Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 71

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
་ལས་ཀྱི་སྲིད་རྒྱུན་ནས། །བསགས་པའི་དགེ་བ་ཅི་སྙེད་དང་། །གཟུངས་སྔགས་འདི་ཡི་མཐུ་དང་ནི། །རིག་སྔགས་
ཕྱག་རྒྱའི་བདེན་པ་དང་། །གསང་སྔགས་འདི་ཡི་བྱིན་རླབས་ཀྱིས། །ཟག་མེད་ཡེ་ཤེས་སྣང་བའི་རྒྱན། །ནམ་མཁའི་མཐའ་དང་མཉམ་པ་སྟེ། །མྱུར་བ་ཉིད་དུ་སྐྱེ་བར་ཤོག །མིག་དང་རྣ་བའི་མངོན་ཤེས་དང་། །གཞན་གྱི་སེམས་དོན་ཤེས་པ་དང་། །སྔ་ཕྱི་སྐྱེ་གནས་ཤེས་

པ་དང་། །རྫུ་འཕྲུལ་དུ་མ་བསྒྱུར་བ་ཡང་། །ད་ལྟ་ཉིད་དུ་ཐོབ་པར་ཤོག །ཆུ་སྟེངས་འགྲོ་དང་རིགས་མྱུར་ཕྱིན། །མིག་སྨན་བུམ་པ་གཏེར་དང་ནི། །རལ་གྲི་བཟུང་ནས་མཁའ་ལ་འགྲོ། །མི་སྣང་བསྒྱུར་ལུས་ཐོབ་པར་ཤོག །ས་འོག་འགྲོ་དང་གཏེར་མཐོང་
དང་། །བཅུད་རྣམས་རྙེད་ཅིང་རིང་འཚོ་དང་། །གཞན་ལུས་དབང་པོ་བསྒྱུར་བ་དང་། །མདོག་བཟང་ན་རྒ་མེད་ཐོབ་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །འགྲོ་དོན་སྣ་ཚོགས་ཅི་འདོད་པ། །རང་རང་སྐལ་བ་ཇི་བཞིན་དུ། །ཐོགས་པ་མེད་པར་བྱེད་པར་ཤོག །གལ་ཏེ་
ལེ་ལོའི་རྐྱེན་གྱིས་གོལ་གྱུར་ནས། །འབྲས་བུ་དམ་པ་མྱུར་དུ་མ་རྙེད་ཀྱང་། །བདེ་འགྲོ་མཐོ་རིས་ལྷ་དབང་དམ་པ་དང་། །ཆོས་ལྡན་ཡུལ་དབུས་མི་ལུས་ཐོབ་པར་ཤོག །དེ་ནས་བླ་མེད་བྱང་ཆུབ་མ་ཐོབ་པར། །ལས་ཀྱི་འཁོར་ལོས་སྲིད་གསུམ་གར་སྐྱེས་ཀྱང་། །ལུས་དང་
སྲོག་ནི་ཡལ་བར་གྱུར་ཀྱང་རུང་། །བླ་མེད་བྱང་ཆུབ་སེམས་ནི་མི་གཏོང་ཤོག །བླ་མེད་བྱང་ཆུབ་མ་ཐོབ་བར་དུ་ནི། །ལུས་དང་སྲོག་ལ་ཆགས་པ་མེད་པར་ཡང་། །བག་ཡོད་མགོ་ལ་མེ་འབར་ཇི་བཞིན་དུ། །བརྩོན་འགྲུས་ཆེན་པོ་རྒྱུན་མི་འཆད་པར་ཤོག །བདག་དང་གཞན་དོན་
བྱང་ཆུབ་སྒྲུབ་པ་ལ། །བར་ཆད་མེད་ཅིང་བརྩོན་པ་མ་གཏོགས་པ། །འཇིག་རྟེན་དག་ན་སེམས་ནི་སྐད་ཅིག་ཀྱང་། །བདག་གིས་དོན་མེད་གཡེང་བར་མ་གྱུར་ཅིག །ཚེ་རབས་ཀུན་དུ་དམ་ཆོས་སྤྱོད་པ་ལ། །མི་དགེ་གཞན་གྱི་དབང་དུ་མ་གྱུར་ཅིག །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །སྐྱེས་
མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག། །དགེ་བཤེས་དམ་པ་རྣམས་དང་མི་འབྲལ་ཞིང་། །རྣལ་འབྱོར་བརྩོན་པའི་གྲོགས་དང་འགྲོགས་པ་དང་། །སྐྱོན་བྲལ་སེམས་དང་སྤྱོད་པ་མཐུན་པ་ཡིས། །འཇིག་རྟེན་དམན་པའི་གནས་ལ་ཆགས་མ་གྱུར། །བྱང་ཆུབ་རང་བཞིན་བྱང་ཆུབ་ཐོབ་པའི་རྒྱུ། །
ཤེས་རབ་ཆེ་དང་སྙིང་རྗེ་ཆེ་ལ་སོགས། །བདག་ཅག་ཚེ་རབས་ཀུན་དུ་མི་འབྲལ་ཞིང་། །རྣམ་ཐར་མང་པོའི་སྒོར་ནི་འཇུག་པར་ཤོག །རྒྱལ་སྲིད་མཐོ་རིས་སྡུག་དང་གཉེན་བཤེས་དང་། །འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་དང་། །ཐབས་ལ་མཁས་པའི་སྤྱོད་ཡུལ་མ་གཏོགས་པ། །ཤེས་

རབ་མཆོག་གིས་གང་ལའང་ཆགས་མ་གྱུར། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བསྡུ་བའི་དངོས་དང་ཕ་རོལ་ཕྱིན་ལ་སོགས། །ཐབས་ལ་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །དེ་བཞིན་དུ་གཞན་ཡང་སྨོན་ལམ་གདབ་པར་བྱའོ། །དེ་ནི་
དཀྱིལ་འཁོར་མཆོད་པའི་རིམ་པའོ། །དེ་ནས་མཆོད་རྟེན་ཡང་དང་ཡང་དུ་དྲི་ཞིམ་པོའི་ཆུ་བའི་ལྕིབ་དང་བཅས་པས་བྱུགས་ཏེ། །སྔོན་ལྟར་ཐིག་བཏབ་ལ་ལྷའི་ཕོ་བྲང་ཐམས་ཅད་དང་སྒོ་ལ་སོགས་པ་ཐམས་ཅད་ཀྱི་རིས་སུ་བྲིས་ནས་པདྨ་དང་ཟླ་བའི་སྟེང་དུ་མེ་ཏོག་ཚོམ་བུ་ལྷ་གྲངས་སུ་བཞག་ནས།
ཞིང་ཁམས་བྱེ་བ་ཕྲག་བརྒྱ་དཀྱིལ་འཁོར་གྱི་ཁང་པ་བརྗོད་ཀྱིས་མི་ལང་བར་ཁེངས་པར་བསམས་ནས་ཚ་ཚ་རེ་རེ་ཞིང་དཀྱིལ་འཁོར་རེ་རེ་རུ་བསམས་ནས། ཚོམ་བུ་ལྷ་གྲངས་སུ་བཞག་ནས་བརྒྱའམ་སྟོང་ངམ་ཁྲིའམ་འབུམ་མམ་ས་ཡའི་བར་དུ་གཞུག་པར་བྱའོ། །མཆོད་རྟེན་གཅིག་གི་ནང་དུ་བྱེ་བ་
ལས་ལྷག་པར་གཞུག་པར་མི་བྱའོ། །དེ་ནས་སྐུ་གདུང་གི་ནང་གི་ཁྲི་འམ་ཐམས་ཅད་དུ་ཕྱུང་སྟེ། སྒོ་ཐམས་ཅད་བཅད་ནས་ལེགས་པར་ཞལ་བྱུག་བྱའོ། །འདི་ནི་ཚ་ཚ་གཞུག་པའི་རིམ་པའོ། །དེའི་འོག་ཏུ་མཆོད་རྟེན་གྱི་ངོས་ཐམས་ཅད་དུ་ཐུར་མ་མང་དུ་བཙུགས་ནས་དེ་ལ་མེ་ཏོག་ཕྲེང་
བ་དང་བ་དན་ལ་སོགས་པས་ཕྲེང་བའི་ཚུལ་དུ་བརྒྱན་པར་བྱའོ། །མཆོད་རྟེན་གྱི་ཕྱོགས་བཞིར་མཆོད་པའི་དཀྱིལ་འཁོར་བཞི་བྱས་ཏེ། ཡོན་ཆབ་ལ་སོགས་པའི་མཆོད་པའི་བྱེ་བྲག་དངོས་སུ་བཤམས་པ་དང་། འདོད་པའི་ཡོན་ཏན་གྱི་ཚོགས་དང་ནོར་བུ་དང་འཁོར་ལོ་དང་རྟ་དང་གླང་པོ་ཆེ་
དང་། བཙུན་མོ་དང་། བློན་པོ་དང་། དམག་མི་ལ་སོགས་པ་ནི་བཅོས་པའི་ཚུལ་དུ་བྱས་ནས་ཚིགས་སུ་བཅད་པའི་དབྱངས་དང་སྔགས་སུ་བཅས་པས་དབུལ་བར་བྱའོ། །ཕྱོགས་བཞིར་མདོ་བཞི་བཀླག་པར་བྱའོ། །དེའི་འོག་ཏུ་སྙིང་པོ་ཉི་ཚེ་བརྗོད་ཅིང་བསྐོར་བ་བརྒྱ་རྩ་བརྒྱད་བྱ་སྟེ། བཀྲ་
ཤིས་བརྗོད་ལ་སྨོན་ལམ་གདབ་པར་བྱའོ། །དེ་ཡང་མཆོད་རྟེན་ནི་མཆོད་རྟེན་ཆེན་པོ་རིན་པོ་ཆེའི་སྙིང་པོ་ནམ་མཁའ་མ་ལུས་པ་ཁྱབ་པ་ཁ་དོག་སྣ་ཚོགས་པ་གྲུ་བཞི་སྒོ་བཞི་པ་རིན་པོ་ཆེ་དུ་མ་ལས་གྲུབ་པ་འོད་ཀྱི་སྣང་བ་དང་ལྡན་པ་བསམ་མོ། །ཚ་ཚ་རེ་རེ་ཡང་གཞལ་ཡས་ཁང་རེ་རེར་

བསམས་ཏེ་བུམ་པའི་ནང་དུ་ཇི་ལྟར་བཀོད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་དང་གྲངས་མཉམ་པར་བསམས་ནས་ཁྲུས་བྱས་ནས་རང་བཞིན་གྱི་ལྷ་དང་གཉིས་སུ་མེད་པར་བྱས་ནས་ན་བཟའ་དང་རྒྱན་ཕྲེང་ལ་སོགས་པ་ཐམས་ཅད་དབུལ་བར་བྱའོ། །དེ་ནི་མཆོད་རྟེན་
མཆོད་པའོ། །མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ། །བདག་ཀྱང་འབར་བར་འགྱུར་རོ་ཞེས་པའི་ཚིག་འདི་ནི་སྔོན་དུ་གསུངས་པའི་རྨི་ལམ་ལྟ་བུར་ཀུན་དུ་ཤེས་སོ་ཞེས་བྱ་བའི་ཚིག་དང་འབྲེལ་ཏེ་རྨི་ལམ་དུ་བྱུང་བ་ནི་རྗེས་སུ་སྤྱོད་པའི་རྟགས་ཏེ། ལས་དང་པོ་པས་མང་དུ་བརྗོད་ན་སྔགས་ཀྱི་མཐུ་
བྱ་བ་དང་བྱ་བ་མ་ཡིན་པ་རྨི་ལམ་དུ་ཤེས་པར་བྱའོ། །ཚིག་གཉིས་པ་འདི་མངོན་དུ་གྱུར་པའི་རྟགས་སོ། །དེ་ལ་མཆོད་རྟེན་འབར་བ་ནི་སྔགས་དང་རྫས་ཀྱི་མཐུས་དྲོད་ཐོབ་པའོ། །བདག་འབར་བ་ནི་ཏིང་ངེ་འཛིན་གྱི་མཐུས། །རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ་པའོ། །དེ་ལ་རྟགས་ཀྱི་
རིམ་པ་ནི་གང་ཡང་གཟུངས་ཀྱི་ཆོ་ག་ལ་འཇུག་པའམ་ཞུགས་པའི་ཚེ་རྨི་ལམ་དུ་ཡིད་དུ་འོང་བའི་ཚལ་དང་། ཁང་བཟངས་དང་། ཁྱེའུ་དང་བུ་མོ་འམ། དགེ་སློང་ངམ། དགེ་འདུན་ལ་སོགས་པ་ལྷན་ཅིག་དགའ་བ་འམ། ག་ཞ་འམ། ཆོས་ཉན་པའམ། ཁྲི་ལ་སོགས་པའི་སྟེང་
དུ་གནས་པའམ། གྲུ་འམ་ཟམ་གཟིངས་ལ་སོགས་པ་བསྒྲལ་བར་རྨི་ན་འདོད་པ་འགྲུབ་པོ། །སྐྱུགས་པ་འམ་ཁྲག་འབྱུང་བའམ། ཁྲུས་བྱས་པ་ལ་སོགས་པ་རྨི་ན་སྡིག་པ་ཟད་དོ། །མཆོད་རྟེན་ནམ་ཚ་ཚ་ལ་དྲི་ཞིམ་པོ་བྲོ་ན་ལྷ་གནས་དྲུག་ཏུ་སྐྱེ་བར་ངེས་སོ། །གལ་ཏེ་དྲི་ཅུང་ཟད་བྲོ་བ་
ཡང་ལོངས་སྤྱོད་དང་ལྡན་པའི་མིར་སྐྱེའོ། །སྒྲ་གྲག་ན་གཟུགས་ཁམས་ཀྱི་ལྷར་སྐྱེའོ། །འོད་བྱུང་ན་རིག་འཛིན་མཆོག་ཐོབ་པར་འགྱུར་རོ། །དེ་དང་དེ་ལ་སོགས་པ་ཡོན་ཏན་མཐའ་ཡས་ཏེ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་དུ་ཤེས་པར་བྱའོ། །གང་འཇིག་རྟེན་འདིར་ཐོབ་པར་འགྱུར་
བའི་ཡོན་ཏན་རྣམས་ནི་རྫས་དང་ཡོ་བྱད་ཚང་ཞིང་མ་ཉམས་པ་དང་། དུས་ཚོད་བཟང་པོ་དང་། སྦྱོར་བ་བཟང་པོ་དང་། ཚུལ་བསྡམས་པས་ཐོབ་པར་འགྱུར་རོ། །མ་འོངས་པའི་དུས་ཀྱི་འབྲས་བུ་བཟང་པོ་ཇི་སྙེད་པ་ནི་དད་པ་དང་། སྙིང་རྗེ་མཆོག་དང་ལྡན་པ་དང་། ལྷག་པའི་ཤེས་རབ་

ཀྱིས་ཐོབ་པར་འགྱུར་རོ། །དེ་ནི་ལྟས་ཀྱི་རིམ་པའོ། །ངེས་པར་འཕྲལ་དུ་ལ་སོགས་པ་ནི་ཕན་པར་གསུངས་སོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པ་ནི་ཞི་བ་ལ་སོགས་པའི་ལས་གྲུབ་ན་གཞན་གྱི་དོན་སྤྱོད་པ་ལ་ཐོགས་པ་མེད་པའོ། །ས་བཅུ་ལ་གནས་པ་ནི་རལ་གྲི་ལ་སོགས་པ་རིག་པ་
འཛིན་པའི་གནས་བརྒྱད་ཐོབ་པའོ། །ལུང་བསྟན་པ་ཐོབ་པ་ནི་མངོན་པར་ཤེས་པ་དྲུག་ཐོབ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པའོ། །ད་ནི་སྔོན་བྱུང་རྗེས་འཇུག་གཉིས་པོས་མཚམས་སྦྱར་བས་གཞུང་
བསྡུ་བ་ནི་དེ་ནས་ལ་སོགས་པ་གསུངས་ཏེ། མཐུ་ཆེན་པོ་ནི་གོང་དུ་གསུངས་པའི་ཕན་ཡོན་ཐམས་ཅད་བསྐྱེད་པ་ལ་གདོན་མི་ཟ་བའོ། །ཡོན་ཏན་གྲངས་མེད་པའི་འབྱུང་ཁུངས་ཡིན་པའི་ཕྱིར་དཔེ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཉན་ཐོས་ལ་སོགས་པས་མཐོང་བར་དཀའ་བ་འདིའི་དོན་གྱི་སྒྲ་
དང་ཚད་མའི་སྤྱོད་ཡུལ་མ་ཡིན་པས་ཐོབ་པར་དཀའ་བའོ། །གཟུང་བར་བགྱིའོ་ཞེས་པ་ནི་བསྟན་པའི་དོན་ལ་ནུས་པ་མེད་པའོ། །རྒྱས་པར་བགྱིའོ་ཞེས་པས་སྔགས་ཀྱི་ངོ་བོ་བཟུང་སྟེ་སྐྱེ་བ་མེད་ན་འགག་པ་གཏན་མེད། མ་འགགས་པའི་ཆོས་ལ་དབང་པོ་རབ་འབྲིང་ཐམས་ཅད་རྒྱུན་མི་
འཆད་པར་ལོངས་སྤྱོད་པར་འགྱུར་བའོ། །སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ་ཞེས་པ་ནི། སྣོད་དུ་མ་གྱུར་པ་གང་ཡང་མེད་ཅེས་བྱ་བའོ། །དཔེར་ན་གླ་རྩི་བཅུག་པའི་སྣོད་དྲི་ཞིམ་པོར་འགྱུར་བ་ལྟར་སྔགས་འཆད་པ་པོ་ཡང་བྱིན་གྱི་རླབས་ཀྱི་སྒོ་དུ་མ་དང་ལྡན་པར་འགྱུར་བས་
སེམས་ཅན་ཆེན་པོ་ཞེས་བྱའོ། །ཕྱི་བཞིན་འབྲང་ཞེས་པ་ནི་དཔེར་ན་མིའི་མིག་གང་གི་སྤྱོད་ཡུལ་ལ་སྲིན་བུ་ལ་སོགས་པ་ལ་རྒྱང་རིང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་དུ་ཁམས་གསུམ་ཐམས་ཅད་ལ་ཉེ་བ་དང་རིང་བ་མི་མངའོ། །བསྲུང་བ་དང་ནི་གནས་དང་
ལུས་དང་ལོངས་སྤྱོད་དོ། །བསྐྱབ་པ་ནི་འཁོར་བའི་རྒྱ་མཚོ་ལས་སོ། །སྦ་བ་ནི་བདུད་ཀྱི་འཆིང་བ་ལས་སོ། །བསྐྱང་བ་ནི་ལམ་ལོག་པ་ལས་སོ། །བུ་བཞིན་ཞེས་པ་ནི་ཚད་མེད་པས་གཟིགས་པ་རྒྱུན་མི་གཅོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོགས་པ་ནི་

དམ་བཅའ་རྗེས་སུ་གདམས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ཡང་བདག་ལྟར་འགྲོ་བ་ལ་དགོངས་པའི་ཕྱིར་གྲོགས་པོ་ཞེས་བོས་སོ། །ལེགས་སོ་དང་པོས་ནི་ཀུན་རྫོབ་ཏུ་ཐ་དད་པར་མཁྱེན་པ་སྟེ་ཆོས་འཛིན་པ་ནི་བསྐྱང་བ་ལེགས་སོ། །ལེགས་སོ་གཉིས་པ་ནི་དོན་དམ་
པར་ཐ་མི་དད་པར་མཁྱེན་པ་སྟེ་ཆོས་བསྐྱང་བ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག་ཅེས་པ་ནི་རང་དོན་རྫོགས་པར་མཛད་ཅེས་པའོ། །ངས་ཁྱེད་ལ་གཏད་དོ་ཞེས་པས་གཞན་དོན་ཡང་རྫོགས་པར་གྱིས་ཤིག་ཅེས་པའོ། །དཔེར་ན་ཕས་བུ་ལ་ནོར་གཏད་པ་ཡང་ཚ་བོ་ལ་སོགས་པ་ཕྱིས་
འབྱུང་བའི་གཞི་ཤུགས་ཀྱིས་འབྱུང་བ་དང་འདྲ་བར་གང་ཟག་སྣོད་ལྡན་རྣམས་བྱིན་གྱིས་རློབས་ལ་བརྒྱུད་པ་རྒྱུན་མ་ཆད་པར་མཛོད་ཅེས་པའི་དོན་ཏོ། །ཕན་ཡོན་ལ་སོགས་པ་གང་བརྡ་ཕྲད་པར་སླ་བ་ནི་མ་བཀྲལ་ལོ། །སྒྲིབ་པ་རྣམ་སེལ་ལ་སོགས་པ། །སེམས་དཔའ་བཅུ་དྲུག་རྟོག་པ་དང་། །
སོ་སོར་འབྲང་དང་སྟོང་འཇོམས་སོགས། །རིག་པའི་ལྷ་མོའི་རྒྱུད་རྣམས་དང་། །ཀྲྀ་ཡའི་རིགས་བསྡུས་ལ་སོགས་དང་། །རྣལ་འབྱོར་པ་མཆོག་ལ་སོགས་དང་། །དང་པོ་སངས་རྒྱས་ལ་སོགས་དང་། །གཟུངས་འདིའི་ཆོ་ག་རྒྱས་གསུངས་ཀྱང་། །ལེ་ལོ་ཅན་རྣམས་སྤྲོ་བསྐྱེད་
ཕྱིར། །ཤིན་ཏུ་བསྡུས་ནས་བཤད་པ་ལ། །ཚུལ་བཞིན་གཞུང་ནས་གསུངས་པ་ལྟར། །ཕན་ཡོན་ཐམས་ཅད་ཐོབ་པར་འགྱུར། །གང་གི་ལྕགས་ཀྱུ་བཟུང་ནས་ཉ་ར་ཡིས། །ཀླུ་ཡི་ཕྱུགས་རྣམས་འབུམ་ཕྲག་བཏོན་པ་ལྟར། །བདག་དགེ་ཀུན་སློང་འགྲོ་རྣམས་བྱང་ཆུབ་ཀྱི། །
རིན་ཆེན་གླིང་ཐོབ་མཛད་ཕྱིར་བྲིས་པ་ལས། །སྐྱེ་འགྱུར་དགེ་བས་གཟུངས་དོན་ལ་འཇུག་ཅིང་། །འགྲོ་ཀུན་དྲི་མེད་ཡིད་བཞིན་ནོར་ཐོབ་ཤོག །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། དམ་ཚིག་ལ་
རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཆེན་པོ་དངོས་གྲུབ་ཐོབ་པ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། །།གསང་སྔགས་རིག་འཛིན་སྡེ་སྣོད་ལ། །མཁའ་ལྟར་ཤེས་རབ་དང་བ་ནི། །ཉི་མ་ལྟ་བུར་མ་རྨོངས་པའི། །

མཁས་པ་ཛ་ཡ་དེ་བ་ལ། །ལང་སོ་བནྡེ་ཚུལ་བརྩེགས་ཀྱིས། །གུས་བཅས་མང་དུ་གསོལ་བཏབ་ནས། །སྤུ་རྒྱལ་བོད་ལས་ཁྱད་པར་དུ། །ནད་མེད་ས་གཙང་མདོ་ཁམས་སུ། །ཡིད་བཞིན་ནོར་འདྲའི་གཟུངས་མཆོག་གི། །འགྲེལ་པ་དཔག་བསམ་ཤིང་འདྲ་འདི། །བསྒྱུར་
བའི་དགེ་བས་དད་ལྡན་རྣམས། །གཟུངས་འདི་རྒྱ་ཆེར་སྤྱོད་པར་ཤོག། །།པཎྜི་ཏ་ཛ་ཡ་དེ་བ་དང་། ལོ་ཙཱ་བ་ལང་སོ་བནྡེ་ཚུལ་ཁྲིམས་བརྩེགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏཥྞཱ་ཥ་བྷཱ་བ་སི་ཏཱ་ཏ་པ་ཏྲེ་ནཱ་མ་
བྲྀཏྟི། །བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཞེས་བྱ་བའི་འགྲེལ་པ། འཕགས་པ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ལ་ཕྱག་འཚལ་ལོ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་
མོ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་ཆེན་འབར་ཕྲེང་ཞབས་བཏུད་ནས། །རྫོགས་ལྡན་གྱི་ནི་བསྐལ་པ་ལ། །རྒྱལ་བ་འཁོར་འཇིག་དབུ་གཙུག་ལས། །ལེགས་ལྡན་ནག་པོ་འདུལ་མཛད་པའི། །རིག་སྔགས་དཀྱིལ་འཁོར་བཤད་པར་བྱ། །འདིའི་
བརྗོད་པར་བྱ་བ་ནི་གང་། འབྲེལ་པ་ནི་ཅི་ཞིག །དགོས་པ་ནི་གང་། དགོས་པའི་དགོས་པ་ནི་ཅི་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། འདུས་མ་བྱས་མཁྱེན་པའི་ཡེ་ཤེས་བཞི་ཆོས་ཀྱི་སྐུ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་རིགས་བཞི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དཀྱིལ་
འཁོར་བཞིའི་རང་བཞིན་བདུད་བཞི་འདུལ་བའི་སྤྲུལ་པའི་སྐུ་ནི་བརྗོད་པར་བྱ་བ་ཡིན་ལ། གདོན་མི་ཟ་བར་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ། །བརྗོད་བྱ་ལས་འདོད་པ་སྐྱེས་པ་ནི་དེ་ལས་བྱུང་བའི་འབྲེལ་པ་ཡིན་ནོ། །དགོས་པའི་དགོས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་
གྲུབ་ཐོབ་པའོ། །བསྡུས་པའི་དོན་ནི་ཕྱོགས་བཅུ་དང་དུས་གསུམ་དང་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེའི་དབུའི་གཙུག་ཏོར་ནི་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། ཀུན་རྫོབ་ཏུ་ནི་དབུའི་གཙུག་ཏོར་

ནས་བྱུང་བའི་སྔགས་ཀྱི་དོན་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་མཛད་པའི་གསང་སྔགས་དང་རིག་སྔགས་དང་སྙིང་པོ་དང་ཉེ་བའི་སྙིང་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་གཞི་ཕན་ཡོན་ལས་
ཚོགས་དང་བཅས་པའོ། །དེ་ལྟར་དགོས་པ་དང་བསྡུས་པའི་དོན་བཤད་ནས། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པ་སྡུད་པར་བྱེད་པ་ལག་ན་རྡོ་རྗེ་ལ་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། རྡོ་རྗེ་ཆོས་ལ་སོགས་པས་བླ་གོས་ལྔ་བརྒྱ་
སྟན་དུ་བཏིང་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བདེ་བར་གཤེགས་པས་གང་དུ་གསུངས། །རྡོ་རྗེ་འཆང་བ་ཁྱོད་སྨྲོས་ཤིག །ཤེས་རབ་སྲས་པོ་ཁྱོད་སྨྲོས་ཤིག །ཅེས་གསོལ་བ་བཏབ་པའི་རྗེས་ལ་འདི་སྐད་བདག་གིས་ཐོས་པ་ཞེས་གླེང་སླང་བ་གསུངས་སོ། །ལྕང་ལོ་ཅན་གྱི་བདག་
པོ་ས་བཅུའི་དབང་ཕྱུག་གི་བློ་དྲན་པ་ཉམས་པ་མེད་པའི་ཏིང་ངེ་འཛིན་གྱིས་ཚིག་དང་དོན་མ་ལུས་པ་ནི་འདི་སྐད་དོ། །འཁོར་ལས་ཐོས་པ་མ་ཡིན་པ་དང་། སྤྲུལ་པ་མ་ཡིན་པ་དང་། བརྒྱུད་པ་ལས་མ་ཡིན་པ་དང་། ཕྲིན་བཏང་བ་ལས་ཐོས་པ་མ་ཡིན་པས་ན་བདག་གིས་ཐོས་པའོ། །བདག་ཉིད་ཀྱིས་
བརྩོམས་པ་མ་ཡིན་ཏེ། བདེ་བར་གཤེགས་པ་ལས་ཐོས་པ་དེ་སྟོན་པས་ན་ཐོས་པའོ། །ཁྱོད་ཀྱིས་དུས་ནམ་གྱི་ཚེ་ཐོས། སྟོན་པ་གང་ལས་ཐོས། གནས་གང་དུ་ཐོས། འཁོར་སུ་དང་ལྷན་ཅིག་ཐོས། བཤད་པའི་ཆོས་དེ་གང་ཡིན་སྙམ་པ་ལ། ཀུན་རྫོབ་ཏུ་འདི་དང་ལྷན་ཅིག་དུས་གཅིག་གི་ཚེ་ཐོས་པས་
དུས་གཞན་དུ་ཆོས་གཞན་དག་ཀྱང་ཐོས་པས་ཐོས་པ་མང་བ་དང་། དོན་དམ་པར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པས་དུས་མཐའི་སྐད་ཅིག་མ་གཅིག་ལ་བློ་གྲོས་ཆེན་པོས་རྣམ་པ་ཅིག་ཅར་ངེས་ཏེ། ལྷས་བསྟན་པའི་རྨི་ལམ་དུས་ཐུང་ངུ་ལ་དུས་གསུམ་གྱི་བསྐལ་པ་རྣམས་ཀྱང་ཅིག་ཅར་སྣང་བ་
བཞིན་ཡིན་པས་དུས་གཅིག་ནའོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཉི་མ་བཅུ་གཉིས་དྲག་པོ་བཅུ་གཅིག་ཕྱོགས་སྐྱོང་བ་བཅུ་སྟེ་སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་ལྷའི་གནས་ཆོས་བཟང་ཞེས་བྱ་བ་ལྷ་རྣམས་ཀྱང་ཆོས་ཉན་པས་འདུ་བའི་ཕྱིར་འདུན་སའི་གནས་ནའོ། །དེར་རྒྱུན་

ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཉོན་མོངས་པ་བཅོམ་པའི་དགེ་སློང་འདོད་ཁམས་དང་། གཟུགས་ཁམས་ཀྱི་ལྷའི་བུ་རབ་ཏུ་བྱུང་བའི་གཟུགས་ཅན་དེ་རྣམས་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཕྱེད་པས་
ན་དགེ་འདུན་ནོ། །བྱེ་བ་ཕྲག་བརྒྱ་སྟོང་གི་གྲངས་ཀྱིས་ཆེ་བའམ། དགྲ་བཅོམ་པ་ཟག་པ་ཟད་པ་ལ་སོགས་པའི་ཡོན་ཏན་གྱིས་ཆེ་བས་ན་ཆེན་པོའོ། །ཟག་མེད་སྐྱེ་མེད་ཀྱི་བྱང་ཆུབ་ལ་སེམས་དཔའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་སྤངས་པ་ཕུན་སུམ་
ཚོགས་པ་དང་ལྡན་པའི་དཔའ་པོ་སེམས་ཅན་ལ་དམིགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ། བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མཁྱེན་པའི་མངོན་པར་ཤེས་པ་དྲུག་དང་ལྡན་པས་ཡོན་ཏན་གྱིས་ཆེ་བའམ། རྡོ་རྗེའི་རིགས་ཀྱི་ཕོ་ཉ་དྲུག་ཅུ་རྩ་བཞི་ལ་སོགས་པའི་གྲངས་ཀྱིས་ཆེ་བའི་དགེ་འདུན་འཇིག་
རྟེན་ལས་འདས་པའི་འཁོར་དང་། འཇིག་རྟེན་པའི་འཁོར་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་འཆད་ཅིང་བཞུགས་སོ། །ཤུགས་ཀྱིས་ན་ཚད་མེད་ཚངས་པའི་གནས་པས་ལེགས་ལྡན་བྱེད་དྲག་པོ་ལ་སོགས་པ་འདུལ་བ་དང་། བསམ་གཏན་
ལྷའི་གནས་པས་མེ་དང་ཆུ་དང་རླུང་གི་བསྐལ་པའི་བར་དུ་བསྲུང་བ་དང་། རྣམ་ཐར་འཕགས་པའི་གནས་པས་གདོན་སྟོང་ཕྲག་བརྒྱད་ཅུ་དང་། ནད་བཞི་བརྒྱ་རྩ་བཞི་རྣམས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་བཟློག་པར་མཛད་པས་ཐབས་ཅིག་ཏུ་བཞུགས་པའོ། །གདུལ་བྱ་རྣམས་ཀྱི་བསམ་
པའི་དུས་མཁྱེན་པས་དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གདན་བཤམས་བ་ཉིད་ལ་ནི་པདྨའི་སྙིང་པོ་སེང་གེའི་ཁྲི་ཟླ་བའི་དཀྱིལ་འཁོར་དང་ཉི་མའི་འོད་མངའ་བརྒྱ་ཆེར་རོལ་པ་ནས་འབྱུང་བ་བཞིན་དུ་ཐུགས་རྗེ་ཆེན་པོའི་ནམ་མཁའ་ལྡིང་གིས་འཁོར་བའི་ལས་
དང་ཉོན་མོངས་པའི་ཆུ་སྲིན་གཟུང་བ་དང་། སྟོབས་བཅུའི་གླང་པོ་ཆེ་དང་། མི་འཇིགས་པ་བཞིའི་སེང་གེ་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ཤང་ཤང་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྨ་བྱ་དམ་པས་བརྒྱན་ཅིང་བཤམས་པ་ཉིད་ལ་བཞུགས་ནས། བཅོམ་ལྡན་འདས་

རྡོ་རྗེ་སྐྱིལ་མོ་ཀྲུང་དང་མཉམ་པར་གཞག་པ་དང་སྐུ་ལུས་བསྲང་བ་ནི་ཤུགས་ལས་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་བཞི་བསྐྱེད་པའི་ཕྱིར་གཙུག་ཏོར་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་
བ་ནི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཀྱི་མཚན་སུམ་ཅུ་རྩ་གཉིས་ཀྱི་གཙོ་བོ་དབུའི་གཙུག་ཏོར་གྱི་དབུས་ནས་ཆོས་ཀྱི་དབྱིངས་རིག་ཅིང་ཁམས་གསུམ་འཁོར་བ་ལས་སྐྱོབ་པར་བྱེད་པའི་གསང་སྔགས་འདི་གསུངས་ཏེ། གསང་སྔགས་ཀྱི་ཚིག་འདི་དག་ནི་རྗོད་བྱེད་ཡིན་པས་ཞལ་
ནས་བྱུང་བའོ། །དེའི་བརྗོད་བྱའི་དོན་འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་འགྲོ་ཞིང་ཕྱག་འཚལ་བའི་གནས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གསུམ་གཙུག་ཏོར་ནས་བྱུང་བ་ནི་མདོར་བསྟན་པའོ། །དེ་ལ་སངས་རྒྱས་དཀོན་མཆོག་གི་རྒྱས་བཤད་ནི་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཕྲག་བདུན་དང་། ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་བདུན་གྱིས་
བསྐོར་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་ངོ་། །ཉན་ཐོས་ཀྱི་དགེ་འདུན་ནི་དགྲ་བཅོམ་པ་དང་། རྒྱུན་དུ་ཞུགས་པ་མཐོང་ལམ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་
པ་དྲུག་སྤངས་པའོ། །ཕྱིར་མི་འོང་བ་ནི་དགུ་སྤངས་པའོ། །ཡང་དག་པར་སོང་བ་ནི་འབྲས་བུ་བཞི་ལ་གནས་པའོ། །ཡང་དག་པར་ཞུགས་པ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་བཞི་ཚུན་ཆད་སྤངས་པའི་སྐད་ཅིག་མ་བཅོ་ལྔ་ཐོབ་པ་ནི་རྒྱུན་དུ་ཞུགས་པའི་རྒྱུ་དང་། འདོད་པའི་ཁམས་ཀྱི་ཉོན་
མོངས་པ་ལྔ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་རྒྱུ་དང་། བདུན་པ་དང་བརྒྱད་པ་སྤངས་པ་ནི་ཕྱིར་མི་འོང་བའི་རྒྱུ་དང་། སྲིད་པའི་རྩེ་མོའི་ཆུང་ངུའི་འབྲིང་སྤངས་པ་ནི་དགྲ་བཅོམ་པའི་རྒྱུ་ལ་ཞུགས་པའོ། །བསམ་གཏན་བཞི་ཐོབ་པའི་ལྷའི་དྲང་སྲོང་སངས་རྒྱས་རབས་བདུན་གྱི་འཁོར་ཞི་བ་དང་རྒྱས་

པས་ཕན་འདོགས་པ་དང་། དབང་དང་མངོན་སྤྱོད་ཀྱིས་གནོད་པ་བྱེད་པའི་བསམ་གཏན་གྱི་རིག་སྔགས་ཀྱི་དམོད་པ་འདོར་བ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པའི་རིག་སྔགས་གྲུབ་པའི་དྲང་སྲོང་ཕྲིན་ལས་རྣམ་བཞིས་ཕན་འདོགས་ནུས་པ་རྣམས་དང་། འགོག་
པའི་སྙོམས་པར་འཇུག་པ་ཐོབ་པ་མངོན་པར་ཤེས་པ་ལྔའི་རིག་སྔགས་འཆང་གྲུབ་པ་རྣམས་དང་། སྟེང་གི་ཚངས་པ་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ལྷ་དང་། དབང་པོ་སུམ་ཅུ་རྩ་གསུམ་གྱི་ལྷ་དང་། ལེགས་ལྡན་དྲག་པོ་སྲིད་པའི་རྩེ་མོའི་ཏིང་ངེ་འཛིན་གྱི་དཀའ་ཐུབ་
བསྒོམ་པ་ལ་ཨུ་མས་དཀའ་ཐུབ་ཟློག་པའི་བདག་པོ་རྩེ་གསུམ་འཆང་བའི་འཁོར་དང་བཅས་པ་དང་། ལེགས་ལྡན་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བ་ཁྱབ་འཇུག་སྲེད་མེད་ཀྱི་བུ་རྒྱལ་ཆེན་རིགས་བཞི་དགའ་རབ་དབང་ཕྱུག་དང་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་དང་། སྲིད་པའི་རྩེ་
མོའི་ཏིང་ངེ་འཛིན་ཐོབ་པའི་ལེགས་ལྡན་ནག་པོ་ཆེན་པོ་རྒྱལ་པོ་མང་པོས་བཀུར་བའི་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པའི་དུར་ཁྲོད་ཆེན་པོ་སོ་ས་ལི་ལ་སོགས་པ་བརྒྱད་དུ་གནས་ནས་ཕྱོགས་སྐྱོང་བ་བརྒྱད་ཀྱི་ཆུང་མ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པས་བསྐོར་བའི་དེ་བཞིན་གཤེགས་
པའི་དཀྱིལ་འཁོར་བྱུང་སྟེ། དེ་དག་ཐམས་ཅད་ནི་རྗེའུ་རིགས་བདུན་དུ་ངེས་ཏེ། རྣམ་པར་གཟིགས་ནི་དེ་བཞིན་གཤེགས་པའི་རིགས་སོ། །གཙུག་ཏོར་ཅན་ནི་པདྨའི་རིགས་སོ། །ཐམས་ཅད་སྐྱོབ་ནི་རྡོ་རྗེའི་རིགས་སོ། །འཁོར་བ་འཇིག་ནི་ནོར་བུའི་རིགས་སོ། །གསེར་ཐུབ་
ནི་དཔལ་གྱི་གླང་པོ་ཆེ་བཞིན་དུ་དཔུང་གི་ཚོགས་འདུལ་བས་ན་གླང་པོའི་རིགས་སོ། །འོད་སྲུངས་ནི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་གཞོན་ནུའི་རིགས་སོ། །ཤཱཀྱ་ཐུབ་པ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་དང་མ་དྲོས་པ་ལ་སོགས་པ་བཏུལ་བས་ཀླུའི་རིགས་སོ། །དེ་
ལྟར་སངས་རྒྱས་རབས་བདུན་དང་། སྟོང་མི་མཇེད་ཀྱི་འོག་མིན་གྱི་ཙནྡན་སྦྲུལ་གྱི་སྙིང་པོའི་ཞིང་ཁམས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་དཔའ་བརྟན་པའི་སྡེ་ཡེ་ཤེས་ཕུན་སུམ་ཚོགས་པ་མཚོན་ཆའི་རྒྱལ་པོ་དང་། ཤར་ཕྱོགས་མངོན་པར་དགའ་བའི་མི་བསྐྱོད་པ་

དང་། ལྷོ་ཕྱོགས་རྡུལ་དང་བྲལ་བའི་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་སཱ་ལའི་དབང་པོའི་མེ་ཏོག་ཀུན་དུ་རྒྱས་པ་དང་། བྱང་ཕྱོགས་འབྲུག་སྒྲ་བསྒྲགས་པའི་ཤཱཀྱ་ཐུབ་པ་དང་། བྱང་ཤར་གྱི་མཚམས་ཀྱི་ཏིང་ངེ་འཛིན་
དམ་པ་ན་རིན་པོ་ཆེའི་ཏོག་གི་རྒྱལ་པོ་དང་། ཤར་ལྷོའི་མཚམས་ཀྱི་བྱང་ཆུབ་ཀྱི་རྒྱན་ན་ཀུན་དུ་བཟང་པོ་དང་། ལྷོ་ནུབ་ཀྱི་མཚམས་ཀྱི་རྡུལ་དང་བྲལ་བ་ན་རྣམ་པར་སྣང་མཛད་དང་། ནུབ་བྱང་གི་མཚམས་ཀྱི་དབང་དུ་གྱུར་པ་ན་སྤྱན་རྒྱས་པ་ཨུཏྤལའི་དྲིའི་ཏོག་གི་རྒྱལ་པོ་བྱང་ཆུབ་
སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དང་འཇིག་རྟེན་པའི་འཁོར་དང་བཅས་པ་དེ་རྣམས་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི། མ་འོངས་པའི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་རང་གི་སྤྱི་གཙུག་ནས་འོད་ཟེར་འཕྲོས་པས་ཚོགས་བ་སོགས་པའི་ལྷ་དེ་རྣམས་
སྤྱན་དྲངས་ལ་ཡོན་ཆབ་དང་བཅས་པའི་མཆོད་པ་ལྔས་མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། ལུས་དབུལ་ཞིང་དགེ་བའི་རྩ་བ་བསྔོའོ་
ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་ཚོགས་བསགས་པའི་དཀྱིལ་འཁོར་བཤད་ནས་སྲུང་བའི་འཁོར་ལོ་སྟོན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ལྷ་ཁྲོ་མོ་བཅུ་བདུན་ཕྱུང་བ་ནི། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་
གཞན་གྱིས་མི་ཐུབ་པ་བར་དུ་གཅོད་པ་བཅུ་བདུན་ཕྱིར་བཟློག་པ་ཆེན་མོ་འདི་ཞེས་བྱ་བ་ནི། དབུས་ཀྱི་ཁྲོ་མོ་གཞན་གྱིས་མི་ཐུབ་པས་འབྱུང་པོའི་གདོན་ཕྱོགས་སྐྱོང་བཅུའི་རིགས་ཐམས་ཅད་ཚར་གཅོད་པར་བྱེད་དོ། །ཤར་ཕྱོགས་ཀྱི་གཏུམ་པ་ཆེན་མོས་ནི་གཞན་གྱི་རིག་སྔགས་ཐམས་
ཅད་གཅོད་པར་བྱེད་དོ། །ལྷོའི་འབར་མ་ཆེན་མོས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་པོ་ཐམས་ཅད་བཟློག་གོ། །ནུབ་ཕྱོགས་ཀྱི་དཀར་མོ་ཆེན་མོས་ནི་གསོད་པ་དང་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་དོ། །བྱང་ཕྱོགས་ཀྱི་སྒྲོལ་མས་ནི་ངན་སོང་དུ་སྐྱེ་བའི་རྨི་ལམ་ངན་པ་

ཐམས་ཅད་བཟློག་གོ། །བྱང་ཤར་གྱི་རྒྱལ་བའི་རྡོ་རྗེ་མས་ནི་གནོད་སྦྱིན་དང་། སྲིན་པོའི་གདོན་ཐམས་ཅད་འཇིག་གོ། །ཤར་ལྷོ་མཚམས་ཀྱི་པདྨའི་མངོན་མཚན་ཅན་གྱིས་ནི་གདོན་སྟོང་ཕྲག་བརྒྱད་ཅུ་འཇིག་གོ། །ལྷོ་ནུབ་མཚམས་ཀྱི་གཞན་གྱིས་མི་ཐུབ་མས་ནི་རྒྱུ་སྐར་ཉི་ཤུ་
རྩ་བརྒྱད་འདུལ་ལོ། །ནུབ་བྱང་མཚམས་ཀྱི་རྡོ་རྗེ་མཆུས་ནི་གཟའ་ཆེན་པོ་བརྒྱད་འཇིག་གོ། །ཕྱི་རོལ་གྱི་མཚམས་ཀྱི་ཞི་བའི་ལྷ་མོས་ནི་དགྲ་ཐམས་ཅད་བཟློག་གོ། །མཚམས་གཉིས་པའི་ཞི་བ་གསེར་ཕྲེང་མས་ནི་གཟའ་སྒྲ་གཅན་འཛིན་མ་རུངས་པ་འཇིག་གོ། །མཚམས་
གསུམ་པའི་དཀར་ཕྲེང་ཆེན་པོ་འབར་བ་མས་ནི་སྡང་བ་གཤིན་རྗེའི་གདོན་འཇིག་གོ། །མཚམས་བཞིའི་འཕགས་མ་སྒྲོལ་མས་ནི་འཆི་ལྟས་ཀྱི་རྨི་ལམ་ངན་པ་ཐམས་ཅད་འཇིག་གོ། །ཤར་སྒོའི་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་ནི་དུག་ཐམས་ཅད་བཟློག་གོ། །ལྷོ་སྒོའི་རྡོ་རྗེ་གཞོན་ནུ་མས་ནི་མཚོན་
ཐམས་ཅད་བཟློག་གོ། །ནུབ་སྒོའི་ལག་ན་རྡོ་རྗེ་མས་ནི་མེ་དང་ཆུ་བཟློག་གོ། །བྱང་སྒོའི་རིན་ཆེན་མས་ནི་ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། ཁྲོ་མོ་དེ་རྣམས་ཀྱི་མཚན་དང་སྐུ་མདོག་དང་ཕྱག་མཚན་ཇི་ལྟ་བུ་ཞེ་ན། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གཞན་གྱིས་མི་ཐུབ་པ་ནི་མཚན་ནོ། །དྲག་ཤུལ་ཆེན་མོ་ནི་སྐུ་མདོག་ནག་མོ་རྡོ་རྗེ་དང་སྡིགས་མཛུབ་མཛད་པའོ། །ཤར་ཕྱོགས་ཀྱི་གཏུམ་པ་ཆེན་མོ་ནི་མཚན་ནོ། །སྟོབས་ཆེན་མོ་ནི་སྐུ་མདོག་དཀར་མོ་འཁོར་ལོ་དང་སྡིགས་མཛུབ་མཛད་པའོ། །ལྷོ་ཕྱོགས་ཀྱི་
འབར་བ་ཆེན་མོ་ནི་མཚན་ནོ། །གཟི་བརྗིད་ཆེ་བ་ནི་སྐུ་མདོག་སེར་མོ་རིན་པོ་ཆེ་དང་སྡིགས་མཛུབ་མཛད་པའོ། །ནུབ་ཕྱོགས་ཀྱི་དཀར་ཆེན་འབར་ཕྲེང་མ་ནི་མཚན་ནོ། །གོས་དཀར་མོ་ནི་སྐུ་མདོག་དམར་མོ་པདྨ་དང་སྡིགས་མཛུབ་མཛད་པའོ། །བྱང་ཕྱོགས་ཀྱི་འཕགས་མ་
སྒྲོལ་མ་ནི་མཚན་ནོ། །ཁྲོ་གཉེར་ཅན་ནི་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་སྡིགས་མཛུབ་མཛད་པའོ། །བྱང་ཤར་མཚམས་ཀྱི་རྒྱལ་བ་རྡོ་རྗེ་མ་ནི་མཚན་ནོ། །ཕྲེང་ཞེས་གྲགས་ཞེས་བྱ་བ་ནི་སྐུ་མདོག་སྔོན་མོ་དབྱིག་པ་དང་སྡིགས་མཛུབ་མཛད་པའོ། །ཤར་ལྷོ་མཚམས་

ཀྱི་པདྨའི་མངོན་མཚན་ནི་མཚན་ནོ། །རྡོ་རྗེས་མཚན་ནི་སྐུ་མདོག་སེར་མོ་རྡོ་རྗེས་མཚན་པའི་ལྕགས་ཀྱུ་དང་སྡིགས་མཛུབ་མཛད་པའོ། །ལྷོ་ནུབ་མཚམས་ཀྱི་གཞན་གྱིས་མི་ཐུབ་པ་ནི་མཚན་ནོ། །ཕྲེང་བ་ཅན་ནི་སྐུ་མདོག་དམར་མོ་རྡོ་རྗེའི་ཕྲེང་བ་དང་སྡིགས་མཛུབ་
མཛད་པའོ། །ནུབ་བྱང་མཚམས་ཀྱི་རྡོ་རྗེའི་མཆུ་ཅན་ནི་མཚན་ནོ། །རྣམ་སྒེག་མོ་ནི་སྐུ་མདོག་ལྗང་གུ་རལ་གྲི་དང་སྡིགས་མཛུབ་མཛད་པའོ། །མཚམས་ཀྱི་ལྷ་མོ་མཆོད་པ་བྱེད་པ་བཞི་ནི་ཞི་བའི་ལྷ་རྣམས་ནི་མཚན་ནོ། །མཆོད་མ་ནི་ཉེ་བའི་ལྷ་མོ་སངས་རྒྱས་སྤྱན་ཡིན་པས་སྐུ་
མདོག་དཀར་མོ་རྡོ་རྗེས་མཚན་པའི་བདུག་སྤོས་དང་སྡིགས་མཛུབ་མཛད་པའོ། །གཉིས་པའི་མཚན་ནི་ཞི་བ་མའོ། །གསེར་གྱི་ཕྲེང་བ་ཅན་ནི་སྐུ་མདོག་སེར་མོ་གསེར་གྱི་ཕྲེང་བ་དང་སྡིགས་མཛུབ་མཛད་པའོ། །གསུམ་པ་དཀར་ཆེན་འབར་ཕྲེང་མ་ནི་མཚན་ནོ། །གོས་དཀར་མོ་ནི་
སྐུ་མདོག་དཀར་དམར་མར་མེ་འབར་བ་དང་སྡིགས་མཛུབ་མཛད་པའོ། །བཞི་པ་འཕགས་མ་སྒྲོལ་མ་ནི་མཚན་ནོ། །སྟོབས་ཆེན་མོ་ནི་སྐུ་མདོག་ལྗང་གུ་དྲིའི་དུང་ཆོས་དང་སྡིགས་མཛུབ་མཛད་པའོ། །ཤར་སྒོར་རྡོ་རྗེ་ལུ་གུ་རྒྱུད་ནི་མཚན་ནོ། །གཞན་ནི་སྐུ་མདོག་སྔོན་མོ་རྡོ་རྗེ་
ལུ་གུ་རྒྱུད་དང་སྡིགས་མཛུབ་མཛད་པའོ། །ལྷོ་སྒོའི་རྡོ་རྗེ་གཞོན་ནུ་མ་ནི་མཚན་ནོ། །རིག་འཛིན་མ་ནི་སྐུ་མདོག་སེར་མོ་ཞགས་པ་དང་སྡིགས་མཛུབ་མཛད་པའོ། །ནུབ་སྒོའི་ལག་ན་རྡོ་རྗེའི་རིགས་ནི་མཚན་ནོ། །གསེར་ཕྲེང་ནི་སྐུ་མདོག་དམར་མོ་ལྕགས་ཀྱུ་དང་སྡིགས་
མཛུབ་མཛད་པའོ། །བྱང་སྒོའི་རིན་ཆེན་མ་ནི་མཚན་ནོ། །ལེབ་རྒན་རྩི་ནི་སྐུ་མདོག་དམར་ལྗང་དྲིལ་བུ་དང་སྡིགས་མཛུབ་མཛད་པའོ། །ཁྲོ་མོ་བཅུ་བདུན་པོ་དེ་རྣམས་གང་གི་རིགས་ཡིན་ཞེ་ན། རྣམ་པར་སྣང་མཛད་རིགས་ཞེས་གསུངས་སོ། །གང་ནས་སྐྱེས་ཤེ་ན།
གཙུག་ཏོར་གྲགས་ཞེས་བྱ་སྟེ། དབུའི་གཙུག་ཏོར་ལས་སྐྱེས་པའོ། །ཁྲོ་མོ་བཅུ་བདུན་པོ་དེ་རྣམས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དང་། ཕྱིས་འབྱུང་བའི་གསང་སྔགས་ཀྱི་ཚོགས་བཅུ་གསུམ་པོ་དེ་དག་ཐམས་ཅད་ཀྱིས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་དང་།

ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ་ཞེས་འཁོར་ལོའི་ལྷ་དང་སྔགས་ལ་གསོལ་བ་འདེབས་པའོ། །དེ་རྣམས་ཀྱི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་
མོ་ཅན་ཞེས་བོད་པའོ། །ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ་ཞེས་བྱ་བ་ནི་གཙོ་མོ་གཞན་གྱིས་མི་ཐུབ་མ་ནི་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་གྱིས་ཤིག་པའོ། །ཤར་ཕྱོགས་ཀྱི་གཏུམ་ཆེན་མོའི་སྔགས་ནི་ཛམྦྷ་ན་ཀཱ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ་ཞེས་བྱ་བ་ནི། གཞན་གྱི་རིག་སྔགས་ཐམས་ཅད་ཆོད་
ཅིག་ཅེས་པའོ། །ཡི་གེ་ཧཱུཾ་གིས་དགུག་པ་དང་། དྲཱུཾ་གིས་གཞུག་པ་དང་། ཧྲཱིཿས་འཆིང་བ་དང་། ཥྚོཾ་གྱིས་དབང་དུ་བྱེད་པའོ། །དེ་ལྟར་ཡི་གེ་བཞིའི་དོན་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །ལྷོ་ཕྱོགས་ཀྱི་འབར་བ་ཆེན་མོའི་སྔགས་ནི་སྟཾ་བྷ་ན་ཀཱ་རཱི་དང་། ཡི་
གེ་བཞིས་དུས་མ་ཡིན་པར་འཆི་བ་བརྒྱད་ཟློགས་ཤིག་པའོ། །ནུབ་ཕྱོགས་ཀྱི་གོས་དཀར་མོའི་སྔགས་ནི་མོ་ཧ་ན་ཀཱ་རཱི་དང་། ཡི་གེ་བཞིས་རྒྱལ་པོའི་ཆད་པའི་གསོད་པ་དང་འཆིང་བ་ལས་ཁྲོལ་ཅིག་པའོ། །བྱང་ཕྱོགས་ཀྱི་སྒྲོལ་མའི་སྔགས་ནི་སམྦྷཀྵ་ཎ་ཀཱ་རཱི་དང་། ཡི་
གེ་བཞིས་རྨི་ལམ་ངན་པ་ཐམས་ཅད་ཟློགས་ཤིག་པའོ། །བྱང་ཤར་གྱི་རྒྱལ་བའི་རྡོ་རྗེ་མའི་སྔགས་ནི་བནྡྷ་ན་ཀཱ་རཱི་དང་། ཡི་གེ་བཞིས་གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་གྱིས་ཤིག་པའོ། །ཤར་ལྷོའི་པདྨའི་མངོན་མཚན་ཅན་མའི་སྔགས་ནི་པ་ར་བི་ཥ་
བྷ་ཀྵ་ཎ་ཀཱ་རཱི་དང་། ཡི་གེ་བཞིས་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་གྱིས་ཤིག་པའོ། །ལྷོ་ནུབ་ཀྱི་གཞན་གྱིས་མི་ཐུབ་མའི་སྔགས་ནི་སརྦ་དུཥྚཱ་པྲ་དུ་ཥྚཱ་ན་སྟཾ་བྷ་ན་ཀཱ་རཱི་དང་། ཡི་གེ་བཞིས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཞི་བར་གྱིས་ཤིག་པའོ། །ནུབ་བྱང་གི་རྡོ་རྗེ་
མཆུའི་སྔགས་ནི་སརྦ་ཡཀྵ་རཱ་ཀྵ་སཾ་གྲ་ཧཱ་ཎཱཾ་བི་དྷཱཾ་ས་ན་ཀཱ་རཱི་དང་། ཡི་གེ་བཞིས་གཟའ་ཆེན་པོ་བརྒྱད་འཇིག་པར་གྱིས་ཤིག་པའོ། །ཉེ་བའི་ལྷ་མོ་བཞི་ནི་ཞི་བ་ཡིན་པས་སྔགས་སྔ་མ་དང་འདྲ་བར་དགོངས་སོ། །ཤར་ཕྱོགས་ཀྱི་སྒོའི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྔགས་ནི་སརྦ་པ་ར་བི་དྱཱཾ་ཙྪེ་

ད་ན་ཀཱ་རཱི་དང་། ཡི་གེ་བཞིས་དུག་ཐམས་ཅད་ཟློགས་ཤིག་པའོ། །ལྷོ་ཕྱོགས་ཀྱི་སྒོའི་རྡོ་རྗེ་གཞོན་ནུ་མའི་སྔགས་ནི་ཙ་ཏུ་ཪྴི་ཏི་ནཾ་གྲ་ཧ་སྲཱ་ཎཱཾ་བི་དྷྭཾ་ས་ན་ཀཱ་རཱི་དང་། ཡི་གེ་བཞིས་མཚོན་ཐམས་ཅད་ཟློགས་ཤིག་པའོ། །ནུབ་ཕྱོགས་ཀྱི་སྒོའི་ལག་ན་རྡོ་རྗེའི་
སྔགས་ནི་ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་ས་དྷ་ན་ཀཱ་རཱི་དང་། ཡི་གེ་བཞིས་མེ་དང་ཆུ་ལས་ཟློགས་ཤིག་པའོ། །བྱང་གི་སྒོའི་རིན་ཆེན་མའི་སྔགས་ནི་ཨཥྚ་ཎཱཾ་མ་ཧཱ་གྲ་ཧ་ཎཱཾ་བི་དྷྭཾ་ས་ན་ཀཱ་རཱི་དང་། ཡི་གེ་བཞིས་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་ཅིག་པའོ། །ཡི་གེ་
བཞི་པོ་དེ་ཡང་བདུད་བཞི་འཇོམས་པ་དང་། ཉོན་མོངས་པ་བཞི་སྤོང་བ་དང་། སྒྲིབ་པ་བཞི་སྦྱོང་བ་དང་། ཡེ་ཤེས་བཞི་དགུག་གཞུག་གི་ཕྲིན་ལས་བཞི་བྱེད་པར་གསུངས་སོ། །རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤྩ་ཞེས་བྱ་བ་ནི་བདག་དང་སེམས་ཅན་ཐམས་ཅད་སྲུངས་ཤིག་སྲུངས་ཤིག་ཅེས་
གསོལ་བ་འདེབས་པར་བྱེད་པ་ཡིན་ནོ། །ད་ནི་ཕྱོགས་སྐྱོང་བ་བཅུ་འདུལ་བའི་དཀྱིལ་འཁོར་ཁྲོ་མོ་བཅུ་གཅིག་གི་སྐུའི་དཀྱིལ་འཁོར་བསྒོམས་ཏེ། སྔགས་བཅུ་གཅིག་བཟླས་ནས་བསྙེན་པ་འབུམ་དང་ཉེ་བའི་བསྙེན་པ་ཁྲི་བྱས་ནས། གྲོག་མཁར་གྱི་སའམ་དུར་ཁྲོད་ཀྱི་ས་ལ་གདོན་
ལ་སོགས་པ་ཐམས་ཅད་ཀྱི་ལིང་ག་བྱས་ལ་དེའི་སྙིང་གར་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ་གྱི་དབུས་སུ་གདོན་ལ་སོགས་པའི་མིང་བྲིས་ལ་ཕྱི་རོལ་ནས་ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ་ཞེས་བྱ་བ་ལ་སོགས་པའི་སྔགས་འཁོར་ལོ་རྩིབས་བརྒྱད་ལ་དགོད། ཕྱག་ན་རྡོ་རྗེའི་འཁྲུལ་འཁོར་གྱི་སྔགས་ལྟེ་བ་ལ་
བཀོད་ནས་ལིང་གའི་སྙིང་གར་བཅུག་སྟེ་དུམ་བུར་གཏུབས་ནས་མེ་ལ་སྦྱིན་སྲེག་བྱ་བའམ། ཡང་ན་ཕུར་བུས་བཏབ་ནས་མནན་པར་བྱའོ་ཞེས་པ་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱོགས་བཅུའི་
གདོན་ཕྱིར་ཟློག་མ་ཆེན་མོ་ཞེས་བྱ་བ་ནི་མཚན་ཡིན་ནོ། །དེའི་སྐུ་མདོག་དང་ཕྱག་མཚན་བཤད་པ་ནི་ཕྱག་སྟོང་མངའ་བ་ཆེན་མོ་ཞེས་བྱ་བ་སྟེ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་རྡོ་རྗེ་བརྒྱ་དང་། འཁོར་ལོ་བརྒྱ་དང་། རིན་ཆེན་འབར་བ་བརྒྱ་དང་། པདྨ་འབར་བ་

བརྒྱ་དང་། སྣ་ཚོགས་རྡོ་རྗེ་འབར་བ་བརྒྱ་དང་། མདའ་དང་གཞུ་འབར་བ་ཉིས་བརྒྱ་དང་། རལ་གྲི་དང་ཞགས་པ་འབར་བ་ཉིས་བརྒྱ་དང་། ལྕགས་ཀྱུ་ཉིས་བརྒྱ་ཕྱག་ན་བསྣམས་པའོ། །དབུ་སྟོང་མངའ་བ་ཆེན་མོ་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་ཞལ་སྒེག་པོ་
བརྒྱ་དང་། དཔའ་བ་བརྒྱ་དང་། འཇིགས་སུ་རུང་བ་བརྒྱ་དང་། རྒོད་པ་བརྒྱ་དང་། གཤེ་བ་བརྒྱ་དང་། རྔམ་པ་བརྒྱ་དང་། སྙིང་རྗེ་བརྒྱ་དང་། ཞི་བ་བརྒྱ་དང་། ངོ་མཚར་བ་བརྒྱ་དང་། དྲག་པོ་མི་སྡུག་པ་བརྒྱ་སྟེ་སྟོང་ལ་སྤྱན་གསུམ་གསུམ་མངའ་བས་སྤྱན་བྱེ་བ་བརྒྱ་སྟོང་
མངའ་བ་ཞེས་བྱའོ། །དབུ་སྟོང་གི་སྟེང་ན་སངས་རྒྱས་བྱེ་བ་ཕྲག་བདུན་དང་། སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆ་ལ་སོགས་པ་དགུས་ཅོད་པན་མཛད་པས་ན་མི་ཕྱད་པའོ། །བ་སྤུའི་བུ་ག་ནས་བསྐལ་པ་ཆེན་པོའི་མེའི་འོད་ཟེར་འཕྲོ་བས་ན་འབར་བའི་མཚན་རྟགས་ཅན་ནོ། །
ཞབས་སྟོད་རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱལ་པོའི་འཇིགས་པ་ནས། ཟས་སུ་སྦྱིན་སྲེག་ཟ་བའི་བར་དེ་དག་ཐམས་ཅད་ཞབས་ཀྱིས་མནན་པར་མཛད་པའོ། །དེ་ཕྱིར་བདག་དང་སེམས་ཅན་ཐམས་ཅད་བདེ་
ལེགས་སུ་གྱུར་ཅིག་ཅེས་གསོལ་བ་གདབ་བོ། །དེའི་ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་རྣམ་པར་བསྒྱིངས་པའི་རྡོ་རྗེ་མ་སྔོན་མོ་རྡོ་རྗེ་དང་ཨུཏྤལ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་རྩིབས་ལ་གསེར་འོད་ལྟ་བུའི་སྤྱན་མངའ་མ། སེར་མོ་འཁོར་ལོ་དང་། པདྨ་དཀར་པོའི་སྟིང་ན་
སྤྱན་དང་ལྡན་པའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་དཀར་མོ་པདྨའི་རྡོ་རྗེ་དང་པདྨའི་སྡོང་བུ་བསྣམས་པའོ། །བྱང་ཕྱོགས་ཀྱི་རྩིབས་ལ་རྡོ་རྗེ་འགྲོས་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་ཨུཏྤལ་བསྣམས་པའོ། །བྱང་ཤར་མཚམས་སུ་པདྨའི་སྤྱན་དམར་མོ་འཁོར་ལོ་དང་པདྨ་བསྣམས་པའོ། །
ཤར་ལྷོ་མཚམས་སུ་ཟླ་འོད་དཀར་མོ་རྡོ་རྗེ་དང་ཟླ་བ་ཚེས་པ་བསྣམས་པའོ། །ལྷོ་ནུབ་མཚམས་སུ་སངས་རྒྱས་དཔལ་དམར་མོ་པདྨའི་རྡོ་རྗེ་དང་། པདྨའི་སྟེང་ན་སྣང་བ་མཐའ་ཡས་བསྣམས་པའོ། །ནུབ་བྱང་གི་མཚམས་སུ་སངས་རྒྱས་སྤྱན་སེར་མོ་སྣ་ཚོགས་རྡོ་རྗེ་དང་ཨུཏྤལའི་སྟེང་ན་

སྤྱན་དང་ལྡན་པའོ། །ཤར་ཕྱོགས་སུ་སྟེང་གི་ལྷ་མོ་རྡོ་རྗེ་ཉི་མ་འོད་ཅེས་བྱ་བ་དམར་མོ་རྡོ་རྗེ་དང་ཉི་མ་བསྣམས་པའོ། །དེ་བཞིན་དུ་ནུབ་ཕྱོགས་སུ་འོག་གི་ལྷ་མོ་ཟླ་བ་རྡོ་རྗེ་འཛིན་ཞེས་བྱ་བ་དཀར་མོ་རྡོ་རྗེ་དང་ཟླ་བ་བསྣམས་པའོ། །དེ་བཅུའི་རིག་པ་ནི་ཧཱུཾ་དྲཱུཾ་བཅུ་ཐམ་པའོ། །ཕྱག་རྒྱ་ནི་
སྐུ་མདོག་དང་ཕྱག་མཚན་ཅན་གྱི་ལྷའོ། །གསང་སྔགས་ཀྱི་ཚོགས་ནི་འོག་ནས་འབྱུང་བའི་སྔགས་བཅུའོ། །དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་སྐུ་གསུང་ཐུགས་དེ་དག་གིས་སོ། །བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་བསྲུང་བར་མཛད་དུ་གསོལ་ཞེས་བྱ་བ་ནི་བདེན་པ་བདར་
ནས་གསོལ་བ་འདེབས་པའོ། །དེ་ལ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོའི་སྔགས་ནི་ཨོཾ་རི་ཥྀ་ག་ཎ་ཞེས་བྱ་བ་ནས་ཧཱུཾ་དྲཱུཾ་ཞེས་བྱ་བའི་བར་ཡི་གེ་ཉི་ཤུ་རྩ་གཅིག་པས་སྲུང་བ་ལ་སོགས་པའི་ཕྲིན་ལས་བཞི་བྱེད་དོ། །རྣམ་བསྒྱིངས་རྡོ་རྗེ་མའི་ཛམྦྷ་ནཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་འཇིགས་པ་དང་། གདོན་
དང་ཟ་བ་པོ་རྣམས་དང་། རིག་སྔགས་འཆང་བ་དང་བཞི་ལ་ཧཱུཾ་གིས་རྡོ་རྗེས་གཅོད་པ་དང་། དྲཱུཾ་གིས་ཕུར་བུས་གདབ་པའོ། །གསེར་འོད་ལྟ་བུའི་སྟཾ་བྷ་ན་ཀཱ་རཱི་ཧཱུཾ་དྲཱུཾ་གིས་ནི་འཇིགས་པ་དང་། གདོན་དང་། ཟ་བ་པོ་རྣམས་དང་། རིག་སྔགས་འཆང་བ་བཞི་ལ་འཁོར་ལོས་གཅོད་པ་དང་ཕུར་
བུས་གདབ་པའོ། །རྡོ་རྗེ་དཀར་མོའི་མ་ཧཱ་བིདྱཱ་སཾ་བྷཀྵ་ཎ་ཀཱ་རཱི་ཧཱུཾ་དྲཱུཾ་གིས་ནི་སྔ་མ་བཞིན་དུ་བཞི་ལ་པདྨའི་རྡོ་རྗེས་གཅོད་ཅིང་ཕུར་བུས་འདེབས་པའོ། །རྡོ་རྗེ་འགྲོས་མའི་པ་ར་བིདྱཱ་སམྦྷ་ཀྵ་ཎ་ཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་སྔ་མ་བཞིན་དུ་བཞི་ལ་སྣ་ཚོགས་རྡོ་རྗེས་གཅོད་ཅིང་ཕུར་བུས་འདེབས་པའོ། །
པདྨའི་སྤྱན་གྱིས་སརྦ་དུཥྚཱ་ཎཱཾ་སྟཾ་བྷ་ན་ཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་སྔ་མ་བཞིན་དུ་བཞི་ལ་འཁོར་ལོས་གཅོད་ཅིང་ཕུར་བུས་འདེབས་པའོ། །ཟླ་འོད་ཀྱིས་སརྦ་ཡཀྵ་རཀྵ་སཱཾ་གྲ་ཧཱ་ཎཱཾ་བིདྡྷྭཾ་ས་ན་ཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་སྔ་མ་བཞིན་དུ་བཞི་ལ་རྡོ་རྗེས་གཅོད་ཅིང་ཕུར་བུས་འདེབས་པའོ། །སངས་རྒྱས་
དཔལ་གྱིས་ཙ་ཏུ་རཱ་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲ་ཎཱཾ་བིདྷྲཾ་ས་ན་ཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་སྔ་མ་བཞིན་དུ་བཞི་ལ་སྒྲུབ་པའི་པདྨའི་རྡོ་རྗེས་གཅོད་ཅིང་ཕུར་བུས་འདེབས་པའོ། །དེ་བཞིན་སྤྱན་གྱིས་ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་ས་དྷ་ན་ཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་སྔ་མ་བཞིན་དུ་བཞི་ལ་སྣ་ཚོགས་རྡོ་རྗེས་གཅོད་ཅིང་ཕུར་བུས་

འདེབས་པའོ། །སྟེང་གི་རྡོ་རྗེ་ཉི་མའི་འོད་དང་། འོག་གི་དེ་བཞིན་ཟླ་བ་རྡོ་རྗེ་འཛིན་མ་དང་གཉིས་ཀྱི་སྔགས་གཅིག་སྟེ། ཨཥྚ་ཎཱཾ་མ་ཧཱ་གྲ་ཧ་ཎཱཾ་བི་དྷྭཾ་ས་ན་ཀཱ་རཱི་ཧཱུཾ་དྲཱུཾ་ཞེས་བྱ་བས་རྡོ་རྗེས་གཅོད་ཅིང་ཕུར་བུས་འདེབས་པའོ། །དེ་རྣམས་ཀྱི་ཕྲིན་ལས་བསྟན་པ་ནི་བཅོམ་ལྡན་འདས་མ་ཞེས་པ་ནས་
རྡོ་རྗེ་ཡངས་པ་ཆེན་མོས་ཞེས་བྱ་བའི་བར་དུ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་བྱེད་པ་པོ་ཡིན་པར་སྟོན་ཏོ། །གནས་ནི་ས་གསུམ་གྱི་དཀྱིལ་འཁོར་དུ་བསྲུང་བར་བྱ་བ་ནི་བདག་དང་སེམས་ཅན་ཐམས་ཅད་དོ། །མི་མཐུན་པའི་ཕྱོགས་གང་ལས་བསྲུང་ཞེ་ན། རྒྱལ་པོའི་འཇིགས་པ་ནས་
གཅན་གཟན་ཁྲོ་བོའི་འཇིགས་པའི་བར་དུ་རཀྵ་རཀྵ་མཱཾ་ཞེས་པས་བདག་ལ་སྲུངས་ཤིག་སྲུངས་ཤིག་ཅེས་པའོ། །ཡང་གཉིས་པ་གང་ལས་བསྲུང་ཞེ་ན། ཕོ་ཉ་ཀིང་ཀ་རའི་གདོན་ལས་ཏེ། ལྷའི་གདོན་ནས་ཚེར་མ་འདོན་པའི་གདོན་གྱི་བར་ལས་རཀྵ་རཀྵ་མཱཾ་ཞེས་པས་བདག་བདེ་ལེགས་
སུ་གྱུར་ཅིག་ཅེས་པའོ། །དེ་རྣམས་ཅི་ཞིག་ཟ་སྙམ་པ་ལ། ལྷ་མདངས་ཟ་བ་དང་། །ཀླུ་མངལ་ཟ་བ་དང་། ལྷ་མ་ཡིན་ཁྲག་འཐུང་བ་དང་། གནོད་སྦྱིན་ཞག་ཟ་བ་དང་། སྲིན་པོ་ཤ་ཟ་བ་དང་། ཡི་དགས་ཚིལ་ཟ་བ་དང་། ཤ་ཟ་རྐང་ཟ་བ་དང་། འབྱུང་པོ་བཙས་པ་ཟ་བ་དང་། གྲུལ་བུམ་སྲོག་
འཕྲོག་པ་དང་། སྲུལ་པོ་སྐྱུགས་པ་ཟ་བ་དང་། ལུས་སྲུལ་པོ་མཆིལ་མ་ཟ་བ་དང་། སྐེམ་བྱེད་གཅིན་འཐུང་བ་དང་། བརྗེད་བྱེད་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། སྨྱོ་བྱེད་ལྷག་མ་ཟ་བ་དང་། གྲིབ་གནོན་སྣབས་ཟ་བ་དང་། གནོན་པོ་ངར་སྣབས་ཟ་བ་དང་། མཁའ་འགྲོ་མ་མི་གཙང་བ་ཟ་བ་དང་།
ནམ་གྲུ་གཏོར་མ་ཟ་བ་དང་། གཤིན་རྗེ་ཕྲེང་བ་ཟ་བ་དང་། བྱའི་གདོན་དྲི་ཟ་བ་དང་། མ་མོ་དགའ་བར་བྱེད་པ་མེ་ཏོག་ཟ་བ་དང་། ཀུན་དུ་ཕྲེང་བ་འབྲས་དང་ལོ་ཏོག་ཟ་བ་དང་། ཚེར་མ་འདོན་པས་ཟས་སུ་སྦྱིན་སྲེག་ཟ་བ་སྟེ། གདོན་དེ་དག་ཐམས་ཅད་ཀྱི་འཇིགས་པ་དང་། རིག་སྔགས་རྣམས་ལིང་ག་ལ་
མཚོན་གྱིས་གཅོད་དོ། །ལིང་ག་ལ་ཕུར་བུས་བཏབ་ནས་མནན་པར་བྱའོ། །དེ་བཞིན་དུ་གདོན་ཕོ་ཉ་དེ་དག་གཏོང་བར་བྱེད་པ་དང་པོ་མུ་སྟེགས་ཀྱི་ཀུན་དུ་རྒྱུ་དང་། གཉིས་པ་མཁའ་འགྲོ་མ་རྣམས་དང་། གསུམ་པ་ཚངས་པ་དང་། བཞི་པ་དབང་ཕྱུག་ཆེན་པོ་དང་། ལྔ་པ་ཁྱབ་འཇུག་སྲེད་མེད་ཀྱི་བུ་དང་།

དྲུག་པ་ནམ་མཁའ་ལྡིང་དང་། བདུན་པ་ནག་པོ་ཆེན་པོ་དང་། བརྒྱད་པ་གཤིན་རྗེའི་ཆུང་མ་མ་མོའི་ཚོགས་དང་། །དགུ་པ་མུ་སྟེགས་ཀྱི་བརྟུལ་ཞུགས་མིའི་ཐོད་པ་ཅན་དང་། བཅུ་པ་རྒྱལ་བར་བྱེད་པ་ལ་སོགས་པ་མིང་པོ་གསུམ་དང་། བཅུ་གཅིག་པ་སྲིང་མོ་བཞི་དང་། བཅུ་
གཉིས་པ་བྷྲྀང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་སྤུན་གསུམ་དང་། བཅུ་གསུམ་པ་དགེ་སྦྱོང་གཅེར་བུ་དང་། བཅུ་བཞི་པ་དགེ་སྦྱོང་མགོ་རེག་དང་། བཅོ་ལྔ་པ་དགྲ་བཅོམ་པ་དང་། བཅུ་དྲུག་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་
བ་སྟེ། འདོད་ཆགས་དང་བྲལ་བ་དང་། བཅུ་བདུན་པ་རྒྱལ་ཚབ་ཏུ་དབང་བསྐུར་བ་འཇིག་རྟེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་དང་། བཅོ་བརྒྱད་པ་ལག་ན་རྡོ་རྗེ་འཁོར་དང་བཅས་པ་ཐམས་ཅད་དང་། བཅུ་དགུ་པ་ཕོ་ཉ་ཕྱོགས་སྐྱོང་བ་བཅུ་དང་། ཕོ་ཉ་མོ་དེ་རྣམས་ཀྱི་ཆུང་མ་བཅུ་དང་། བྲན་མོ་ས་འོག་
གི་ཕག་དང་། གཤིན་རྗེ་དང་། ལོག་འདྲེན་དང་། ཀླུ་བཞི་དང་། དེའི་ཆུང་མ་བཞི་བྲན་མོས་བྱས་པ་དང་། ཉི་ཤུ་པ་དྲང་སྲོང་གི་ཚོགས་དང་། ཉེར་གཅིག་པ་ལྷའི་ཚོགས་དང་། ཉེར་གཉིས་པ་མི་འཕྲོད་པ་ཟ་བའི་ཚོགས་ཀྱི་ལིང་ག་དུམ་བུར་བཅད་ནས་སྦྱིན་སྲེག་བྱ་བ་དང་། ཕུར་བུས་བཏབ་ནས་མནན་
པ་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཚོགས་བསགས་པའི་དཀྱིལ་འཁོར་དང་། བསྲུང་བས་ཕྱིར་བཟློག་པའི་དཀྱིལ་འཁོར་དང་། གདུག་པ་ཐམས་ཅད་ཚར་གཅོད་པའི་དཀྱིལ་འཁོར་གསུམ་བཤད་ནས། ད་ནི་གཙུག་ཏོར་གདུགས་དཀར་མོ་ཅན་བདག་ཉིད་བསྒོམ་པའི་དཀྱིལ་
འཁོར་བཤད་པར་བྱ་སྟེ། དང་པོ་སྟོང་པའི་བྱང་ཆུབ་དང་། གཉིས་པ་ཟླ་བའི་དཀྱིལ་འཁོར་དང་། གསུམ་པ་ཡིག་འབྲུ་དང་། བཞི་པ་རྡོ་རྗེ་དཀར་མོ་རྩེ་དགུ་པ་དང་། ལྔ་པ་སྐུ་ཡོངས་སུ་རྫོགས་པ་དང་། དྲུག་པ་ལུས་ལ་ལྷ་ཡོངས་སུ་དགོད་པ་སྟེ་ཆོ་ག་དེ་རྣམས་ཀྱིས་རང་ཉིད་ལྷར་བསྐྱེད་ལ་
དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་ནད་བཞི་བརྒྱ་རྩ་བཞི་དང་། གདོན་གྱི་རིགས་སྟོང་ཕྲག་བརྒྱད་ཅུ་ཚར་གཅོད་པར་བྱ་བའི་ཕྱིར་བདག་ཉིད་གཙུག་ཏོར་དཀར་མོ་ཞལ་ལྔ་པ་ཕྱག་བརྒྱད་པར་བསྒོམས་ཏེ། ཞལ་བཞི་དཀར་པོ་སྟེང་མ་སྔོན་པོའོ། །ཕྱག་དང་པོ་ན་རྡོ་རྗེ་འབར་བ། གཉིས་པ་ན་རལ་གྲི། །

གསུམ་པ་ན་གཏུན་ཤིང་། བཞི་པ་ན་འཁོར་ལོ། །གཡོན་གྱི་དང་པོ་ན་ལྕགས་ཀྱུ། གཉིས་པ་ན་དགྲ་སྟ། གསུམ་པ་ན་མདུང་། བཞི་པ་ན་ཞགས་པ་བསྣམས་པ། ཉི་མའི་འོད་མངའ་མ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེ་དང་ཐ་མི་དད་ཀྱི་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་
གྱུར་པ་བསམས་ལ། བཅོམ་ལྡན་འདས་མ་ཞེས་བྱ་བ་ནས་བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ་ཞེས་བྱ་བའི་བར་གྱིས་ཕྱག་འཚལ་ཞིང་གསོལ་བ་བཏབ་ནས་སྙིང་པོ་བཟླ་བར་བྱ་སྟེ། ཨོཾ་ཨ་སི་ཏ་ཨ་ན་ལཱརྐ་པྲ་བྷཱ་སྥུ་ཏ་ཏེ་ཞེས་བྱ་བའི་ཡི་གེའི་དོན་ནི་མི་ཐུབ་པ་ཉི་མའི་མེའི་
འོད་ཟེར་འཕྲོ་བའོ། །བི་ཀ་སི་ཏ་ཏཱ་པ་ཏྲི་ནི་གཙུག་ཏོར་གདུགས་དཀར་མོ་ཡངས་པའོ། །ཨོཾ་ཛྭ་ལ་ཛྭ་ལ་ནི་གཡས་པའི་རྡོ་རྗེ་འབར་བའོ། །ཁ་ད་ཁ་ད་ནི་རལ་གྲིས་གཅོད་ཅིང་ཟ་བའོ། །ཧ་ན་ཧ་ན་ནི་གཏུན་ཤིང་གིས་བསྣུན་པའོ། །དྷ་ར་དྷ་ར་ནི་འཁོར་ལོ་འཆང་པའོ། །བི་དྷ་ར་བི་དྷ་ར་ནི་ལྕགས་
ཀྱུས་འཛིན་པའོ། །ཙྪིན་ད་ཙྪིན་ད་ནི་དགྲ་སྟས་གཅོད་པའོ། །བྷིནྡ་བྷིན་ད་ནི་མདུང་གིས་འབིགས་པའོ། །བྷ་ནྡྷ་བྷ་ནྡྷ་ནི་ཞགས་པས་འཆིང་བའོ། །ཧཱུཾ་ཧཱུཾ་ནི་ཐབས་དང་ཤེས་རབ་བོ། །ཕཊ་ཕཊ་ནི་གདུག་པ་འདུལ་བའོ། །སྭཱ་ཧཱ་ནི་ཞི་བའོ། །དེ་ནི་སྙིང་པོའོ། །ཧེ་ཧེ་ཕཊ་ཅེས་པས་མགོ་
བོ་ལ་རྣམ་བསྒྱིངས་རྡོ་རྗེ་མ་སྔ་མ་བཞིན་དུ་བསམ་མོ། །ཧོ་ཧོ་ཕཊ་ཅེས་པས་ལྐོག་མར་གསེར་འོད་ལྟ་བུའི་སྤྱན་མངའ་མ་བསམ་མོ། །ཨ་མོ་གྷཱ་ཡ་ཕཊ་ཅེས་བྱ་བ་སྙིང་གར་རྡོ་རྗེ་འགྲོས་བསམ་མོ། །ཨ་པྲ་ཏི་ཧ་ཏ་ཡ་ཕཊ་ཅེས་པས་ལྟེ་བར་དཀར་མོ་བསམ་མོ། །བ་ར་དཱ་ཡ་ཕཊ་ཅེས་པས་
དཔུང་པ་གཡས་པ་ལ་པདྨའི་སྤྱན་བསམ་མོ། །པ་ར་པྲ་དཱ་ཡ་ཕཊ་ཅེས་པས་དཔུང་པ་གཡོན་པ་ལ་ཟླ་འོད་བསམ་མོ། །ཨ་སུ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ་ཅེས་པས་བརླ་གཡས་པ་ལ་སངས་རྒྱས་དཔལ་བསམ་མོ། །བ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ་ཅེས་པས་བརླ་གཡོན་པ་ལ་དེ་བཞིན་སྤྱན་
བསམ་མོ། །མིག་གཡས་པ་ལ་རྡོ་རྗེ་ཉི་མའི་འོད་བསམ་མོ། །མིག་གཡོན་པ་ལ་དེ་བཞིན་དུ་ཟླ་བ་རྡོ་རྗེ་འཛིན་བསམ་མོ། །དེ་ལྟར་བསྐྱེད་ནས་ཤར་ཕྱོགས་སུ་ཨིནྡྲ་ཡེ་ཕཊ་ཅེས་པས་བརྒྱ་བྱིན་དང་། ཤར་ལྷོར་ཨགྣ་ཡེ་ཕཊ་ཅེས་པས་མེ་ལྷ་དང་། ལྷོར་ཡ་མ་ཡེ་ཕཊ་ཅེས་པས་གཤིན་རྗེ་

དང་། ལྷོ་ནུབ་ཏུ་ནཻཪྼི་ཏ་ཡེ་ཕཊ་ཅེས་པས་བདེན་བྲལ་དང་། ནུབ་ཏུ་བ་རུ་ཎ་ཡེ་ཕཊ་ཅེས་པས་ཆུ་ལྷ་དང་། ནུབ་བྱང་དུ་མཱ་རུ་ཏི་ཡེ་ཕཊ་ཅེས་པས་རླུང་ལྷ་དང་། བྱང་དུ་སཽ་མ་ཡེ་ཕཊ་ཅེས་པས་གནོད་སྦྱིན་དང་། བྱང་ཤར་དུ་ཨཱི་ཤྭ་ན་ཡེ་ཕཊ་ཅེས་པས་དབང་ལྡན་དང་། ཤར་སྒོར་
ཀཱ་ལ་དཎྜི་ཡེ་ཕཊ་ཅེས་པས་དབྱུག་པ་ནག་མོ་དང་། ལྷོ་སྒོར་ཀཱ་ལ་རཱ་ཏྲི་ཡེ་ཕཊ་ཅེས་པས་དུས་མཚན་ནག་མོ་དང་། ནུབ་སྒོར་ཡ་མ་དཎྜི་ཡེ་ཕཊ་ཅེས་པས་གཤིན་རྗེ་དབྱིག་པ་མ་དང་། བྱང་སྒོར་ཡ་མ་རཱ་ཏྲཱི་ཡེ་ཕཊ་ཅེས་པས་གཤིན་རྗེ་དུས་མཚན་མ་དང་། དུར་ཁྲོད་བརྒྱད་ཀྱི་གནས་
སུ་ཀ་པཱ་ལཱི་ཡེ་ཕཊ་ཅེས་པས་ཞིང་སྐྱོང་རྣམས་དང་། དུར་ཁྲོད་རྣམས་སུ་ཨ་དྷི་མུཀྟི་ཤྨ་ཤཱ་ན་བ་སི་ནཱི་ཡེ་ཕཊ་ཅེས་པས་མ་མོ་བརྒྱད་དགོད་དོ། །ཨོཾ་ཥྚོཾ་བནྡྷ་བནྡྷ་རཀྵ་རཀྵ་མཱཾ་སྭཱ་ཧཱ་ཞེས་བྱ་བས་ནི་ལྷའི་གདོན་ལ་སོགས་པ་ནས་ཚེར་མ་འདོན་པའི་གདོན་གྱི་བར་དུ་ཞགས་པས་ཆིངས་ལ་བདག་
ལ་སྲུངས་ཤིག་པའོ། །དེ་ནས་གཏོར་མ་བྱིན་ལ་སྔགས་ཀྱི་ཕྲིན་ལས་བཅོལ་བ་ནི་སརྦ་དེ་བཱི་བྷྱཿ ཕཊ་ནི་ལྷ་མོ་རྣམས་ལའོ། །ནཱ་ག་ནི་ཀླུའོ། །ཡཀྵ་གནོད་སྦྱིན་ནོ། །རཀྵ་སཱ་ནི་སྲིན་པོའོ། །བྷཱུ་ཏ་ནི་འབྱུང་པོའོ། །པྲེ་ཏ་ནི་ཡི་དགས་སོ། །པི་ཤཱ་ཙི་ནི་ཤ་ཟའོ། །ཀུམྦྷཎྜ་ནི་གྲུལ་བུམ་
མོ། །པཱུ་ཏ་ན་ནི་སྲུལ་པོའོ། །ཀ་ཊ་པཱུ་ཏ་ན་ནི་ལུས་སྲུལ་པོའོ། །སྐནྡྷེ་ནི་སྐེམ་བྱེད་དོ། །ཨུནྨཱ་ད་ནི་སྨྱོ་བྱེད་དོ། །ཙྪེ་ཡཱེ་ནི་གྲིབ་གནོན་ནོ། །ཨ་པ་སྨཱ་ར་ནི་བརྗེད་བྱེད་དོ། །ཨོ་སྟ་ར་ཀཱ་ནི་གནོན་པོའོ། །ཌཱ་ཀི་ནི་མཁའ་འགྲོ་མའོ། །རེ་བ་ཏི་ནི་ནམ་གྲུའི་གདོན་ནོ། །ཡ་མ་ཀེ་ནི་གཤིན་རྗེའི་གདོན་ནོ། །ཤ་ཀུ་ན་
ནི་བྱའི་གདོན་ནོ། །མཱ་ཏྲི་ག་ཎ་ནི་མ་མོ་དགའ་བར་བྱེད་པའི་གདོན་ནོ། །ཀཽ་མ་རཱི་ཀུན་དུ་འགྲོ་བའི་གདོན་ནོ། །ཨ་བ་ལམྦ་ག་ནི་རེ་ལྡེའི་གདོན་ནོ། །ཀ་ཊ་ཌ་ནི་ཀུན་དུ་འགྲོ་བའི་གདོན་ནོ། །ཀཎྜི་ནི་ཚེར་མ་འདོན་པའི་གདོན་ནོ། །གནྡྷརྦ་ནི་དྲི་ཟའི་གདོན་ནོ། །ཨ་སུ་ར་ནི་ལྷ་མ་ཡིན་གྱི་གདོན་ནོ། །ཀི་ཎ་ར་ནི་
མིའམ་ཅིའི་གདོན་ནོ། །ག་རུ་ཌ་ནི་ནམ་མཁའ་ལྡིང་ངོ་། །མ་ཧོ་ར་ག་ནི་ལྟོ་འཕྱེ་ཆེན་པོའོ། །དུར་ལང་གི་ནི་བསྒོམ་ཉེས་སོ། །དུཿཔྲེཀྵི་ཏི་ནི་བལྟ་ཉེས་སོ། །ཛྭཱ་ར་ནི་རིམས་སོ། །བྷ་ཡེ་ནི་འཇིགས་པའོ། །ཨུ་པ་དྲ་བ་ནི་ཉེ་བར་འཚེ་བའོ། །ཨུ་པ་སརྒ་ནི་ཉེ་བར་གནོད་པའོ། །ཤྲ་མ་ཎ་ནི་དགེ་སྦྱོང་མགོ་རེག་

གོ། །ཏིཪྠི་ཀ་ནི་དགེ་སྦྱོང་གཅེར་བུའོ། །པཱ་ཏ་ཀ་ནི་རྒྱལ་མཚན་འཆང་བའོ། །བིདྱཱ་དྷ་རེ་ནི་རིག་པ་འཛིན་པའོ། །ཛ་ཡ་ཀ་ར་ནི་རྒྱལ་བར་བྱེད་པའོ། །མ་དྷུ་ཀ་ར་ནི་སྦྲང་རྩིར་བྱེད་པའོ། །སརྦ་ཨརྠ་སཱ་དྷཱ་ཀ་ནི་དོན་ཀུན་གྲུབ་པ་སྟེ་མིང་པོ་གསུམ་མོ། །ཙ་ཏུར་བྷྱོ་བྷ་གི་ན་ནི་སྲིང་མོ་བཞིའོ། །བཛྲ་ཀུ་མཱ་ར་
བཛྲ་ཀུ་ལནྡྷ་ར་ནི་རྡོ་རྗེ་གཞོན་ནུ་མ་རྡོ་རྗེ་རིག་འཛིན་ནོ། །མ་ཧཱ་པྲ་ཏྱཱཾ་གི་ར་ནི་གཤེད་བྱེད་དོ། །བཛྲ་ཤྲཱིཾ་ཁ་ལ་ཡ་པྲ་ཏྱཱཾ་གི་ར་རཱ་ཛ་ནི་རྡོ་རྗེ་ལྕགས་སྒྲོག་གཤེད་བྱེད་ཀྱི་རྒྱལ་བའོ། །མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲི་ག་ཎ་ན་མཿཀྲྀ་ཏ་ཡ་ནི་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པའོ། །བྲཏྨཱ་ཎི་ནི་ཚངས་
མའོ། །བྲིཥྞ་བི་ནི་ཁྱབ་འཇུག་མའོ། །མ་ཧེ་ཤྭ་རི་ནི་དབང་ཕྱུག་ཆེན་མོའོ། །རུ་དྲི་ནི་དྲག་མོའོ། །མ་ཧཱ་ཀཱ་ལི་ནི་ནག་མོ་ཆེན་མོའོ། །ཙ་མུཎྜི་ནི་གཤིན་རྗེའི་ཆུང་མའོ། །ཀུ་མཱ་རི་ནི་གཞོན་ནུ་མའོ། །བཱརཱ་ཧཱི་ནི་ཕག་མོའོ། །དེ་རྣམས་ལ་གཏོར་མ་བྱིན་ལ་སྔགས་དེ་རྣམས་ཀྱིས་བསྔོས་ཏེ་སྨོན་
ལམ་གདབ་པར་བྱའོ། །སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནས་སྟོན་བརྒྱ་མཐོང་བར་གྱུར་ཅིག་ཅེས་བྱ་བའི་བར་དུ་སྨོན་ལམ་གདབ་པར་བྱའོ། །གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མདངས་ཟ་བ་དང་ཞེས་བྱ་བ་ནས་ཟས་སུ་
གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་ཞེས་བྱ་བའི་བར་ནི་སྔར་བཤད་ཟིན་པའི་ཆོ་འབྲང་བརྗོད་པས་འཚང་བྲུས་ནས་གཏོར་མ་ལེན་པའོ། །སྡིག་པའི་སེམས་དང་ལྡན་ཞེས་བྱ་བ་ནས་སྟོན་བརྒྱ་མཐོང་བར་གྱུར་ཅིག་ཅེས་བྱ་བའི་བར་དུ་གདོན་དེ་རྣམས་ལས་བདག་ལ་བསྲུང་བར་མཛད་དུ་གསོལ་
ཞེས་ཕྲིན་ལས་བཅོལ་བའོ། །གདོན་ལས་བསྲུང་བ་བསྟན་ནས། ནད་ལས་བསྲུང་བའི་ཕྲིན་ལས་བཅོལ་བ་ནི་རིམས་ཉིན་གཅིག་པ་ཞེས་བྱ་བ་ནས་ཉིང་ལག་ན་བ་བསལ་དུ་གསོལ་ཞེས་བྱ་བའི་བར་གྱིས་ནད་མེད་པའི་ཕྲིན་ལས་བཅོལ་བའོ། །གདུགས་དཀར་མོ་ཅན་ཞེས་བྱ་བ་ནས་ཆུ་སྲིན་ལ་སོགས་པའི་སྲོག་
ཆགས་རྣམས་བསལ་དུ་གསོལ་ཞེས་བྱ་བའི་བར་གྱིས་འབྱུང་པོ་དང་རོ་ལངས་དང་མཁའ་འགྲོ་མ་དང་གནོད་སྦྱིན་དང་སྲིན་པོས་བྱས་པའི་ནད་དང་སྲོག་ཆགས་ཀྱི་གློ་བུར་གྱི་གནོད་པ་རྣམས་བསལ་དུ་གསོལ་ཞེས་བྱ་བས་ཕྲིན་ལས་གསུམ་བཅོལ་བའོ། །དེ་དག་ཐམས་ཅད་ཀྱི་ལིང་ག་བྱས་ལ་སྙིང་གར་མིང་ཡིག་བཅུག་

ནས་རིག་སྔགས་དང་གཟི་བརྗིད་བཅིང་བའི་མནན་པ་བྱ་བ་དང་། དགྲ་བོ་གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བའི་མནན་པ་བྱ་བ་དང་། དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་མཚམས་བཅིང་བ་དང་ཕུར་བུས་གདབ་པར་བྱའོ། །སྙིང་པོའི་དཀྱིལ་འཁོར་གྱི་ཆོ་ག་སྟེ་བཞི་པའོ།། །།
དེ་ནས་ཉེ་བའི་སྙིང་པོ་བཤད་པ་ནི། ཏདྱ་ཐཱ་ཞེས་པ་ནས་བི་ནཱ་ཡ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའི་བར་གྱིས་ཉེ་བའི་སྙིང་པོའོ། །སུས་ཞེས་བྱ་བ་ནི་ཁྱིམ་པ་འམ་རབ་ཏུ་བྱུང་བ་འམ་ཁྱེའུ་འམ་བུ་མོ་གང་ལ་ལ་ཞེས་བྱ་བའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་
གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བས་ནི་རས་ལ་བྲི་བའི་ཆོ་ག་བསྟན་ཏེ། ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ཞེས་བྱ་བ་ནི་སྔགས་ཀྱི་དོན། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ཞེས་བྱ་བ་ནི་འཁོར་ལོའི་ལྟེ་བ་ལ་སྐུ་མདོག་ནག་མོ་རྡོ་རྗེ་དང་སྡིགས་མཛུབ་མཛད་པའོ། །དེའི་
ཤར་གྱི་རྩིབས་ལ། གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །ཞེས་བྱ་བ་སྐུ་མདོག་དཀར་མོ་འཁོར་ལོ་དང་སྡིགས་མཛུབ་མཛད་པའོ། །ལྷོའི་རྩིབས་ལ། འབར་བ་ཆེན་མོ་གཟི་བརྗིད་ཆེ། །ཞེས་བྱ་བ་སྐུ་མདོག་སེར་མོ་རིན་པོ་ཆེ་རྡོ་རྗེས་མཚན་པ་དང་སྡིགས་མཛུབ་མཛད་པའོ། །ནུབ་ཀྱི་འཁོར་ལོའི་རྩིབས་ལ།
དཀར་ཆེན་འབར་ཕྲེང་གོས་དཀར་མོ། །ཞེས་བྱ་བ་སྐུ་མདོག་དམར་མོ་རྡོ་རྗེ་པདྨ་དང་སྡིགས་མཛུབ་མཛད་པའོ། །བྱང་གི་རྩིབས་ལ། འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །ཞེས་བྱ་བ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་སྡིགས་མཛུབ་མཛད་པའོ། །བྱང་ཤར་གྱི་རྩིབས་ལ། རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་
གྲགས། །ཞེས་བྱ་བ་སྐུ་མདོག་སྔོན་མོ་དབྱིག་པ་དང་སྡིགས་མཛུམ་མཛད་པའོ། །ཤར་ལྷོའི་རྩིབས་ལ་པདྨའི་མངོན་མཚན་ཞེས་བྱ་བ་སྐུ་མདོག་སེར་མོ་ལྕགས་ཀྱུ་དང་སྡིགས་མཛུབ་མཛད་པའོ། །ལྷོ་ནུབ་ཀྱི་རྩིབས་ལ། གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །ཞེས་བྱ་བ་སྐུ་མདོག་དམར་མོ་རྡོ་རྗེ་ཕྲེང་བ་དང་
སྡིགས་མཛུབ་མཛད་པའོ། །ནུབ་བྱང་གི་རྩིབས་ལ། རྡོ་རྗེའི་མཆུ་ཅན་རྣམ་སྒེག་མོ། །ཞེས་བྱ་བ་སྐུ་མདོག་ལྗང་གུ་རལ་གྲི་དང་སྡིགས་མཛུབ་མཛད་པའོ། །དེ་རྣམས་ཀྱི་སྔགས་ནི་དེ་བི་བཛྲ་དྷཱ་རི་བནྡྷ་བནྡྷ་ནི་བཛྲ་པཱ་ཎི་ཕཊ་ཨོཾ་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ་ཕཊ་སྭཱ་ཧཱ་ཞེས་པ་སྟེ། ལྷ་མོ་རྡོ་རྗེ་འཆང་མ་ཞེས་པ་མཚན་གཉིས་པ་ཡིན་ནོ། །ཤར་དུ་ཨོཾ་

ཨ་ན་ལེ་ཨ་ན་ལེ་ཞེས་པ་མཚན་གཉིས་པ་མེ་འབར་མའོ། །ལྷོ་ཕྱོགས་སུ་ཁ་ས་མེ་ཁ་ས་མེ་ཞེས་པ་མཚན་གཉིས་པ་མཁའ་སྤྱོད་མའོ། །ནུབ་ཏུ་བྷཻ་ར་བྷཻ་ར་ཞེས་པ་མིང་ནི་འཇིགས་མའོ། །བྱང་དུ་སཽ་མེ་སཽ་མེ་ཞེས་པ་མིང་ནི་ཟླ་བ་མའོ། །བྱང་ཤར་དུ་ཤཱནྟེ་ཤཱནྟེ་ཞེས་པ་མིང་ནི་ཞི་བ་མའོ། །ཤར་ལྷོར་དཎྜེ་དཎྜེ་
ཞེས་པ་མིང་ནི་དབྱིག་པ་མའོ། །ལྷོ་ནུབ་ཏུ་བི་ཤ་དེ་བི་ཤ་དེ་ཞེས་པ་མིང་ནི་འཇོམས་པ་མའོ། །ནུབ་བྱང་དུ་བཱི་རེ་བཱི་རེ་ཞེས་པ་མིང་ནི་དཔའ་མོའོ། །ཡང་ན་དེ་རྣམས་ཀྱི་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་དང་ཞགས་པ་བསྣམས་པ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་མནན་པ་བྲིས་ལ་སྙིང་པོ་ནི་
ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲ་པཱ་ཤེ་ན་མཱ་མ་སརྦ་དུཥྚཱན་བིགྷྣཾ་བི་ནཱ་ཡ་ཀཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ཉེ་བའི་སྙིང་པོའོ། །ལྷའི་འཁོར་ལོ་འདི་གྲོ་གའམ་རས་སམ་ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་དུ་བཏགས་ནས་ཀློག་ཅིང་ཟློས་པར་བྱེད་ན་དེ་ལ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས་
ཞེས་བྱ་བ་ནས་ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་ནི་ཕན་ཡོན་ནོ། །དེ་ལྟར་ཉེ་བའི་སྙིང་པོའི་ལྷའི་འཁོར་ལོའི་བསྙེན་པ་དང་དཀྱིལ་འཁོར་བྱེད་པ་ལ་རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་དང་། གྲུབ་པའི་ལྷ་མོ་སྔ་མ་རྣམས་ཀྱིས་ཀྱང་
ལས་དང་པོ་པའི་རྣལ་འབྱོར་པ་དེ་ལ་རྟག་ཏུ་མཐུན་པར་ནང་གི་ནད་བཞི་བརྒྱ་རྩ་བཞི་ལས་བསྲུང་བ་དང་། ཕྱི་རོལ་གྱི་བགེགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་སྐྱོབ་པ་དང་། གཉིས་ཀ་ལས་སྦེད་པར་བྱེད་པ་དང་། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་བྱེད་པར་ཡང་འགྱུར་རོ། །བསྙེན་པ་དང་
དཀྱིལ་འཁོར་ལ་མཚན་མ་ཐོབ་པ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐྱེ་བ་དྲན་པར་འགྱུར་རོ་ཞེས་པ་ནས། མི་དབུལ་པོར་མི་འགྱུར་རོ་ཞེས་པའི་བར་ནི་ཕན་ཡོན་ཡིན་ནོ། །བསྙེན་པ་དང་དཀྱིལ་འཁོར་གྱི་མཚན་མ་ཐོབ་པའི་རྣལ་འབྱོར་པ་ལ་སངས་རྒྱས་བཅོམ་ལྡན་འདས་
གྲངས་མེད་དཔག་ཏུ་མེད་པ་ཞེས་བྱ་བ་ནས་དགྱེས་པར་ཡང་འགྱུར་རོ་ཞེས་བྱ་བའི་བར་ནི་ཕན་ཡོན་ཡིན་ནོ། །བསྙེན་པ་དང་དཀྱིལ་འཁོར་ལ་སྟོང་པ་ཉིད་བསྒོམ་པའི་རྣལ་འབྱོར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་ཞེས་བྱ་བ་ནས་སྔོན་གྱི་ལས་ཀྱི་སྒྲིབ་པ་མ་ལུས་

པར་བྱང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ཕན་ཡོན་བསྟན་ཏོ། །གཞན་ཡང་གཙུག་ཏོར་གདུགས་དཀར་མོ་འདི་ཡི་གེར་འབྲི་བ་དང་མཆོད་པ་དང་སྦྱིན་པ་དང་ཉན་པ་དང་ཀློག་པ་དང་ལེན་པ་དང་འཆང་བ་དང་ཁ་ཏོན་བྱེད་པ་དང་དེ་སེམས་པ་དང་བསྒོམ་པའི་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལ་ཞེས་བྱ་བ་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་ནི་ཕན་ཡོན་ཡིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་འདི་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་སྟ་གོན་གྱི་རིམ་གྲོ་ཆེར་བྱས་ཏེ་མཆོད་པ་ཆེན་པོ་བྱས་ལ་སྤྱན་ཕྱེ་ནས། གྲོང་ངམ་གྲོང་རྡལ་
ལ་སོགས་པར་བཙུགས་ན་མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་ཞེས་བྱ་བ་ནས་འབྲུག་གི་སྒྲ་སྒྲོགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཕན་ཡོན་ཡིན་ནོ། །ཉེ་བར་འཚེ་བ་དུས་མ་ཡིན་པར་འཆི་བ་བརྒྱད་དང་། འཇིགས་པ་བརྒྱད་དང་། སྡུག་བསྔལ་བརྒྱད་བྱུང་བ་དེའི་ཚེ་སྔར་
བསྟན་པའི་ཚོགས་བསགས་པའི་སངས་རྒྱས་ཀྱི་རྣལ་འབྱོར་བྱས་ནས་ལན་གསུམ་བཟླས་ན་དེ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ཉེ་བའི་སྙིང་པོའི་འཁོར་ལོ་རས་ལ་བྲིས་ནས་སྔགས་ལན་གསུམ་བཟླས་ན་ཡང་ཉེ་བར་ཞི་བར་འགྱུར་རོ། །གཞུང་གི་དོན་བཤད་ཟིན་ཏོ། །རྗེས་སུ་ཡི་རང་
ཞིང་བསྟོད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་འཁོར་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་པའི་འཁོར་གྱིས་རྗེས་སུ་ཡི་རང་ཞིང་བསྟོད་པའོ། །གཙུག་ཏོར་གདུགས་དཀར་མཆོག་
གྲུབ་གཟུངས། །སངས་རྒྱས་ཀྱིས་ནི་གསུངས་པ་ལ། །ལག་ན་རྡོ་རྗེས་རབ་བསྡུས་པ། །བརྒྱུད་པའི་རིམ་པ་བླ་མས་བཤད། །ཐོས་ནས་གདམས་ངག་བྲིས་པ་ལས། །བདག་གིས་དགེ་བ་ཅི་བསགས་པ། །དེ་ཡིས་སེམས་ཅན་ཐམས་ཅད་ནི། །རྣམ་སྣང་མཛད་ཆེན་གྲགས་ཆེན་ཤོག །
འཕགས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཤཱུ་རཾ་ག་ཝརྨ་བཛྲས་མཛད་པ་རྫོགས་སོ།། །།ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར།། །།