་ཚལ་བཅུད་ནི་ཡི་གར་འོང་། །དྲི་མཆོག་རྒྱས་པའི་སྤོས་མེ་འདི། །བཅོམ་ལྡན་རྣམ་འཇོམས་འཁོར་བཅས་ལ། །དད་པས་དབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿབཛྲ་བི་དཱ་ར་ཎ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་
ཡེ་ཧཱུཾ། ཆུ་འམ་ཐང་ལས་སྐྱེས་པ་ཡི། །ཁ་དོག་དབྱིབས་ལེགས་མེ་ཏོག་འདི། །བཅོམ་ལྡན་རྣམ་འཇོམས་འཁོར་བཅས་ལ། །དད་པས་དབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿབཛྲ་བི་དཱ་ར་ཎ་པུཥྤ། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་པའི། །དགེ་ཞིང་མུན་སེལ་སྣང་གསལ་འདི། །བཅོམ་
ལྡན་རྣམ་འཇོམས་འཁོར་བཅས་ལ། །དད་པས་དབུལ་ལོ་བཞེས་སུ་གསོལ། །ཨཱ་ལོ་ཀེ། འཆལ་པའི་དྲི་མ་སེལ་མཛད་པའི། །ཡིད་བཞིན་བདུད་རྩི་མཚོ་ལྟར་བསྐྱིལ། །བཅོམ་ལྡན་རྣམ་འཇོམས་འཁོར་བཅས་ལ། །དད་པས་དབུལ་ལོ་བཞེས་སུ་གསོལ། །གནྡྷེ། དག་ཅིང་གཙང་མར་སྦྱར་བ་ཡི། །
ལྷ་རྫས་དམ་པའི་ཞལ་ཟས་འདི། །བཅོམ་ལྡན་རྣམ་འཇོམས་འཁོར་བཅས་ལ། །དད་པས་དབུལ་ལོ་བཞེས་སུ་གསོལ། །ནཻ་བི་དྱེ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་བ། །སེམས་ཅན་སྡུག་བསྔལ་ཚིམ་མཛད་པའི། །དུས་རྣམས་ཀུན་དུ་རྒྱས་གྱུར་ཅིག །ཨོཾ་ན་མཿ
བི་དཱ་ར་ཎ་བཛྲ་གྷཎྜེ་ར་ཎི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནང་གི་མཆོད་པ་འབུལ་བ་ཡང་། །བདུན་ནི་རྣམ་དག་བྱང་ཆུབ་སེམས། །བསོད་ནམས་ཚོགས་ཆེན་བསགས་པར་བྱ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་ལུས་འབུལ་གྱིས། ཐུགས་རྗེ་ཆེན་པོ་དང་
ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས། བདག་དུས་ཐམས་ཅད་དུ་བཞེས་སུ་གསོལ་ལོ། །ཇི་ལྟར་དུས་གསུམ་མགོན་པོ་ཡི། །དགེ་བའི་རྩ་བ་ཅི་བསགས་པ། །ཐམས་ཅད་མ་ལུས་བསྡུས་ནས་ནི། །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། །ཇི་ལྟར་དུས་གསུམ་མགོན་པོ་ཡི། །བྱང་ཆུབ་ཏུ་ནི་ངེས་

མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་བསྐྱེད་པར་བགྱི། །དཀོན་མཆོག་བླ་མ་དམ་པའི་ཆོས། །ཕྱི་ནང་གསང་བའི་མཆོད་པ་དང་། །སེམས་བསྐྱེད་སྡོམ་པ་ལྔ་རྣམས་ནི། །རིགས་ལྔའི་དམ་ཚིག་སྡོམ་པ་བཟུང་། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །མ་བརྒལ་བ་ནི་བསྒྲལ་
བར་བགྱི། །དབུགས་མ་ཕྱིན་པ་དབུགས་ཕྱུང་སྟེ། །སེམས་ཅན་མྱ་ངན་འདས་ལ་དགོད། །དེས་ནི་བླ་ན་མེད་པ་སེམས་ཀྱི་མཆོད་པའོ། །བཛྲ་ཨཉྫ་ལི་སར་སྡོམ་པ། བཛྲ་བནྡྷ་ཏྲཊ་ཅེས་སྡིག་པ་དྲལ། བཛྲ་ཨཱ་བེ་ཤ་ཨཿཨཿཞེས་ཡེ་ཤེས་དབབ་པ་བརྟན་པ་བཛྲ་མུཥྚི་བཾ་ཞེས་པ། སྡིག་སྒྲིབ་དྲལ་
ཞིང་ཡེ་ཤེས་དབབ་པ་ནི། །ཡེ་ཤེས་ཀྱི་ཚོགས་བསགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །མཆོད་པ་ལྔ་ཡིས་ཚོགས་གཉིས་རྫོགས། །སྲུང་འཁོར་བསྡུས་ལ་ནམ་མཁར་གནས། །སརྦ་བིདྱཱ་བཛྲ་ཞེས་བརྗོད་པས། །རྒྱུ་དང་མི་རྒྱུ་ཐམས་ཅད་ཀུན། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །སེམས་
ཉིད་ཨ་ཡི་རང་བཞིན་ལས། །སྐྱེ་བའི་ཆོ་འཕྲུལ་ཡཾ་དུ་ཤར། །སྔོན་པོ་གཞུ་ཡི་དབྱིབས་ལྟ་བུ། །དེ་སྟེང་བཾ་ལས་ཆུ་ཆེན་ནི། །ཟླུམ་ལ་དཀར་པོ་བསིལ་བ་སྟེ། །སུཾ་ལས་ས་གཞི་རི་རབ་བསྐྱེད། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །གདན་གསུམ་ལྡན་པའི་སྟེང་དག་ཏུ། །ཨ་ནི་ཧཱུཾ་དུ་གྱུར་པ་
ལས། །འོད་ཟེར་སྤྲོ་བསྡུས་ལན་གཉིས་བྱས། །རྡོ་རྗེ་རྩེ་ལྔ་པདྨའི་དབུས། །དེ་ལས་སྤྲོས་དང་བསྡུས་པ་ཡིས། །སྥོ་ཊ་བཛྲའི་སྔགས་བརྗོད་པས། །རྣམ་འཇོམས་སྐུ་ནི་བཻ་ཌཱུརྱ། །སྔོན་པོ་སྤུག་གི་ཁ་དོག་ལ། །གཡས་པ་རྒྱ་གྲམ་འཛིན་པ་སྟེ། །གཡོན་ནི་སྡིགས་མཛུབ་ཐུགས་ཀར་བསྒྲེང་། །ཁྲོ་ལས་
བྱང་ཆུབ་སེམས་དཔའི་རྒྱན། །ཆ་ལུགས་བརྒྱད་དང་ལྡན་པ་ལ། །ཐུགས་ལས་ཧཱུཾ་བཞི་ཕྱོགས་བཞིར་ཆད། །གྲི་གུག་ཉི་ཟླའི་རྩིབས་སྟེངས་སུ། །འཇིགས་པའི་ཁྲོ་བོ་ཆེན་པོ་བཞི། །མ་ནོར་རྩ་བའི་སྔགས་ཀྱིས་བསྐྱེད། །ཤར་དུ་རྡོ་རྗེ་གཏུམ་པོ་ནི། །སྨུག་ནག་རྡོ་རྗེ་རྩེ་ལྔ་བསྣམས། །ལྷོ་རུ་རྡོ་རྗེ་ཕུར་བུ་ནི། །
ལྗང་ནག་རྡོ་རྗེ་ཕུར་པ་བསྣམས། །ནུབ་ཏུ་རྡོ་རྗེ་བེ་ཅོན་ནི། །དམར་ནག་ཕྱག་ན་བེ་ཅོན་བསྣམས། །བྱང་དུ་རྡོ་རྗེ་ཐོ་བ་ནི། །ལྗང་ནག་ཕྱག་ན་ཐོ་བ་བསྣམས། །གཡོན་པ་ཀུན་ནི་སྡིགས་མཛུབ་སྟེ། །ཁྲོ་ལས་བྱང་ཆུབ་སེམས་དཔའ་བརྒྱན། །འཁོར་ལོའི་གོང་རས་བཞི་ལ་ནི། །ཕྱག་མཚན་

རྡོ་རྗེ་རིན་པོ་ཆེ། །པདྨ་སྣ་ཚོགས་རྡོ་རྗེ་ལས། །སྥོ་ཊ་བཛྲ་བཛྲ་ལཱ་སྱེ་ཧཱུཾ་ཞེས་བརྗོད་བས། ལཱ་སྱེ་དཀར་མོ་ཕྱག་ན་མེ་ལོང་བསྣམས། །བཛྲ་མཱ་ལེ་ཏྲཱཾ། མཱ་ལེ་སྔོན་མོ་ཕྱག་ན་ཕྲེང་བ་བསྣམས། །བཛྲ་གཱིརྟི་ཧྲཱིཿགཱིརྟི་དམར་མོ་ཕྱག་ན་པི་ཝང་བསྣམས། །བཛྲ་ནྲི་ཏྱེ་ཨཿནྲི་ཏྱེ་ལྗང་གུ་གར་བསྒྱུར་
ཐལ་སྦྱར་སྤྱི། །ཕྱི་རིམ་རྒྱས་པའི་གྲུ་ཆད་ལ། །ཕྱག་རྒྱ་གསེར་དངུལ་ཟངས་ལྕགས་གཞོང་པ་བཞི། །མཆོད་པའི་ལྷ་མོ་བཞི་པོ་བསྐྱེད། །དྷཱུ་པེ་དཀར་མོ་སྤོས་གཞོང་སེར་མོ་བསྣམས། །བཛྲ་དྷཱུ་པེ་ཧཱུཾ། པུཥྤེ་སེར་མོ་མེ་ཏོག་གཞོང་པ་བསྣམས། །བཛྲ་པུཥྤེ་ཧྲཱཾ། མར་མེ་དམར་སྐྱ་མེ་གཞོང་
དམར་པོ་བསྣམས། །བཛྲ་ཨཱ་ལོ་ཀེ་ཧྲཱིཿདྲི་ཆབ་ལྗང་གུ་ལྕགས་ཀྱི་གཞོང་པ་བསྣམས། །བཛྲ་གནྡྷེ་ཨཿཁྱམས་ལ་ཕྱོགས་སྐྱོང་བཅུ་པོ་བསྐྱེད། །རྡོ་རྗེ་མེ་ཐབ་གྲུ་གསུམ་དང་། །བེ་ཅོན་རལ་གྲི་སྦྲུལ་ཞགས་དང་། །བ་དན་དབྱུག་པ་ཁ་ཊྭཱཾ་ག །ཤར་དུ་ཉི་ཟླ་ནུབ་ཏུ་བུམ་པ་ལས། །སྔགས་འདི་བརྗོད་ལ་སྐུ་
རུ་གསལ་བར་བསྐྱེད། །ཨིནྡྲ་ཡེ་སྭཱ་ཧཱ། བརྒྱ་བྱིན་དཀར་པོ་ཕྱག་ན་རྡོ་རྗེ་བསྣམས། །ཨགྣེ་ཡེ་སྭཱ་ཧཱ། ཨགྣེ་དམར་སེར་ཕྱག་ན་མེ་ཐབ་བསྣམས། །ཡཱ་མ་ཡེ་སྭཱ་ཧཱ། གཤིན་རྗེ་ནག་པོ་ཕྱག་ན་བེ་ཅོན་བསྣམས། །ནཻ་ཪྼྀ་ཏྱེ་སྭཱ་ཧཱ། བདེན་བྲལ་དམར་སེར་ཕྱག་ན་རལ་གྲི་བསྣམས། །བ་རུ་ཎ་ཡེ་སྭཱ་ཧཱ།
ཆུ་ལྷ་དམར་པོ་ཕྱག་ན་སྦྲུལ་ཞགས་བསྣམས། བཱ་ཡ་བེ་སྭཱ་ཧཱ། རླུང་ལྷ་དམར་ལྗང་ཕྱག་ན་བ་དན་བསྣམས། །ཀུ་བེ་ར་ཡ་སྭཱ་ཧཱ། གནོད་སྦྱིན་ལྗང་གུ་ཕྱག་ན་དབྱུག་ཏོ་ཐོགས། །ཨི་ཤྭ་ན་ཡེ་སྭཱ་ཧཱ། དབང་ལྡན་ལྗང་སྐྱ་ཕྱག་ན་ཁ་ཊྭཱཾ་ག །སཱུརྱ་ཙནྡྲ་ཡེ་སྭཱ་ཧཱ། ཚངས་པ་སྔོ་སྐྱ་ཕྱག་ན་ཉི་ཟླ་
བསྣམས། །པྲ་ཏི་བྷྱ་ཡེ་སྭཱ་ཧཱ། ས་བདག་མཐིང་ནག་ཕྱག་ན་བུམ་པ་བསྣམས། །དྲེགས་པ་སེམས་ཅན་ཀུན་གྱི་གདན་ལ་བཞུགས། །སྒོ་བཞིར་ཕྱག་རྒྱ་ལྕགས་ཀྱུ་དང་། །ཞགས་པ་ལྕགས་སྒྲོག་དྲིལ་བུ་ལས། །ཤར་དུ་ཨང་ཀུ་ཤ་ཛཿ། རྟ་གདོང་དཀར་མོ་ཕྱག་ན་ལྕགས་ཀྱུ་བསྣམས། །
ལྷོར་པཱ་ཤ་ཧཱུཾ་ལས། ཕག་གདོང་ནག་མོ་མཆེ་ཞགས་ཐོགས་པའོ། །ནུབ་སྒོར་སྥོ་ཊ་བཾ་ལས། ཉི་ཟླ་དམར་མོ་ལྕགས་སྒྲོག་བསྣམས་པར་བསྒོམ་མོ། །བྱང་སྒོར་ཨཱ་བེ་ཤ་ཨཿལས། ཐལ་བྱེད་ལྗང་ནག་དྲིལ་བུ་འཁྲོལ་བར་བསྐྱེད་དོ། །ཡང་ན་ཁྱམས་སུ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་

ཕྱག་མཚན་བརྒྱད་ལས་སྐུ་མདོག་སེར་མོ་ཕྱག་ན་བཀྲ་ཤིས་ཀྱི་རྫས་བརྒྱད་བསྣམས་པ་བསྐྱེད་དོ། །བཛྲ་སིན་ད་མ། བཛྲ་ཏྲ་མ་ཡེ། བཛྲ་ཛི་བ་ཡ། བཛྲ་ཤ་ལོ་ཡེ། བཛྲ་གུ་ཤ་ཧཱུཾ། ཡཀྵ་ཧཱུཾ། བ་ལ་ཧཱུཾ། ད་ལ་ཧཱུཾ། ཞེས་བསྐྱེད་ལ། འོད་དཀར་གསུམ་ལ། དང་པོ་རྡོ་རྗེ་ར་བ་ལ་ཕྱོགས་སྐྱོང་
བསྐྱེད། པདྨ་ལ་ལྷ་སྲིན་སྡེ་བརྒྱད་བསྐྱེད། མེ་འོད་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བསྐྱེད་དོ། །དོན་གྱི་ལྷ་དགུ། རྩ་བའི་ལྷ་ལྔ། བསྐྱེད་པའི་ལྷ་ཉི་ཤུ་རྩ་ལྔ། མཆོད་པའི་ལྷ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔའོ། །རྩ་བའི་སྔགས་བརྗོད་ལ་ཕྱག་རྒྱ་བསྟན། །སྙིང་པོ་ཏི་ལྔ་དབུ་སྟེངས་སུ། །སངས་རྒྱས་
ལྔ་ཡིས་དབང་བསྐུར་བ། །ཀ་ཊ་བཛྲ་ཞེས་བརྗོད་པས། །སྤྱི་བོར་དབང་བསྐུར་བྱིན་གྱིས་བརླབས། །བསྐྱེད་པའི་ལྷ་རྣམས་ཀུན་ལ་ནི། །རིགས་ཀྱི་བདག་པོ་རེ་རེ་བསྒོམ། །དབང་བསྐུར་ལྷ་རྣམས་ཐམས་ཅད་ལ། །མ་ཊ་བཛྲ་ཞེས་བརྗོད་པས། །ལུས་ལ་རྡོ་རྗེ་གོས་གྱོན་ནོ། །མ་ཐ་མི་འགྱུར་ཀ་ནན་བཏང་། །
ཨ་ཐ་ཞེས་ནི་བགེགས་ཀྱང་བསྐྲད། །སུ་ལས་རྡོ་རྗེ་ཁང་པ་ནི། །རབ་ཏུ་བརྟན་པར་འགྱུར་བ་དང་། །གཞི་ཡི་རྣལ་འབྱོར་ལུས་རྣམས་ནི། །བཛྲ་བདུན་གྱིས་བྱིན་གྱིས་བརླབ། །རང་བཞིན་གནས་ནས་བསྐུལ་བ་ནི། །ཧ་ར་ཧ་ར་བཛྲ་བི་དཱ་ར། །སེ་གོལ་དྲག་ཏུ་བརྡབས་པ་ཡིས། །ཛཿཡི་སྤྲུལ་པས་སྙན་
གསན་དབབ། །པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ཛཿཧཱུཾ་བཾ་ཧོཿ། འོད་ཟེར་ལྔ་ཡི་མདུན་དུ་བྱོན། །མ་ཏི་སྠི་ར་བཛྲ། དེ་ཡིས་ལྷ་རྣམས་ཆ་གཉིས་དབྱེ། སུ་ཏི་སྠིར་བཛྲ། གདན་གཅིག་མི་གཉིས་ཚུལ་དུ་གཅོད། །པྲ་ཏི་སྠི་ར་བཛྲ། དེ་རྣམས་གཉིས་མེད་འདྲེས་པར་བསྟིམ། །མ་ཧཱ་བཛྲ་སྐུ་བརྟན། ཨ་པྲ་ཏི་
ཧ་ཏ་བཛྲ་གསུང་བརྟན། ཨ་མོ་གྷ་བཛྲ་ཐུགས་བརྟན། ཨེ་ཧྱེ་ཧི་བཛྲ་དགྱེས་པ་བསྐྱེད། ཤཱི་གྷྲཾ་བཛྲ་དངོས་གྲུབ་མ་ཐོབ་པར་དུ་བཞུགས། དམ་ཚིག་ལྷ་དང་ཡེ་ཤེས་ལྷ། །གཉིས་མེད་བསྒྲུབས་ལ་མཆོད་པས་མཆོད། །བསྒོམ་ཞིང་བཟླས་པས་བསྒྲུབ་པར་བྱ། །སྔགས་རིངས་ཉེ་བའི་སྙིང་པོ་གཉིས། །
བསྡུས་རྒྱས་ལྷ་ཡི་བསྙེན་པ་བསྐྱལ། །མཚན་མ་དུས་དང་གྲངས་ལ་སོགས། །དམ་དུ་བཅས་པའི་བསྙེན་པ་ནི། །ཐུན་བཞི་རིམ་གྱིས་ཉིན་དང་མཚན། །བསྙེན་པ་རྫོགས་པའི་ཆོ་ག་བྱ། །དཀྱིལ་འཁོར་ཞག་གི་ཆོ་ག་ལ། །ས་དང་སྟ་གོན་རྡུལ་ཚོན་རྣམས། །མཁས་པས་རིམ་པར་བརྩམ་པར་བྱ། །

དང་པོ་ས་ཡི་ཆོ་ག་ནི། །ས་བརྟག་བསླང་ཞིང་སྦྱང་བ་དང་། །བྱིན་གྱིས་བརླབ་ཅིང་གཟུང་བ་ལྔ། །ས་བརྟག་པ་ལ་བཞི་རུ་གྲངས། །ནམ་མཁའི་ཕྱོགས་དང་ས་གཞི་དང་། །བདག་པོ་ཡོད་མེད་བརྟག་པ་བཞི། །ས་སྦྱངས་པ་ལ་གཉིས་ཡིན་ཏེ། མངོན་པ་མི་ལ་ཉོ་བསླང་དང་། །མི་མངོན་
བགེགས་ལ་བསླང་བའོ། །བདེན་པ་བདར་ཏེ་ཆོས་བཤད་བསླང་བ་དང་། མཆོད་ཅིང་གསོལ་བ་གདབ་སྟེ་བསླང་བའོ། །སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ཡི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཇི་ལྟར་ཤཱཀྱ་སེང་གེ་ཡིས། །
བདུད་སྡེ་དཔུང་བཅས་བཅོམ་པ་བཞིན། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་རྡོ་རྗེ་བརྡབས་པས་སའི་སེར་ཀ་ནས། སའི་ལྷ་མོ་བྱོན་ཏེ་ས་གནང་ངོ་། །སའི་ལྷ་མོ་དང་ས་བདག་གནས་ཀྱི་བདག་པོ་ལ་མཆོད་པ་དང་གཏོར་མས་མཆོད་ནས། ཧཱུཾ་
གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་ཀླུ་རྣམས། །མཆོད་དང་གཏོར་མ་འདི་ལོང་ལ། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །པྲ་ཏི་བྱ་དྷཱུ་པཾ་པུཥྤཾ། ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། པྲ་ཏི་བྱ་ནཾ་སརྦ་ཏ་ཐཱ་
ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏ་ཁཾ་བ་ལིཾ་ཏ་ཁཱ་ཧི། ས་སྦྱང་བ་ནི། ལས་དང་བྱ་བས་སྦྱང་བ་དང་། །སྔགས་དང་ཕྱག་རྒྱས་སྦྱང་བའོ། །ཆོས་ཉིད་སྟོང་པའི་སྔགས་དང་ཕྱག་རྒྱས་སྟོང་པར་སྦྱང་བའོ། །ལས་དང་བྱ་བས་བརྐོས་ཏེ་རོ་ལྔ་བསལ། །འཐས་ཤིང་ཚད་དང་ལྡན་པར་བྱ། །ཚངས་
ཐིག་ཟུར་ཐིག་བཞི་ཡང་གདབ། །ཆ་ཆེན་བཅུ་དྲུག་བགོ་བྱས་ལ། །ལྷ་སྣམ་མིན་པ་བཞི་བཞིར་བགོ །ཟླུམ་སྐོར་རིམ་པ་བརྒྱད་དུ་བསྐོར། །ཕོ་བྲང་འཁོར་ལོའི་གོང་རས་ལ། །རིམ་པ་གཉིས་གཉིས་བཞི་རུ་བསྐོར། །རྡོ་རྗེ་པདྨ་མེ་འོད་ལ། །ཆ་བྲན་གཉིས་གཉིས་མཉམ་པོ་རུ། །རིམ་པ་
བཞིན་དུ་བསྐོར་ཏེ་གཞག །མཐིང་ཀ་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་པཉྩ་བཏང་། །ཡང་ན་མཐིང་ག་དཀར་པོ་དང་། །དམར་པོ་སྐུ་གསུམ་ཏྲི་རཱ་ག །གོང་རས་ལྗང་གུ་གྲུ་ཆད་སེར། །སྒོ་དང་ལྷ་སྣམ་ཕྱོགས་ཚོན་ལ། །ལྔ་རྩེ་དམར་པོ་ཕ་གུ་སེར། །དྲ་བ་དཀར་ལ་

ཆུན་འཕྱང་ལྕགས། །དཀྱིལ་འཁོར་སྟེང་དུ་སྐུ་གཟུགས་བཞག །ས་དེ་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱིས་གཟུང་བའོ། །བདུད་རྩི་འཁྱིལ་བའི་བུམ་པ་གཞག་པ་ནི། ཁྲོ་བོ་ལས་ཐམས་ཅད་པས་ས་གཟུང་བའོ། །གཉིས་པ་སྟ་གོན་གནས་པར་བྱ། །ལྷ་དང་བུམ་པ་སློབ་མ་དང་། །
སྟ་གོན་དུས་ཀྱི་སྦྱིན་སྲེག་གོ། །དཀྱིལ་འཁོར་ལྷ་ཡི་གནས་རྣམས་སུ། །ཙནྡན་གུར་གུམ་དྲི་ཡི་ཐིག་ལེ་བྱ། །རང་རང་སྔགས་ཀྱིས་སྐད་ཅིག་བསྐྱེད། །དེ་ལས་མཆོད་དང་གཏོར་མ་དང་། །གསང་བ་སྡེར་བཟངས་མཆོད་པ་དབུལ། །མཆོད་དེ་གསོལ་བ་གདབ་པ་ནི། །བཅོམ་ལྡན་རྡོ་རྗེ་རྣམ་
འཇོམས་ནི། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་པ་
ལན་གསུམ་དུ་གསོལ་བ་གདབ་བོ། །བུམ་པ་སྟ་གོན་དུ་གནས་པ་ནི། བུམ་པའི་རྒྱུ་བསྟན་པ་དང་། བུམ་པའི་བཅུད་བསྟན་པ་དང་། མགུལ་ཆིངས་བསྟན་པ་དང་། ཁ་རྒྱན་བསྟན་པ་དང་། བཅའ་བའི་ཐབས་བསྟན་པ་དང་། །བཟླས་པའི་གྲངས་བསྟན་པ་དང་། བུམ་པའི་གྲངས་བསྟན་
པའོ། །བཅའ་བའི་ཐབས་དང་། བུམ་པའི་གྲངས་ནི་བསྡུས་པ་དྲུག་སྟེ། དབང་བསྐུར་བའི་བུམ་པ་ལྔ། བདུད་རྩི་འཁྱིལ་པའི་བུམ་པ་དང་དྲུག་གོ། །རིགས་ཀྱི་མཚན་མ་ནི་གུར་གུམ་གྱིས་ཏི་ལྔ་བྲི། བདུད་རྩི་འཁྱིལ་པ་ལ་ཧཱུཾ་བྲི། ཁ་དོག་མཐིང་སེར་དམར་ལྗང་ངོ་། །བདུད་རྩི་སྤུག་གི་ཁ་དོག་
ཅན་དུ་བྱའོ། །བཾ་ལས་བུམ་པ་གཞལ་ཡས་ཁང་། །བཾ་ལས་བདུད་རྩིའི་གཞལ་ཡས་བསྐྱེད། །རྒྱ་མཚོ་པདྨའི་གདན་སྟེངས་སུ། །ཏི་དང་ཡཾ་ཡིག་ཧཱུཾ་ལས་ནི། །ལྷ་བསྐྱེད་སྤྱན་དྲངས་མཆོད་པ་འབུལ། །ཉི་ཤུ་རྩ་གཅིག་བཟླས་པ་ནི། །བུམ་པ་རེ་ལ་རྫོགས་པར་བྱ། །ཡུངས་ཀར་རེ་ལ་སྔགས་
རེ་བཏབ། །དེས་ནི་བུམ་པའི་སྟ་གོན་ནོ། །དེ་ནས་སློབ་མ་ལྷག་པར་གནས་པ་ནི། དེ་ལ་དང་པོ་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཞིང་། ལག་ན་མེ་ཏོག་ཐོགས་ལ། སློབ་དཔོན་ལྷ་ལ་ཕྱག་བྱས་ལ་འདི་སྐད་ཞུའོ། །དགའ་ཆེན་ཁྱོད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་

གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །
དེ་ནས་སློབ་དཔོན་གྱིས་སྤྲོ་བ་བསྐྱེད་ལ། ཧོ་རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་སུ། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་རྣམ་འཇོམས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་སློབ་མས་སྡིག་པ་བཤགས་པ། དབང་མེད་
བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཆེན་གྱི། །སྤྱན་སྔར་སྡིག་པ་མ་ལུས་སོ་སོར་བཤགས། །ཞེས་ལན་གསུམ་དུ་བརྗོད་དོ། །བདག་གིས་སེམས་ཅན་དོན་དུ་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །
སྡུག་བསྔལ་གྲུ་ལས་ཐར་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སློབ་མའི་སྙིང་གར་རྡོ་རྗེ་རྒྱ་གྲམ་བཅུག་ལ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ། ཞེས་བརྗོད་ལ་སློབ་མ་རྡོ་རྗེ་རྣམ་པར་འཇོམས་པར་བསྐྱེད་ལ། །ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པས་གནས་བཞི་བྱིན་གྱིས་བརླབས་ཏེ། རྡོ་རྗེ་
བསྡམས་པའི་ཕྱག་རྒྱས་སྙིང་གར་ཧཱུཾ་ལས་རྡོ་རྗེ། དཔྲལ་བར་ཏྲཱཾ་ལས་རིན་པོ་ཆེ། མགྲིན་པར་ཧྲཱིཿལས་པདྨ། སྤྱི་བོར་ཨཿལས་སྣ་ཚོགས་རྡོ་རྗེ་བསྐྱེད་དོ། །དེ་ལྟར་གནས་བཞིར་ཡེ་ཤེས་བཞི་རྟགས་དང་ལྡན་པར་བྱིན་གྱིས་བརླབས་ནས་མཆོད་པ་དབུལ་ཞིང་སྣང་བར་བྱས་ཏེ། བདུག་སྤོས་ལག་ཏུ་
གཏད། མེ་ཏོག་ལུས་ལ་གཏོར། དྲི་ཐུགས་ཀར་བྱུག །མར་མེ་སྣང་བར་བསྟན། །ལྷ་བཤོས་ཞལ་དུ་བཅུག །སིལ་སྙན་རྣ་བར་བསྒྲགས། སྔགས་དང་ཕྱག་རྒྱས་ཚིག་རྣམས་གོ་བར་བརྗོད་དོ། །ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོ་མེ་ཏོག་བཅིངས་པ་དེ་བཛྲ་ཧཱ་ས་ཧ་ཞེས་
སྦྱིན་པར་བྱའོ། །ཀུ་ཤ་སྔོན་པོ་བཛྲ་ཏཱིཀྵྞ་ཞེས་གཏད་ལ། ལ་ལ་སྔས་སུ་གཞུག་ལ་ལ་སྟན་དུ་བཏིང་ལ་ཉོལ་ཅིག་བསྒོའོ། །དེ་ནས་རྡོ་རྗེ་རྣམ་འཇོམས་བཟླས་པའི་སྲུང་སྐུད་མགུལ་དུ་གདགས་སོ། །གསོལ་བ་གདབ་པར་བྱའོ། །ནང་པར་བཞིན་བཟངས་ལོངས་ཤིག །དཀྱིལ་འཁོར་

ཆེན་པོ་མཐོང་བར་འགྱུར་རོ་ཞེས་བརྗོད་དོ། །ལྷ་གནས་སློབ་མ་སྟ་གོན་གྱི་ཆོ་གའོ། །སྟ་གོན་གྱི་དཀྱིལ་འཁོར་དེ། བཛྲ་དྲྀཥྚི་མཊ་ཅེས་ནམ་མཁའ་ལ་བཏེག་ལ་ཐིག་གདབ་པར་བྱའོ། །གཞུང་དང་མཐུན་པར་བྲིས་ནས་ནི། དཀྱིལ་འཁོར་ཞག་གི་ཆོ་ག་བྱས་ཏེ། དཀྱིལ་འཁོར་དེ་ནམ་མཁར་བསླང་
བར་བྱ་སྟེ། རྡོ་རྗེ་རྒྱ་གྲམ་ཕྱག་རྒྱས། བཛྲ་བེ་ག་ཀྲ་མ་ཧཱུཾ་ཞེས་གདེག་པར་བྱའོ། །ཕྱག་མཚན་ལ་སྟ་གོན་གྱི་ཡེ་ཤེས་དབབ་སྟེ། བཛྲ་ཙཎྜ་ཨ། བཛྲ་ཧུ་ལུ་ཨ། བཛྲ་ཏིཥྛ་ཨ། བཛྲ་བནྡྷ་ཨ། བཛྲ་ཧ་ན་ཨ། བཛྲ་ལཱ་སྱེ་ཨ། ཞེས་སྒོ་བ་འབེབས་པའི་བར་དུ་དབབ་པར་བྱའོ། །དཀྱིལ་
འཁོར་བྱིན་དང་ལྡན་པའི་ཕྱིར། རྡོ་རྗེ་གཟུངས་ཀྱིས་བསྒྲུབ་པར་བྱ་སྟེ། བདག་རྡོ་རྗེ་རྣམ་པར་འཇོམས་པར་བསྒོམས་ལ། གཟུངས་ཚར་ཉི་ཤུ་རྩ་གཅིག་བཏོན་པས། ཀུན་ཀྱང་རྡོ་རྗེའི་གུར་དང་ས་གཞིར་གྱུར་ཏེ། མཚམས་བཅད་ཅིང་བར་ཆད་མེད་པར་བསྒྲུབ་པར་བྱའོ། །ལྷག་ཆད་ཀྱི་ཉེས་པ་ཁ་
བསྐང་བར་བྱ་བའི་ཕྱིར། རྡོ་རྗེ་ཤུགས་ཀྱིས་བསྒྲུབ་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བཟླས་ཤིང་། དྲིལ་བུ་དཀྲོལ་ཞིང་ལན་བདུན་དུ་དཀྱིལ་འཁོར་ལ་བསྐོར་བ་བྱའོ། །རྡོ་རྗེ་ཤུགས་ནི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ་བསྐོར་བ་བྱས་པས། ཆོ་ག་ལྷག་པ་དང་མ་ཚང་བའི་ཉེས་
པ་དང་། མ་འབྱོར་བའི་ཆོ་ག་ཉམས་པ་ཐམས་ཅད་སོར་ཆུད་པར་འགྱུར་རོ། །རྩ་བའི་སྔགས་བརྗོད་པ་ཐམས་ཅད་གསུང་ཡིན། ལྷ་ཐམས་ཅད་ཀྱི་ཕྱག་མཚན་གསལ་བ་ཐུགས། དེ་ལས་སྐུ་གསལ་བ་དབྱེར་མེད་དུ་གྱུར་པར་བསྒོམ་མོ། །དཀྱིལ་འཁོར་གྱི་གདན་ཐོག་ཏུ་ཕྱག་མཚན་ཕབ་
པ་དེ་རྣམས་ལ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་ཞེས་བརྗོད་པ་གསུང་། རྡོ་རྗེ་རྒྱ་གྲམ་དུ་གསལ་བ་དེ་ཐུགས། དེ་ལས་འོད་ཟེར་འཕྲོ་འདུ་བྱས་ཏེ་སྐུར་དཀྲོངས་ཙེར་སོང་བ་དེ་གསུམ་དབྱེར་མེད་པ་དེ་ག་སྐུ་གསུང་ཐུགས་ཐ་མི་དད་པར་བསྒྲུབ་པའོ། །དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་
ལྷའི་བདག་ཉིད་ཅན་དུ་བསྒྲུབ་པའི་ཆོས་བརྒྱད་དེ། རྡོ་རྗེ་སློབ་དཔོན་གྱིས་སེ་གོལ་བརྡབ་ཅིང་། བཛྲ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿཞེས་རང་བཞིན་གནས་ནས་སྤྱན་དྲང་ངོ་། །བཛྲ་གནྡྷེ་པྲ་བེ་ཤ་ཕཊ། ཅེས་སྒོ་དབྱེ། བཛྲ་ཨཾ་ཀུ་ཤ་ཛཿཕྱི་ནས་ནང་དུ་སྤྱན་དྲང་། བཛྲ་པཱ་ཤ་ཧོཿགདན་

གཅིག་ལ་གཞུག །བཛྲ་སྥོ་ཊ་བཾ་གཉིས་མེད་བསྟིམ། ཨཱ་བེ་ཤ་ཨཿཞེས་དགྱེས་པ་བསྐྱེད། བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་བིགྷ་ནཱཾ་ནཱ་ཤ་ཡ་ཧཱུཾ་ཕཊ། བཛྲ་ཀརྨས་ར་བ་བྱ། བཛྲ་སནྡྷི་བཾ་གྱིས་སྒོ་བཅད་དོ། །ཡི་གེ་གཉིས་ཀྱིས་ལྷ་ཐམས་ཅད་ལ་རྡོ་རྗེ་ཀ་ནན་གཏང་། ཕྱག་རྒྱ་བཞིས་རྒྱས་
གདབ་པར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཙཎྜ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། ཨ་ཧཾ། ཨོཾ་བཛྲ་ཙཎྜ་བཛྲ་ཙཎྜ་ཏི། རྩ་བའི་ལྷའི་སྙིང་པོ་མཐུན་ཏེ་ལྔའོ། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གཱི་ཏི་ཧྲཱིཿནྲྀ་ཏྱེ་ཨཿཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ
གནྡྷེ་ཨཿཨོཾ་བཛྲ་སིདྡྷཾ། ཨོཾ་བཛྲ་པྲ་མ་ཡེ། ཨོཾ་བཛྲ་ཛི་བ་ཡེ། ཨོཾ་བཛྲ་ཤ་ལོ་ཡེ། ཨོཾ་བཛྲ་གུ་ཤ་ཧཱུཾ། ཨོཾ་བཛྲ་ཡ་ཀྵ་ཧཱུཾ། ཨོཾ་བཛྲ་བ་ལ་ཧཱུཾ། ཨོཾ་བཛྲ་ད་ལ་ཧཱུཾ། བཀྲ་ཤིས་ལྷ་མོ་བརྒྱད་ནི་ཕྱག་ཐལ་མོ་གཟིངས་པའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་ཨཱ་བེ་
ཤ་ཨཿཞེས་དམ་ཚིག་ཕྱག་རྒྱའོ། །ཆོས་ཀྱི་ཕྱག་རྒྱ་ནི། ལྷ་ཐམས་ཅད་ཀྱི་ལྗགས་ལ་བཛྲ་དྷརྨ་ཛྙཱ་ན་ཞེས་བསྒོམ་མོ། །ལས་ཀྱི་ཕྱག་རྒྱ་ནི། །རིགས་ལྔ་ལ། གཡས་གདེངས་ཤིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བའོ། །རྡོ་རྗེ་རྣམ་པར་འཇོམས་པས། །སེམས་ཅན་ཐམས་ཅད་
བསྲུང་བའི་ལས་མཛད་དུ་གསོལ། རྡོ་རྗེ་གཏུམ་པོས་ཞི་བའི་ལས་མཛད་དུ་གསོལ། རྡོ་རྗེ་ཕུར་བུས་རྒྱས་པའི་ལས་མཛད་དུ་གསོལ། རྡོ་རྗེ་བེ་ཅོན་གྱིས་དབང་གི་ལས་མཛད་དུ་གསོལ། རྡོ་རྗེ་ཐོ་བས་སེམས་ཅན་ཐམས་ཅད་རེངས་པའི་ལས་མཛད་དུ་གསོལ། གསང་བའི་ལྷ་མོ་བཞིས་དེ་
བཞིན་གཤེགས་པ་ཐམས་ཅད་མཉེས་པའི་ལས་མཛད་དུ་གསོལ། མཆོད་པའི་ལྷ་མོ་བཞིས་མཆོད་པའི་ལས་མཛད་དུ་གསོལ། བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་རེ་བ་བསྐང་བའི་ལས་མཛད་དུ་གསོལ། སྒོ་བ་བཞིས་དེ་བཞིན་གཤེགས་པ་དགུག་གཞུག་གི་
ལས་མཛད་དུ་གསོལ་ལོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་དྲིལ་བུ་ཐོགས་ལ། ལས་ཀྱི་ཕྱག་རྒྱ་བཞིན་བཅའ་ཞིང་། ཧཱུཾ་མུ་དྲ་མ་ཧཱ་ས་ལྷ་ཐམས་ཅད་ཞི་བའི་ལས་མཛད་དུ་གསོལ་ལོ། །ཀུན་གྱི་ཕྲིན་ལས་གཅིག་ཡིན་པས། །དེ་ནས་རེ་རེ་མ་བཤད་དོ། །མཆོད་པ་རྒྱས་པར་བར་འདིར་མཆོད་

པར་བྱའོ། །མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔས་མཆོད། །བཅོམ་ལྡན་ཁྲོ་བོ་གོས་སྔོན་ཅན། །ཡོན་ཏན་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་རྒྱ་གྲམ་ལས་རྣམས་རྫོགས། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །མཐིང་ནག་བརྗིད་པའི་ཆ་ལུགས་ཅན། །རྡོ་རྗེ་
རྩེ་ལྔ་སྡིགས་མཛུབ་འགྱེད། །རྡོ་རྗེ་ཐུགས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་ཕུར་བུ་ནི། །སེར་ནག་འཇིགས་པའི་ཆ་ལུགས་ཅན། །རྡོ་རྗེ་ཕུར་བུས་ལས་རྣམས་མཛད། །ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་བེ་ཅོན་ནི། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །
བེ་ཅོན་འབར་བས་གདུག་པ་འདུལ། །དབང་སྡུད་སྐུ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་ཐོ་བ་ནི། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །ཐོད་སྦྲུལ་དར་གྱི་རྒྱན་ཆ་ཅན། །ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །སྒེག་མོ་ཕྲེང་བ་གར་དང་དབྱངས། །མཛེས་པའི་མེ་ལོང་
ཕྲེང་བས་བརྒྱན། །སྙན་པའི་པི་ཝང་གར་སྒྱུར་ཞིང་། །གསང་བའི་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད། །བདུག་པ་མེ་ཏོག་མར་མེ་དྲི། །རིན་ཆེན་མཛེས་པའི་གཞོང་པ་བསྣམས། །ཤངས་སྤྱན་ཐུགས་འོད་མཆོད་པ་འབུལ། །མཆོད་པའི་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད། །བཀྲ་ཤིས་ལྷ་མོ་
ལས་ཀྱི་སྐུ། །བཙོ་མ་གསེར་མདོག་རྒྱས་པའི་སྐུ། །ཕྱག་ན་བཀྲ་ཤིས་རྫས་བརྒྱད་བསྣམས། །རེ་སྐོང་རྣམས་ལ་ཕྱག་འཚལ་བསྟོད། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དགུག་གཞུག་དགྱེས་པའི་ལས་མཛད་མ། །སྒོ་བ་རྣམས་ལ་ཕྱག་འཚལ་བསྟོད། །ཚངས་པ་བརྒྱ་བྱིན་མེ་ཡི་ལྷ། །
གཤིན་རྗེ་སྲིན་པོ་ཆུ་ཡི་ལྷ། །རླུང་ལྷ་གནོད་སྦྱིན་བགེགས་ཀྱི་རྒྱལ། །ས་བདག་ལ་སོགས་ཕྱོགས་སྐྱོང་བཅུ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །མཁའ་ལྡིང་འདབ་བཟངས་ལུས་སྲུལ་པོ། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །སྡེ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །ས་ཆུ་མེ་རླུང་ནམ་མཁའ་ལ། །གནས་
པའི་བགེགས་རིགས་སྟོང་ཕྲག་ཚོགས། །སོ་སོ་རང་གིས་འཁོར་འདུལ་ཞིང་། །ས་གནས་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་བསྒོམ་ཞིང་བཟླས་པས་བསྒྲུབ་པར་བྱ་སྟེ། ལྷ་རྣམས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། རྡོ་རྗེའི་ལྟེ་བའི་ཧཱུཾ་ལ་རང་རང་གི་སྔགས་

ཀྱིས་བསྐོར་བ་ལ་བཟླས་པ་བྱས་པས། སྔགས་ཀྱིས་ལྷ་མོ་མཆོད་པ་དང་། སྒྲིབ་པ་སྦྱང་བ་དང་། བགེགས་ཐོན་པ་དང་། དངོས་གྲུབ་བསྡུ་བའི་ལས་བཞིའི་འཕྲོ་འདུ་བྱའོ། །དེ་ནས་ཐུན་མཚམས་སུ་སྡེར་བཟངས་ཀྱི་མཆོད་པ་དབུལ་ཏེ། ཚེ་འཛིན་ཟས་ཀྱི་སྟེང་དུ་ནི། །སྦྲང་གི་སེང་
གེ་སྐྱོང་བཞི་གཞག །མར་གྱི་ཐ་མ་ཟས་ཀྱི་བཅུད། །བུ་རམ་དཔག་བསམ་རྫིང་གི་ཤིང་། །ལན་ཚྭ་སྤོད་མཆོག་གངས་རི་སྤུངས། །ཨོཾ་ཨཱཿཧཱུཾ། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་
བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་ར་ཀྵ་ཁཱ་ཧི། ཞེས་ལན་གསུམ་བར་དུ་བཏབ་པར་བྱའོ། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་
ཁཱ་ཧི། བཅོམ་ལྡན་རྡོ་རྗེ་ཐུགས་ཁྱོད་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། བཅོམ་ལྡན་རྡོ་རྗེ་ཕུར་བུ་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་
བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། བཅོམ་ལྡན་རྡོ་རྗེ་བེ་ཅོན་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །
ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། བཅོམ་ལྡན་རྡོ་རྗེ་ཐོ་བ་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། དཀྱིལ་འཁོར་གོང་རས་འཁོར་ལོའི་མཚམས། །
གསང་བའི་ལྷ་མོ་བཞི་པོ་ལ། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། རྒྱས་པའི་གྲུ་ཆད་སེར་པོ་ལ། །ལས་མཛད་མཆོད་པའི་ལྷ་མོ་བཞི། །སྙིང་པོ་ལྔ་

ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། འབར་བའི་བར་ཁྱམས་ཕྱོགས་མཚམས་བརྒྱད། །ཡིད་འོང་བཀྲ་ཤིས་ལྷ་མོ་བརྒྱད། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་
བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། ཡེ་ཤེས་ལས་ཀྱི་སྒོ་བཞི་ནས། །སྒོ་མ་དགུག་གཞུག་ལས་མཛད་ཅིང་། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །
ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། རྡོ་རྗེ་པདྨ་མེ་འོད་ལས། །ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོའི་ཚོགས། །སྙིང་པོ་ལྔ་ཡི་མཆོད་པ་འབུལ། །ཚོགས་བསགས་བྱང་ཆུབ་ལམ་སྦྱང་ཕྱིར། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །
ཨོཾ་གྱིས་ཉེས་པའི་སྐྱོན་རྣམས་དག །ཨཱཿཡིས་བདུད་རྩི་ཆེན་པོར་གྱུར། །ཧཱུཾ་གིས་སྤྲོས་ཏེ་མཆོད་པ་འབུལ། །པ་ན་པེཾ་པེན་ཀུ་རཀྵ་ཁཱ་ཧི། ཕུད་ཚོ་བཅུའི་མཆོད་པ་འབུལ་ལོ། །དེ་ནས་ནང་དུ་འཇིག་རྟེན་ལས་འདས་པ་རྣམས་ལ་ཞི་བའི་སྦྱིན་སྲེག་གིས་མཆོད། དེ་ནས་སྒོའི་ཕྱི་རོལ་འོད་
ཀོར་ལ། འཇིག་རྟེན་པ་རྣམས་གཏོར་མ་ཆ་གསུམ་གྱིས་མཆོད། དཀྱིལ་འཁོར་བྲིས་པའི་རྗེས་ལ་དཀྱིལ་འཁོར་བསླང་ཞིང་ཡེ་ཤེས་ཕབ་ལ། བུམ་པ་རྣམས་དགྲམ་སྟེ། རིགས་ཀྱི་བུམ་པ་ལྔ་ཕྱོགས་བཞི་དབུས་དང་ལྔར་དགོད། བདུད་རྩི་འཁྱིལ་པའི་བུམ་པ་འཇུག་པ་སྒོའི་
གཡོན་ལོགས་སུ་དགོད། དེ་རྣམས་ལྷར་བསྐྱེད་ལ་མཆོད་པ་རྣམ་པ་ལྔས་མཆོད། བསྒོམ་ཞིང་བཟླས་པའི་སྐབས་སུ། བུམ་པ་རེ་ལ་སྙིང་པོ་བརྒྱ་རྩ་བརྒྱད་སྔགས་ཀྱིས་བསྐྱལ་ལོ། །དང་པོ་དཀྱིལ་འཁོར་བསླང་ཞིང་ཡེ་ཤེས་དབབ་པའི་བསྒྲུབ་པ་བྱས་ལ། བུམ་པ་དགྲམ་པ་སྔོན་དུ་འགྲོ་
བ་མཆོད་པ་རྣམ་པ་ལྔས་མཆོད། དཀྱིལ་འཁོར་དེ་བྱིན་དང་ལྡན་པར་བྱ་བའི་ཕྱིར། རྡོ་རྗེ་གཟུངས་ཀྱི་སྒྲུབ་པ་བྱས་ལ། ལྷག་ཆད་ཀྱི་ཉེས་པ་བསྐང་བ་རྡོ་རྗེ་ཤུགས་ཀྱི་བསྒྲུབ་པ་བྱ། སྐུ་གསུང་ཐུགས་ཐ་མི་དད་པའི་བསྒྲུབ་པ་བྱ། དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་ཀྱི་ལྷའི་

བདག་ཉིད་བསྒྲུབས་ལ། ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ། མཆོད་པ་རྒྱས་པས་མཆོད། རྩ་བའི་ལྷ་བསྒོམ་ཞིང་སྒྲུབ་པ་བྱས་ཏེ། སྡེར་བཟངས་ཚོགས་ཀྱི་མཆོད་པ་འབུལ། ནང་དུ་འཇིག་རྟེན་ལས་འདས་པ་ལ་སྦྱིན་སྲེག་གིས་མཆོད། ཕྱི་རོལ་དུ་འཇིག་རྟེན་པ་ལ་གཏོར་མ་ཆ་
གསུམ་གྱིས་མཆོད་ལ་དེ་ལྟར་མཆོད་ཅིང་བསྒྲུབ་པའི་ཆོས་བཅུ་གཅིག་ལ་གནས་ནས་དབང་བསྐུར་བར་བྱ་སྟེ། དེ་ཡང་དང་པོ་ལ་སློབ་མ་ལྷག་གནས་ཀྱི་དུས་ཀྱི། དབང་བསྐུར་བ་སྨིན་པའི་ཆོས་བཅུ་པོ་བྱ། སློབ་མ་དང་པོ་ལུས་ཁྲུས་བྱས་ལ་སློབ་དཔོན་ལ་གསོལ་བ་གདབ། དེ་ནས་
སློབ་དཔོན་གྱིས་སྤྲོ་བ་བསྐྱེད། སློབ་མས་རང་གི་སྡིག་པ་བཤགས་ནས་སེམས་བསྐྱེད། སེམས་ཀྱི་འབྲས་བུ་ལྷར་བསྐྱེད། ལྷའི་གནས་གཞི་བྱིན་གྱིས་བརླབ་སློབ་མའི་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ལ། སློབ་དཔོན་གྱིས་དེ་ལ་མཆོད་པ་འབུལ། ལྷ་གང་
ལ་དབང་ཐོབ་པའི་དཀྱིལ་འཁོར་དུ་སྤྱན་བཀབ་ལ་སོ་ཤིང་བསྐྱུར། དབང་ལ་བར་ཆད་བསྐྱབ་ཕྱིར་སྲུང་སྐུད་གདགས་སོ། །ཧཱུཾ་སྲུང་སྐུད་སྔགས་ཀྱི་བྱིན་རླབས་ཀྱིས། །ལྷ་ཡི་མགུལ་དུ་དབང་བསྐུར་བས། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག །
ཨོཾ་བཛྲ་རཀྵ་རཀྵ་བསྲུང་དུ་གསོལ་ལོ། །བར་ཆད་ཅིས་ཀྱང་མི་ཚུགས་པའི་རྡོ་རྗེའི་གོ་ཆ་གྱོན་པར་བསམ་མོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་བཅུག་ལ་དབང་བསྐུར་བར་བྱའོ། །དང་པོ་བུམ་པ་ཐོགས་ཏེ་འདི་སྐད་དུ། བུམ་པ་དག་བྱེད་ཆོས་ཉིད་སྤྲོས་བྲལ་སྐུ། །ཀུན་གཞི་ཉོན་མོངས་གནས་
གྱུར་ལུས་དག་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་མཐར་རྟོགས་ནས། །རྡོ་རྗེ་རྣམ་འཇོམས་སྐུ་རུ་སངས་རྒྱས་ཤོག །ན་མཿཙཎྜ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿལན་ལྔ་བརྗོད་པ་གོང་མས་འགྲེ། བུམ་པ་ཆུ་ཡི་དབང་བསྐུར་བས། །ལུས་ཀྱི་སྒྲིབ་པ་དག་པ་སྟེ། །མེ་ལོང་ལྟ་བུའི་
དོན་མཆོག་ནི། །སྣང་ལ་རང་བཞིན་མེད་པའི་དོན་རྟོགས་པར་གྱུར་ཅིག །དེ་ནས་དབུ་རྒྱན་ཐོགས་ལ་འདི་སྐད་དོ། །དབུ་རྒྱན་རིགས་ལྔ་ཡེ་ཤེས་ལྔ་ཡི་སྐུ། །ཉོན་མོངས་ལྔ་ཡི་གནས་ནི་དག་འགྱུར་ཏེ། །ལུས་ཀྱི་སྒྲིབ་པ་དག་སྟེ་མཉམ་ཉིད་རྟོགས། །རིན་ཆེན་འབྱུང་ལྡན་སྐུ་རུ་

སངས་རྒྱས་ཤོག །རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་ནི་ཧཱུཾ། བཛྲ་ཎི་ཨ་བྷི་ཥིཉྩ་མཱཾ། བཛྲ་བཛྲི་ཎི་ཧཱུཾ། རཏྞ་བཛྲི་ཎི་ཏྲཱཾ། དྷརྨ་བཛྲི་ཎི་ཧཱུཾ། ཨོཾ་ཀརྨ་བཛྲ་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས། ཉོན་མོངས་པ་ཅན་གྱི་ཡིད་
གནས་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་ཏེ། རིན་ཆེན་འབྱུང་ལྡན་སྐུར་སངས་རྒྱས་པར་གྱུར་ཅིག །དེ་ནས་རྡོ་རྗེ་ཐོགས་ལ་འདི་སྐད་དོ། ཧཱུཾ་སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །
ཨོཾ་བཛྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་བཛྲ་ས་མ་ཡ་སྟྭཾ། རིགས་ཀྱི་བུ་ལ་རྡོ་རྗེའི་དབང་བསྐུར་བས། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ཅིང་། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ་གྱུར་ཅིག །དེ་ནས་མིང་གི་དབང་བསྐུར་ཏེ། ཀྱེ་རྡོ་རྗེ་ཀུན་དུ་བཟང་པོ་ཞེས་མིང་བཏགས་པས། རྣམ་རྟོག་སྒོ་ལྔའི་དྲི་མ་
གནས་གྱུར་པས། །བྱ་བ་གྲུབ་པའི་ཡེ་ཤེས་དེར་རྟོགས་ནས། །ཡེ་ཤེས་རང་གནས་ཀྱི་དབང་ཐོབ་པར་གྱུར་ཅིག །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། རྡོ་རྗེ་མིང་གི་དབང་ཐོབ་པ་ཁོ་ནར་གྱུར་ཅིག །དེ་ནས་རྡོ་རྗེ་དྲིལ་བུ་གཉིས་ཀ་ཐོགས་ལ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་
བསྐུར་བ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་
བསྐུར་བས། ཁྱད་པར་བྱང་ཆུབ་སེམས་དང་ལྡན་ཏེ། གཏི་མུག་གནས་གྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པ་ཁོ་ནར་གྱུར་ཅིག །དེ་ལས་སློབ་མ་ལ་བཀྲ་ཤིས་གསོལ་ལོ། །དཀྱིལ་འཁོར་ཞལ་བསུམ་མོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་
གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་ཀྱང་དེ་དང་འདྲ། །མནྡྲ་མུ་དྲ། ས་མ་ཡ་ཏྲ་ཊ་ཅེས། དབུས་ནས་ནུབ་ཏུ་ཁ་བལྟས་ཏེ་ཞལ་གསུམ་མོ། །རིམ་པར་བརྩམས་པས་བདག་ཉིད་དགའ། །ཤེས་པར་བྱས་པས་མུན་ལ་སྒྲོན། །དགའ་སྒྲོན་དཀྱིལ་འཁོར་ཆོ་ག་འདི། །བདག་གིས་

བརྩམ་པར་མི་རིགས་ཀྱང་། །བདག་པས་དམན་ལ་ཕན་ཕྱིར་བརྩམས། །འདི་ཡིས་བསོད་ནམས་གང་ཐོབ་པ། །རྣམ་འཇོམས་སྐུ་ཡི་ཞལ་མཐོང་ཤོག །དཀྱིལ་འཁོར་གྱི་ཆོ་ག་དགའ་བའི་སྒྲོན་མ་ཞེས་བྱ་བ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆས་མཛད་པ་རྫོགས་སོ།། །།
བོད་ཀྱི་ལོ་ཙཱ་བ་སྤུ་རངས་བསོད་ནམས་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་སྣཱ་ཏ་བི་དྷི་བྲྀ་ཏྟི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་
འཚལ་ལོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དག་དང་རྒྱལ་པོའི་བློན་པོ་དང་། རྗེའུ་རིགས་དག་དང་དམངས་རིགས་དག་དང་། དགེ་སྦྱོང་དང་བྲམ་ཟེ་གང་དག་སྲིད་པའི་རྒྱ་མཚོ་ལས་མ་བརྒལ་བ་དག་ལ། ནད་དང་གནོད་པ་དང་། བྱད་ལ་སོགས་པ་གཞན་གྱི་གནོད་པས་སྡུག་
བསྔལ་བར་གྱུར་པ་དེ་དག་ལ། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་གས་གྲོལ་བར་འགྱུར་ཏེ། དེའི་ཕྱིར་དེ་དག་རྣམ་པར་དབྱེ་བའི་རིམ་པ་བརྩམ་པར་བྱའོ། །མདོ་སྡེ་འདིའི་དོན་གྱི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་མིང་གི་སྒོ་ནས་ངེས་པར་བསྟན་ཏེ། ཇི་ལྟ་ཞེ་ན།
རྡོ་རྗེ་ཞེས་པ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ། ཡེ་ཤེས་དེ་ནི་བསོད་ནམས་དང་ཡེ་ཤེས་ཚད་མེད་པ་རྣམས་ཀྱི་ཚོགས་ཅན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས། དེའི་ཕྱིར་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་
བྱིན་གྱིས་བརླབས་ནས་ཞེས་བྱ་བས། འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ལྟ་བུ་ནི་མ་ཡིན་གྱི་ཡེ་ཤེས་ཀྱི་ལུས་ཅན་དུ་བསྟན་པའོ། །དེའི་ཕྱིར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་པ་ཡང་ཡེ་ཤེས་དེས་ཆོས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས་
རྩེ་གཅིག་ཏུ་མཉམ་པར་གཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ། །ཅིའི་ཕྱིར་ཡེ་ཤེས་འདི་ལས་རྡོ་རྗེ་ཞེས་བྱ་ཞེ་ན། ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་བདུན་ཡོད་པའི་ཕྱིར་དཔེའི་སྒོ་ནས་ཉེ་བར་མཚོན་པ་ཡིན་ཏེ། དེ་དག་ཀྱང་འདི་ལྟ་སྟེ། མི་ཆོད་པ། མི་ཤིགས་

པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་རྣམས་ཏེ། དེ་ནི་ཡེ་ཤེས་དེ་ཉིད་ཀྱིས་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །དེ་གཞན་གྱི་དོན་བསྟན་པ་ནི། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་སྒོ་སྣ་ཚོགས་ནས་
སེམས་ཅན་གྱི་དོན་མཛད་པ་སྟེ། ཁམས་གསུམ་པ་འཇིག་ཚོགས་ལ་ལྟ་བ། ཕྱིན་ཅི་ལོག་གི་ལྟ་བ་ཅན། ཕྱི་དང་ནང་ནས་བགེགས་དང་ལོག་འདྲེན་རྣམ་པར་ལྡང་བའི་རྒྱུ། ལས་ཀྱི་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དང་བཅས་པ་དེ་དག་འདུལ་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་སྐྲག་
པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་བསྲུང་བ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པ་ཞེས་བྱ་བའི་བར་དུ་ཆོ་གའི་དོན་རྣམ་པ་བཅོ་ལྔས་བསྟན་ཏེ། དེ་དག་རྣམ་པ་བཞིའི་སྒོ་ནས་
གཞན་གྱི་དོན་མཛད་པ་བསྟན་ཏེ། ཞི་དང་རྒྱས་དང་དྲག་སྤྱོད་དང་། །དབང་སོགས་ལས་རྣམ་བཞི་བོ་དག །ཐབས་ཀྱིས་འདུལ་བའི་དོན་མཛད་པ། །ཅི་རིགས་པར་ནི་སྦྱར་བར་བྱའོ། །དེ་ལྟར་དེ་དག་གི་ཡེ་ཤེས་ཀྱི་རྡོ་རྗེ་དེས་འདུལ་བར་མཛད། སེལ་བར་མཛད་འཇོམས་པར་མཛད་
པའི་ཕྱིར། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱའོ། །དེ་ནས་གསང་སྔགས་ཀྱི་ཚིག་གང་དག་གསུངས་པ་དེ་དག་ཀྱང་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར། ཐོགས་པ་མེད་པའི་རྡོ་རྗེའི་ཚིག་ཏུ་རིག་པར་བྱའོ། །དེ་ནས་དེ་དག་གི་ཆོ་ག་བཤད་པར་བྱ་སྟེ། ཆོ་གར་བྱ་བ་ཐམས་ཅད་ལ། །གཙོར་སློབ་
དཔོན་ལ་བརྟེན་པར་བྱ་བ་ཡིན་པས་དེའི་ཕྱིར་སློབ་དཔོན་སློབ་མ་གཉིས་སྟ་གོན་ལ་གནས་པའི་ཆོ་ག་བཤད་ཅིང་བསྟན་པར་བྱ་བ་ནི། དེས་ནི་རབ་ཁྲུས་གཙང་མ་ཡིན། །མདོ་སྡེ་དམ་པར་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་
སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ལ། ཤིན་ཏུ་ཁྲུས་བྱ་བ་དང་། གོས་གཙང་མ་བགོ་བ་ནི་ཕྱིའི་གཙང་སྦྲའོ། །སྒོ་གསུམ་ནས་སྡིག་པ་མི་བྱེད་པ་ནི་ཡིད་དགེ་བའོ། །བྱང་ཆུབ་ཏུ་སྨོན་པ་ནི་སེམས་དང་བ་སྟེ། དེ་དག་ནི་ཕྱི་ནང་གི་གཙང་སྦྲའོ། །མདོ་སྡེ་དམ་པ་མཉན་པར་བྱ། །ཞེས་པའི་དོན་ནོ། །

རིག་སྔགས་དེ་རྣམས་ཡེ་ཤེས་ལས་བྱུང་བར་རིག་པར་བྱའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པ་ཡང་ཡེ་ཤེས་ཀྱི་རང་བཞིན་དུ་རྟོགས་པ་ཉིད་དོ། །དེ་ནས་སློབ་དཔོན་གྱི་ཆོ་གར་བྱ་བ་ནི་མདོ་སྡེ་འདི་ཉིད་ལས་དབང་བསྐུར་བའི་བུམ་པ་ཡན་ལག་བསྟན་པ་ཙམ་དུ་ཟད་དེ། དཀྱིལ་འཁོར་
ལ་སོགས་པའི་ཆོ་ག་གསུངས་པ་དེ་ཉིད་གསུངས་པ་ལས་མི་མངོན་པར་འགྱུར་བའམ་ཡང་ན་སྤྱི་རྒྱུད་དག་ལས་གསལ་བའི་ཕྱིར་རོ། །དེ་དག་དུ་མ་བསྟན་པ་དེ་གཉིས་ཀ་ལྟར་ན་ཡང་དེ་དག་དང་སྦྱར་བ་ཉིད་དོ། །དེ་ལས་ནི། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པ་དང་། །ལམ་གྱི་བཞི་མདོ་ཁང་སྟོང་
ནགས་ཚལ་དུ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བསྲུང་། །སྒོ་བཞིའི་ས་ལ་ཀུ་ཤའི་རྩྭ་རྣམས་དགྲམ། །ཞེས་གསུངས་པ་ལ་རིག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྱ་བ་ཡང་སློབ་དཔོན་གྱིས་ས་
དང་པོ་བརྟག་པ་དང་སྦྱོར་བ་ལ་སོགས་པའི་ཆོ་ག་ཚུལ་བཞིན་དུ་བྱ་སྟེ། འཐས་པར་བཅག་སྟེ་བའི་རྣམ་པ་ལྔ་དང་སྤོས་ཆུ་གཙང་མས་བྱུགས་ཏེ་སྟེང་ཡང་བླ་རེ་བྲེ་ཞིང་། དར་གྱི་ལྔ་ལྡི་དང་། མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དག་གིས་ཀྱང་བརྒྱན་པར་བྱའོ། །གཞན་ཡང་དབང་བསྐུར་བའི་
ཆོ་ག་ལ་བཀྲ་ཤིས་ཀྱི་བུམ་པ་ཚུལ་དང་མཐུན་པའི་ཡོན་ཏན་འགྲུབ་པའི་ཕྱིར་འདི་ཉིད་ལས་དེའི་རྒྱུ་བསྟན་པ་ནི། གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །ཞེས་བྱ་བས་སྟོན་ཏོ། །དེའི་ནང་དུ་དགང་པ་ནི་ཆུ་ཡིས་ཞེས་པ་སྨོས་ཏེ། ཙནྡན་དང་གུར་གུམ་ལ་སོགས་པའི་སྤོས་ཆུས་བཀང་
སྟེ། དེའི་ལྷན་ཅིག་ལྡན་པའི་རིན་པོ་ཆེ་ནི་ཤེལ་དང་རྡོ་རྗེ་ཞེས་པ་ནི་དངོས་སུ་ཟད་ནོར་བུ་ཞེས་བྱ་བ་སྤྱིའི་ཚིག་ཏུ་སྨོས་ཏེ། རྣམ་པར་མ་ཕྱེ་བའི་པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལ་སོགས་པ་ནི་རིན་པོ་ཆེའི་རིགས་སུ་གཏོགས་པ་དང་མུ་ཏིག་དང་ས་ལེ་སྦྲམ་ལ་སོགས་པ་སྟེ། དེ་དག་གས་ཆག་
མེད་པ་རྒྱན་གྱི་བྱ་བ་བྱེད་ནུས་པ་སྟེ་རིན་ཆེན་རྨ་མེད་ཅེས་བྱའོ། །གཞན་ཡང་དེའི་ཟླ་ལ་ཡུངས་ཀར་དང་། རྩྭ་དཱུར་བ་དང་། མེ་ཏོག་རྣམས་གཞུག་པར་བྱའོ། །ཚུལ་དེ་བཞིན་དུ་སྤྱི་རྒྱུད་ལས་ཀྱང་། བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང་། །ནག་པོ་ར་རི་མེད་ཅིང་རིན་ཆེན་བཅས། །

སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་དང་། །ཁ་རྒྱན་རས་ཀྱིས་མགུལ་པ་དཀྲི་བར་བྱ། །ཞེས་བསྟན་ཏོ། །དེ་དག་གི་ལྟོ་བར་ཆུ་བྲེ་གང་ཤོང་བ་ལ་སོགས་པ་བསྟན་ཏོ། །མཚན་ཉིད་གཞན་རྒྱུད་དག་ལས་རིག་པར་བྱའོ། །ཡང་གོང་མའི་འབྲུ་དང་སྨན་ཞེས་བྱ་བ་ལ། བྱ་ཀྲི་སེང་ཀྲི་ལ་སོགས་པའི་སྨན་རྣམ་པ་
ལྔ་དང་། ཏིལ་དང་སྲན་མ་ཤ་ཀ་ལ་སོགས་པའི་འབྲུ་སྣ་ཚོགས་རྣམས་རྒྱུད་ལས་གྲགས་པ་བཞིན་ནོ། །མགུལ་ཆིངས་གཙང་མའི་གོས་ཞེས་བྱ་བ་མ་སྤྱད་པ་མ་ཉམས་པའི་རས་དཀར་པོ་ཁ་ཚར་དང་བཅས་པའོ། །དཀྲི་ཞིང་དགང་བ་ནི་གོང་དུ་བསྟན་པའི་རྫས་རྣམས་ཀྱི་མདོར་བསྡུས་ཏེ་བསྟན་པའོ། །
བུམ་པ་དེ་ལྟར་བྱས་པ་ཡང་རྟོག་པ་གཞན་ཆོ་ག་ལས་འབྱུང་བ་ཇི་བཞིན་དུ་གྲངས་བཞི་འམ་ལྔའམ་གུ་གུལ་གྱི་དུད་པ་ལ་སོགས་པས་བདུག་ལ་དབུས་དང་གྲྭ་བཞིར་གཞག་པའོ། །དེ་ནས་སློབ་དཔོན་བདག་ཉིད་ལས་ཀྱི་ཁྲོ་བོར་བསྒྱུར་ནས། ལག་པས་རྡོ་རྗེ་དང་ཡུངས་ཀར་བླངས་ཏེ།
བསྐྲད་ཅིང་བསྲུང་བ་དང་། མཚམས་བཅད་པ་དག་བྱས་ནས། ཐིག་སྐུད་ལག་ཏུ་བླངས་ཏེ། ཕྱོགས་མ་འཁྲུལ་བར་ས་བཅད་དེ། རིམ་པ་གསུམ་པར་ཐིག་གདབ་པར་བྱའོ། །དེ་ནས་རི་མོ་བྲི་སྟེ། དཀྱིལ་འཁོར་གྱི་གཙོ་བོའི་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ལས་ཕྱོགས་གཅིག་མེད་པ་པདྨ་འམ་སེང་གེའི་
ཁྲིའི་སྟེང་དུ་གཞག་གོ། །དེའི་གྲྭ་བཞིར་འཁོར་རྣམས་ཀྱི་ཕྱག་མཚན་བྱང་ཤར་མཚམས་ནས་བརྩམས་ཏེ། ཁྲོ་བོ་རྡོ་རྗེ་གདེངས་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། བེ་ཅོན་རྡོ་རྗེས་མཚན་པ་དང་། རྡོ་རྗེ་ཐོ་བ་རྣམས་བྲིའོ། །དེ་ནས་རིམ་པ་གཉིས་པར་དབང་ལྡན་ལ་སོགས་པ་ཕྱོགས་སྐྱོང་
བཅུ་དང་། དེའི་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱི་ཕྱག་མཚན་ཡང་བྲིའོ། །རིམ་པ་གསུམ་པར་ནི་རིན་པོ་ཆེའི་ཆུན་འཕྱང་དང་མུ་ཏིག་གི་ཕྲེང་བ་དག་དགོད་ཅིང་ཕྱོགས་བཞིར་སྒོ་ཁྱུད་དང་རྟ་བབས་ཀྱིས་མཛེས་པར་བྱའོ། །དེའི་ཕྱི་རོལ་སྟེགས་བུའི་མཐའ་སྐོར་དུ་རྩྭ་ཀུ་ཤས་བསྐོར་ཅིང་། མེ་ཏོག་
གི་སིལ་མ་དག་ཀྱང་དགྲམ་མོ། །དེ་ནས་ཕྱི་རོལ་དུ་བྱུང་སྟེ། འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར། བཟའ་བ་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །ཞེས་བྱ་བ་དག་ཁྱེར་ནས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ཞེས་པ་

ལ་སོགས་པའི་བསྟོད་པ་དང་བཅས་པའོ། །བདེན་པ་བདར་བར་བྱས་ནས་ལག་པ་གཉིས་ཀྱིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་ཁ་ཕྱེ་སྟེ། བཀན་ནས་བསྟན་པའི་ཚུལ་དུ་བྱ་བ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱ་སྟེ། འབྱུང་པོ་དེ་དག་ལ་སོ་སོའི་རིག་སྔགས་དག་བརྗོད་ཅིང་ནམ་མཁའ་
མཛོད་ཀྱི་རིག་པས་བྱིན་གྱིས་བརླབས་ཏེ་བསྔོའོ། །དེ་ནས་སླར་ཡང་ལོག་སྟེ་ལྷའི་གནས་སུ་སོང་ལ་ཚོན་གྱི་དཀྱིལ་འཁོར་དེ་དག་མདུན་གྱི་བར་སྣང་ལ་གྱེན་དུ་སྤག་ཅིང་རིན་པོ་ཆེའི་གཞལ་ཡས་ཁང་གདན་སེང་གེ་དང་པདྨར་བཅས་པའི་གདན་ཁྲི་བསམས་ནས་དེར་རིག་སྔགས་ཀྱི་ལྷ་
འཁོར་དང་བཅས་པ་སྤྱན་དྲང་བ་ནི་ཕོ་བྲང་ལྕང་ལོ་ཅན་གྱི་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྣང་བའི་ཁྱད་པར་ལས་བྱུང་བའི། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་སྐུ་མདོག་ལྗང་སྔོན་ཞལ་གྱི་སྨིན་མ་ཁྲོ་གཉེར་ཅན་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། ཕྱག་གཡོན་པ་དཀུར་
བརྟེན་ཅིང་འགྱིང་བག་ཅན། སྟོད་གཡོགས་དང་སྨད་གཡོགས་དར་ལྗང་གུའི་ཚིག་གུ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འཁོར་ལོ་རིག་སྔགས་ཀྱི་ལྷ་དང་། ཁྲོ་བོ་ཕྱག་བརྙན་གྲངས་མེད་པའི་ཚོགས་ཅན་བདག་ཉིད་ཀྱི་ཕྱག་རྒྱས་སྤྱན་དྲང་སྟེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་
དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཅུག་ལ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་བཀུག་པར་བྱས་