Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 71
Văn bản gốc(Tây Tạng)
Trang 12 / 21 (50.000 ký tự/trang)
ོས་གསུངས་པར་ནི་མི་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་བདུད་འདུལ་བ་ལས་སེམས་ཅན་གཞན་འདུལ་བའི་དོན་དུ་ནི་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་དེ་ད་ལྟའི་སེམས་ཅན་རྣམས་ཀྱིས་མ་རྟོགས་པའི་ཕྱིར་རོ། །ཞེས་གསུངས་པའི་ལུང་དང་འགལ་བའི་ཕྱིར་རོ། །དེར་བཞུགས་པ་ནི་གནས་ཤིང་བརྟེན་ པར་སྟོན་ཏེ་མཛད་པ་རྣམ་པ་གསུམ་གྱིས་རྡོ་རྗེའི་སྐྱིལ་ཀྲུང་དུ་རྡོ་རྗེ་དང་སེང་གེའི་གདན་ལ་བཞུགས་སོ། །དེ་ནི་བཞི་པའི་དོན་ལས་གསུམ་པ་སྟེ་ཆོས་སྟོན་པའི་དོན་དུའོ། །འཁོར་གང་དང་ལྷན་ཅིག་ཏུ་ཐོས་ཤེ་ན། ཕྱག་ན་རྡོ་རྗེ་ཞེས་པ་ཐོག་མར་དྲངས་ནས་བསྟེན་ཏོ། །དེ་ཡང་མ་ སྨོས་ཀྱང་རྒྱལ་པོ་ལྟ་བུ་སྟེ་དེའི་དུས་ན་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་མིང་ཅན་དུ་གྲགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་དཔག་ཏུ་མེད་པ་དང་། འོད་སྲུངས་ལ་སོགས་པའི་དགྲ་བཅོམ་པ་དང་། གཞན་ཡང་ལྷ་ལ་ སོགས་པ་གྲངས་མེད་པ་དང་། ལྷན་ཅིག་ཏུ་ཐོས་པར་སྟོན་ཏེ། རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་གྱི་མདོ་བཞིན་ནོ། །དེ་དག་གིས་ནི་རྡོ་རྗེའི་མདོ་འདི་རྒྱུད་དང་མདོ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། མ་འོངས་པའི་གང་ཟག་དག་ རིག་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་དབང་དང་དམ་ཚིག་ཐོབ་ཅིང་ཡོན་ཏན་དང་ལྡན་པས་འཁོར་བཟང་པོ་དང་ལྷན་ཅིག་ཏུ་གནས་ལེགས་པར་དུས་བཟང་པོ་ལ་གནས་ཏེ། ཡོ་བྱད་དང་ལྡན་པས་མཎྜལ་བྱས་ལ་འོག་ནས་འབྱུང་བའི་བུམ་པ་བཅས་པ་སྟེ་བསྒྲུབ་པར་ བྱའོ་ཞེས་པའོ། །དེ་ཡང་། སྔགས་པས་གནས་བཟང་གནས་ཏེ་དུས་དང་ལྡན། །འཁོར་དང་འབྱོར་པ་རྟེན་དང་ལྡན་པས་བསྒྲུབ། །ཅེས་གསུངས་སོ། །དེ་ལྟར་རྡོ་རྗེའི་མདོ་ལས་འབྱུང་བའི་རྒྱུ་བཤད་ནས། ད་ནི་དེའི་རྐྱེན་གླེང་བསླང་པ་བསྟན་པ་ནི་དེ་ནས་སངས་རྒྱས་ཀྱིས་མཐུས་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་འཁོར་གྱི་གཙོ་བོ་ཏིང་ངེ་འཛིན་ལ་གནས་པའི་གླིང་བསླང་གི་རྒྱུ་རུ་གྱུར་པའོ། །དེ་ཡང་དུས་དེར་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ཆོས་གསུངས་པ་ནི་ཐོག་མར་དགེ་བ་ལ་སོགས་པ་སྟེ། འཛམ་བུའི་གླིང་ན་རྒྱལ་པོ་གཟུགས་ ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ཞེས་ཀྱང་གྲགས། ལོག་པའི་སྙིང་པོ་སྐྱེས་ཙམ་ན་རྐང་པ་ལ་ལྕགས་ཀྱི་སྡིག་པའི་གཟུགས་ཅན་དེས་ཁ་ནས་མཱ་ར་ཡ་འདོན་ཅིང་མ་དང་ཕ་བསད་དེ་འཁོར་མི་དགེ་བ་བཅུ་ལ་བཙུད་པས་མི་མ་ཡིན་པ་ཐམས་ཅད་འཁྲུགས་པས་ནད་ལ་སོགས་པ་སྣ་ ཚོགས་བྱུང་ངོ་། དེས་སེམས་ཅན་ཐམས་ཅད་སྡུག་བསྔལ་ནས་སྐྱབས་སོ་སོ་ལས་འདོང་ཞིང་སྨྲའོ། །དེ་རྒྱལ་པོ་བཞིས་གཟིགས་ནས་བཅོམ་ལྡན་འདས་ལ་བསྐྱབས་པས་ཅང་མི་གསུང་བར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ་རྡོ་རྗེ་གསོར་ཞིང་ཁས་བླངས་ཏེ་རྡོ་རྗེ་རྣམ་པར་འཇོམས་པ་ འཁོར་གྲངས་མེད་པ་བཅས་ཏེ། དེས་སྔགས་གསུངས་པས་འབྱུང་པོ་དང་ལོག་པའི་སྙིང་པོ་བཏུལ་ཏེ་འདི་ལ་ཞུགས་པས་བྱང་ཆུབ་ཐོབ་པར་མདོ་ནས་བཤད་དོ། །དེ་ཡང་བྲམ་ཟེ་ནི་མ་ཡིན་ནོ། །དེ་ལ་སངས་རྒྱས་ནི་ཉོན་མོངས་པའི་གཉིད་ལས་སད་ཅིང་། ཡེ་ཤེས་པདྨ་ལྟར་ གྱུར་པ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ནི་ཤཱཀྱ་ཐུབ་པར་བསྟན་ཏེ་དེས་བསྐུལ་བའོ། །དེའི་མཐུ་ནི་ནུས་པ་སྟེ་དེའི་སྟོབས་ཀྱིས་ནུས་པ་དང་ལྡན་པའོ། །གང་ཞེ་ན། ལག་ན་རྡོ་རྗེ་ཞུགས་སོ་ཞེས་བྱ་བར་འབྲེལ་པའོ། །དོན་གཉིས་སུ་མེད་པའི་ཡེ་ཤེས་ འཆང་བ་ཡིན་ལ། རྣམ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། གསང་བ་གསུམ་སྟོན་པ་དྲག་པོའི་རྡོ་རྗེ་ཐོགས་པ་སྟེ། འཁོར་གྱི་གཙོ་བོ་གནོད་སྦྱིན་ཁྲོ་བོ་འཇིགས་པ་མཐུ་སྟོབས་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པར་ གྲགས་པ་འདིའོ། །གང་ལྟར་ཞེ་ན་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་པའོ། །དེ་ཡང་ལུས་ནི་སྤྱི་བོ་ལ་སོགས་པའོ། །ཐམས་ཅད་ཅེས་པ་ངག་དང་ཡིད་ཀྱང་ངོ་། །རྡོ་རྗེ་ནི་དེ་དག་དང་སྟོང་པ་ཉིད་དང་ཐོགས་པ་མེད་ཅིང་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པ་ ནི་བསྒྱུར་བ་སྟེ་ནུས་པ་ཅན་དུའོ། །དེས་ནི་ཁྲོ་བོར་གྱུར་པར་བསྟན་ཏོ། །དེས་ནི་མ་འོངས་པའི་རྣལ་འབྱོར་པས་སྲུང་བའི་འཁོར་ལོ་བྱའོ་ཞེས་པའི་ཐ་ཚིག་གོ །གང་ལ་ཞེ་ན། རྡོ་རྗེའི་ཏིང་ངེ་འཛིན་ལ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་དང་ཐོགས་པ་མེད་པ་ལ་རྩེ་གཅིག་པར་སྙོམས་ པར་ཞུགས་པ་ནི་མཉམ་པར་གཞག་པའོ། །མདོར་ན་སྟོང་པ་ཉིད་ལས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས་པ་གདོན་པར་ཐུགས་རྩེ་གཅིག་པར་དགོངས་པ་སྟེ། ཁྱད་པར་དུ་བསྟན་པའི་ཕྱིར་རོ། །ཐུགས་ཀྱི་སྤྲུལ་པ་དངོས་པོས་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། སྨྲས་སོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལ་དེ་ནས་ནི་འདས་མ་ཐག་པའོ། །ལག་ན་རྡོ་རྗེ་ནི་བཤད་དོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཐམས་ཅད་ཀྱི་མཐུ་ནི་ནུས་པའོ། །བྱིན་གྱིས་བརླབས་པ་ནི་རང་བཞིན་གྱི་ཤུགས་ཀྱིས་སོ། །གཞན་ཡང་བྱང་ཆུབ་ སེམས་དཔའ་སྟེ་དེ་ཡང་དོན་དམ་པའི་འབྲས་བུ་གཉིས་སུ་མེད་པ་ལ་སྨོན་པ་དང་འཇུག་པས་གནས་པའོ། །དེ་ཡང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དེ་ལ་སེམས་དཔའ་གང་ཡིན་པ། །བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་བྱ་བ་ དང་། བྱང་ཆུབ་ནི་དོན་དམ་པའོ། །སེམས་དཔའ་ནི་ཀུན་རྫོབ་ཅེས་གསུངས་སོ། །དེ་ཡང་སེམས་དཔའ་ཆེན་པོ་ཞེས་སྦྱར་རོ། །ཐམས་ཅད་ནི་མ་ལུས་པ་སྟེ་རྡོ་རྗེ་སྤྱན་རས་གཟིགས་ལ་སོགས་པའོ། །དེ་དག་གིས་ཀྱང་བྱིན་གྱིས་བརླབས་ཏེ། དེས་ནི་ཏིང་ངེ་འཛིན་གཞན་ལས་ཁྱད་པར་ དུ་འཕགས་པ་བསྟན་ཏོ། །ལག་ན་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཁྲོ་བོ་གདུག་པའི་ཚུལ་དགུ་དང་ལྡན་པར་འབྱུང་བ་ནི་རྡོ་རྗེ་ཁྲོ་བོའོ། །ལས་བྱུང་བ་ནི་དེས་སྤྲུལ་བ་སྟེ་བཞི་པའོ། །གང་བྱུང་ཞེ་ན་རྡོ་རྗེ་སྙིང་པོ་སྟེ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲོ་བོ་རྡོ་རྗེ་བསྣམས་པ་ནི་ལྷ་དང་ སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེས་རབ་ཏུ་སྨྲས་པ་ནི་མྱུར་བར་རབ་ཏུ་སྔགས་གསུངས་པ་སྟེ་གསུམ་པའོ། །འོ་ན་འདི་ནི་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་རྣམ་པར་འཇོམས་པས་སྨྲས་པས་བཅོམ་ལྡན་འདས་ཀྱི་བཀའ་མ་ཡིན་ཞེ་ན། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་དང་། ཐ་མི་དད་པའི་ཕྱིར་ཏེ། དཔེར་ན་མདོ་གཞན་བཞིན་ནོ། །དེ་དག་ནི་ཕྱག་ན་རྡོ་རྗེས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་བཅས་འོག་ནས་སྤྲུལ་ཏེ་མདུན་ན་གནས་པ་ལ་བཀའ་བསྒོས་ན། དེས་རྡོ་རྗེ་རྣམ་འཇོམས་ སྔགས་ཀྱིས་འབྱུང་པོ་འདུལ་བར་བྱེད་པ་གསུངས་པའོ། །ཕྱག་ན་རྡོ་རྗེས་སྨྲས་པ་ནི་མ་ཡིན་ཏེ། རྒྱུད་དང་འགལ་བའི་ཕྱིར་རོ། །འདིས་ནི་འདི་སྐད་ཅེས་སྟོན་ཏེ། རྣལ་འབྱོར་པས་ཁྲུས་ལ་སོགས་པ་བྱས་ཏེ། ཁྲོ་བོ་མི་འཆི་བ་དང་གནོད་པ་མེད་པར་བྱས་ཏེ། སྟན་ལ་གནས་ ནས་སྲུང་བ་བྱས་ལ་ཚོགས་བསགས་ཏེ། རྡོ་རྗེ་གདན་ལ་གནས་པས་བྱིན་གྱིས་བརླབ་པར་གསོལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པས་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པའི་ལྷ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང་། མདུན་དུ་བུམ་པ་ལྷ་དྲུག་འཁོར་ དང་བཅས་པ་བསམ་པ་དང་། སྤྱན་དྲང་བ་དང་། མཆོད་པ་ལ་སོགས་པ་རྒྱུད་ལ་བརྟེན་པ་སྒྲུབ་ཐབས་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་རྒྱུད་ལས། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་ དང་ཡི་གེ་སྒྲ་གཟུགས་དང་། ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །བུམ་པར་བསྐྱེད་སོགས་རྫོགས་བྱས་ལ། ནོར་བུ་སྤྱོད་ལམ་སྔགས་བཟླས་ཏེ། ཤ་ལ་སོགས་པ་བདུན་སྤོང་ངོ་། །ཞེས་གསུངས་སོ།། །།དེ་ལྟར་གླེང་བསླང་བའི་རྒྱུ་བསྟན་ནས། ད་ནི་གླེང་བསླང་བ་དངོས་བསྟན་ པའི་ཕྱིར། མི་ཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་འདི་རྣམས་ནི་རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་ཀྱི་ཡོན་ཏན་འདི་ལྟ་བུ་ཞེས་ཚིག་ཏུ་གསུངས་པ་དངོས་ཏེ། དེ་ལ་ཡང་གཉིས་ལས་བདག་གི་དོན་ཕུན་སུམ་ཚོགས་པ་ནི་རྡོ་རྗེའི་ཚིག་བདུན་ གྱིས་སྟོན་ཏོ། །དེ་ལ་སྟོང་པ་ཉིད་དང་སྔགས་དང་ཏིང་ངེ་འཛིན་རྡོ་རྗེ་སྟེ་ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་ལ་ཆོས་བདུན་ཡོད་པ་དང་འདྲ་བར་འདི་ལ་འབྱུང་བས་དུམ་བུར་མི་ཆོད་ཅིང་སྙིང་པོ་ཡོད་པའོ། །དེ་ལ་ཆུས་ཕྱེ་མར་མི་ཤིགས་ཤིང་མི་ཕྱེད་པའོ། །བདེན་པ་ནི་གནས་པ་སྟེ་མེས་ཐལ་བར་ མི་འགྱུར་བའོ། །སྲ་བ་ནི་གཞིག་པར་དཀའ་བ་སྟེ་རླུང་གིས་གཏོར་དུ་མེད་པའོ། །ཚིག་དེ་དག་གིས་རྡོ་རྗེ་ཡེ་ཤེས་དེ་ལ་སྐྱེ་བ་ལ་སོགས་པ་བཞི་དང་། མཐའ་བཞི་དང་བྲལ་བར་ཤེས་པར་བྱའོ། །དེས་ན་མཚན་མའི་དངོས་པོ་དང་། །གདོན་ཐམས་ཅད་ལ་ཐོགས་པ་མེད་པ་སྟེ་གཅོད་ཅིང་ འཇོམས་ལ་བེམས་པོ་མ་ཡིན་པའོ། །དེའི་ཕྱིར་མི་འགྱུར་བར་གནས་པས་བརྟན་པ་ཞེས་སྦྱར་རོ། །ཚུར་ལ་ཚུགས་སམ་ཞེ་ན། ཐམས་ཅད་དུ་མ་ཕམ་པ་སྟེ་རང་ལ་ཉམས་པ་མེད་ཅིང་མ་བཅོམ་ལ་རྒྱལ་བས་སོ། །དེ་ཡང་། སྲ་བརྟན་སྙིང་ལྡན་ཁོང་སྟོང་མེད། །མི་ཕྱེད་མི་ ཤིགས་མི་འཚིག་པས། །རྡོ་རྗེ་ཞེས་ནི་བརྗོད་པའོ། །ཞེས་གསུངས་སོ། །དེ་དག་གིས་ནི་སྔོན་བྱུང་བ་རྒྱལ་པོ་ལོག་པའི་སྙིང་པོ་ལ་སོགས་པས་ཉམས་སུ་བླངས་ནས་བདག་གི་དོན་ཆོས་སྐུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་ལྟ་བུ་གྲུབ་པའོ། །མ་འོངས་ པས་ནི་སྔོན་དུ་བསྙེན་པ་རྫོགས་པས་བདག་དོན་འགྲུབ་པར་ཤེས་པར་བྱའོ་ཞེས་བསྟན་ཏོ། །བདག་གི་དོན་གྲུབ་ནས་གཞན་གྱི་དོན་མེད་དམ་ཞེ་ན། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བཅོ་ལྔས་སྤྲུལ་པའི་སྐུ་རྡོ་རྗེ་ལྟ་བུས་གཞན་གྱི་དོན་འགྲུབ་པར་ སྟོན་ཏོ། །དེ་ཡང་བསྡུ་ན་ལས་བཞིའོ། །དེ་ཡང་། བདེ་གཤེགས་ལས་ནི་སྣ་ཚོགས་པ། །བསྡུ་ན་ཞི་སོགས་ལས་བཞིའོ། །མངོན་སྤྱོད་བརྒྱད་དུ་རྣམ་པར་གྲགས། །ཚར་གཅད་དང་ནི་རྗེས་གཟུང་ངོ་། །ཞེས་གསུངས་སོ། །དེ་ལ་སེམས་ཀྱི་ཀུན་གཞི་སྲོག་དང་བཅས་ཤིང་ ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་སྟེ་སྐྱེ་གནས་བཞིས་བསྡུས་པ་འགྲོ་བ་རིགས་དྲུག་པོ་ཐམས་ཅད་དོ། །དེ་དག་སྐྲག་པར་བྱེད་པ་ནི་ལུས་སེམས་འཇིག་ཅིང་དངངས་ཏེ་དྲག་པོ་ཚར་གཅོད་པར་བྱེད་པའི་རིག་སྔགས་འདི་སྨྲས་སོ་ཞེས་བྱ་བར་སྦྱར་རོ། །འཇིལ་བ་ནི་ལུས་སེམས་སྤ་ བཀོང་ནས་འགུལ་མི་ནུས་པའོ། །དེ་ཡང་གསང་སྔགས་དང་ལྷ་འདིས་བྱེད་པའོ། །དེ་ཡང་དྲག་པོའོ། །རིག་པ་ནི་ལྷ་སྟེ་དེའི་སྔགས་ནི་ནུས་པ་ཅན་དེ་ཤེས་ནས་སྐྱོབ་པའོ། །དེ་ཡང་གཞན་ཐམས་ཅད་ཀྱི་སྦྱར་བ་སྟེ་དེ་དག་གཅོད་པ་ནི་ནུས་པའི་རྒྱུན་མེད་པར་བྱེད་པའོ། །དེ་ཡང་དྲག་ པོའོ། །གནོན་པར་བྱེད་པ་ནི་ནུས་པ་མེད་ཅིང་ཟིལ་གྱིས་མནན་ནས་མི་གཡོ་བ་སྟེ། སྒྱུ་མ་མཁན་བཟང་པོའི་སྒྱུ་མ་བཞིན་ནོ། །དེ་ནི་དབང་ངོ་། །ཞི་བའི་ལས་ནི་ལས་ཐམས་ཅད་འཇོམས་པར་བྱེད་པ་སྟེ་ཕ་རོལ་གྱི་སྦྱོར་བ་ངན་པ་བྱད་སྟེམས་ལ་སོགས་པ་དང་གོས་པའི་ནང་ལ་སྟེ་ སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་དོ། །དེ་དག་པར་བྱེད་ཅིང་བཟློག་པའོ། །གཞན་ནི་ཕ་རོལ་ཏེ་འབྱུང་པོ་སེམས་ཅན་ནོ། །དེ་དག་གི་ལས་ནི་ནད་ལ་སོགས་པ་དང་སྒྲིབ་པ་སྟེ་འཇིག་པ་ནི་བརླག་པར་མཛད་པའོ། །གདོན་ནི་གནོད་པར་བྱེད་པ་སྟེ་ལྷ་ལ་སོགས་པ་བཅོ་བརྒྱད་པ་ལ་ སོགས་པ་ཐམས་ཅད་དོ། །དེ་དག་བརླག་པ་ནི་ཐལ་བར་བྱེད་པ་སྟེ་དྲག་པོའོ། །ཐར་པ་ནི་སྔར་བཟུང་བ་ལས་གྲོལ་བའོ། །དེ་ནི་ཞི་བའོ། །གཞན་ཡང་དབང་ནི་འབྱུང་པོ་སྟེ་སེམས་ཅན་ཐམས་ཅད་དེ་ཁམས་གསུམ་དུ་འབྱུང་བས་སོ། །དེ་དག་འགུགས་པ་ནི་འདྲེན་པ་སྟེ་དབང་དུ་བྱས་ནས་ བསྟན་པ་ལ་གནས་པར་བྱེད་པའོ། །རིག་སྔགས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །ལས་ནི་མ་ལུས་པ་སྟེ་ཞི་བ་ལ་སོགས་པ་ཐམས་ཅད་འདིས་མྱུར་དུ་བྱེད་དུ་འཇུག་པ་སྟེ་ལས་ལ་འཛུད་པའོ། །དེ་ཡང་དབང་ངོ་། །སྔར་མ་གྲུབ་པ་ནི་མངོན་དུ་མ་གྱུར་པ་སྟེ་ལྷ་ རྣམ་པ་གཉིས་ཀྱི་དངོས་གྲུབ་བོ། །དེ་དག་འདིས་གྲུབ་པར་བྱེད་པ་ནི་མངོན་སུམ་དུ་གྱུར་པའོ། །སྔར་གྲུབ་ཟིན་པ་ནི་འབྲས་བུ་དེ་ཡང་བར་ཆད་ཀྱིས་མི་ཁྱེར་བར་བྱེད་ཅིང་དོན་ཡོད་པ་ཆུད་མི་ཟ་བའོ། །འདོད་པ་ནི་ཡིད་ཀྱིས་མངོན་པར་འདོད་ཅིང་དོན་དུ་གཉེར་བ་སྟེ་ནོར་ལ་སོགས་པ་ ཕུན་སུམ་ཚོགས་པ་ཐམས་ཅད་དོ། །དེ་དག་འདིས་སྦྱིན་པ་འདི་ལས་བྱུང་ཞིང་སྟེར་བའོ། །དེ་དག་ནི་རྒྱས་པའོ། །སྲུང་བ་ནི་ནད་དང་གདོན་ལ་སོགས་པ་སྔར་མ་འོངས་པ་དག་ཕྱིས་མི་འོང་བར་བྱེད་ཅིང་སྡོམ་པའོ། །དེ་ཡང་ཞི་བའོ། །མཇུག་བསྡུ་བ་ནི་ཞི་བ་སྟེ་ནད་ལ་ སོགས་པ་ཐམས་ཅད་མེད་པར་བྱེད་པའོ། །རྒྱས་པ་ནི་ཚེ་ལ་སོགས་པ་མ་ལུས་པ་ཐམས་ཅད་འཕེལ་བར་བྱེད་པ་སྟེ། དེ་གཉིས་དང་དབང་ནི་རྗེས་སུ་གཟུང་བའོ། །གཞན་ཐམས་ཅད་ནི་ཚར་གཅོད་པའོ། །དྲག་པོའི་ལས་འབྱུང་པོ་དང་སེམས་ཅན་གང་དག་སངས་རྒྱས་ཀྱི་བསྟན་ པ་ལ་མ་དད་པ་དེ་དག་རེངས་པར་བྱེད་པ་ནི་མི་གཡོ་བ་སྟེ་ངག་དང་ལུས་སོ། །རྨུགས་པ་ནི་སེམས་རྨོངས་པ་སྟེ་ཅི་ཡང་མི་ཤེས་པར་བྱེད་པའོ། །གསུམ་པའི་སྒྲ་དང་འོག་གི་ཚིག་ནི་རེ་རེ་ལ་སྦྱར་རོ། །ཡང་ན་ཚིག་དེ་རྣམས་ནི་མན་ངག་གིས་འོག་གི་སྔགས་རེ་རེ་ལ་སྦྱར་བར་བྱའོ་ཞེས་ བསྟན་པའོ། །དེ་ལྟ་བུ་འདི་རྡོ་རྗེ་རྣམ་པར་འཇོམས་པས་ཁྲོ་བོའི་ཚིག་ཏུ་སྨྲས་སོ་ཞེས་སྦྱར་ཏེ་བརྗོད་པའོ། །གང་གིས་བརྗོད་ཅེ་ན་ལག་ན་རྡོ་རྗེ་སྟེ་འདིར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བྱའི། ཕྱག་ན་རྡོ་རྗེ་དངོས་མ་ཡིན་ནོ། །གང་གིས་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་ནུས་པས་བྱིན་ གྱིས་བརླབས་པ་ནི་སངས་རྒྱས་ཀྱི་མཐུ་སྟེ། དེ་ཡང་། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །ཞེས་པ་ལ་སོགས་པ་དང་། ཡང་སྟོན་ཅིང་འཆད་པ་རྣམས་ནི་སངས་རྒྱས་ཀྱི་མཐུའོ་ཞེས་བསྟན་པའི་ཕྱིར་རོ། །གང་ལྟ་བུ་ཞེ་ན། གསང་སྔགས་ཏེ་སྦ་ཞིང་དམན་པ་ ལ་མི་བསྟན་པས་ནུས་པ་ཁྱད་པར་དུ་འཕགས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ནུས་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་བྱུང་བའི་འོག་གི་རྡོ་རྗེའི་སྔགས་ནི་མཐུ་ཆེན་པོ་འདི་ཞེས་པ་སྟེ་དེ་དག་སྨྲས་པའོ། །དེ་དག་གིས་ནི་སྔོན་གྱི་འཁོར་ལ་ཡོན་ཏན་ནི་གཞན་དོན་ ཐམས་ཅད་འགྲུབ་པར་བསྟན་ལ་མ་འོངས་པ་ལ་ནི་སྔོན་དུ་བསྙེན་པ་རྫོགས་པས་སྒྲུབ་ཐབས་བཞིན་བྱས་པས་དེ་དག་འགྲུབ་པར་འགྱུར་རོ་ཞེས་པའོ། །འདི་སྐད་སྟོན་ཏེ་དེ་ལྟར་མཆོད་པ་ལ་སོགས་པ་རྫོགས་ནས་སྔགས་ཀྱི་ནོར་བུ་བཟུང་སྟེ། སྔགས་ཀྱི་གནས་དང་ལྡན་པས་ རྡོ་རྗེའི་ཚིག་དང་ཁྲོ་བོའི་ངག་དུ་བཟླས་པས་བདག་དང་གཞན་གྱི་དོན་སྒྲུབ་པའི་སྤྲོ་བསྡུ་བྱ་སྟེ། དེ་ཡང་བསྙེན་པ་དང་ལས་སྦྱོར་གྱི་དུས་སུ་སྒྲིབ་པ་ལ་སོགས་པ་མེད་པའི་སྦྱོར་བས་སྤྱོད་ལམ་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་རྒྱུ་དང་རྐྱེན་རྣམ་པ་གཉིས་བསྟན་ནས། ད་ནི་དེའི་ འབྲས་བུ་གང་བསྟན་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྒྱུད་དངོས་རྡོ་རྗེའི་སྔགས་ཟབ་མོ་སྔར་གྱི་ཡོན་ཏན་ཅན་དེ་བསྟན་པའི་ཕྱིར། ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དེ་དག་གིས་ངག་གི་དོན་རྟོགས་སླ་བའི་ཕྱིར་བརྗོད་པར་བྱ་སྟེ། སྔོན་བྱུང་བ་ལ་ནི་རྡོ་རྗེའི་ སྔགས་འདི་དག་བཀྲ་ཤིས་པ་བདག་པོ་ལ་མཆོད་པ་བརྗོད་ནས་རྣམ་པར་འཇོམས་པའི་རྡོ་རྗེ་གསུངས་པས་འབྱུང་པོ་ཐམས་ཅད་ལ་རྣམ་པ་བཞིས་ཚར་གཅད་པ་དང་། རྗེས་སུ་བཟུང་བས་སངས་རྒྱས་ལ་སྐྱབས་སུ་འདོད་པ་ལ་སོགས་པའི་ཚུལ་གྱིས་དཀྱིལ་འཁོར་དུ་བཙུད་དེ་ནད་ ལ་སོགས་པ་ཞི་བས་མི་དག་སངས་རྒྱས་ལ་སོགས་པ་ལ་དད་དེ། རྒྱལ་པོ་ལོག་པའི་སྙིང་པོ་ཡང་གནས་དེར་འོད་ཟེར་ལ་ཞོན་ཏེ་འོངས་ནས། དེ་བཞིན་དུ་བྱས་པས་བཀྲ་ཤིས་ལ་ཐར་པ་ལ་གནས་སོ། །དེ་ཡང་འོག་ནས་རྒྱལ་པོ་ཞེས་པས་སོ། །བསྐྲད་པ་དང་། ལས་བཞི་དང་། ཁྲོ་བོ་བཞི་དང་། བཅུ་བསྐུལ་བ་དང་། གཙོ་བོ་ལ་སོགས་པ་དྲུག་པོ་བསྐུལ་བའི་ཚུལ་གྱིས་སོ། །མ་འོངས་པའི་སྒྲུབ་པ་པོས་ནི་སྔོན་དུ་བསྙེན་པ་ལ་སོགས་པ་བསྲུང་བ་དང་། བསྙེན་པ་ལ་སྔགས་ཚིག་གསུམ་གང་ཡང་རུང་བ་བཟླས་པ་དང་། ལས་སྦྱོར་ལ་གཉིས་སུ་བྱ་བ་དང་། ལས་སྒྲུབ་ན་གཙོ་བོ་དང་འབྲེལ་པ་དང་འཁོར་དང་གཉི་ག་དང་འབྲེལ་པ་གསུམ་གྱིས་ཞི་བ་ལ་སོགས་པའི་ལས་ཀྱིས་ལྷ་དང་རྫས་དང་བསམ་པ་དང་། ཕྱོགས་དང་དུས་དང་སྔགས་དང་འཁོར་ལོ་དང་ཏིང་ངེ་འཛིན་དང་བྱ་བས་སྒྲུབ་པ་ནི་སྒྲུབ་པའི་ཐབས་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་ བའི་དོན་ཏོ། །དེ་ཡང་། རྣལ་འབྱོར་བསྙེན་པ་གསུམ་དུ་བྱ། །ལས་ལ་གཉིས་ཏེ་ལས་ལ་གསུམ། །གཙོ་དང་འཁོར་དང་འདུལ་བ་ནི། །ལས་བཞི་སྔགས་སོགས་དབྱེ་བར་བྱ། །ཞེས་འདིའི་བཤད་པའི་རྒྱུད་ལས་གསུངས་སོ། །ད་ནི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་དང་ པོ་བཀྲ་ཤིས་པའི་དོན་རྣམ་པ་གཉིས་ཀྱིས་ཕྱག་བྱ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བ་ལ་སོགས་པས་གཙོ་བོ་གསུམ་ལ་འདུད་པའོ། །དེ་དག་ནི་སྔགས་ཀུན་ལ་ཤེས་པར་བྱའོ། །འབྲུ་ནི་དོན་ཉམས་པའི་ཕྱིར་བཤད་པར་མི་བྱ་སྟེ་རང་ཉིད་ཀྱི་སྒྲས་ཤེས་པར་བྱས་ ལ་དོན་ཡིད་ལ་དྲན་པར་བྱའོ། །དེ་ནས་ཚར་གཅོད་ཅིང་བསྲུང་བའི་སྔགས་ནི་ཏདྱ་ཐཱ་ཨོཾ་ལ་སོགས་པ་སྟེ་ཉེ་བར་བསྟན་པའོ། །དེ་ཡང་དང་པོ་དང་ཐ་མར་ཡེ་ཤེས་དང་དྲག་པོ་དང་ཤིས་པ་བཞི་འཇུག་པ་ཅན་ཏེ་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་གཟུངས་ལ་གསུམ་ལས་དང་པོ་ རྒྱས་པ་སྟེ་དེ་ཡང་གཙོ་བོའི་སྔགས་ནི་སརྦ་བིདྱཱ་བཛྲ་བཛྲ་ཞེས་པ་ལ་སོགས་པ་སྟེ་བསྟོད་ཅིང་བོད་པའོ། །མ་འོངས་པས་ནི་འདི་ལ་སྔགས་གདགས་པར་ཤེས་པར་བྱའོ། །གཙོ་བོའི་ལས་དང་འབྲེལ་པ་ནི་མན་ངག་བཞིན་དུ་ཞི་བའི་སྔགས་ནི་ཧེ་ཕུ་ལུ་ཞེས་པ་ལ་སོགས་པ་སྟེ་ སྔ་མ་བཞིན་ནོ། །ཙ་ར་ནི་ཙ་ར་ལ་སོགས་པ་ནི་རྒྱས་པའིའོ། །ཀཱི་ལི་ཀཱི་ལཱ་ཡ་ལ་སོགས་པ་ནི་དབང་གིའོ། །མཱ་ར་ཡ་ལ་སོགས་པ་ནི་བསད་པའོ། །ཚིནྡ་ཚིནྡ་ལ་སོགས་པ་ནི་རིག་སྔགས་བཅད་པའོ། །བྷིནྡ་ལ་སོགས་པ་ནི་རིག་སྔགས་མནན་པའོ། །དེ་བཞིན་དུ་སྐྲག་པར་ བྱེད་པ་ལ་སོགས་པ་ལ་ཡང་མན་ངག་བཞིན་དུ་སྦྱར་རོ། །ད་ནི་འཁོར་གྱི་སྔགས་བསྟན་པ་ནི། ཙུ་རུ་ཞེས་པ་ལ་སོགས་པ་སྟེ། སྔ་མ་བཞིན་དུ་བྱས་པ་ནི་རྡོ་རྗེ་ཕུར་པའི་སྔགས་སོ། །ཏྲཱ་ས་ཡ་ལ་སོགས་པ་ནི་རྡོ་རྗེ་བེ་ཅོན་གྱིའོ། །ཧ་ར་ལ་སོགས་པ་ནི་རྡོ་རྗེ་ཐོ་བོའིའོ། །པྲ་ཧ་ར་ལ་ སོགས་པ་ནི་རྡོ་རྗེ་གཏུམ་པོའིའོ། །དེ་དག་ལ་བསྟོད་ཅིང་སྐུལ་བར་བྱེད་པ་ནི་ཨེ་ཧྱེ་ལ་སོགས་པའི་སྔགས་བཏགས་ཏེ་བཟླས་པར་བྱའོ། །དེ་དག་དང་འབྲེལ་པའི་ལས་སྔགས་ལ་ཞི་བའི་སྔགས་ནི་མ་ཏི་སྠི་ར་བཛྲ་ཞེས་བྱ་བ་ལ་སོགས་པའོ། །རྒྱས་པའི་སྔགས་ནི་དྷ་ར་དྷ་ར་ཞེས་པ་ ལ་སོགས་པའོ། །དབང་གི་སྔགས་ནི་ན་མཿས་མཱནྟ་ཞེས་པ་ལ་སོགས་པའོ། །གསོད་པའི་སྔགས་ནི་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པའོ། །རིག་སྔགས་བཅད་པའི་སྔགས་ནི་མཧཱ་བ་ལེ་ཞེས་པ་ལ་སོགས་པའོ། །རིག་སྔགས་མནན་པ་ནི་ད་ཧ་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་ ཐམས་ཅད་སྔ་མ་བཞིན་དུ་བྱས་པས་ལས་ཀུན་འགྲུབ་པར་འགྱུར་ཏེ་སྦྱར་བ་གསུམ་ཤེས་པར་བྱའོ། །དེ་ཡང་རྡོ་རྗེའི་གསང་སྔགས་འདི་ཡིན་ཏེ། ལས་ཀུན་ཐོགས་པ་མེད་པར་འགྲུབ། །ཅེས་གསུངས་སོ། །འདིར་མན་ངག་གིས་གཙོ་བོ་ཡབ་ཡུམ་གྱི་སྔགས་ནི་དང་པོ་ཨོཾ་དང་ཐ་ མའི་ཡན་ལག་བོར་ལ་ཛྲ་ལ་ལ་སོགས་པའི་ན་བྱིན་ཏེ་ཡ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་བྱའོ། །སྟེང་དང་འོག་ཀྱང་དེ་བཞིན་དུ་བྱས་ལ་འཁོར་གྱི་རྒྱས་པའི་སྐུ་ལ་ལ་ཞི་བ་ལ་མ་བོར་ཏེ་ཕྱག་འཚལ་བ་ན་བྱིན་ཏེ་རྒྱས་པའི་དྷ་རའི་ར་ལ་ཨི་བྱིན་ལ་གཙོ་བོའི་རིག་པ་འཕྲོག་ལ་གཉིས་སུ་བྱའོ། །ཡང་ན་ འདི་ལྟར་ཡང་ཡིན་ཏེ། ཐམས་ཅད་སྔ་མ་བཞིན་ལ་བསྐྲད་པའི་ཤ་ལ་སཾ་གྱི་སྟོང་ཕྲོགས་ཏེ་བྱིན་ལ་གཙོ་བོ་ཞི་བའི་ཀུ་རུ་གཉིས་ཀྱིས་ཨུ་ཕྱི་མ་ལ་ཨེ་བྱིན་ཏེ་འཁོར་གྱི་ལྷའི་མ་ཧཱ་དང་དབང་གི་ས་མན་གྱི་ན་བསད་པའི་ཡ་གསོས་ལ་ཨེ་བྱིན་པ་ནི་གཅིག་སྟེ། དེ་གཉིས་གང་ཡང་ རུང་བས་དམ་ཚིག་བསྟན་ཅིང་བསྟན་པར་བྱ་བ་ཡིན་ནོ། །ཞེས་བླ་མས་བསྟན་ཏོ། །ཡང་ན་དེ་རྣམས་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་པ་ལ་སོགས་པ་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ་ཞེས་དགོངས་སོ། །ད་ནི་སྙིང་པོ་བསྡུས་པ་བསྟན་པའི་ཕྱིར། ན་མོ་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ལྷ་ལྔ་པོའི་འཁོར་ན་གནས་པའི་ཐུགས་ཀྱི་ཁྲོ་བོ་བཅུ་སྔོན་ནི་བསྐུལ་ལ། མ་འོངས་པ་ལས་བཞི་འགྲུབ་པ་ཡིན་པས་དེ་བཤད་པ་ནི། ཧ་ར་ནི་ཧཱུཾ་མཛད་བསྐུལ་བ་སྟེ་དྲག་པོའོ། །མ་ཐ་ནི་རྣམ་པར་རྒྱལ་བ་ བསྐུལ་བ་སྟེ་དེ་ཡང་དྲག་པོའོ། །དྷུ་ན་ནི་དབྱུག་སྔོན་ཅན་དེ་དབང་ངོ་། །ད་ཧ་ནི་གཤིན་རྗེ་མཐར་བྱེད་དེ་དེ་ཡང་དབང་ངོ་། །པ་ཙ་ནི་མི་གཡོ་བ་སྟེ་དྲག་པོའོ། །དྷཱ་ར་ནི་རྟ་མཆོག་སྟེ་ཞི་བའོ། །དཱ་ར་ཡ་ནི་གཞན་གྱིས་མི་ཐུབ་པ་སྟེ་རྒྱས་པའོ། །དཱ་རུ་ཎ་ནི་བདུད་རྩི་འཁྱིལ་པ་སྟེ་ཞི་བའོ། ། ཙྪིནྡ་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བ་སྟེ་རིག་སྔགས་གཅད་པའོ། །བྷིནྡ་ནི་སྟོབས་པོ་ཆེའི་སྔགས་ཏེ་དེས་རིག་སྔགས་མནན་པ་འགྲུབ་པའོ། །དེ་དག་གིས་བྱ་བ་ཀུན་སྔ་མ་བཞིན་དུ་སྦྱར་བས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་ལྷ་རྣམས་ཀྱི་ཡང་སྙིང་ཤིན་ཏུ་ ཡང་བསྡུས་པ་གསུངས་པ་ནི་ན་མ་ཞེས་པ་ལ་སོགས་པ་སྟེ་དེ་ཡང་གཙོ་བོ་རྣམ་གཉིས་ལ་མཆོད་ཅིང་དེའི་སྙིང་པོའོ། །ཧུ་ལུ་ནི་རྡོ་རྗེ་ཀཱི་ལ་ཡའི་སྟེ་བྱས་པའོ། །ཏིཥྛ་ནི་རྡོ་རྗེ་བེ་ཅོན་གྱི་ཞི་བའིའོ། །བནྡཱ་ནི་རྡོ་རྗེ་ཐོ་བ་སྟེ་དབང་གིའོ། །ཧ་ན་ནི་རྡོ་རྗེ་གཏུམ་པོ་སྟེ་དྲག་ པོའིའོ། །ཨ་མྲྀ་ཏེ་ནི་ཕོ་ཉ་དང་མངག་པ་ཡབ་ཡུམ་ཁྲོ་བོ་མི་འཆི་བ་དང་། ལུ་གུ་རྒྱུད་མའི་སྔགས་ཏེ་ཁྲུས་དང་བསྐྲད་པ་ལ་ཤེས་པར་བྱ་སྟེ་དེ་དག་གིས་ཀྱང་དེ་བཞིན་དུ་འགྱུར་རོ། །འདི་སྐད་སྟོན་ཏེ་སྔོན་དུ་བསྙེན་པ་ལ་ནི་གསུམ་པོ་གང་ཡང་རུང་བ་བཟླས་ལ་སྒྲུབ་པ་ལས་ལ་སྦྱར་བ་ནི་ གཉིས་སུ་མེད་པར་ཤེས་པར་བྱ་སྟེ་ལས་སྒྲུབ་པ་ལ་ནི་མན་ངག་བཞིན་དུ་སྦྱར་རོ། །དེ་ཡང་བསྙེན་པ་གསུམ་སྟེ་སྒྲུབ་པ་གཉིས། །ལས་སྒྲུབ་སོ་སོར་ཤེས་པར་བྱ། །ཞེས་གསུངས་སོ། །ད་ནི་དེ་དག་གི་མཇུག་བསྡུ་བའི་ཆོ་ག་ཕན་ཡོན་དང་བཅས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་ སྡུག་བསྔལ་ཐམས་ཅད་བྲལ་བར་བྱེད་པའི་ཕན་ཡོན་ནི། །སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་བྱ་ལ་སོགས་པ་གསུངས་ཏེ། དེ་དག་གི་སྔོན་བྱུང་དུ་རྒྱལ་པོ་ལོག་པའི་སྙིང་པོ་ལ་སོགས་པའི་འཁོར་རྣམས་ཐེ་ཚོམ་སྐྱེས་པ་ལ་དེ་དག་བྲོད་པ་བསྐྱེད་པའི་ཕྱིར་གསུངས་ལ། མ་ འོངས་པ་ལ་ནི་སྒྲུབ་པའི་ཕན་ཡོན་དུ་སྦྱར་རོ། །དེ་ལ་སྡིག་པ་ནི་སྒྲིབ་པས་ན་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་སོ། །ཐམས་ཅད་ནི་དེ་དག་དང་ཉེ་བ་མ་ལུས་པའོ། །འདིས་དེ་དག་བྱང་བར་བྱས་པ་ནི་དག་པར་བྱེད་པའོ། །གཞན་ཡང་དེར་མ་ཟད་དེ་ལུས་ ངག་ཡིད་གསུམ་ཟུག་རྔུས་གཟིར་བས་ན་སྡུག་བསྔལ་ཏེ་འགྱུར་བ་ལ་སོགས་པ་གསུམ་མམ་བརྒྱད་དོ། །མེད་པར་བྱེད་པ་ནི་སེལ་བར་བྱེད་པའོ། །དེ་ནས་སེམས་ཅན་ཞེས་བྱ་བ་ལ་སོགས་པར་འབྲེལ་ཏེ། སེམས་ཅན་གང་དག་སྔོན་གྱི་ལས་དང་རྐྱེན་དང་འབྱུང་པོས་མིག་ ལ་སོགས་པའི་དབང་པོ་དྲུག་ཉམས་པ་ནི་ལོང་བ་ལ་སོགས་པ་སྟེ། དེ་ལ་སྔགས་འདིས་བཀྲུས་ནས་ཉམས་པ་ལས་སོས་ཏེ་ཐར་ཞེས་པར་འབྲེལ་ཏོ། །དེ་བཞིན་དུ་ཚེ་ནི་འཚོ་བ་སྟེ་དེ་ཟད་པ་ནི་དུས་ལ་བབ་པ་སྟེ་དེ་ཡང་རིང་བར་འགྱུར་རོ། །ཚེ་ཉམས་པ་ནི་རྐྱེན་གྱི་ཚེ་ཚད་ལས་ ཐུང་བར་གྱུར་པ་སྟེ་དེ་ཡང་ཚད་དུ་འཚོའོ། །ཕུན་སུམ་ཚོགས་པ་ནི་མ་ཚང་བ་མེད་པ་སྟེ་ནོར་ལ་སོགས་པ་ཡིན་ལ། དེ་དག་མ་ཚོགས་པའི་བྱུར་ནི་མིན་པ་སྟེ་དེས་སེམས་ཅན་གང་ལ་ཆགས་པ་ནི་གང་ལ་བྱུང་ཞིང་གནས་པ་ཡང་ཕུན་སུམ་ཚོགས་པར་འགྱུར་རོ། །ལྷ་རྣམས་ནི་ མཐུ་དང་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་སྟེ། དེ་དག་བསྒྲུབས་ཀྱང་འཕངས་ནས་འགྲུབ་པར་མི་སྟེར་བ་ནི་རྒྱབ་ཀྱིས་ཏེ་ཕྱོགས་པ་ནི་རིང་བའོ། །དེ་ཡང་ཉེ་བར་བྱེད་དོ། །བདག་དང་ཡིད་གཅུགས་ཤིང་ཡིད་དུ་འོང་བ་ནི་ མཛའ་སྡུག་སྟེ་སོ་སོར་གནས་པས་སྐྱེ་བོ་སྟེ་བདེན་པ་མ་མཐོང་བའོ། །དེ་སྡང་བ་ནི་བྱམས་པ་དང་བྲལ་བ་སྟེ་དེ་ཡང་བྱམས་པའོ། །བྲན་ནི་འཁོར་བཟང་པོའོ། །བཟའ་མི་ནི་ཆུང་མ་ལ་སོགས་པའོ། །སོགས་པ་ནི་མ་ལུས་པའི་ཉེ་བའོ། །དེ་དག་འབྱུང་པོས་གཙེས་པ་ནི་སྐྲག་ཅིང་ བཅོམ་པ་སྟེ་དེ་ཡང་མི་འཚེ་བའོ། །ཡང་ན། བྲམ་ཟེ་ལ་སོགས་གཙེས་པ་དང་། །ཞེས་གླེགས་བམ་ལ་ལ་ན་གནས་ཏེ། འཇིག་རྟེན་ན་བྲམ་ཟེ་དང་རྒྱལ་པོ་དང་རྗེའུ་དང་དམངས་ཀྱིས་བདག་གཙེས་པ་ལས་ཐར་བའོ། །ཡང་ན་བདག་གིས་བྲམ་ཟེ་དང་དགེ་སློང་ལ་སོགས་པ་ ནུས་པ་ཅན་དང་ཞིང་དག་པས་གཙེས་པ་ཡང་ནུས་པ་བཟློག་ལ་སྡིག་པ་འདག་པར་འགྱུར་རོ། །ཡང་ན་བྲམ་ཟེས་ཁྱེར་བ་ཞེས་པ་སྟེ་གཟའ་སྐར་ངན་པ་ལ་ཤི་བ་ཡང་ཆོ་གས་ཕན་ནོ། །བདག་དང་གཞན་གཉིས་ནི་ཕན་ཚུན་ཏེ་དེ་དག་མི་མཐུན་པ་ནི་སེམས་མི་གཅུགས་ཤིང་ངག་ དང་ལུས་འཐབ་པ་སྟེ་མཐུན་པར་འགྱུར་རོ། །སྔར་ལོངས་སྤྱོད་ཆེ་བ་ལ་ཕྱིས་བྱིན་པ་ཡིན་པས་ནོར་ཏེ་གསེར་ལ་སོགས་པའོ། །འགྲིབ་པ་ནི་བྲི་བའོ། །དེས་རྒྱུད་ལ་སྡུག་བསྔལ་བསྐྱེད་པས་གནོད་པའོ། །མྱ་ངན་ངལ་དང་གནོད་པ་ནི་གདུངས་པས་དུབ་པ་སྟེ་དེ་ལ་གདོན་གྱིས་ ཚུགས་པར་སླའོ། །ཡང་ན་དང་ཞེས་སྦྱར་ཏེ་དུབ་པས་གནོད་པ་དང་ཕལ་པར་གནོད་པ་ཐམས་ཅད་དོ། །གཞན་ཡང་སྐྲག་ཅིང་བག་ཚ་བ་ནི་འཇིགས་པ་སྟེ་རྒྱལ་པོའི་ཆད་པ་ལ་སོགས་པ་བརྒྱད་དོ། །ཕོངས་པ་ནི་སྔ་ནས་དབུལ་བའོ། །གཞན་ཡང་གདུག་ཅིང་འཛིན་པས་ གཟའ་སྟེ་པ་བ་སངས་ལ་སོགས་པས་གནོད་ཅིང་དེ་དག་ངན་པ་ལ་བབ་པའོ། །རྒྱུ་སྐར་ནི་ནམ་མཁའ་ལ་སོ་སོར་འཐོར་ནས་རྒྱུ་བ་སྟེ་སྨིན་དྲུག་ལ་སོགས་པའོ། །དེ་དག་ལ་ཁྲུས་བྱས་ཏེ་བཟློག་པས་ཞི་བར་འགྱུར་རོ། །བྱད་སྟེམས་ཞེས་པ་ནི་རིག་སྔགས་ངན་པའི་ འཁྲུལ་འཁོར་གྱིས་མིང་བཅུག་སྟེ་གསོད་པར་འདོད་པའོ། །མི་བཟད་པའི་གདོན་ནི་ནད་ལ་སོགས་པ་ཚབས་ཆེར་འདེབས་པ་སྟེ་རྫུ་འཕྲུལ་ཆེ་བའི་ལྷ་ལ་སོགས་པའོ། །དེ་དག་གིས་ཉེན་པས་ནི་བཏབ་པའོ། །མྱ་ངན་ནི་ལུས་ངག་ཡིད་གསུམ་གདུངས་པའི་ཁྱད་པར་ཏེ་དེས་ ཕུང་པོ་ངལ་ཏེ་གཉིད་ལོག་པའམ། དངོས་སུ་འབྱུང་པོ་བྱུང་བའོ། །དེའི་སྟོབས་ཀྱིས་གཉིད་ལོག་པས་སེམས་རྨོངས་ཏེ་ཡིད་ཀྱི་རྣམ་ཤེས་རྒྱུ་བས་རྨི་ལམ་སྟེ། དེར་སྡིག་པ་མཐོང་བས་ནི་ངན་པ་སྟེ་བཙོན་ར་ལ་སོགས་པའོ། །ཡང་ཞེས་པ་བཟླས་པ་སྟེ་ཀུན་ལ་སྦྱར་རོ། །ཡང་ ན་དང་ཞེས་པ་སོ་སོར་སྦྱར་རོ། །དེ་དག་ཐམས་ཅད་ཀྱང་འདིའི་སྒོ་ནས་སེལ་ཅིང་དེ་དག་ལས་ཐར་བར་འགྱུར་རོ་ཞེས་སྦྱར་རོ། །དེ་དག་གི་རྒྱུད་ལས་འབྱུང་བ་ཐམས་ཅད་སེལ་བའོ། །ད་ནི་རྒྱུད་ལ་བདེ་བ་ཐམས་ཅད་ལྡན་པར་བྱེད་པ་གསུངས་པ་ནི། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་ པ་བླང་ངོ་། །དེ་ཡང་སྔོན་འབྱུང་དུ་ནི་འབྲེལ་ཅིང་རྒྱུན་ཆགས་པས་རྒྱུད་དེ་རྒྱུད་དོ། །ཅོག་ནི་མ་ལུས་པའོ། །རྩ་བ་ནི་གཞན་ལ་མ་ལྟོས་ཤིང་གཞན་སྐྱེད་པར་བྱེད་པ་སྟེ། དེ་ནི་རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ཅེས་བྱ་བ་ལེའུ་བརྒྱ་དང་བརྒྱད་པའི་ལེའུ་དང་པོར་འདི་གསུངས་ལ། དེས་འདི་བཤད་པའོ། །རྒྱུད་དེ་བདག་གིས་མཐོང་ངོ་། །མ་འོངས་པ་ལ་ནི་བདག་གི་ཡོན་ཏན་མ་ལུས་པ་ནི་རྒྱུད་དོ་ཅོག་ཡིན་ལ་དེ་ལས་འབྱུང་བས་རྩ་བའོ། །ཡང་ན་ཆོས་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པས་སོ། །ལ་ལ་དག་རྒྱུད་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་ བ་སྟེ། དེ་ཡང་ཆུ་ལ་རག་ལས་པས་ཞེས་འཆད་དེ་མ་ཡིན་ནོ། །གཞན་ཡང་དཔལ་ཀུན་ཏེ་བསྟེན་པར་འོས་ཤིང་ཡོན་ཏན་ཆེ་བ་སྟེ། འབྱོར་པ་དང་བུ་ལ་སོགས་པའམ་ཚོགས་གཉིས་སོ། །དེས་ལེགས་པར་བརྒྱན་པ་ནི་དེ་དག་ཡོངས་སུ་རྫོགས་ཤིང་ཚང་བ་འདིའི་སྒོ་ནས་བྱེད་པ་ ཡིན་ནོ། །དེ་ནས། ཚེ་དང་བསོད་ནམས་འཕེལ་བར་འགྱུར། ཞེས་པར་སྦྱར་ཏེ་བསོད་ནམས་ནི་གྲགས་པ་དང་ལོངས་སྤྱོད་དེ་ཡིད་བདེ་ཞིང་ལུས་ངག་རྒྱས་པར་བྱེད་པའོ། །སྡིག་པ་ཀུན་ནི་གོང་དུ་བསྟན་པའོ། །དེ་ལ་ཐར་བ་ནི་གྲོལ་བ་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་ པ་ཐམས་ཅད་ཐོབ་པར་འགྱུར་བའོ་ཞེས་དགོངས་སོ། །དེ་དག་ནི་སྤྱིའི་བྱ་བའི་ཆོ་གའི་ཕན་ཡོན་ནོ། །ཡང་ན་ལས་དེ་དག་ལ་བྱ་བ་སོ་སོར་སྦྱར་བར་ཤེས་པར་བྱའོ། །དེ་ལྟར་ཕན་ཡོན་འབྱུང་བ་བཤད་ནས་ད་ནི་ཆོ་ག་བཤད་པར་བྱ་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། དེ་ཡང་སྒྲུབ་པ་པོ་དང་བསྒྲུབ་བྱ་དག་སྟ་གོན་ལ་གནས་པའོ། །འདི་དག་གིས་ནི་འདས་པ་ལ་འདི་ལྟར་གྱིས་ཤིག་ཅེས་གདམས་ལ་མ་འོངས་པ་ལ་ཆོ་ག་བྱ་བ་དངོས་ཡིན་ནོ། །དེ་ལ་སྒྲུབ་པ་པོ་དང་བསྒྲུབ་བྱ། དེས་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་གསུངས་ཏེ། ཕྱིའི་ཁྲུས་ནི་ ཆུ་དང་སས་ལེགས་པར་བཀྲུས་པས་དྲི་མ་དག་པར་བྱ་བ་སྟེ་ལན་གསུམ་དུའོ། །གཙང་མའི་གོས་ནི་གཞན་དུ་ལོངས་མ་སྤྱད་པའི་གོས་སར་པ་ལན་གསུམ་དུ་བརྗེའོ། །དེ་བཞིན་དུ་ཟས་དཀར་གསུམ་བཟའ་བ་དང་། ཞག་གཅིག་སྨྱུང་བར་གནས་པར་བྱས་ལའོ། །ནང་གི་ཁྲུས་ནི། གང་དག་ཡིད་དགེ་སེམས་དང་ཞིང་། ཞེས་པ་སྟེ་ལུས་དང་ངག་དང་ཡིད་གསུམ་གྱིས་མི་དགེ་བ་བཅུ་མི་བྱེད་པར་སྡོམ་པ་ལ། སེམས་དང་བ་ནི་དད་པའོ། །དེ་དག་གིས་ནི་རྟེན་གྱི་གང་ཟག་དང་སྟ་གོན་ལ་གནས་པ་བསྟན་ཏོ། །དེ་ནས་ས་བླང་བ་ལ་སོགས་པ་ཆོ་ག་དང་སྒྲུབ་ཐབས་ལས་ བྱུང་བ་བཞིན་དུ་དཀྱིལ་འཁོར་འབྱོར་པའི་བྱེ་བྲག་གིས་བྲིས་ལ་རྫས་བཀོད་དེ་བསྒྲུབ་པར་བྱའོ། །ཞེས་བྱ་བའི་བར་དུའོ། །དེ་ཡང་དང་པོ་སྟ་གོན་གནས་པ་ཡིས། །ས་ཡི་ཆོ་ག་རྫོགས་བྱས་ཏེ། །འབྱོར་པ་དཀྱིལ་འཁོར་བྲི་བྱས་ལ། རྟེན་ལ་བརྟེན་དེ་བསྒྲུབ་པར་བྱ། །ཞེས་གསུངས་ སོ། །དེའི་འོག་དུ་ཁྲུས་ལ་སོགས་པ་སྔོན་དུ་སོང་བས་ལྷ་བསྐྱེད་པ་ནི་མདོ་སྡེ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྔོན་བྱུང་ལ་ནི་མདོ་སྡེ་ཟབ་མོ་སངས་རྒྱས་ཀྱི་གསུངས་པ་འདི་མཉན་པར་བྱ་བ་དང་། དེའི་ཕན་ཡོན་བསྟན་པ་ལ་རྗེས་སུ་འཇུག་པ་ནི་ལྷ་བསྐྱེད་པ་དང་སྔགས་བཟླས་ པའི་ཐབས་སུ་འགྱུར་རོ་ཞེས་དགོངས་པའོ། །དེ་ལ་མདོ་སྡེ་ནི་རྒྱུད་དང་གཅིག་པ་སྟེ་དོན་ཟབ་མོ་སྡེར་སྟོན་ལ་ཚིག་གི་མདོ་ཙམ་དུ་གསུངས་པས་སོ། །ཡང་ན་གནས་དང་སྟོན་པ་ལ་སོགས་པ་གསུངས་པའོ། །དེ་ཡང་། གནས་རྣམས་དང་ནི་མཚན་ཉིད་དང་། ཆོས་དོན་སྨོས་ཕྱིར་མདོ་སྡེའོ། །ཞེས་པ་དང་། ཚིག་ཉུང་བ་ལ་དོན་རྒྱས་པའི། །མདོ་སྡེ་དམ་པ་བལྟ་བར་བྱ། །ཞེས་གསུངས་སོ། །དོན་དུ་བྱ་ན་གཟུངས་སྔགས་ཐམས་ཅད་དང་བཅས་པ་སྟེ་དམ་པ་ནི་མཆོག་གོ། །མཉན་པར་བྱ་བ་ནི་གདམས་པ་སྟེ་སངས་རྒྱས་དང་བླ་མ་ལ་རྣ་བས་ཐོས་ ཤིང་ཤེས་པར་བྱ་བའོ། །དེ་ཉིད་གཞན་གྱིས་རྟོགས་པར་དཀའ་བས། ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཏེ། སངས་རྒྱས་ཀྱིས་གསུངས་པའོ། །ཡང་ན་ཆོས་ཉིད་སྟོང་པའི་ལྷ་ལ་སོགས་པ་དྲུག་པོ་ཟབ་ཅིང་དེས་སངས་རྒྱས་ཀྱི་སྐུ་སྟེ་སྤྱོད་ཡུལ་དུ་བསྐྱེད་པའོ། །དེས་ནི་བསྙེན་པ་སྒྲ་ལ་གནས་ པའི་བསམ་གཏན་གྱི་སྔགས་བཟླས་པ་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉན་བྱེད་ན་ནི་ཐོས་ནའོ། །གཟི་བརྗིད་ནི་འོད་ཟེར་ཏེ་དཔལ་གང་ཡིན་པའོ། །ཡང་ན་ལྷ་དྲུག་པོའི་དོན་ནི་མདོ་སྡེ་ཡིན་ལ་དེ་ཉན་པ་ནི་སྒོམ་པའོ། །ད་ནི་བཟླས་པའི་བསམ་གཏན་ནི་ནོར་བུའི་ཕྲེང་བ་ དང་ལྡན་པས་མདོ་སྡེའི་ལྷ་རྣམས་ཀྱི་ཐུགས་ཀ་ན་གནས་པའི་ཟླ་བ་དང་། རྡོ་རྗེ་དང་སྔགས་སོ། །དེའི་འོད་ཟེར་གྱི་སྤྲོ་བསྡུ་ནི་གཟི་བརྗིད་དོ། །དེས་ཇི་ལྟར་བསམས་ན་སྲོག་ཆགས་ཏེ་རླུང་ནང་ན་གནས་པ་འཚོ་བའོ། །མི་བཟད་པའི་ནད་ནི་འཚོ་བར་དཀའ་བའི་མཛེ་སྟེ་འབྱུང་བ་ལས་གྱུར་པ་དང་། ཀླུའི་གདོན་ནོ། །ཀྱང་ཞེས་པ་ནི་མི་མཐུན་པའི་རྐྱེན་ཏེ་དེ་ཡང་ཞི་ན་གནས་གཞན་སྨོས་ཅི་དགོས་ཞེས་པའི་དོན་ཏོ། །ཞི་བར་བལྟ་ནི་ཞི་བར་འགྱུར་བའོ། །ཡང་ན་ཞི་བར་བལྟ་ནི་སྔགས་བཟླས་སོ། །དེ་ནི་ཁྲོ་བོའི་ངག་ཏུ་ལས་སྦྱོར་གྱི་སྔགས་བཟླས་པར་བསྟན་ཏོ། །ད་ནི་རྟེན་གང་ལ་བརྟེན་ ཏེ་སྒྲུབ་པ་ནི་གསེར་རམ་ཡང་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །བསྙེན་པ་ལ་བུམ་པ་གཅིག །ལས་ལ་ལྔའོ། །དེའི་རྒྱུ་ནི་རིན་པོ་ཆེ་གསེར་ནི་རབ་བོ། །ཡང་ན་ནི་ཞེས་ཕྱོགས་གཞན་སྟོན་པ་སྟེ་དངུལ་ནི་འབྲིང་ངོ་། །ཀྱང་རུང་ཞེས་པ་ནི་བསྡུ་བ་སྟེ་ཟངས་ནི་ཐ་མའོ། །དེ་ལྟར་མ་ འབྱོར་ན་ས་ལས་བུམ་པ་དམར་པོ་ནག་པོ་ར་རི་མེད་པར་བྱའོ། །དེ་ཡང་། བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང་། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ནི་བུམ་པའི་རྒྱུ་བསྟན་ཏོ། །འདི་དག་ནི་སྔོན་གྱི་དུས་དང་རྗེས་ཀྱི་དུས་འདྲ་བའོ། །ད་ནི་སྙིང་པོ་དང་རྒྱན་ནི་ཆུ་ཡིས་དགང་ཞེས་ པ་ལ་སོགས་པས་སྟོན་ཏེ། དེ་ཡང་འདིར་ཆུ་བོ་ཆེན་པོའི་ཆུ་དང་འོ་མས་ནང་དགང་བ་སྟེ་བཀྲུ་བ་དང་བསང་བས་བྱའོ། །འདིར་ཆུ་ཡི་གསེར་རམ་ཞེས་བྱ་བར་འདོད་དེ་འདི་ནི་རྨོངས་པས་མི་ཤེས་པར་བལྟའོ། །དེ་ནས་གཞན་དུ་ལོངས་མ་སྤྱད་པའི་རས་ཀྱི་གཙང་མས་ཐོར་ཅོག་གསུམ་ གྱི་ཚུལ་དུ་དཀྲིའོ། །དེར་སྙིང་པོ་ནི་ནོར་བུ་སྟེ་ཡིད་དུ་འོང་བའི་མུ་ཏིག་མིག་མེད་པ་དང་། ཡུངས་ཀར་ཏེ་སྒྲུབ་པའི་རྫས་བགེགས་བསྐྲད་པ་སྣོད་དམ་པར་བླུགས་ཏེ་སྟེང་དུ་གཞག་གོ། །དཱུར་བ་ནི་རམ་པ་སྟེ། བཀྲ་ཤིས་པས་ལོ་མ་དང་བཅས་པ་དང་། ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་བདུན་ བུམ་པའི་ཁར་གཟུགས་སོ། །དཀོན་པས་ན་རིན་ཆེན་ཏེ་དེ་དག་རྨ་མེད་པ་ནི་མ་སྤྱད་ཅིང་མ་རྙིངས་པའི་སར་པའོ། །ཡང་ན་མིག་མེད་པ་སྟེ་གསེར་ལ་སོགས་པ་ལྔ་དང་། ཙནྡན་ནི་དྲི་དང་ལྡན་པ་དཀར་པོ་སྟེ། དེ་ལ་སོགས་པ་དྲི་ལྔ་དང་བཅས་པ་ནི་ལྷན་ཅིག་དོན་ཏེ་ཏིལ་ལ་སོགས་པ་ འབྲུ་ལྔ་དང་། ཧ་ས་དེ་བ་ལ་སོགས་པ་སྨན་ལྔ་དང་། བུ་རམ་ལ་སོགས་པ་སྙིང་པོ་ལྔ་གསང་བ་སྤྱི་རྒྱུད་བཞིན་དུ་བླུགས་པར་བྱའོ། །དེར་ཡང་ཤེལ་དང་། རྡོ་རྗེ་ཕ་ལམ་དང་མེ་ཏོག་སྔོན་པོ་བཅུག་ལ་དེའི་ཕྲེང་བས་ཁ་ལ་བརྒྱན་ནོ། །དེའི་ཁར་ནི་བཀྲ་ཤིས་པའི་ཤིང་མྱ་ངན་ མེད་པ་ལ་སོགས་པ་འབྲས་བུ་ཅན་གྱིས་བརྒྱན་ལ། རྡོ་རྗེ་གཞག་སྟེ་བཀྲ་ཤིས་པའི་ཐག་པས་བཏགས་ཏེ་ལས་ལ་སྔར་གཞུག་གོ། །དེ་དག་ནི་བསྙེན་པ་ལ་ཡང་ཤེས་པར་བྱའོ། །དེ་ཡང་རིན་པོ་ཆེ་ལ་སོགས་པའི་ཡོན་ཏན་ཤེས་པར་བྱ་སྟེ། ལྷའི་མཚན་མ་ནི་དགོད་པ་མ་ཡིན་ པར་ཤེས་པར་བྱའོ། །དེ་ནས་བཟླས་པའི་གྲངས་བསྟན་པའི་ཕྱིར་ལན་གྲངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནས་ཡང་དུ་བསྐྱར་བས་ལན་གྲངས་ཏེ་གཟུངས་རིངས་ནི་ཉི་ཤུ་རྩ་གཅིག་ལ། སྙིང་པོ་དང་ཡང་སྙིང་ནི་བརྒྱ་རྩ་བརྒྱད་དུ་བཟླས་སོ། །སུ་ནི་བྱེད་པ་གསུམ་པའི་ གསུམ་པ་སྟེ་དེ་ནས་ཁྲུས་བྱ་ཞེས་པའོ། །འདི་སྐད་སྟོན་ཏེ་འདས་པ་ལ་ནི་གྲངས་དེས་ཆོག་པ་ཡིན་ལ། མ་འོངས་པ་ལ་ནི་སྔོན་དུ་བསྙེན་པ་འབུམ་རྫོགས་ནས་ལས་ལ་བསམ་གཏན་དང་ལྡན་པས་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ལས་ལ་སྦྱར་བ་དངོས་ བསྟན་པའི་ཕྱིར་རྒྱལ་པོ་ཞེས་གསུངས་ཏེ། སྔོན་བྱུང་བ་ལ་ནི་ལྷའམ་མི་ཆེ་བས་རྒྱལ་པོ་སྟེ་ལོག་པའི་སྙིང་པོའོ། །དེ་ནི་འཁོར་ཉེ་བའི་གདུལ་བྱ་ལ་དགོངས་པ་སྟེ་འཁོར་གཞན་ཡང་བཀག་པ་ནི་མ་ཡིན་ནོ། །རྗེས་འཇུག་ལ་ནི་རྒྱལ་པོ་བསོད་ནམས་ཆེ་བས་སྨོས་ཏེ། རྒྱལ་པོ་ལ་ སོགས་པ་ཐམས་ཅད་ཅེས་སྦྱར་རོ། །རྟག་ཏུ་ནི་དུས་གསུམ་དུའོ། །བུམ་པའི་ཆུ་དེས་ཁྲུས་གྱིས་ཤིག་དང་ཞེས་གདམས་པའོ། །དེ་ལྟར་བྱས་ན་གོང་གི་ཕན་ཡོན་ཐོབ་པར་འགྱུར་རོ་ཞེས་སྦྱར་རོ། །དེས་ན་རྣལ་འབྱོར་པ་དུས་གསུམ་དུ་བཀྲུ་ལ། བསྒྲུབ་བྱ་ལ་ནི་མ་ཞི་བར་དུ་ཁྲུས་ བྱ་བ་དང་། བྱ་བའི་རྒྱུད་ཡིན་པར་བསྟན་ཏོ། །དེ་ཡང་། རྟེན་མཆོག་དག་དང་ལྡན་བྱས་ནས། །མཁས་པ་གང་ལ་བཀྲུ་བྱས་ན། །མངོན་མཐོ་ངེས་ལེགས་འབྱུང་བར་འགྱུར། ཞེས་གསུངས་སོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། སྔོན་དུ་བསྙེན་པ་རྫོགས་ ནས་སྟ་གོན་ལ་གནས་པས་སའི་ཆོ་གས་དཀྱིལ་འཁོར་འབྱོར་པའི་བྱེ་བྲག་གིས་བྲིས་ཏེ་བུམ་པ་དགོད་ཅིང་ལྷར་བསྐྱེད་ལ་སྔགས་དང་ཏིང་ངེ་འཛིན་དང་ལྡན་པས་བཟླས་ཏེ་ཁྲུས་ཀྱི་མན་ངག་བཞིན་བྱ་བ་དང་། བསྲུང་བ་དང་བཀྲུ་བ་ལ་སོགས་པ་བྱས་ཏེ་འབྱོར་པ་ཆུང་བས་ དཔའ་བོ་གཅིག་པ་བསྟན་པར་བྱའོ་ཞེས་དགོངས་སོ། །རྫོགས་པ་ནི་ཡང་དག་པར་ཐོབ་པ་སྟེ་རྒྱུད་ཆེན་པོ་ནས་ཕྱུང་ཞེས་པའོ། །འདི་ལྟར་རྡོ་རྗེའི་གདམས་ངག་འདི། །ང་ཡིས་སྔོན་དུ་དོན་མཐོང་གིས། །ཐེ་ཚོམ་མེད་པར་སྒྲུབས་ཤིག་དང་། །དཔག་མེད་བསམ་པ་རྫོགས་པར་བྱེད། ལྷ་ དང་བླ་མས་བསྐུལ་བའི་ཕྱིར། །འགྲེལ་པ་དྲི་མ་མེད་པ་འདི། །སངས་རྒྱས་གསང་བས་བྱས་པ་སྟེ། །འདི་ཡིས་ཀུན་ཀྱང་དེ་གྲོལ་ཤོག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བ། བྱ་བའི་རྒྱུད་ཀྱི་གྲུབ་པ་སངས་རྒྱས་གསང་བས་མཛད་ པ་རྫོགས་སོ།། །།མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དབས་མཉྫུ་ཤྲཱི་ཝརྨས་བསྒྱུར་བའོ། །ཕྱིས་པཎྜི་ཏ་འཇོན་ཏེ་ཏའུ་ལ་དང་། ལོ་ཙཱ་བ་འོག་བསོད་ནམས་མོས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རྣམ་པར་བཤད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསང་མཛོད་འཛིན་པ་ཡི། །རྒྱུད་ཀྱི་དོན་འབྱུང་སྟོན་པའི་ངོ་བོ་ལ། །སྒོ་གསུམ་དང་བས་འདུད་དེ་ཕྱག་འཚལ་ནས། །མདོ་ཡི་རྣམ་བཤད་ བདག་གིས་བྱ་བར་འདོད། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ལ་བྱ་སྟེ། རྟག་པ་དང་མི་རྟག་པ་བདེ་བ་དང་སྡུག་བསྔལ་གྱི་མཚན་མའི་དངོས་པོ་ཐམས་ཅད་འཇོམས་པ་ལ་བྱའོ། །དེ་ནས་འཇོམས་པ་ཞེས་བྱ་བའི་དོན་ཏོ། །གཟུངས་ཞེས་བྱ་བ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ ལ་བྱའོ། །དེ་ལྟར་མདོའི་བསྟན་ནས། ད་དགོས་འབྲེལ་གྱི་དོན་སྟོན་ཏེ། མ་ནོར་བར་སྟོན་པའི་ཕྱིར་སྟོན་པ་དང་། ཡོངས་སུ་དག་པའི་འཁོར་དང་། གང་དུ་བཤད་པའི་གནས་དང་། མ་ནོར་སྡུད་པའི་སྡུད་པ་པོ་དང་། གང་བཤད་པའི་མདོའི་དོན་ཏོ། །དེ་ལ་སྟོན་པ་ནི་བཅོམ་ལྡན་འདས་ ཐུགས་ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ལས་མ་གཡོས་ཀྱང་ཉིད་ཀྱི་ཆེ་བ་དབྱུང་བའི་དོན་དུ་ཐུགས་ཡང་དག་པའི་སྲས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཤོད་ཅིག་པར་བྱིན་གྱིས་བརླབས་ནས། སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པའི་ནང་དུ་རྡོ་རྗེ་རྣམ་པར་འཇོམས་པའི་དོན་ འདི་ཕྱག་ན་རྡོ་རྗེ་ལས་རབ་ཏུ་ཐོབ་པའི་ཕྱིར་ན། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན་ཞེས་བྱ་བའོ། །སྟོན་པ་དང་། འཁོར་དང་། སྡུད་པ་དང་ལྡན་པས་ན་དུས་ཞེས་བྱ་བའོ། །ལན་གྲངས་མང་དུ་མ་གསུངས་པར་བརྒྱ་ལམ་དུ་གསུངས་པས་དུས་གཅིག་ན་ཞེས་བྱ་བའོ། །བཅོམ་ ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ་ཞེས་པ་ནི་བདུད་བཞི་བཅོམ་པ་ལ་བྱའོ། །ཡང་ན་བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུགས་མཉམ་པར་གཞག་པ་ལ་བྱའོ། །སངས་རྒྱས་ཀྱི་མཐུས་ཞེས་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བྱའོ། །ལག་ན་རྡོ་རྗེ་ལུས་ཐམས་ ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟར་འདུས་མ་བྱས་པ་ལ་བྱའོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོར་རབ་ཏུ་གནས་པ་ལ་བྱའོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་ ཞེས་པ་ནི་སྙོམས་པར་ཞུགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཐུ་སྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི་ཀླུའི་རྒྱལ་པོ་མ་དྲོས་པས་ཆར་འབེབས་པ་དེ་བཞིན་དུ་མཐུ་སྟོབས་བསྐྱེད་པའི་ཕྱིར་རོ། །རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པ་ནི་ལག་ན་ རྡོ་རྗེར་བྱིན་གྱིས་བརླབས་པའི་མཐུས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འཐོན་ནས་ཁམས་གསུམ་གྱི་དྲེགས་པ་ཅན་རྣམས་བཏུལ་བའོ། །རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ་ཞེས་པ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟར་འདུས་མ་བྱས་པ་དེས་སེམས་ཅན་ལ་ཕན་གདགས་པའི་ ཕྱིར་འདི་གསུངས་སོ། །ད་ནི་ཁྲོ་བོ་རྣམས་ཀྱི་རང་བཞིན་གྱི་དོན་ཐུགས་ཀ་ནས་ཕྱུང་བའི་དོན་དེ། མི་ཆོད་པ། མི་ཤིགས་པ་བདེན་པ་ཞེས་པས་གཤིན་རྗེ་གཤེད་སྟོན་ཏེ། གཟུང་བའི་ཡུལ་མ་གྲུབ་པས་མཚན་མ་ཐམས་ཅད་འཇོམས་པས་ཐོ་བ་བསྣམས་པའོ། །རྩ་བའི་སྙིང་པོ་ མ་ཐ་ལས་བསྐྱེད་པས་མ་ཐ་ཞེས་བྱའོ། །དེ་བདག་གིས་བསྒོམས་ན་དངོས་གྲུབ་ཐོབ་སྟེ། དངོས་གྲུབ་དེ་བདུད་ཀྱིས་བར་དུ་མི་ཆོད་པས་ནི་མི་ཆོད་པ་ཞེས་བྱའོ། །སྐུ་གསུང་ཐུགས་མཚན་མའི་རྣམ་རྟོག་གིས་མི་ཤིགས་པས་ན། མི་ཤིགས་པ་ཞེས་བྱའོ། །བདེན་པ་ཞེས་པ་ནི་ གསུང་གི་ངོ་བོ་བདེན་པ་དང་ལྡན་པས་ན་བདེན་པ་ཞེས་བྱ་བས་ཧཱུཾ་ཀ་ར་སྟོན་ཏེ། སྐུ་གསུང་ཐུགས་མི་འགྱུར་བས་ན་བདེན་པ་སྟེ་རྩ་བའི་སྔགས་མ་ཐ་མ་ཐ་ཞེས་པའོ། །སྲ་བ་བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་པས། རྣམ་པར་རྒྱལ་བའི་དོན་སྟོན་ཏེ། ཉོན་མོངས་པ་དང་ འཁོར་བ་ལས་རྒྱལ་བའི་ཕྱིར་ན་ཡེ་ཤེས་ཀྱི་འཁོར་ལོ་བསྣམས་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་སྲ་བས་ན་སྲ་བ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་མི་འགྱུར་བས་ན་བརྟེན་པ་ཞེས་བྱའོ། །ཐུགས་རྡོ་རྗེ་དང་བརྩོན་འགྲུས་ཅི་ལ་ཡང་ཐོགས་པ་མེད་པས་ན་ཐོགས་པ་མེད་པའོ། །རྩ་བའི་ཡིག་ འབྲུ་དྷུ་ན་ལས་བསྐྱེད་པས་ན་དྷུ་ན་དྷུ་ན་བཛྲ་ཞེས་བྱ་སྟེ་བདུད་ཀྱིས་གླགས་མི་རྙེད་པས་ན་སྲ་བ་བརྟན་པའི་དངོས་གྲུབ་ཐོབ་ལ། ཐམས་ཅད་དུ་ཐོགས་པ་མེད་པས་ན་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པའོ། །ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ ཅན་ཐམས་ཅད་འཇིལ་བར་བྱེད་པ་ནི་ད་ཧ་ད་ཧ་བཛྲ་ཞེས་པས་རྟ་མགྲིན་སྟོན་ཏེ། ཁམས་གསུམ་སེམས་ཅན་ཐམས་ཅད་བདུད་དང་དྲེགས་པ་ཐམས་ཅད་ལས་རྒྱལ་བས་ན། བདུད་ལ་སོགས་པ་སྐྲག་པར་བྱེད་པའོ། །འདོད་ཆགས་ལ་སོགས་པ་འཇིལ་བར་བྱེད་པས་ན་འཇིལ་བར་བྱེད་ པ་དང་། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ན་པདྨ་བསྣམས་པའོ། །རྩ་བའི་སྙིང་པོ་ད་ཧ་ལས་བསྐྱེད་པས་ན། ད་ཧ་ད་ཧ་བཛྲ་ཞེས་པའོ། །དེས་ནི་ཧ་ཡ་གྲྀ་བའི་དོན་ནོ། །རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་ འཇོམས་པར་བྱེད་པ་ཞེས་པས་བདུད་རྩི་འཁྱིལ་པའི་དོན་བསྟན་ཏེ། ཕས་ཀྱི་དམོད་མོ་རྣམས་དང་། གཞན་གྱི་གནོད་པ་ཐམས་ཅད་ནི་ཡེ་ཤེས་ཀྱི་རང་བཞིན་གྱིས་གཅོད་པ་དང་། གནོན་པ་དང་འཇོམས་པས་ན་འཇོམས་པའོ། །རྩ་བའི་ཡི་གེ་པ་ཙ་ལས་བསྐྱེད་པས་ན། པ་ཙ་པ་ཙ་ བཛྲ་ཞེས་པའོ། །རྫས་དང་ཡོ་བྱད་དང་ཆོ་ག་ཚང་བར་བྱས་ན་དམོད་མོའི་བྱེ་བྲག་ཐམས་ཅད་ཐར་བར་འགྱུར་རོ། །དེས་ནི་བདུད་རྩི་འཁྱིལ་པའི་དོན་ནོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ ཞེས་པ་ནི་སྟོབས་པོ་ཆེའི་དོན་སྟོན་ཏེ། ཐུགས་རྗེ་ཆེན་པོའི་བྱེ་བྲག་གིས་ཕྱིར་རྒོལ་བ་ཐམས་ཅད་འཇིག་པར་བྱེད་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གདོན་ཐམས་ཅད་མི་གནས་ཤིང་རླག་པར་བྱེད་པས་ན་རླག་པར་བྱེད་པའོ། །ཚེ་དང་དབང་ཐང་འཕྲོག་པ་ཐམས་ཅད་ལས་ཐར་བར་མཛད་པས་ན། གདོན་ ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་བྱའོ། །རྩ་བའི་ཡི་གེ་དྷ་ར་ལས་བསྐྱེད་པས་ན་དྷ་ར་དྷ་ར་བཛྲ་ཞེས་པའོ། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། །རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་པ་ནི། གཞན་གྱིས་མི་ཐུབ་པའི་དོན་སྟོན་ཏེ། ཐབས་མཁས་པའི་ ཐུགས་རྗེས་འབྱུང་པོའི་རིགས་ཐམས་ཅད་དབང་དུ་བསྡུས་ན་འཁོར་བས་ན་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པའོ། །ཐུགས་རྗེ་ཆེན་པོ་ལ་མངའ་བརྙེས་ཤིང་ལེགས་པ་ཐམས་ཅད་བྱེད་དུ་འཇུག་པ་ཞེས་གཞན་ལ་སྟོན་པ་དང་། ཉམས་སུ་ལེན་དུ་འཇུག་ པས་ན་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་བྱའོ། །རྩ་བའི་ཡི་གེ་དཱ་ར་ཡ་ལས་བསྐྱེད་དེ་དཱ་ར་ཡ་དཱ་ར་ཡ་བཛྲ་ཞེས་པས་གཞན་གྱིས་མི་ཐུབ་པའི་དོན་བསྟན་པའོ། །མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་འདོད་པ་ཐམས་ཅད་རབ་ ཏུ་སྦྱིན་པ་ཞེས་པས་ནི་མི་གཡོ་མགོན་པོའི་དོན་སྟོན་ཏེ་ཐུགས་ཡང་དག་པས་དངོས་གྲུབ་མ་གྲུབ་པ་རྣམས་གྲུབ་པར་བྱེད་པས་ན་གྲུབ་པར་བྱེད་པའོ། །གྲུབ་པ་རྣམས་བདུད་ཀྱི་དབང་དུ་མི་འགྱུར་བར་འགྲུབ་པས་ན། གྲུབ་པ་རྣམས་ཆུད་མི་ཟ་བའོ། །འདོད་པ་ཐམས་ཅད་སྐོང་བས་ན་འདོད་ པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །རྩ་བའི་ཡི་གེ་དཱ་རུ་ཎ་ལས་བསྐྱེད་པས་ན། དཱ་རུ་ཎ་དཱ་རུ་ཎ་བཛྲ་ཞེས་པའོ། །སེམས་ཅན་ཐམས་ཅད་སྲུང་བ་ཞེས་པས་ནི་དབྱུག་པ་སྔོན་པོའི་དོན་སྟོན་ཏེ། ཐབས་མཁས་པའི་ཐུགས་རྗེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ སྡུག་བསྔལ་ལས་ཕན་གདགས་པས་ན། སེམས་ཅན་ཐམས་ཅད་སྲུང་བའོ། །རྩ་བའི་ཡི་གེ་ཙྪིནྡ་ལས་བསྐྱེད་པས་ན་ཙྪིནྡ་ཙྪིནྡ་བཛྲ། ཞེས་པའོ། །ཞི་བ་རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་པས། ཧ་ར་ཧ་ར་བཛྲ་ཞེས་པས་དབུས་ཀྱི་གཙོ་བོའི་དོན་ སྟོན་ཏེ། རྡོ་རྗེ་རྣམ་འཇོམས་དེས་ཕྱིན་ཅི་ལོག་གི་ཉོན་མོངས་པ་ཐམས་ཅད་ཞི་བར་མཛད་པས་ཡོན་ཏན་གྱི་ཚོགས་ཐམས་ཅད་རྒྱས་པར་བྱེད་པས་བདུད་དྲེགས་པ་ཅན་ཐམས་ཅད་རེངས་པར་བྱེད་པའོ། །རྩ་བའི་སྙིང་པོ་ཧ་ར་ཧ་ར་བཛྲ་ཞེས་པའོ། །སེམས་ཅན་ཐམས་ཅད་རྨུགས་པར་ བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་པས་ནི་ཐུགས་ཡེ་ཤེས་བཞིའི་ངོ་བོ་ལས་སྒོ་བ་བཞིར་སྤྲུལ་ནས་བདུད་དྲེགས་པ་ཅན་གླགས་ཚོལ་བ་རྣམས་རྨུགས་པར་བྱས་ཏེ། ཞི་བར་བྱས་པའི་དོན་ཏེ་སྒོ་བཞིའི་དོན་བསྟན་པའོ། །སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ཞེས་ པའི་གོང་དུ་ཁྲོ་བོ་རྣམས་ཀྱི་རང་བཞིན་བསྟན་པ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ལག་ན་རྡོ་རྗེ་ལ་མཐུ་སྟོབས་ཀྱི་བདག་པོར་བྱིན་གྱིས་བརླབས་ནས། ལག་ཏུ་ཡེ་ཤེས་ཀྱི་རྟགས་རྡོ་རྗེ་བྱིན་ཏེ་མིང་གི་དབང་བསྐུར་ནས་སྲིད་པ་གསུམ་གྱི་མཐུ་ཅན་དུ་བྱིན་གྱིས་ བརླབས་པའོ། །དེས་ནི་ཁྲོ་བོ་བཅུའི་སྔགས་ཀྱི་དོན་བཤད་དོ། །རབ་ཏུ་སྨྲས་སོ་ཞེས་པ་ནི་འདི་ནས་མར་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཕྲིན་ལས་ཀྱི་དོན་བསྟན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏོ། །ན་མཤྩཎ་ཌ་བཛྲ་པཱ་ཎ་ཡེ་ ཞེས་པ་ནི་རྡོ་རྗེ་རིན་ཆེན་གྱི་ངོ་བོ་ཕྱག་ན་རྡོ་རྗེའི་ཡང་དག་པའི་སྙིང་པོའོ། །མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཞེས་པ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏོ། །ཏདྱ་ཐཱ་ཞེས་པའི་དོན་ནི་འདི་ལྟ་སྟེ་ཞེས་པའི་དོན་ནོ། །ཨོཾ་ཏྲ་ཊ་ཏྲ་ཊ་ཞེས་པ་ ནི་ཡེ་ཤེས་ཀྱི་ལྷའི་ངོ་བོ་ཡིན་པས་ཉོན་མོངས་པ་ཐམས་ཅད་སོད་སོད་ཅེས་པའོ། །ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཞེས་པ་ནི་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས་རབ་ཏུ་སོད་སོད་ཅེས་པའོ། །སྥུ་ཊ་སྥུ་ཊ་ཞེས་པ་ནི་བདག་གི་བགེགས་ཐམས་ཅད་ཟུང་ལ་ཡེ་ཤེས་ཀྱི་མེས་སྲེགས་སྲེགས་ཞེས་པའོ། །སྥོ་ཊ་ ཡ་སྥོ་་ཊ་ཡ་ཞེས་པ་ནི་ཡེ་ཤེས་ཀྱི་ཐོ་བས་རྡུངས་ཤིག་རྡུངས་ཤིག་ཅེས་པའོ། །གྷུརྞ་གྷུརྞ་ཞེས་པ་ནི་ཐུགས་རྗེའི་ལྕགས་ཀྱུའི་ཟུང་ལ་བསྐྱོད་ཅིག་བསྐྱོད་ཅིག་ཅེས་པའོ། །གྷུརྞྞ་པ་ཡ་གྷུརྞྞ་པ་ཡ་ཞེས་པ་ནི་ལེགས་པར་སྐྲོད་ལེགས་པར་སྐྲོད་ཅེས་པའོ། །སརྦ་སཏྭཱ་ནི་ཞེས་པ་ནི་སེམས་ ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཤིག་ཅེས་པའོ། །བོ་དྷ་བོ་དྷ་ཞེས་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་ཅེས་པའོ། །སཾ་བོ་དྷ་ཡ་སཾ་བོ་དྷ་ཡ་ཞེས་པ་ནི་འགྲོ་བ་ཐམས་ཅད་ཁོངས་སུ་ཆུད་པར་མཛོད་ཅིག་ཅེས་པའོ། །བྷྲ་མ་བྷྲ་མ་ཞེས་ པ་ནི་བྱང་ཆུབ་སེམས་དང་མི་ལྡན་པའི་བགེགས་ཐམས་ཅད་སོད་ཅིག་ཅེས་པའོ། །སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ཞེས་པ་ནི་ཕྱིན་ཅི་ལོག་གི་ཉོན་མོངས་པ་ཐམས་ཅད་ཐུགས་རྗེས་ལེགས་པར་སོད་ཅིག་ཅེས་པའོ། །སརྦ་བྷཱུ་ཏ་ནི་ཞེས་པ་ནི་གདོན་དང་འབྱུང་པོ་ཐམས་ཅད་གཏུབས་ལ་ཐུགས་ ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག་ཅེས་པའོ། །ཀུ་ཊ་ཀུ་ཊ་ཞེས་པ་ནི་བདག་ལ་གནོད་པའི་གདོན་ཐམས་ཅད་རྡུངས་ཤིག་ཅེས་པའོ། །སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་ཞེས་པ་ནི་འཇིག་རྟེན་ན་གནོད་པ་བྱེད་པ་ཐམས་ཅད་བྱམས་པའི་ཐུགས་རྗེས་རྡུངས་ཤིག་ཅེས་ པའོ། །སརྦ་ཤ་ཏྲཱུཾ་ནཱཾ་ཞེས་པ་ནི་བདག་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱིས་སྲེགས་ཤིག་ཅེས་པའོ། །གྷ་ཊ་གྷ་ཊ་ཞེས་པ་ནི་བགེགས་ཐམས་ཅད་ཐུགས་རྗེས་སོད་ཅིག་ཅེས་པའོ། །སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ཞེས་པ་ནི་ལེགས་པར་སོད་ཅིག་ ཅེས་པའོ། །སརྦ་བིདྱཱ་བཛྲ་བཛྲ་ཞེས་པ་ནི། རིག་སྔགས་ཀྱི་མཐུ་གང་ལ་བྱ་བ་ཐམས་ཅད་རྡོ་རྗེ་འབར་བས་འགྲུབ་པར་གྱིས་ཤིག་པའོ། །སྥོ་ཊ་ཡ་བཛྲ་བཛྲ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཉོན་མོངས་པ་ཐམས་ཅད་སོད་ཅིག་ཅེས་པའོ། །ཀ་ཊ་བཛྲ་བཛྲ་ཞེས་པ་ནི་ཡེ་ཤེས་གྲུབ་པའི་རྡོ་རྗེ་ འབར་བས་ཉོན་མོངས་པ་ཐམས་ཅད་ཆོད་ཅིག་ཅེས་པའོ། །མ་ཊ་བཛྲ་བཛྲ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེས་བདག་གི་གདུག་པ་ཐམས་ཅད་གཏུབས་ཤིག་ཅེས་པའོ། །མ་ཐ་བཛྲ་བཛྲ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རྡོ་རྗེས་བགེགས་ཐམས་ཅད་ཐུལ་ཅིག་ཅེས་པའོ། ། ཨཊྟ་ཧཱ་ས་ནཱི་ལ་ཡ་བཛྲ་ཞེས་པ་ནི་རྡོ་རྗེ་རྣོན་པོ་མེ་དང་འདྲ་བས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཆོད་ཅིག་དྲོལ་ཅིག་ཅེས་པའོ། །སུ་བཛྲ་བཛྲ་སྭཱཧཱ་ཞེས་པ་ནི་ཐུགས་ཡང་དག་པར་མཁྱེན་པའི་རྡོ་རྗེས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལེགས་པར་སྤྱོད་ཅིག་ཅེས་པའོ། །དེ་ཡན་ ཆད་ཀྱིས་ཕྱག་ན་རྡོ་རྗེའི་ཕྲིན་ལས་ཀྱི་དོན་བཤད་ནས་ད་ནི་ཁྲོ་བོ་རྣམས་ཀྱི་ཕྲིན་ལས་ཀྱི་དོན་སྟོན་ཏེ། ཧེ་ཕུལླུ་ནི་རུ་ཕུལླུ་ཞེས་པ་ནི། རྡོ་རྗེ་འབར་བ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་ཐུགས་རྗེ་འབར་བས་ཆོད་ཅིག་ཅེས་པའོ། །གྲྀཧྞ་ཀུལླུ་ཞེས་པ་ནི་ཁམས་གསུམ་གྱི་སེམས་ ཅན་ཐམས་ཅད་ཀྱི་གཤིན་རྗེའི་སྡུག་བསྔལ་ཐམས་ཅད་ཆོམས་ཤིག་ཅེས་པའོ། །མི་ལི་ཙུལླུ་ཀུ་རུ་ཀུ་ལུ་ཞེས་པ་ནི་དཔལ་རྟ་མགྲིན་སྔོན་པོ་འབར་བས་སྡུག་བསྔལ་ཐམས་ཅད་སྦྱོང་ཤིག་ཅེས་པའོ། །བཛྲ་བི་ཛ་ཡ་སྭཱ་ཧཱ་ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་ཉོན་མོངས་པ་ཐམས་ ཅད་བདུད་རྩིར་བྱིན་གྱིས་རློབས་ཤིག་ཅེས་པའོ། །ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ་ཞེས་པ་ནི་ཁྲོ་བོ་སྟོབས་པོ་ཆེའི་དྲག་ཤུལ་གྱིས་མཛོད་ཅིག་ཅེས་པའོ། །ཀ་ཊ་ཀ་ཊ་ཞེས་པ་ནི་ཁྲོ་བོ་རྒྱལ་པོས་བདུད་ཐམས་ཅད་སྤ་བཀོངས་ཤིག་ཅེས་པའོ། །མ་ཊ་མ་ཊ་ཞེས་པ་ནི་ཁྲོ་བོ་ཧཱུཾ་ཀ་རས་ཉོན་མོངས་པ་ཐམས་ ཅད་ལས་སྐྱོབས་ཤིག་ཅེས་པའོ། །ར་ཊ་ར་ཊ་ཞེས་པ་ནི་ཁྲོ་བོ་པདྨ་འཁྱིལ་པས་ཉོན་མོངས་པ་ཐམས་ཅད་ཞི་བར་མཛོད་ཅིག་ཅེས་པའོ། །མོ་ཊ་མོ་ཊ་པྲ་མོ་ཊ་ཎ་ཡ་སྭཱཧཱ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་གཤིན་རྗེ་རྟོགས་ཤིག་ཅེས་པའོ། །ཙ་ར་ནི་ཙ་ར་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ནཱི་ལ་ དཎྜས་བདག་དང་སེམས་ཅན་ཐམས་ཅད་ལ་ཚེ་དང་དབང་སྩོལ་ཅིག་ཅེས་པའོ། །ཧ་ར་ཧ་ར་ཞེས་པ་ནི་ཡེ་ཤེས་ཀྱི་གཤོག་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ཤིག་ཅེས་པའོ། །ས་ར་ས་ར་མཱ་ར་ཡ་མཱ་ར་ཡ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེས་ཉོན་མོངས་པ་རྣམས་སོད་ལ་རྡུལ་དུ་རློག་ ཅིག་ཅེས་པའོ། །བཛྲ་བི་དཱ་ར་ཎ་ཡ་སྭཱཧཱ་ཞེས་པས་རྡོ་རྗེ་རྣམ་པར་འཇོམས་པས་སེམས་ཅན་ཐམས་ཅད་ཀྱི་ལས་མཛོད་ཅིག་ཅེས་པའོ། །ཙྪིནྡ་ཙྪིནྡ་ཞེས་པ་ནི། རྟ་མགྲིན་གྱིས་ཉོན་མོངས་པ་ཐམས་ཅད་ཚར་ཆོད་ཅིག་ཅེས་པའོ། །བྷིནྡ་བྷིནྡ་ཞེས་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་བ་ ཞི་བར་གྱིས་ཤིག་ཅེས་པའོ། །མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཞེས་པ་ནི་ཁྲོ་བོ་སྟོབས་པོ་ཆེས་ཉོན་མོངས་པ་ཐམས་ཅད་ཞི་བར་མཛོད་ཅིག་ཅེས་པའོ། །བན་དྷ་བན་དྷ་ཞེས་པ་ནི་ཁྲོ་བོ་ཊཀྐི་རཱ་ཛས་གདུག་པ་ཅན་གྱི་བདུད་ཐམས་ཅད་ཟུང་ལ་ཆོམས་ཤིག་ཅེས་པའོ། །ཀྲོ་དྷ་ཀྲོ་དྷ་ཞེས་པ་ནི་ ཁྲོ་བོ་རྣམས་ཀྱིས་ཉོན་མོངས་པ་རྣམས་ལ་རོལ་ཅིག་ཅེས་པའོ། །ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་གདུག་པ་རྣམས་ཞི་བར་མཛོད་ཅིག་ཅེས་པའོ། །ཙུ་རུ་ཙུ་རུ་ཞེས་པ་ནི་ཁྲོ་བོ་ཨ་མོ་གྷ་པཱ་ཤས་ཕྲིན་ལས་མཛོད་ཅིག་ཅེས་པའོ། ཙཎྜ་ལི་ཞེས་པ་ནི་ཁྲོ་བོ་རྒྱལ་ པོ་ཚུར་སྤྱོན་དམ་ཚིག་ལ་དགོངས་ཤིག་ཅེས་པའོ། །ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཐུགས་ཚད་མེད་པའི་གསུང་སྒྲས་ཐམས་ཅད་བྱང་ཆུབ་སེམས་སུ་ཞི་བར་མཛོད་ཅིག་ཅེས་པའོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་ཞེས་པ་ནི་ཁྲོ་བོ་མ་ཧཱ་བ་ལས་བགེགས་ཐམས་ཅད་ སྐྲོད་ཅིག་ཅེས་པའོ། །བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཐམས་ཅད་ཞི་བར་མཛོད་ཅིག་ཅེས་པའོ། །ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་འབར་བའི་སྒོ་བ་བཞིས་བགེགས་ཐམས་ཅད་སྲེགས་ཤིག་ཅེས་པའོ། །པྲ་ཧ་ར་པྲ་ཧ་ར་ ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་མཚན་མའི་རྟོག་པ་ཐམས་ཅད་ཞི་བར་མཛོད་ཅིག་ཅེས་པའོ། །བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འབར་བས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཞི་བར་མཛོད་ཅིག་ཅེས་པའོ། །དེ་ཡན་ཆད་ཀྱིས་ནི་ཁྲོ་བོ་རྣམས་ཀྱི་ ཕྲིན་ལས་ཀྱི་དོན་བཤད་དོ། །ད་ནི་ཁྲོ་བོ་རྣམས་ཀྱི་བསྲུང་བའི་དོན་སྟོན་ཏེ། མ་ཏི་སྠི་ར་བཛྲ་ཞེས་པ་ནི་བློ་བརྟན་པའི་རྡོ་རྗེས་བྱང་ཆུབ་སེམས་ཀྱི་རང་བཞིན་དང་ལྡན་པར་གྱིས་ཤིག་ཅེས་པའོ། །སུ་ཏི་སྠི་ར་བཛྲ་ཞེས་པ་ནི་ཤིན་ཏུ་བརྟན་པའི་རྡོ་རྗེས་ལེགས་པའི་ཡོན་ཏན་དང་ལྡན་པར་གྱུར་ ཅིག་ཅེས་པའོ། །པྲ་ཏིསྠི་ར་བཛྲ་ཞེས་པ་ནི་སོ་སོར་བརྟན་པའི་རྡོ་རྗེས་བདག་གི་ལུས་བརྟེན་པར་མཛོད་ཅིག་ཅེས་པའོ། །མ་ཧཱ་བཛྲ་ཞེས་པ་ནི་ཆེན་པོ་རྡོ་རྗེས་བདུད་ལས་རྒྱལ་བར་མཛོད་ཅིག་ཅེས་པའོ། །ཨ་པྲ་ཏི་ཧ་ཏ་བཛྲ་ཞེས་པ་ནི་རབ་ཏུ་བརྟན་པའི་རྡོ་རྗེས་བདག་ལ་ཡེ་ཤེས་ཀྱི་ མཚོན་ཆ་གསོལ་ཅིག་ཅེས་པའོ། །ཨ་མོ་གྷ་བཛྲ་ཞེས་པ་ནི་དོན་ཡོད་པའི་རྡོ་རྗེས་གཞན་ཐམས་ཅད་འཇོམས་པའོ་ཞེས་པའོ། །ཨེ་ཧྱ་ཧི་བཛྲ་ཞེས་པ་ནི་བདེན་པའི་རྡོ་རྗེས་བདག་འཁོར་བ་ལས་དྲོངས་ཤིག་ཅེས་པའོ། །ཤཱི་གྷཾ་བཛྲཱ་ཡ་སྭཱཧཱ་ཞེས་པ་ནི་དཔའ་བར་འགྲོ་བའི་རྡོ་རྗེས་ རིངས་པར་བདག་གི་ལས་འགྲུབ་པར་མཛོད་ཅིག་ཅེས་པའོ། །དྷ་ར་དྷ་ར་ཞེས་པ་ནི་སྒོ་བཞིའི་སྲུང་བ་བསྟན་ཏེ། བྱང་ཆུབ་སེམས་ཀྱི་རང་བཞིན་ཐམས་ཅད་ཁྱེར་ལ་གཟུངས་སུ་གྱིས་ཞེས་པའོ། །དྷི་རི་དྷི་རི་ཞེས་པ་ནི་དབྱིངས་ཀྱི་རང་བཞིན་ཆོས་ཉིད་དང་ལྡན་པར་གྱིས་ཤིག་ཅེས་ པའོ། །དྷུ་རུ་དྷུ་རུ་ཞེས་པ་ནི་ལུས་ཐམས་ཅད་ཐུགས་རྗེས་ཟུངས་ལ་ཐོགས་ཤིག་ཅེས་པའོ། །སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱཧཱ། ཞེས་པ་ནི་རྡོ་རྗེ་འཁོར་ལོ་དང་བཅས་པས་བདག་ལ་བྱིན་གྱིས་རློབས་ཤིག་ཅེས་པའོ། །ཨ་མུ་ཀཾ་མཱ་ཡ་ཕཊ་ཅེས་པ་ནི་བདག་དུས་མ་ཡིན་པའི་འཇིགས་ པ་ལས་བཟློག་ལ་བདུད་ཐམས་ཅད་ཆོམས་ཤིག་ཅེས་པའོ། །དེ་ཡན་ཆད་ཁྲོ་བོ་བཅུའི་སྲུང་བའི་དོན་བཤད་དོ། །ད་ནི་ཁྲོ་བོའི་དབང་གི་དོན་སྟོན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ་ཞེས་པ་ནི་ཀུན་དུ་བཟང་པོའི་ཡེ་ཤེས་རྡོ་རྗེས་རང་བཞིན་གྱིས་དབང་བསྐུར་ཅིག་ཅེས་པའོ། །སརྦ་བ་ལཾ་ཨཱ་བརྟ་ཡ་ ཞེས་པ་ནི་སྟོབས་པོ་ཆེས་དབང་བསྐུར་ཅིག་ཅེས་པའོ། །མ་ཧཱ་བ་ལེ་ཞེས་པ་ནི་སྟོབས་པོ་ཆེས་མགྱོགས་པ་རླུང་དང་འདྲ་བར་དབང་བསྐུར་ཅིག་ཅེས་པའོ། །ཀ་ཏ་བེ་ཏ་ཏ་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་མཆེ་བས་ཉོན་མོངས་པའི་བདུད་ཐུལ་ཅིག་ཅེས་པའོ། །ཨ་ཙ་ལེ་ཞེས་པ་ནི་ཁམས་གསུམ་རྣམ་ རྒྱལ་གྱི་སྤྲུལ་པས་དབང་བསྐུར་ལ་སྐྱོབས་ཤིག་ཅེས་པའོ། །མཎྜ་ལ་མ་ཡེ་ཞེས་པ་ནི་དཀྱིལ་འཁོར་གྱི་ཕྱིའི་སྲུང་མ་རྣམས་ཀྱིས་སྤྲུལ་པའི་ངོ་བོ་ཉིད་ཀྱི་ཆེ་བ་སྣ་ཚོགས་སུ་སྣང་བའོ། །ཨ་ཏི་བཛྲ་ཞེས་པ་ནི་རྡོ་རྗེ་བཟང་པོས་ཐམས་ཅད་ལ་སྐྱོབས་ཤིག་པའོ། །མ་ཧཱ་བ་ལེ་བེ་ག་ར་ཎ་ར་ཎ་ ཞེས་པ་ནི་སྟོབས་པོ་ཆེས་མགྱོགས་པ་རླུང་དང་འདྲ་བས་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག་པའོ། །ཨ་ཛི་ཏེ་ཛྭ་ལ་ཛྭ་ལ་ཞེས་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་བདུད་དང་ལོག་འདྲེན་རྣམས་སྲེགས་ཤིག་ཅེས་པའོ། །ཏི་ཊི་ཏི་ཊི་པིང་ག་ལེ་ཞེས་པ་ནི་སོ་སོར་འབར་བས་སྡུག་བསྔལ་ ཐམས་ཅད་ལས་སྐྱོབས་ཤིག་པའོ། །ད་ཧ་ད་ཧ་ཞེས་པ་ནི་བདག་གི་ཉོན་མོངས་པ་རྣམས་སྲེགས་ཤིག་པའོ། །ཏེ་ཛོ་བ་ཏི་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་གཏི་མུག་པ་རྣམས་སོལ་ཅིག་པའོ། །ཏི་ལི་ཏི་ལི་ཞེས་པ་ནི་བདག་གི་སྡུག་བསྔལ་ཐམས་ཅད་མེད་པར་གྱིས་ཤིག་ པའོ། བྷནྡྷ་བྷནྡྷ་ཞེས་པ་ནི་བགེགས་དང་འབྱུང་པོ་ཐམས་ཅད་ཆིངས་ཤིག་པའོ། །མ་ཧཱ་བ་ལེ་ཞེས་པ་ནི་སྟོབས་པོ་ཆེས་ལས་མཛོད་ཅིག་པའོ། །བཛྲ་ཨཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་འཁོར་ལོ་མེ་དང་འདྲ་བས་མཚན་མ་ཐམས་ཅད་ཞི་བར་མཛོད་ཅིག་པའོ། །དེ་ཡན་ཆད་ ཁྲོ་བོ་བཅུའི་རང་གི་ལས་བཤད་པའོ། །ད་ནི་ཡེ་ཤེས་ཀྱི་ཁྲོ་བོ་ལག་ན་རྡོ་རྗེའི་རང་བཞིན་སྟོན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་པའོ། །ན་མཿཙནྜ་བཛྲ་པཱ་ཎ་ཡེ་ཞེས་པ་ཁམས་གསུམ་གྱི་གནོད་སྦྱིན་རྣམས་གདུལ་བའི་ཕྱིར་ལག་ན་ རྡོ་རྗེ་ཁྲོ་བོའི་ཚུལ་དུ་བཞུགས་པའོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཞེས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའོ། །ཏདྱ་ཐཱ་ནི་འདི་ལྟ་སྟེ་ཞེས་པའོ། །ཨོཾ་ཧ་ར་ཧ་ར་བཛྲ་ཞེས་པ་ནི་ཡེ་ཤེས་ཀྱི་ལག་ན་རྡོ་རྗེ་དབུས་སུ་བཞུགས་ཏེ། མ་ཐ་མ་ཐ་བཛྲ་ཞེས་པ་ནི་ཧཱུཾ་ཀ་ར་གཤིན་རྗེ་གཤེད་དུ་བསྟན་པའོ། །དྷུ་ན་དྷུ་ན་བཛྲ་ཞེས་པ་ནི་མཚན་མ་ཐམས་ཅད་འཇོམས་པས་ན། ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོའོ། །ད་ཧ་ད་ཧ་བཛྲ་ཞེས་པ་ནི་རྟ་མགྲིན་གྱི་སྙིང་པོའོ། །པ་ཙ་པ་ཙ་བཛྲ་ཞེས་པ་ནི་བདུད་རྩི་འཁྱིལ་ པའི་སྙིང་པོའོ། །དྷ་ར་དྷ་ར་བཛྲ་ཞེས་པ་ནི་སྟོབས་པོ་ཆེའི་སྙིང་པོའོ། །དཱ་ར་ཡ་དཱ་ར་ཡ་བཛྲ་ཞེས་པ་ནི་གཞན་གྱིས་མི་ཐུབ་པའི་སྙིང་པོའོ། །དཱ་རུ་ཎ་དཱ་རུ་ཎ་བཛྲ་ཞེས་པ་ནི་མི་གཡོ་མགོན་པོའི་སྙིང་པོའོ། །ཙྪིནྡ་ཙྪིནྡ་བཛྲ་ཞེས་པ་ནི་དབྱུག་པ་སྔོན་པོའི་སྙིང་པོའོ། །བྷིནྡ་བྷིནྡ་ བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་པདྨ་འཁྱིལ་པའི་སྙིང་པོའོ། །དེ་ཡན་ཆད་ཁྲོ་བོའི་རང་བཞིན་བཤད་དོ།། །།ན་མ་ཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧཱུཾ་ཞེས་པ་ནི་ཕྱག་འཚལ་བའི་དོན་ཏོ། །ད་ནི་སྒོ་བ་བཞིའི་དོན་སྟོན་ཏེ། ཧུ་ལུ་ཧུ་ལུ་ཞེས་པ་ནི་ཤར་གྱི་སྒོ་བས་བགེགས་དང་འབྱུང་པོ་ཐམས་ ཅད་ཚུར་དྲོངས་ཤིག་པའོ། །ཏིཥྛ་ཏིཥྛ་ཞེས་པ་ནི་ལྷོའི་སྒོ་བས་ཆིངས་ཤིག་ཆིངས་ཤིག་པའོ། །བནྡྷ་བནྡྷ་ཞེས་པ་ནི་ནུབ་ཀྱི་སྒོ་བས་བགེགས་དང་ལོག་འདྲེན་རྣམས་ཆོམས་ཤིག་ཆོམས་ཤིག་པའོ། །ཧ་ན་ཧ་ན་ཞེས་པ་ནི་བྱང་གི་སྒོ་བས་རྟོགས་ཤིག་རྟོགས་ཤིག་པའོ། །ཨ་མྲྀ་ཏེ་ཧཱུཾ་ ཕཊ་ཅེས་པ་ནི་བདུད་རྩི་འཁྱིལ་པའི་སྔགས་ཏེ། གང་གི་སྔགས་ཐམས་ཅད་ཀྱི་ལྷག་ཆད་སྐོང་བའོ། །དེར་ཁྲོ་བོ་རྣམས་ཀྱི་དོན་བཤད་ནས། །ད་ནི་ཡོན་ཏན་གྱི་རྣམ་གྲངས་ཀྱི་སྒོ་ནས་བྱེ་བྲག་འཆད་དེ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། ། ཅེས་པ་ནི་རྒྱུད་འདིའི་དོན་ལ་ཞུགས་ཏེ་དཀྱིལ་འཁོར་གྱི་ཆོ་ག་གཞུང་བཞིན་དུ་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པ་བྱས་ན་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པའི་སྡིག་པ་ལ་སོགས་པ་བྱང་བར་འགྱུར་རོ། །སྡུག་བསྔལ་ཐམས་ཅད་མེད་པར་ བྱེད། །ཅེས་པ་ནི་རྒྱུད་འདི་ཉམས་སུ་བླངས་ཤིང་བསྒྲུབས་ན། ཉོན་མོངས་པའི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའོ། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་པ་ནི་བདེ་བར་གཤེགས་པའི་ཞལ་ནས་གསུངས་པའི་རྒྱུད་ཐམས་ཅད་ཀྱི་རྩ་བ་ ཡིན་པའི་ཕྱིར་རོ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་པ་ནི་དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་ནའོ། །ཀུན་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་དེའི་དོན་རྟོགས་པ་ལས་འབྱུང་བའོ། །དེའི་དོན་ཉམས་སུ་ བླངས་ཤིང་ཕུལ་དུ་ཕྱིན་ན་ལེགས་པར་བརྒྱན་ཞེས་པའོ། །སེམས་ཅན་དབང་པོ་ཉམས་པ་དང་། །ཞེས་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་མི་ནད་དང་ཕྱུགས་ནད་དང་ཚེ་དང་། མདངས་འཕྲོག་པ་ལ་སོགས་པའི་གནོད་པའི་བྱེད་པ་རྣམས་འདིའི་དོན་ཉམས་སུ་བླངས་ན་ བཟློག་པར་འགྱུར་རོ། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཞེས་པ་ནི་ཚེ་ཟད་པ་གསོ་བའི་ཐབས་སྟོན་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྲིན་ལས་བཞི་གཞུང་བཞིན་བྱས་ཏེ་མཆོད་ན་ཚེ་ཉམས་པ་སོས་པར་འགྱུར་རོ། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ཞེས་པ་ནི་མདོག་ཉམས་པ་གསོ་ བའི་ཐབས་སྟོན་ཏེ། ཁམས་གསུམ་གྱི་སེམས་ཅན་བཀྲེས་པ་དང་གྲང་བ་ལ་སོགས་པའི་སྡུག་བསྔལ་གྱིས་བྱང་ཆུབ་ལ་མི་ཆགས་ཏེ། སྡུག་བསྔལ་ལ་ཆགས་པས་དེ་སྦྱང་བའི་ཐབས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ལ་རྒྱས་པའི་ལས་བྱས་ན་བདེ་བ་ཕུན་སུམ་ཚོགས་ པ་དང་ལྡན་ནོ། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །ཞེས་པ་ནི། འཇིག་རྟེན་ལས་འདས་པའི་ལྷ་མི་དགའ་བ་སྟོན་ཏེ། བདེ་བར་གཤེགས་པའི་སྤྱན་སྔར་དབང་དང་དམ་ཚིག་ནོས་ནས་འཇིག་རྟེན་པའི་ལས་དང་མཐུན་པའི་སྤྱོད་པ་བྱས་པས་ལྷ་རྣམས་མི་དགྱེས་ཏེ། དེ་ཞི་བར་བྱ་བའི་ ཐབས་ནི་རང་ཡི་དམ་ལྷར་ཞུགས་ནས་དཀྱིལ་འཁོར་དང་། མཆོད་རྫས་ལ་སོགས་པ་ཐམས་ཅད་མང་པོར་བསྒྱུར་ཏེ། དབང་གི་ལས་བྱས་ན་འགྲུབ་པོ། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །ཞེས་པ་ནི་ལྷ་འཕངས་པའི་སྔ་ལྟས་ཏེ་རང་གི་མཛའ་བ་དང་འཁོར་ལ་སོགས་པ་ཞེ་སྡང་དང་ངན་ སེམས་ལ་སོགས་པ་བྱེད་དེ་དེ་ཞི་བར་བྱ་བའི་ཕྱིར་དྲག་པོའི་ལས་བྱས་ནས་འགྲུབ་བོ། །བྲམ་ཟེ་ལ་སོགས་གཙེས་པ་དང་། །ཞེས་པ་ནི་རྒྱལ་པོ་ལོག་པའི་སྟོབས་ཅན་གྱིས་བྲམ་ཟེ་ལ་གསེག་ཤང་བརྒྱབ་པའི་རྣམ་སྨིན་ལ་བྱ་སྟེ། རང་གིས་བསྒྲུབས་ན་འགྲུབ་པར་འགྱུར་རོ། །ཕན་ ཚུན་མཐུན་པ་མ་ཡིན་དང་། །ཞེས་པ་ནི་མི་མཐུན་པ་སྟོན་ཏེ། །གདོན་འབྱུང་པོས་བྱིན་གྱིས་བརླབས་པས་སེམས་ཅན་ཐམས་ཅད་དགྲ་བྱེད་དེ། ཁྲུས་ཆོག་བྱས་ན་གང་ཡང་འགྲུབ་པོ། །ནོར་འགྲིབ་པས་ནི་གནོད་པ་དང་། །ཞེས་པ་ནི་ནོར་ཡོད་པ་དེ་ཉམས་ཏེ་ཕོངས་པར་གྱུར་ན་རྒྱས་པའི་ལས་ བྱས་ན་ནོར་དང་ལྡན་པར་འགྱུར་རོ། །མྱ་ངན་ངལ་དང་གནོད་པ་དང་། །ཞེས་པ་ནི་མྱ་ངན་གྱི་གནས་སྟོན་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་མྱ་ངན་གྱིས་གཟིར་བ་ལ་ཞི་པའི་ལས་བྱས་ན་འགྲུབ་པར་འགྱུར་རོ། །འཇིགས་པ་དང་ནི་ཕོངས་པ་དང་། ཞེས་པ་ནི་ འཇིགས་ཤིང་ཕོངས་པ་སྟོན་ཏེ། སེམས་ཅན་རྒྱལ་པོའི་ཆད་པས་འཇིགས་པ་དང་། གནམ་ལྕགས་ཀྱི་འཇིགས་པ་དང་། གཅན་གཟན་གྱི་འཇིགས་པ་དང་། མེ་དང་ཆུས་འཇིགས་པ་དང་། སྐར་མདའ་ལྟུང་བས་འཇིགས་པ་དང་། མགོན་སྐྱོབ་མེད་དེ་ཕོངས་པ་ལ་སོགས་པ་ ལ་ཕྲིན་ལས་བཞིའི་ལས་བྱས་ན་འགྲུབ་པའོ། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །ཞེས་པ་ནི་བྱད་སྟེམས་སྟོན་ཏེ། འཇིག་རྟེན་གྱི་གཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་བྱད་སྟེམས་ལ་གཟའ་དང་། རྒྱུ་སྐར་གྱི་ཆོ་ག་བྱས་ན་ཞི་བར་འགྱུར་རོ། །མི་བཟད་གདོན་གྱིས་ ཉེན་པ་དང་། ཞེས་པ་ནི་གདོན་སྟོང་ཕྲག་བརྒྱད་ཅུས་ཉེན་པ་ལ་ཕྲིན་ལས་བཞིའི་ལས་བྱས་ན་འགྲུབ་པར་འགྱུར་རོ། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །ཞེས་པ་ནི་ཉོན་མོངས་པའི་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་ངན་པའི་མྱ་ངན་གྱིས་གདུངས་ པ་འམ། ལུས་སེམས་ན་ཞིང་ཐང་ཆད་པས་འཐིབས་པ་གཉིད་ལོག་པའི་རྨི་ལམ་ན་སྡིག་པའི་བག་ཆགས་རྨིས་ན་ཕྲིན་ལས་བཞིའི་ལས་བྱས་ན་འགྲུབ་པའོ། །དེས་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་པ་ནི་ཆོ་གའི་ཐབས་སྟོན་ཏེ། དཀྱིལ་འཁོར་གྱི་ཆོ་ག་རྫོགས་པར་བྱས་ ལ། སློབ་དཔོན་གྱིས་བདུད་རྩིའི་བུམ་པས་སློབ་མའི་སྤྱི་བོར་དབང་བསྐུར་ཞིང་ཁྲུས་བྱས་ན་མི་གཙང་བ་ལ་སོགས་པ་ཐམས་ཅད་འདག་གོ། །གཙང་མ་ནི་ཉོན་མོངས་པ་མེད་པའོ། །མདོ་སྡེ་དམ་པ་མཉན་པར་བྱ། །ཞེས་པ་ནི་སློབ་མ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། མདོ་སྡེའི་དོན་ ཉན་དུ་བཅུག་ལ་ལྷ་དབོག་བསྒོམ་དུ་གཞུག་པ་བྱའོ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཞེས་པ་ནི། སློབ་དཔོན་གྱིས་སློབ་མ་དེ་ལ་རས་སམ་དར་དཀར་ལ་སོགས་པའི་གོས་གཙང་མ་བསྐོན་ལ་དྲི་ཞིམ་པོའི་མེ་ཏོག་ལ་སོགས་པའི་ རྒྱན་མང་པོས་བརྒྱན་ལ་གཞག་གོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་པ་ནི་ཐེག་པ་ཆེན་པོའི་ཆོས་མཉན་པའི་ཡོན་ཏན་སྟོན་ཏེ། སྐུལ་མ་གདབ་པོ། །མདོ་སྡེའི་རྒྱལ་པོ་འདི་ཀློག་པ་དང་འཛིན་པ་དང་གཞན་ལ་སྟོན་ཅིང་ཉམས་སུ་ལོངས་ཤིག་པ་ བསྟན་ཏོ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །ཞེས་པ་ནི་མདོ་སྡེ་འདི་ཉན་ཅིང་ཉམས་སུ་ལེན་པའི་གཟི་བྱིན་གྱིས་ཉོན་མོངས་པའི་རྣམ་པ་དང་། སྡུག་བསྔལ་གྱི་བྱེ་བྲག་ཐམས་ཅད་ཞི་བར་བྱེད་པའོ། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ ཐམས་ཅད་ཞི་བར་བལྟ། །ཞེས་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་མི་བཟད་པ་རྣམས་དང་། ནད་ཀྱི་རང་བཞིན་རྣམས་ཞི་བར་བྱ་བའི་ཕྱིར་རོ། །དེ་ལྟར་ནད་ཞི་ནས། དེའི་འོག་ཏུ་བདེ་བ་ཐོབ་པའི་རྟགས་སྟོན་ཏེ། ཚེ་དང་བསོད་ནམས་ འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཚེ་ཟད་པའམ་འཆི་བ་ལ་སོགས་པ་བཟློག་པ་སྟེ། མདོ་སྡེ་འདི་མཉན་པའམ་བསམ་པའམ་བསྒོམས་པས་ཚེ་དང་བསོད་ནམས་ཚད་མེད་པ་འཕེལ་བར་འགྱུར་རོ། །དེ་ཡན་ཆད་ ཀྱིས་ཆོ་གའི་ཐབས་དང་ཕན་ཡོན་བཤད་དོ། །ད་ནི་བུམ་པའི་ཆོ་ག་དང་ཆ་རྐྱེན་སྟོན་ཏེ། ནོར་བུ་ཡུངས་ཀར་དཱུར་བ་དང་། །ཞེས་པ་ནི་ནོར་བུ་ནི་མུ་ཏིག་དང་གཟི་མཆོང་དང་བྱི་རུའོ། །ཡུངས་ཀར་ནི་འབྲུ་སྣ་ལྔའི་གཙོ་བོ་སྟེ། ནས་དང་། སོ་བ་དང་། ཏིལ་དང་། མོན་སྲན་ནོ། །དཱུར་བ་ ནི་ཁ་རྒྱན་ནོ། །དེའི་ཁོངས་སུ་བྱ་ཀྲི་སེང་ཀྲི་ཙནྡན་ལ་སོགས་པ་སྟེ་ཤིང་ཡལ་ག་ཅན་ནོ། །རིན་ཆེན་རྨ་མེད་ཙནྡན་བཅས། །ཞེས་པ་ནི་རིན་པོ་ཆེ་ལྔ་དང་། སྙིང་པོ་ལྔ་སྟོན་ཏེ། རིན་ཆེན་ལྔ་ནི་གསེར་དང་། ཤེལ་དང་། ཨིནྡྲ་ནཱི་ལ་དང་བྱི་རུའོ། །རྨ་མེད་པ་ནི་དེ་རྣམས་སྐྱོན་ མེད་པ་ལ་བྱའོ། །ཙནྡན་ནི་གླ་རྩི་དང་གུར་གུམ་དང་། སྤོས་དང་། ཨ་ག་རུ་དང་། ལྔ་ནི་དྲི་ལྔའོ། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། ཞེས་པ་ནི་སྙིང་པོ་སྟེ། མེ་ཤེལ་དང་ཆུ་ཤེལ་དང་། རྩི་ཐོག་གི་སྙིང་པོ་མར་དང་། ཤིང་ཐོག་གི་སྙིང་པོ་བུ་རམ་དང་། མེ་ཏོག་གི་སྙིང་པོ་སྦྲང་རྩི་སྟེ་སྙིང་པོ་ལྔའོ། ། རྡོ་རྗེ་མེ་ཏོག་ནི་བུམ་པའི་གདན་ཏེ། དབྱར་མེ་ཏོག་གི་དཀྱིལ་འཁོར་བྱ། དགུན་ཚོན་སྣ་ལྔའི་དཀྱིལ་འཁོར་བྱ། ཡང་ན་འབྲུ་ལ་བྱའོ། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ཞེས་པ་ནི་བུམ་པའི་རྒྱུ་སྟོན་ཏེ། རྒྱལ་ པོ་ལ་གསེར་གྱི་བུམ་པ། བློན་པོ་ལ་དངུལ་གྱི་བུམ་པ་དག་ཀྱང་ཞེས་པ་མང་པོ་སྟེ། དམངས་ལ་ཟངས་སམ་ས་ལས་བྱ། །གཙང་མའི་གོས་ནི་རས་ཁ་ཚར་མ་ཉམས་པ་ལ་བྱའོ། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་ བཟླས་ནས་ནི། །ཞེས་པ་གྲངས་སྟོན་ཏེ། རྒྱལ་པོ་དང་བློན་པོ་ལ་བརྒྱ་རྩ་བརྒྱད་དོ། །བློན་པོ་ཐ་མའམ་དམངས་ལ་ཉི་ཤུ་རྩ་གཅིག་བཟླས་སོ། །དམངས་ཐ་མ་ལ་བདུན་བཟླས་སོ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པ་ནི་རྒྱལ་པོ་སྟོབས་ཅན་སྙིང་པོ་ལ་བྱའོ། །རྒྱལ་པོ་སྔོན་ལ་ སྨོས་པ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཅན་གྱིས་སྔོན་ལ་བྱས་ན་ཐམས་ཅད་ལ་བདེ་བའི་ཕྱིར་རོ། །འབངས་ནི་རྒྱལ་པོའི་འཁོར་ཡིན་ཏེ་དོན་གྱིས་ཤེས་པར་བྱའོ།། །།རྡོ་རྗེ་རྣམ་པར་འཇོམས་པའི་དོན་རྣམ་པར་ཕྱེ་སྟེ་བཤད་པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བཱི་མ་ལ་མི་ཏྲས་མཛད་པ་ རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་བྱཱ་ཁྱཱ་ན་བྲྀཏྟི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཉིས་ཀ་རྒྱུད་ ཀྱི་མན་ངག་སྙིང་པོའི་དོན། །རྣམ་པར་བཤད་པའི་དོན་འདི་གསལ་བའི་ཕྱིར། །འགྲོ་དོན་རྣམ་པར་མཛད་ལ་ཕྱག་འཚལ་ཏེ། །འདི་ཡི་རྣམ་བཤད་འགྲེལ་པ་བྱ་བར་འདོད། །འདི་དོན་གླེང་གཞི་སྒྲུབ་ཐབས་བཤད་པ་རྣམས། །སྟོན་པའི་རང་བཞིན་འདུལ་དབང་བསྟན་པ་སྟེ། །མདོར་ བསྡུས་དཀྱིལ་འཁོར་སྒྲུབ་ཐབས་ཁྱད་པར་དག །རབ་ཏུ་བསྡུས་ནས་བསྟན་པའི་དགོས་པ་ཡིན། །འདི་བརྩམ་པར་བྱ་བའི་དོན་བཤད་པར་དམ་བཅའ་བ་བསྟན་པ་ནི། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པ། །རྒྱུད་ཀྱི་དོན་བྱུང་སྟོན་པའི་ངོ་བོ་ལ། །སྒོ་གསུམ་དང་བས་བཏུད་ཏེ་ཕྱག་ འཚལ་ཏེ། མདོ་ཡི་རྣམ་བཤད་བདག་གིས་བྱ་བར་འདོད། །ཅེས་སྨོས་པ་ནི་ཐུགས་ཀྱི་རྒྱུད་འདི་གསུངས་པའི་སྟོན་པ་དེ་ལ་བརྩམས་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཕྱག་འཚལ་ཞིང་བསྟོད་ནས་བཤད་པར་དམ་བཅའ་བར་བྱ་བའི་ཕྱིར་སྨོས་པ་དོན་དགྲོལ་བའི་མན་ངག་བསྟན་པའོ། །གོང་ འོག་གི་མཚམས་སྦྱར་བ་ནི། །དེ་ལ་དང་པོར་རྒྱུད་ཀྱི་དོན་ལ་མོས་པ་དང་ཞེས་པ་དང་། གོ་རིམས་ལ་འཇུག་པའི་ཕྱིར་རོ་ཞེས་པས་ནི་ལས་དང་པོ་པ་རྡོ་རྗེ་རྣམ་པར་འཇོམས་པ་ལ་རབ་ཏུ་མོས་པ་རྣམས་ལ་རིགས་པས་ཕུན་སུམ་ཚོགས་པ་ལྔ་དང་། སྟོན་པའི་རང་བཞིན་དཀྱིལ་འཁོར་ དང་། །སྒྲུབ་ཐབས་སུ་བསྟན་པའི་ཐབས་ཀྱི་དོན་གྱི་གོ་རིམས་ཀྱི་ཁྱད་པར་ཤེས་ནས་སྒྲུབ་པའི་ཕྱིར་སྨོས་སོ། །གང་ཡིན་པ་བསྟན་པའི་དགོངས་པ་ནི། །དེ་ལ་དང་པོར་མདོའི་མཚན་གྱི་དོན་ཞེས་པ་ནི་དབང་པོ་རབ་མགོ་སྨོས་པས་གོ་བའི་དབང་དུ་བསྟན་ཏོ། །དེ་ལ་རྡོ་རྗེ་ནི་ཡང་དག་པའི་ ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ་ཞེས་པ་དང་། དངོས་པོ་དང་བྲལ་བའི་དོན་ཏོ་ཞེས་པའི་བར་ནི་དོན་ལས་མཚན་དུ་བཏགས་པས་ན་ཆོས་ཉིད་རྟོགས་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་ཚིག་བླ་དགས་སུ་རྡོ་རྗེ་བསྟན་ལ། དེས་ཕྱི་རོལ་གྱི་མུ་སྟེགས་དང་། ཉན་ཐོས་རྣམས་སྐྱོན་དུ་བསྟན་ནས་ མཐའ་དང་བྲལ་བའི་རྟགས་སོ། །དེ་ནི་མི་མཐུན་པའི་རྣམ་པར་ནི་རྒྱུ་མེད་པ་དང་སྨོས་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏེ། མུ་སྟེགས་རྒྱུ་མེད་པ་དང་། དབང་ཕྱུག་ཆེན་པོ་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དང་། མུ་སྟེགས་རྟག་པར་ལྟ་བ་དང་། ཉན་