Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 69
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
པོ་བྲི་བ་སྟེ་ཞགས་པ་ནི་དེ་ཉིད་ཀྱི་ལམ་གྱི་རང་བཞིན་ནོ། །ཤར་ཕྱོགས་སུ་བྲི་བ་ནི་པུར་བ་ཞེས་པ་སྔོན་གྱི་ཚིག་སྟེ་བསྐལ་པ་འབྱུང་བའི་འོག་ཏུ་ཆུའི་དཀྱིལ་འཁོར་གྱིས་ཐོག་མར་གཞི་བཙུགས་པའི་ཕྱིར་རོ། །ཉི་མ་ཤིང་རྟའི་སྟེང་འདུག་བྲི། །ཞེས་པ་ནི་ཆུའི་རྒྱལ་པོའི་ཤར་ཕྱོགས་སུ་ ཉི་མ་བྲི་སྟེ་ཤིང་རྟ་ནི་ཉི་མའི་བཞོན་པའོ། །ཤར་ཕྱོགས་སུ་བྲི་བ་ནི་སྔོན་གྱི་ཚིག་སྟེ་བསྐལ་པ་འབྱུང་བའི་འོག་ཏུ་འཇིག་རྟེན་པ་རྣམས་ཀྱི་ནང་ན་ཉི་མ་དང་ཟླ་བ་དང་པོར་བྱུང་བའི་ཕྱིར་རོ། །དེ་ཡི་གཡས་དང་གཡོན་དུ་ནི། །རྒྱལ་དང་རྣམ་པར་རྒྱལ་བ་བྲི། །ཞེས་པ་ནི་ཉི་མའི་ཆུང་མ་གཉིས་སོ། །དེའི་གཡས་ སུ་ཚངས་པ་ནི། །གདོང་བཞི་པ་ལ་ཐོར་ཚུགས་ཅན། །ཨོཾ་ཞེས་བྱ་བ་ལྷུར་ལེན་པ། །ངང་པ་པདྨའི་སྟན་འདུག་བྲི། །ཞེས་པ་ནི་དབང་པོའི་གཡས་ལོགས་སུ་ནུབ་ཀྱི་ཕྱོགས་སུ་ཚངས་པ་བྲི་བ་སྟེ། གདོང་བཞི་པ་ནི་རིག་བྱེད་བཞིའི་སོ་སོ་ནས་འབྱུང་བའོ། །ངང་པ་པདྨའི་སྟན་འདུག་བྲི། །ཞེས་པ་ ནི་ཚངས་པའི་བཞོན་པ་ངང་པའི་སྟེ་ངང་པའི་སྟེང་དུ་པདྨོ་གཞག་པ་ལ་འདུག་པར་བྲིའོ། །ཨོཾ་གྱི་སྒྲ་འབྱིན་པའི་ཚུལ་དང་ཕྱག་རྒྱ་ནི་གསང་བའི་དཀྱིལ་འཁོར་དུ་བཤད་པ་དང་སྦྱར་རོ། །དེ་ཡི་ནུབ་ཏུ་བྲི་བ་ནི། །ས་ཡི་ལྷ་དང་དབྱངས་ཅན་དང་། །ཁྱབ་འཇུག་སྐེམ་བྱེད་དེ་བཞིན་རླུང་། །བདེ་བྱེད་དེ་བཞིན་ཟླ་ བ་སྟེ། །ནུབ་ཀྱི་ཕྱོགས་སུ་གནས་ནས་ནི། །རབ་ཏུ་ནན་ཏན་བྱས་ཏེ་བྲི། །ཞེས་པ་ནི་ནུབ་ཕྱོགས་ཀྱི་ངོས་སུ་ཁྱབ་འཇུག་ལ་སོགས་པའི་ལྷ་དེ་དག་ལྷོ་ཕྱོགས་ནས་བརྩམས་ཏེ་རིམ་པ་ཇི་ལྟ་བ་བཞིན་དུ་བྲིའོ། །ནུབ་ཕྱོགས་སུ་བྲི་བ་ནི་སྒོ་ནུབ་ཏུ་བཏོད་པས་སྒོ་གར་བྲི་བ་སྟེ་དབང་པོ་དང་ཁྱབ་འཇུག་ལ་ སོགས་པའི་ལྷ་དེ་རྣམས་འཇིག་རྟེན་ལས་འདས་པའི་ལམ་དུ་འཇུག་པའི་སྒོར་གྱུར་པའི་ཕྱིར་རོ། །དེ་རྣམས་ཀྱང་སྐུ་མི་ཟད་པའི་རྒྱན་དེ་ཉིད་དེ་ལྷ་དེ་དག་འདུལ་བའི་ཕྱིར་དེ་དག་ཉིད་ཀྱི་གཟུགས་སུ་གྱུར་པའོ། །སྐུ་མི་ཟད་རྒྱན་དེ་དབང་པོ་ལ་སོགས་པ་དེ་དག་གི་གཟུགས་སུ་གྱུར་པ་ཡང་ཆ་ལུགས་དེ་དག་ དང་འདྲ་མོད་ཀྱི་དེ་དག་འདུལ་བའི་ཕྱིར་མཐུ་དང་རྫུ་འཕྲུལ་ལ་སོགས་པ་དེ་དག་ལས་ལྷག་པར་ཤེས་པར་བྱའོ། །དེ་བཞིན་དུ་གཤིན་རྗེ་ལ་སོགས་པ་གཞན་ལ་ཡང་སྦྱར་རོ། །བྲིས་ནས་བསྔགས་པས་དེ་ནས་ནི། །ཡིད་ལ་འཁྲུལ་བ་མེད་པ་རུ། །གསང་སྔགས་མགོན་པོའི་འོག་ལོགས་སུ། ། ཁྲོ་ཆེན་གཞན་གྱིས་མི་ཐུབ་ཅེས། །བྱ་བ་ཉིད་དང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་མ་དང་ནི། །ས་བདག་ལག་ན་བུམ་པ་ཐོགས། །གུས་པར་ཡང་དག་གནས་པར་བྲི། །ཞེས་པ་ལ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བར་ཆད་མེད་པའི་ལམ་གྱི་རང་བཞིན་ནོ། །ལྷ་མོ་ གཞན་གྱིས་མི་ཐུབ་མ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཐུ་བརྟན་པར་འགྱུར་བའོ། །སའི་ལྷ་མོ་ལག་ན་བུམ་པ་ཐོགས་པ་ནི་བཅོམ་ལྡན་འདས་ཀྱི་དབང་དུ་གྱུར་པ་སྟེ་དེ་དག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་འོག་མ་ཟད་དུ་བྲིའོ། །ཀླུ་ཆེན་དགའ་བོ་བསྙེན་དགའ་དང་། །ཤཱཀྱ་ སེང་གེ་སྐྱོབ་པ་ཡི། །སྒོ་དྲུང་གཉིས་སུ་མངོན་ཕྱོགས་པར། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །ཞེས་པ་ནི་སྒོའི་ཕ་རོལ་ཚུ་རོལ་ནས་ཕན་ཚུན་གདོང་ཕྱོགས་པར་བྲི་སྟེ་ཆབ་སྒོ་བར་ཤེས་བར་བྱའོ། །གཞན་ཡང་ཤཱཀྱ་ཐུབ་པ་ཡི། །རྒྱུད་རྣམས་ཀུན་ལས་དཀྱིལ་འཁོར་དུ། །སྔགས་དང་ཕྱག་རྒྱ་གང་ བཤད་པ། །དེ་དག་ཀྱང་ནི་མཁས་པས་བྲི། །ཞེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་རྒྱ་ལྷུང་བཟེད་དང་འཁར་གསིལ་ལ་སོགས་པ་རྒྱུད་ལས་འབྱུང་བ་རྣམས་ཇི་ལྟར་རིག་པར་བྱའོ་ཞེས་གློད་ནི་འཕགས་པ་འཇམ་པའི་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཆོས་ ཉན་པའི་ཚུལ་དུ་བཞུགས་པར་བྲི་བ་བཤད་དེ། དེ་ལ་ཆོས་ཉན་པ་ནི་ལུང་གི་ཆོས་དང་རྟོགས་པའི་ཆོས་ཏེ། ལུང་གི་ཆོས་ཞལ་ནས་གསུངས་པ་རྣམས་སོ། །རྟོགས་པའི་ཆོས་ནི་སྐུ་མི་ཟད་པའི་རྒྱན་གྱི་དཀྱིལ་འཁོར་ནང་མ་གཉིས་ཀྱི་ནང་ན་སྐུ་བཞི་པོ་འཁོར་དང་བཅས་པ་སྟེ་དེ་བས་ན་དེ་དག་ རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་པའི་ཚུལ་དུ་བྲི་བར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་ཤ་སྟག་ཏུ་ཤེས་པར་བྱའོ། །སྔགས་པ་དེ་ནས་ཕྱིར་བྱུང་ནས། །ཆ་གསུམ་པ་ནི་ངེས་པ་ལ། རྡོ་རྗེ་དམ་པ་སྦྱིན་པ་ནི། ཞེས་པ་ནས། འོད་ཟེར་མཚན་ཉིད་བཟང་པོ་ཡིས། །ཀུན་དུ་འཁོར་བར་སྔགས་པས་བྲི། །ཞེས་པའི་བར་གྱིས་ནི་ཤར་ཕྱོགས་ཀྱི་ངོས་ཀྱི་སྒོ་ཁྱུད་ནང་དུ་འཕགས་པ་འཇམ་པའི་དབྱངས་བྲི་བར་བྱ་སྟེ། དེ་ཡང་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་རང་བཞིན་ གྱིས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་བློས་བརྟགས་ཤིང་དཔྱད་ནས་རྟོགས་པར་བྱེད་པའོ། །དེ་བས་ན་དེ་ལྟར་རྟོགས་ནས་སྒྲིབ་པ་ཐམས་ཅད་སྤོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ཕྱི་ནས་ལྷོ་ཕྱོགས་སུ་བྲིའོ། །དེ་ལྟར་སྒྲིབ་པ་སྤངས་ནས་བཟོད་པ་དང་དགའ་བར་ལྡན་པའི་རང་བཞིན་ སའི་སྙིང་པོ་བྱང་ཕྱོགས་སུ་བྲིའོ། །དེ་ལྟར་བཟོད་པ་དང་དགའ་བ་དང་ལྡན་པ་ཐོབ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུར་རྟོགས་པའི་རང་བཞིན་ནམ་མཁའི་སྙིང་པོ་ནུབ་ཕྱོགས་སུ་བྲིའོ། །རྣམ་པར་ཐར་པའི་རིམ་པ་དེ་ལྟ་བས་ན་དང་པོ་ཉིད་དུ་ཤར་ཕྱོགས་སུ་ཤེས་རབ་ཀྱི་རང་བཞིན་འཕགས་ པ་འཇམ་དཔལ་བྲིའོ། །རྡོ་རྗེ་དམ་པ་སྦྱིན་པ་ནི་འཕགས་པ་འཇམ་དཔལ་ལ་ཕྱག་ན་རྡོ་རྗེས་སྔགས་ཀྱི་རྒྱུད་འཆད་པར་དབང་བསྐུར་ཏེ། དེ་ལྟར་ན་རྡོ་རྗེས་དམ་པ་སྦྱིན་པས་རྡོ་རྗེ་དམ་པ་སྦྱིན་ཞེས་པའོ། །ཟུར་ཕུད་ལྔ་དང་ལྡན་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །བྱིས་པ་གཞོན་ནུའི་ གཟུགས་ཅན་ནི་གཞོན་ནུའི་ས་ལ་གནས་པ་སྟེ་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་གཟུགས་སུ་བཞུགས་པའོ། །ཨུཏྤལ་སྔོན་པོ་རྡོ་རྗེ་ཅན། །ལག་པ་གཡོན་ན་ཐོགས་པ་སྟེ། །ཞེས་པ་ནི་ཡེ་ཤེས་ལྔའི་མཚན་མའི་རྡོ་རྗེ་ཨུཏྤལའི་སྟེང་དུ་བཞག་པ་ལག་པ་གཡོན་ན་ཐོགས་པ་སྟེ་རྡོ་རྗེ་ནི་མཆོག་སྦྱིན་ པའོ། །ཨུཏྤ་ལ་ནི་ཤེས་རབ་ཀྱི་རལ་གྲིའི་མཚན་མའོ། །རབ་ཏུ་འཛུམ་པའི་བཞིན་དུ་གནས། །ཞེས་པ་ནི་ཤེས་རབ་ཀྱིས་ཆོས་སྟོན་པའི་མཚན་མའོ། །འོད་ཟེར་མཚན་ཉིད་བཟང་པོ་ཡིས། །ཞེས་པ་ནི་སེར་པོ་དང་དཀར་པོ་ལ་སོགས་པ་དང་ལྡན་པའི་འོད་འཕྲོ་བ་སྟེ་ནག་པོ་ལ་སོགས་པའི་འོད་མེད་ པའོ། །དེ་ཡི་བྱང་དུ་གཞོན་ནུ་ནི། །དྲ་བའི་འོད་ཅན་ལག་པ་ན། །རིན་ཆེན་དྲ་བ་ཐོགས་པ་སྟེ། །སྣ་ཚོགས་པ་ཡི་རྒྱན་གྱིས་བརྒྱན། །པདྨ་དཀར་པོའི་སྟན་ལ་འདུག །རྒྱལ་བའི་སྲས་ལ་བལྟ་བར་བྲི། །ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་འཁོར་ད་བའི་འོད་ཅེས་བྱ་བ་དེ་གཡས་རོལ་བྱང་ཕྱོགས་ སུ་བྲི་སྟེ། དྲ་བའི་འོད་ཅེས་པ་ནི་འོད་རྣམས་རྒྱུན་མི་འཆད་པར་ཕན་ཚུན་དུ་འབྲེལ་པར་གྱུར་པས་དྲ་བའི་འོད་ཅེས་བྱའོ། །ལག་པ་ན་རིན་པོ་ཆེའི་དྲ་བ་ཐོགས་པ་ནི་ཕྱག་དྲ་བ་འདྲ་བ་ལ་རིན་པོ་ཆེས་སྤྲས་པ་ཐོགས་པའོ། །པདྨ་དཀར་པོའི་སྟན་ལ་འདུག་པ་ནི་བླ་མ་དང་བྱེ་བྲག་ཡོད་པར་བྱ་བའི་ཕྱིར་རོ། །རྒྱལ་བའི་ སྲས་ལ་བལྟ་བར་བྲི། །ཞེས་པ་ནི་འཕགས་པ་འཇམ་དཔལ་ཉིད་ལ་བལྟ་བར་བྲིའོ། །རྡོ་རྗེ་དམ་པ་སྦྱིན་པ་ཡི། །གཡོན་དུ་ཕོ་ཉ་མོ་ལྔ་བྲི། །སྐྲ་ཅན་དང་ནི་ཉེ་སྐྲ་ཅན། །སྣ་ཚོགས་མ་དང་ནོར་ཅན་མ། །དེ་བཞིན་འགུགས་མ་ཞེས་བྱ་བ། །འདི་དག་བློ་ལྡན་ཕོ་ཉ་མོའོ། །ཞེས་པ་ནི་འཕགས་པ་ འཇམ་དཔལ་གྱི་འཁོར་མངག་གཞུག་མ་མིང་སྨོས་པ་ལྔ་པོ་རྣམས་གཡོན་རོལ་དུ་བྲི་བར་བྱའོ། །དེ་དག་གི་ནི་འོག་ཟད་དུ། །ཕྱག་བརྙན་མ་ནི་ལྔ་རྣམས་དང་། །གཞོན་ནུ་དྲ་བའི་འོད་ཅན་གྱི། །འཁོར་གཉིས་པོ་ཡང་བྲི་བར་བྱ། །ཞེས་པ་ནི་མངག་གཞུག་མ་དེ་ལྔའི་གཡོག་ཅི་བགྱི་མ་ལྔ་ཡང་མངག་ གཞུག་མ་རྣམས་ཀྱི་འོག་མ་ཟད་དུ་བྲི་བར་བྱ་ལ། དྲ་བའི་འོད་ཅན་གྱི་དྲུང་དུ་ཡང་དེའི་གཡོག་གཉིས་པོ་བྲི་བར་བྱའོ། །དེ་རྣམས་ནི་འཕགས་པ་འཇམ་དཔལ་གྱི་འཁོར་དེ་ཁ་དོག་དང་ཕྱག་རྒྱལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་དུ་བལྟ་བར་བྱའོ། །དེ་ནས་སྔགས་པས་ལྷོ་ཕྱོགས་སུ། ། བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །སྒྲིབ་པ་ཐམས་ཅད་རྣམ་སེལ་གཙོ། །ཡིད་བཞིན་ནོར་བུ་ཐོགས་པར་བྲི། །ཞེས་པ་ནི་ལྷོ་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྲི་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ སྤངས་ཞེས་པའི་དོན་ཏོ། །གཉིས་སུ་ན་རྒྱུའི་ཚེ་འདོད་པ་ལ་འདུན་པ་དང་གནོད་སེམས་ལ་སོགས་པའི་སྒྲིབ་པ་ལྔ་བསལ་ཏེ་དེ་རྣམས་མི་བསྐྱོད་པ་ལས་བྱུང་བས་ན་རྒྱུས་འབྲས་བུལ་བཏགས་པའོ། །དེ་ཡི་ཆ་གཉིས་པོར་ནས་ནི། །ཞེས་པ་ནས། དེ་བཞིན་བློ་གྲོས་བསམ་ཡས་ཏེ། །མཁས་ པས་བརྒྱད་པོ་བྲི་བར་བྱ། །ཞེས་པའི་བར་གྱིས་ནི་གཙོ་བོ་དེའི་འཁོར་བརྒྱད་པོ་རྣམས་གཡས་སུ་བཞི་དང་གཡོན་དུ་བཞི་རིམ་པ་བཞིན་དུ་བྲི་སྟེ། ཆ་གཉིས་བོར་བ་ནི་དཔོན་གཡོག་གི་མཚམས་ཀྱི་གྲལ་དཔག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་མིང་ནི་དོན་དང་རྗེས་སུ་ མཐུན་པར་ཤེས་པར་བྱའོ། །བྱང་གི་ཕྱོགས་སུ་སོང་ནས་ནི། །ཞེས་པ་ནས། དེ་ཡི་སྟེང་ན་འདུག་པར་བྲི། །ཞེས་པའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་བྱང་ཕྱོགས་ཀྱི་ངོས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་བྲི་བ་སྟེ། བཟོད་དང་ངེས་པ་ཕུན་སུམ་ཚོགས། ། ཞེས་པ་ལ་བཟོད་པ་རྣམ་པ་གསུམ་དང་ལྡན་པ་སྟེ་ཆོས་ཟབ་མོ་ལ་བཟོད་པ་དང་། སྡུག་བསྔལ་ལ་བཟོད་པ་དང་། ཕ་རོལ་གྱི་གནོད་པ་བྱས་པ་ལ་བཟོད་པའོ། །ངེས་པ་ཕུན་སུམ་ཚོགས་པ་ནི་རང་གི་རྣམ་པར་ཐར་པའི་སྒོས་རངས་ཤིང་དགའ་བའོ། །སའི་སྙིང་པོ་ཞེས་པ་ནི་དེ་ལྟར་བཟོད་པ་ དང་ལྡན་པས་ས་དང་འདྲ་བའི་ཕྱིར་རོ། །འབར་བ་ནི་སྔར་བཤད་པ་བཞིན་ནོ། །དེ་ཡི་སྟན་ནི་མཁས་པ་ཡིས། །འབྱུང་ཁུངས་ཀུན་དང་ལྡན་པའི་ས། །རིན་ཆེན་ཀུན་གྱིས་ཉེར་བརྒྱན་པ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེའི་ཁྱད་པར་ཏེ་ས་དེ་ཡང་དཀར་དམར་ལ་སོགས་པའི་ཁ་དོག་ དང་ལྡན་པ་རིན་པོ་ཆེས་སྤྲས་ཤིང་བརྒྱན་པར་བྲིའོ། །དེ་ཡི་སྟེང་ན་རིན་ཆེན་བཞིའི། །པདྨ་ཡང་དག་གནས་པ་ནི། །ཡིད་དུ་འོང་བ་བསམ་བྱ་སྟེ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །དེ་ཡི་སྟེང་ན་འདུག་པར་བྲི། །ཞེས་པ་ནི་སའི་སྟེང་དུ་པདྨོ་རིན་པོ་ཆེ་བཞིའི་རང་བཞིན་བྲིས་ཏེ། རིན་པོ་ ཆེ་བཞི་ནི་གོང་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་བཟོད་པ་རྣམ་པ་གསུམ་དང་། ངེས་པ་དེ་ཉིད་རིན་པོ་ཆེའི་མཚན་མར་གྱུར་པས་པདྨོ་དེ་བརྒྱན་པ་སྟེ་དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་དེ་བཞུགས་པར་བྲིའོ། །དེ་ཡི་འཁོར་ནི་ཡོན་ཏན་གཙོ། །མཐའ་ཡས་ཤིང་ནི་གྲངས་མེད་དེ། །ཞེས་པ་ནས། གྲགས་ཆེན་འདི་དག་བྲི་བར་བྱ། །ཞེས་པའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་དེའི་འཁོར་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་གྲངས་མེད་པ་རྣམས་ཡོད་དེ། དེ་དག་ལས་དོན་དང་རྗེས་སུ་མཐུན་པའི་མིང་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་སྟེ་འདི་རྣམས་རིམ་པ་བཞིན་དུ་བྲི་བར་བྱའོ། །དེ་ བཞིན་སྔགས་པས་ནུབ་ཕྱོགས་སུ། །དཔའ་བོ་ནམ་མཁའི་སྙིང་པོ་ནི། །གཟི་བརྗིད་ཆེན་པོ་གོས་དཀར་གྱོན། །ལག་ན་རལ་གྲི་ཐོགས་བསམ་སྟེ། །རྒྱལ་སྲས་པདྨའི་སྟན་སྟེང་ན། །ལེགས་པར་འདུག་པ་བྲི་བར་བྱ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཞེས་པ་ནི་བྱང་ཆུབ་ སེམས་དཔའ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ནམ་མཁའ་ལྟ་བུར་གྱུར་པ་ལས་བྱུང་བས་ན་ནམ་མཁའི་སྙིང་པོ་ཞེས་བྱའོ། །གོས་དཀར་གྱོན་པ་ནི་མཛེམ་པ་དང་ངོ་ཚ་བ་དང་ལྡན་པའི་མཚན་མ་སྟེ་སྔར་བཤད་པ་ལྟ་བུའོ། །རལ་གྲི་ནི་དེའི་རྣམ་པར་ཐར་པའི་ཤེས་རབ་ཀྱི་མཚན་མའོ། །བདག་ཉིད་ ཆེན་པོ་དེ་འཁོར་དུ། །ཞེས་པ་ནས། དེ་དག་རབ་ཏུ་བསྒྲིམས་བྲི་ཞིང་། །ཞེས་པའི་བར་གྱིས་ནི་ནམ་མཁའི་སྙིང་པོའི་འཁོར་བྱང་ཆུབ་སེམས་དཔའ་དོན་དང་རྗེས་སུ་མཐུན་པའི་མིང་ཅན་འདི་རྣམས་གོ་རིམས་བཞིན་དུ་གཡས་དང་གཡོན་དུ་བྲི་བར་བྱའོ། །རྟག་ཏུ་དཔའ་བོ་འདི་རྣམས་དང་། །ལྷན་ ཅིག་གོ་རིམས་བཞིན་དུ་བསམ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྒྱན་དེ་དག་ཆོས་ཉན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་པ་དག་རྟག་པར་ལྷན་ཅིག་ཏུ་སོམས་ཤིག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་ རྒྱ་ལ་སོགས་པ་འདིར་གསལ་བར་མ་སྨོས་པ་རྣམས་གསང་བའི་དཀྱིལ་འཁོར་དུ་བལྟ་བར་བྱའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བལྟས་ནས་ཞེས་པ་ནས། དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །ཞེས་ པའི་བར་གྱིས་ནི་ཕྱག་ན་རྡོ་རྗེས་གོང་དུ་དཀྱིལ་འཁོར་བཤད་པ་དང་ལྷ་རྣམས་སོ་སོར་དགོད་པ་ལ་སོགས་པ་ཁོང་དུ་ཆུད་ནས་དེ་དག་གི་ཚུལ་དང་ཡོན་ཏན་ལ་སོགས་པ་རྣམས་ལ་སེམས་ཤིན་ཏུ་དང་བར་འགྱུར། དང་བ་དེའི་ཤུགས་ཀྱིས་སྔགས་ཀྱི་ཚུལ་དཀོན་ཞིང་མཐུ་ཆེ་བར་བསྟན་པ་དང་དཀྱིལ་འཁོར་མཐོང་བ་མཐུ་ ཆེ་བར་བསྟན་པ་དང་། སྔགས་ཟློས་པ་ཡང་མཐུ་ཆེ་བར་བསྟན་པ་དང་། སྔགས་ཉན་ཞིང་སེམས་པའི་སྒོ་ནས་དང་བ་མཐུ་ཆེ་བར་བསྟན་པའི་ཚིགས་སུ་བཅད་པ་རྣམས་སྨྲས་པ་སྟེ་དེ་ལ་སེམས་དང་པ་རྣམ་པ་གསུམ་སྟེ་པགས་པར་སོང་བ་དང་། རུས་པར་སོང་བ་དང་། རྐང་དུ་སོང་བའོ། །དེ་ ལ་པགས་པར་སོང་བ་ནི་བ་སྤུ་ལངས་པ་ལ་སོགས་པའོ། །རུས་པར་སོང་བ་ནི་མཆི་མ་འབྱུང་བ་ལ་སོགས་པའོ། །རྐང་དུ་སོང་བ་ནི་ཚིག་ཏུ་སྨྲ་བ་ལ་སོགས་པ་སྟེ་དེ་བས་ན་ཕྱག་ན་རྡོ་རྗེ་སེམས་ཤིན་ཏུ་དང་བ་རྐང་དུ་སོང་བ་དང་ལྡན་པས་ཚིག་ཏུ་སྨྲས་སོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བལྟས་ནས་ཞེས་པ་ནི་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་ཡོངས་སུ་དག་པ་ཤ་སྟག་བཞུགས་པས་གཡེངས་མ་གཡེངས་དང་སྣོད་དུ་གྱུར་མ་གྱུར་བརྟག་པ་ལ་ནི་མི་བྱའི། དད་པའི་ཤུགས་ཉིད་ ཀྱིས་འཁོར་དེ་རྣམས་ལ་བལྟས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རིང་ཞིག་ཏུ་མིག་མི་འཛུམས་པར་བལྟས་ཏེ་ཞེས་པ་ཡང་དད་པའི་ཤུགས་ཀྱིས་བཅོམ་ལྡན་འདས་ལ་སྙིང་ཚིམ་ཚིམ་དུ་རིང་དུ་བལྟས་པའོ། །ཆེད་དུ་གླེང་པ་འདི་ཆེད་དུ་གླེང་ཞིང་ཚིག་ཏུ་སྨྲས་པ་ཞེས་པ་ནི་གཞན་ གྱིས་མ་བྲིས་པར་བདག་ཉིད་ཀྱིས་སེམས་དང་བའི་ཤུགས་ཀྱིས་ཚིག་ཏུ་བཏོན་ཏེ་སྨྲས་པའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། ། དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་པ་ནི་སྔགས་ཀྱི་སྤྱོད་པ་ཤིན་ཏུ་དཀོན་པར་བསྟན་པ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ཡང་ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བར་དཀོན་ལ། བརྒྱ་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ཡང་སྔགས་ཀྱི་ཚུལ་གསུངས་པ་ནི་སྔགས་ སྤྱོད་པའི་སྣོད་དུ་གྱུར་པའི་གདུལ་བ་གཟིགས་ནས་གཟོད་སྔགས་ཀྱི་ཚུལ་སྟོན་པས་ན་བརྒྱ་ལམ་བརྒྱ་ལམ་ན་སྔགས་སྤྱོད་པའི་ཚུལ་འབྱུང་བས་ན་དཀོན་ནོ་ཞེས་པ་སྟེ། ཚིག་དེ་སྐད་དུ་སྨྲས་པ་ཡང་ཕྱག་ན་རྡོ་རྗེ་ཉིད་དེ་ལྟར་ཐུགས་སུ་ཆུད་ནས་སེམས་དང་པའི་ཤུགས་ཀྱིས་སྨྲས་པ་དང་མ་འོངས་ པའི་འགྲོ་བ་རྣམས་ལ་སྔགས་ཀྱི་ཚུལ་དེ་ལྟར་དཀོན་ཞིང་མཐུ་ཆེ་བར་བསྟན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་སྐྱེ་ཞིང་འབྱུང་བའི་དུས་ངེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་རྒྱས་ཏེ་འཇིག་རྟེན་དུ་བྱུང་ནས་ཀྱང་བསྐལ་ པ་དང་ལོ་གྲངས་ལ་སོགས་པ་ཇི་ཙམ་ལོན་པ་དང་འཕགས་པ་བྱམས་པ་འཇིག་རྟེན་དུ་གདོད་འབྱུང་བ་ཡང་དུས་འདི་ཙམ་ན་འབྱུང་ངོ་ཞེས་ངེས་པར་བཤད་ན། ཅིའི་ཕྱིར་བརྒྱ་ལམ་བརྒྱ་ལམ་ན་ཞེས་པ་ངེས་པར་བརྗོད་ཅེ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བའི་དུས་དེས་ཀྱང་ དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའི་ཚེ་སེམས་ཅན་རྣམས་སྐལ་བ་དང་མི་ལྡན་པས་དེ་བཞིན་གཤེགས་པ་མངོན་པར་འབྱུང་བ་ནི་བརྒྱ་ལམ་བརྒྱ་ལམ་ན་སྟེ་དུས་ངེས་པ་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མངོན་པར་འཚང་རྒྱ་བ་འབའ་ཞིག་ལ་འཇིག་རྟེན་དུ་འབྱུང་ ཞེས་མི་བྱའི། སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང་མཐོང་བ་ལ་ཡང་བྱ་བས་ན་བརྒྱ་ལམ་ན་ཞེས་སྨོས་སོ། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱུང་བར་འགྱུར་ལགས་ན། །ཞེས་པ་ནི་དཀྱིལ་འཁོར་ མཐོང་བ་ཤིན་ཏུ་མཐུ་ཆེ་བར་བསྟན་པ་སྟེ་དེ་བཞིན་གཤེགས་པའི་སྐུ་མི་ཟད་པའི་རྒྱན་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་དཀྱིལ་འཁོར་འདི་མཐོང་བས་བསྐལ་པ་དུ་མར་མི་དགེ་བ་བཅུ་ལ་སྤྱད་པའི་སྡིག་པ་བསགས་པ་དེ་ཐམས་ཅད་འབྱང་བར་འགྱུར་ཞེས་པའོ། །དེ་འབྱང་བར་འགྱུར་བ་ཡང་ དཀྱིལ་འཁོར་མཐོང་བ་ཙམ་འབའ་ཞིག་གིས་འབྱུང་བར་འགྱུར་བ་ནི་མ་ཡིན་གྱི། སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་དང་ལྡན་ན་འབྱང་བར་འགྱུར་བ་ཡིན་ནོ། །དེ་ལ་སྦྱོར་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། དུས་ གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་པའོ། །དངོས་གཞི་ནི་དཀྱིལ་འཁོར་དུ་འཇུག་པ་ཉིད་ཀྱི་ཚེ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དཀྱིལ་འཁོར་དུ་ཞུགས་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྐུ་གཟུགས་དང་ཕྱག་རྒྱ་ལ་སོགས་པ་དང་། དཀྱིལ་འཁོར་ གྱི་རྒྱན་དང་ལྡ་ལྡི་ལ་སོགས་པ་མཐོང་ནས་སེམས་དང་བ་སྐྱེས་པའོ། །རྗེས་ནི་དཀྱིལ་འཁོར་དུ་ཞུགས་པའི་འོག་ཏུ་དམ་པའི་ཆོས་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ལ་སོགས་པའི་དམ་ཚིག་མནོས་པའོ། །རྣམ་པ་དེ་དག་དང་ལྡན་པར་དཀྱིལ་འཁོར་མཐོང་ན་བསྐལ་པ་དུ་མར་ བསགས་པའི་སྡིག་ཡང་འབྱང་བར་འགྱུར་བ་ནི་དཔེར་ན་ལོ་དུ་མར་འདུག་པའི་མུན་ནག་སྒྲོན་མ་ལན་ཅིག་བྱུང་བས་མེད་པ་དང་འདྲའོ། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། ། ཞེས་པ་ནི་སྔགས་ཟློས་པ་མཐུ་ཆེ་བར་བསྟན་པ་སྟེ། དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་བསྐལ་པ་དུ་མར་བསགས་པའི་སྡིག་པ་འབྱང་བར་འགྱུར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྔགས་ཡོན་ཏན་མཐའ་ཡས་པར་གྲགས་པ་ཇི་སྐད་དུ་གསུངས་པའི་ཆོ་ག་དང་། ལྡན་པར་བཟླས་ཤིང་གོམས་པར་བྱས་ན་བླ་ན་མེད་པའི་གནས་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །གང་དག་སྤྱད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །ཅེས་པ་ནི་སྔགས་སྤྱོད་པའི་ཚུལ་ཉན་ཞིང་ སེམས་དཔའི་སྒོ་ནས་དད་པ་མཐུ་ཆེ་བར་བསྟན་པ་སྟེ། སྔགས་སྤྱོད་པའི་ཚུལ་མཆོག་འདི་ལ་ཉན་པ་དང་བསམས་པ་འདི་ཉིད་ཡིན་གྱི་གཞན་མ་ཡིན་ནོ་སྙམ་ནས་བློ་གཞན་དུ་མི་གཡོ་བར་མོས་ན་སྡུག་བསྔལ་ཅན་གྱི་ངན་སོང་དུ་སྐྱེ་བར་མི་འགྱུར་རོ་ཞེས་པའོ། །སྔགས་སྤྱད་པ་དང་སྔགས་སྤྱོད་ པའི་ཚུལ་ཞེས་པ་དང་མཆོག་ཅེས་པ་ལ་སོགས་པའི་ཚིག་རྣམས་ནི་སྔར་ལན་མི་ཉུང་བར་བཤད་ཟིན་པས་ན་འདིར་མ་བཤད་དོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དོན་འདི་ལྟ་བུར་ཐུགས་སུ་ཆུད་པས་སེམས་དང་བའི་ཤུགས་ཀྱིས་སྨྲས་ལ། ཞར་ལ་མ་འོངས་པའི་ སེམས་ཅན་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་སྨྲས་སོ། །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་རྡོ་རྗེ་འཛིན་དེ་དག་གིས་མགྲིན་གཅིག་ཏུ་མཐུན་པར་ཚིག་སྨྲས་པ་ཞེས་པ་ནས། སྔགས་སྤྱད་འབྲས་བུ་ལ་གནས་པ། །བདག་ཅག་ཐམས་ཅད་དཔང་དུ་འགྱུར། །ཞེས་པའི་བར་གྱིས་ཕྱག་ན་རྡོ་རྗེས་ བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་སྐད་གསོལ་པ་དང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པའི་འཁོར་དེ་རྣམས་དང་རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས་ཕྱག་ན་རྡོ་རྗེའི་དགོངས་པ་འདི་ལྟར་རིག་སྟེ། དཀྱིལ་འཁོར་བཤད་པའི་སྐབས་སུ་བབ་པ་ལ་དཀྱིལ་འཁོར་གྱི་ཐིག་བྲེ་བ་དང་ལྷ་ རྣམས་སོ་སོར་དགོད་པ་ལ་སོགས་པ་ནི་བཤད་ཟིན་ན་ཚོན་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་དང་ཚོན་སོ་སོ་ལ་སངས་རྒྱས་ཀྱི་སྐུ་བསམ་ཞིང་བྱིན་གྱིས་རློབ་པ་དང་། ཚོན་གང་ཡིན་པ་དང་། ཚོན་འགྱེས་པའི་ཐབས་དང་། ཚོན་གང་སྔོན་དུ་གཏང་བ་དང་། རྟ་བབས་དང་སྒོ་ཁྱུད་ཀྱི་ཚད་ལ་སོགས་ པ་མ་བཤད་པས་དེ་དག་བྲི་བའི་ཕྱིར་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་འདི་དག་སྨྲའོ་སྙམ་དུ་རིག་ནས་ཚིག་འདི་སྐད་སྨྲས་པའོ། །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་རྡོ་རྗེ་འཛིན་དེ་དག་གིས་མགྲིན་གཅིག་ཏུ་མཐུན་པར་ཚིག་སྨས་པ་ཞེས་པ་ནི་ཕ་རོལ་ཏུ་ཕྱི་ན་པ་ལ་སྤྱོད་པ་ལས་བྱུང་བའི་ བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ་དང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་དེ་དག་དགོངས་པ་མཐུན་པས་ཚིག་དང་དོན་མཐུན་པར་སྨྲས་པའོ། །ལེགས་སོ་ལེགས་ཞེས་པ་ནི་ཕྱག་ན་རྡོ་རྗེ་དོན་དེ་ལྟ་བུར་སེམས་ཤིང་བཅོམ་ལྡན་འདས་ ལ་འདྲི་བས་ཕྱག་ན་རྡོ་རྗེ་དེ་ཉིད་ལེགས་སོ་ཞེས་པའོ། །ལེགས་ཞེས་པ་གཉིས་པ་ནི་དྲི་བར་བྱ་བའི་དོན་བཟང་བས་ལེགས་ཞེས་པའོ། །གསང་སྔགས་སྤྱོད་པའི་དབང་གྱུར་པ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་ཡོན་ཏན་བརྗོད་པའོ། །ཁྱོད་ཀྱིས་ཡིད་ལ་གང་བསམས་ པ། །མཉམ་མེད་ཐམས་ཅད་མཁྱེན་ལ་ཞུས། །ཞེས་པ་ནི་བྲི་བར་བྱ་བའི་དངོས་པོ་སྟེ་ལེགས་སོ་ལེགས་ཞེས་པ་དང་སྦྱར་རོ། །ཚིག་ཏུ་མ་སྨྲས་ན་ཕྱག་ན་རྡོ་རྗེའི་ཡིད་ལ་བསམས་པ་དེ་བྱང་ཆུབ་སེམས་དཔའ་དེ་དག་གིས་ཇི་ལྟར་རིག་ཅེ་ན། །ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་ དཔའ་རྣམས་ནི་མཐུ་ཆེན་པོ་ཤ་སྟག་པས་ཕ་རོལ་གྱི་སེམས་རིག་པ་དང་འདྲ་བར་ཕྱག་ན་རྡོ་རྗེས་ཅི་བསམས་པ་རྣམས་ཤེས་སོ། །གཉིས་སུ་ན་དེ་ལྟ་བུར་དྲི་བའི་སྐབས་ཡིན་པས་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་ལ་གཞན་གླེངས་ཀྱང་བྲི་བར་བྱ་བའི་དངོས་པོ་འདི་དག་ཡིན་པར་ཤེས་སོ། ། དེ་ལྟར་ཕྱག་ན་རྡོ་རྗེའི་དགོངས་པ་ཤེས་པས་ན་བདག་ཅག་ཐམས་ཅད་དེ་དཔང་དུ་གྱུར་པ་ཞེས་པ་སྟེ། དཔང་དུ་གྱུར་པའི་དོན་ནི་ཁྱོད་ཀྱིས་ཅི་བསམས་པ་དེ་ངེད་ཀྱིས་ཤེས་ཏེ་ངེད་ཀྱང་དེ་བཞིན་དུ་སེམས་སོ་ཞེས་པའོ། །སྔགས་སྤྱད་འབྲས་བུ་ལ་གནས་པ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ དེ་དག་ཉིན་བཙན་པར་བསྟན་པ་སྟེ་ངེད་ཀྱང་ངན་ངོན་མ་ཡིན་གྱི་སྔགས་སྤྱད་པའི་འབྲས་བུ་ཐོབ་པ་དག་གོ་ཞེས་པའོ། །སྔགས་རྒྱུད་རྟོགས་པར་ཤེས་པ་ཡི། །བྱང་ཆུབ་སེམས་དཔའ་གཞན་རྣམས་དང་། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་འབའ་ཞིག་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་ པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནས། གསང་སྔགས་མཚན་ཉིད་ཅི་འདྲ་ལགས། །ཏིང་ངེ་འཛིན་དུ་བཞེད་པ་གང་། །ཞེས་པའི་ བར་གྱིས་ནི་གོང་དུ་ཞུ་བར་བསམས་པའི་དངོས་པོ་རྣམས་ཞུས་པ་སྟེ་ཚོན་བྱིན་གྱིས་བརླབ་པ་ལ་སོགས་པ་འདིར་ཞུས་ཀྱང་བཤད་པའི་ནང་དུ་མ་བྱུང་བ་རྣམས་ནི་གསང་བའི་དཀྱིལ་འཁོར་གྱི་སྐབས་སུ་བལྟ་བར་བྱའོ། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །ཆོས་ཀུན་དབང་ཕྱུག་ཐུབ་པ་ཡིས། ། རྡོ་རྗེ་འཛིན་ལ་འདི་སྐད་གསུངས། །ཞེས་པ་ནས། དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱའོ། །ཞེས་པའི་བར་ནི་ཕྱག་ན་རྡོ་རྗེས་ཞུས་པ་རྣམས་ཀྱིས་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། སེམས་ཅན་ཁམས་ནི་ཞེན་བྱེད་ཅིང་། །འདི་ནི་ཆོས་དབྱིངས་རོ་ཡིན་ པར། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་ཕྱིར་འདི་ནི་ཚོན་ཞེས་བྱ། །ཞེས་པ་ནི། ཅི་སླད་འདིར་ནི་ཚོན་ཞེས་བགྱི། །ཞེས་ཞུས་པའི་ལན་ཏེ། སེམས་ཅན་ཁམས་ནི་ཞེན་བྱེད་ཅིང་། །ཞེས་པ་ནི་ཚོན་ཞེས་བྱ་བའི་ཚིག་གི་དོན་ཏེ་ཚོན་ནི་ཞེན་པར་བྱེད་པའི་རང་བཞིན་ཡིན་ ལ། དེ་བཞིན་དུ་འདིར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་དོག་དང་ཆ་ལུགས་དང་དཀྱིལ་འཁོར་གྱི་རི་མོར་སྣང་བས་སེམས་ཅན་རྣམས་དད་པ་སྐྱེས་ཏེ། མགུ་ཞིང་ཞེན་པར་བྱེད་པས་ན་ཚོན་ཞེས་བྱའོ། །འདི་ནི་ཆོས་དབྱིངས་རོ་ཡིན་པར། །ཞེས་པ་ནི་ཚོན་འདི་ རྣམས་ལ་ཆོས་ཀྱི་དབྱིངས་དང་ལྡན་པའི་སངས་རྒྱས་ཀྱི་སྐུའི་རང་བཞིན་ཡི་གེ་རྣམས་ཀྱི་བྱིན་གྱིས་བརླབས་པས་ཚོན་འདིས་ཆོས་ཀྱི་དབྱིངས་མཚོན་པར་འགྱུར་ཏེ་རོ་གཅིག་པས་ན་ཆོས་ཀྱི་དབྱིངས་ཀྱི་རོ་ཞེས་བྱའོ། །དེ་ལྟར་ཡི་གེ་རྣམས་ཀྱི་བྱིན་གྱིས་བརླབ་པ་ཡང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་ འཁོར་གྱི་སྐབས་སུ་བལྟ་བར་བྱའོ། །ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་པ་ནི། ཚོན་ནི་ཇི་ལྟར་དགྱེ་བར་བགྱི། །ཞེས་ཞུས་པའི་ལན་ཏེ་སྔགས་པ་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་ནང་དུ་བསྣུར་ཞིང་ཚོན་རྣམས་དགྱེའོ་ཞེས་པའོ། །དཀར་པོ་ཐོག་མར་ གཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་སེར་པོ་གཏང་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་གཏང་། །ཀུན་གྱི་ནང་རོལ་ནག་པོ་སྟེ། །ཚོན་གྱི་ཆོ་ག་དེ་ལྟར་བཤད། །ཅེས་པ་ནི། གང་ཞིག་ཐོག་མར་གཏང་བར་བགྱི། །ཞེས་བྱ་བ་དང་། ཚོན་ཞེས་བགྱི་བ་དེ་གང་ལགས། །ཞེས་ དང་པོར་ཞུས་པའི་ལན་གཉིས་ཀ་ཅིག་ཅར་དུ་བཀའ་སྩལ་པ་སྟེ། ཚོན་རྣམས་དེ་ལྟར་དགྱེ་བའི་དགོངས་པ་ཡང་འདི་ལྟ་སྟེ་ཚོན་དཀར་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ལྟར་ཆོས་ཀྱི་དབྱིངས་སུ་གྱུར་པའི་འོག་ཏུ་ཐབས་ཀྱི་སྒོ་སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེས་སེམས་ཅན་ལ་ ཞེན་པའི་རང་བཞིན་དམར་པོ་གཏང་ངོ་། །དེའི་འོག་ཏུ་སེམས་ཅན་གྱི་དོན་དེ་ཉིད་རྒྱས་པར་འགྱུར་ཏེ་རྒྱས་པའི་མཚན་ཉིད་སེར་པོ་གཏང་ངོ་། །དེ་ལྟར་རྒྱས་པའི་འོག་ཏུ་ཐམས་ཅད་བྱེད་ནུས་པར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཚོན་ལྗང་གུ་ཁ་དོག་ཐམས་ཅད་པ་གཏང་ངོ་། །དེ་ལྟར་ ལས་ཐམས་ཅད་ནུས་ན་གདུག་པ་དང་མ་རུངས་པ་རྣམས་འདུལ་བ་མངོན་སྤྱོད་ཀྱི་མཚན་ཉིད་ཁ་དོག་ནག་པོ་བཏང་སྟེ་ཐམས་ཅད་ཀྱི་ནང་རོལ་དུ་བཏང་བ་ནི་གསང་བའི་ཕྱིར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་པ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་ འཁོར་དུ་བལྟ་བར་བྱའོ། །རྟ་བབས་རྣམས་ཀྱི་ཚད་ཀྱང་ནི། །ཞེས་པ་ནས། འཇིགས་མེད་དག་གིས་རིམ་གྱིས་ནི། །བསྐྱེད་དེ་དེ་ལས་ལྷག་ཤེས་བྱ། །ཞེས་པའི་བར་ནི། རྟ་བབས་རྣམས་དང་དེ་བཞིན་དུ། །སྒོ་ཁྱུད་རྣམས་ཀྱི་ཚད་དང་ནི། །སྒོ་ཡི་ཚད་ཀྱང་ཅི་འདྲར་བགྱི། །མགོན་པོ་ ཡིས་ནི་བཤད་དུ་གསོལ། །ཞེས་ཞུས་པའི་ལན་ཏེ། །རྟ་བབས་རྣམས་ཀྱི་ཚད་ཀྱང་ནི། །དཀྱིལ་འཁོར་དབུ་མ་དང་མཉམ་མོ། །ཞེས་པ་ནི་རྟ་བབས་ཀྱི་ཞིང་གི་ཚད་ནི་སྙིང་པོའི་དཀྱིལ་འཁོར་གྱི་ངོས་དང་མཉམ་པར་བྱ་ཞེས་པའོ། །སྒོ་ཁྱུད་དག་ཀྱང་དེ་དང་མཉམ། །པདྨོ་སོར་བཅུ་དྲུག་ཏུ་བཤད། །ཅེས་ པ་ནི་སྒོ་ཁྱུད་ཀྱང་རྟ་བབས་ཀྱི་ཚད་དེ་དང་མཉམ་པར་བྱའོ། །དང་པོའི་སྒོ་ནི་སྙིང་པོ་ཡི། །དཀྱིལ་འཁོར་དང་ནི་མཉམ་ཞེས་བྱ། །འཇིགས་མེད་དག་གིས་རིམ་གྱིས་ནི། །བསྐྱེད་དེ་དེ་ལས་ལྷག་ཤེས་བྱ། །ཞེས་པ་ནི་ནང་གི་དཀྱིལ་འཁོར་གྱི་སྒོ་ནི་སྙིང་པོའི་པདྨ་སོར་བཅུ་དྲུག་པ་དང་མཉམ་པར་ བྱ་ལ། དེའི་ཕྱི་མ་དེ་ལས་སོར་བཞི་བསྐྱེད་དེ། དེའི་ཡང་ཕྱི་མ་སོར་བཞིས་བསྐྱེད་དེ་དེ་ལྟར་རིམ་པ་རིམ་པས་ཆེ་བར་བྱ་ཞེས་པའོ། །སྒོ་རྣམས་ཀྱི་ནི་བར་བར་དུ། །སྒོ་སྲུང་རྣམས་ནི་གཞག་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་གྱི་སྒོའི་ཕན་ཚུན་གྱི་འགྲམ་དུ་འོག་ནས་སྨོས་ པའི་སྒོ་སྲུང་རྣམས་བཞག་སྟེ། ཤཱཀྱ་ཐུབ་པའི་སྒོ་སྲུང་ནི་སྔར་གསལ་བར་གསུངས་ཟིན་པས་འོག་ནས་འབྱུང་བ་ལ་མི་བསྙག་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྒོ་སྲུང་ཡང་གདུལ་དཀའ་དང་མངོན་ཕྱོགས་ཞེས་པ་གཉིས་གསལ་བར་གསུངས་པས་འོག་ནས་འབྱུང་བ་རྣམས་ལས་ འདིར་མིང་གིས་སྨོས་པ་མེད་པ་གཉིས་རེ་གཞག་པར་བྱའོ། །ཏིང་ངེ་འཛིན་ནི་མདོར་ན་སེམས། །ཡང་དག་མགུ་བ་ཡིན་པར་བཤད། །ཅེས་པ་ནི། ཏིང་ངེ་འཛིན་དུ་བཞེད་པ་གང་། །ཞེས་ཞུས་པའི་ལན་ཏེ། དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དེ་དེ་ཡང་ཀུན་རྫོབ་དང་དོན་དམ་པ་ལ་རྩེ་གཅིག་པའོ། ། ཀུན་རྫོབ་ལ་རྩེ་གཅིག་པ་ནི་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པ་ལ་སེམས་རྩེ་གཅིག་པར་གནས་པའོ། །དོན་དམ་པ་ནི་གཟུང་བ་དང་འཛིན་པ་སྤངས་པ་སྟོང་པའི་རང་བཞིན་ལ་སེམས་རྩེ་གཅིག་པ་སྟེ་གཉིས་པོ་གང་ཡང་རུང་བ་ལ་སེམས་རྩེ་གཅིག་ཏུ་གྱུར་པས་སེམས་གུད་དུ་མི་འགྱུར་བར་ ཞེན་ཅིང་ཚིམ་པར་བྱེད་པ་ནི་སེམས་མགུ་བ་ཞེས་བྱ་སྟེ་དེ་ནི་ཏིང་ངེ་འཛིན་སྤྱིའི་མཚན་ཉིད་དོ། །སེམས་དཔའ་ཆེན་པོ་ཁྱད་པར་ནི། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །ཞེས་པ་ནས། དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱའོ། །ཞེས་པའི་བར་གྱིས་ནི་དོན་དམ་ པའི་ཏིང་ངེ་འཛིན་གྱི་ཁྱད་པར་བཤད་པ་ཡིན་ཏེ་དེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་ནོ། །དེ་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི། སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །ཞེས་པ་སྟེ་དེ་ལ་སྟོང་པ་ཉིད་ཅེས་པ་ནི་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་ལ་སོགས་པའི་ཆོས་གདོད་མ་ནས་མ་སྐྱེས་མ་བྱུང་བའི་ཚུལ་གྱིས་བཤིག་གམ། རྡུལ་ཕྲ་མོ་ལ་སོགས་པའི་ཚུལ་གྱིས་བཤིག་ན་ཡོད་པ་མ་ཡིན་ལ། དེ་རྣམས་ཀྱི་རྣམ་པར་སྣང་བ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་གཟུང་བ་དང་འཛིན་པའི་མཚན་ཉིད་མེད་པར་རྟོགས་པ་ནི་སྟོང་ པ་ཉིད་དོ། །དེ་ལྟར་ཆོས་རྣམས་རང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་ཏེ་སྟོང་པའི་རང་བཞིན་དེ་ལས་སེམས་གཞན་དུ་མི་འགྱུར་ཞིང་དེ་ཉིད་ལ་རྩེ་གཅིག་པར་གྱུར་པ་ནི་ས་བཅུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏིང་ངེ་འཛིན་དེ་ཐོབ་སྟེ་དེའི་ཚེ་སངས་རྒྱས་ཞེས་བྱའོ། །དེ་ ལྟར་གཟུང་བ་དང་འཛིན་པའི་ཆ་ཡོངས་སུ་སྤངས་པའི་སྟོང་པ་ཉིད་ནི་ས་རབ་ཏུ་དགའ་བའི་ཚེ་ན་ཡང་མ་ཐོབ་པ་ནི་མ་ཡིན་མོད་ཀྱི། ས་རབ་ཏུ་དགའ་བ་ནས་ས་བརྒྱད་པའི་བར་དུ་ལོག་པའི་གཉེན་པོ་ཡོངས་སུ་མ་སྤངས་པས་ལྷུན་གྱིས་གྲུབ་པ་ཉིད་དུ་མི་འཇུག་པའི་ཕྱིར་དེ་དག་ལ་མི་བྱ་ལ། ས་བརྒྱད་ པ་ཡན་ཆད་ལོག་པའི་གཉེན་པོ་རྣམས་སྤངས་ཏེ་ལྷུན་གྱིས་གྲུབ་པར་འཇུག་པས་ན་ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་པ་རྣམས་དང་འབྲེལ་ལོ། །ས་བཅུ་ཡོངས་སུ་རྫོགས་པའི་ཚེ་ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་དེ་རབ་ཏུ་ཐོབ་པ་ཡང་གཞན་གྱིས་ཐོབ་པ་མ་ཡིན་ གྱི་རང་གི་སེམས་ཡོངས་སུ་ཤེས་པ་ལས་ཐོབ་པ་ཡིན་ནོ། །དེ་བས་ན། དེའི་སེམས་ཡོངས་སུ་ཤེས་པ་ལས། །ཐོབ་པར་འགྱུར་གྱི་གཞན་ལས་མིན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་སེམས་ཡོངས་སུ་ཤེས་པ་ཡང་གསང་བ་པའི་བདག་པོ་སེམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས་གཟིགས་པར་མི་འགྱུར་ཏེ་སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཞེས་པ་ནས་རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་པ་ཡིན་ཏེ་ཞེས་པའི་བར་སྔར་བྱང་ཆུབ་ཀྱི་སེམས་བཤད་པའི་སྐབས་སུ་བཤད་ཟིན་ཏོ། །དེ་གཉིས་ ཡོངས་སུ་སྤངས་པ་ནི། །རྫོགས་སངས་རྒྱས་ཀྱི་ཡིན་པར་འདོད། །སྟོང་པ་ཆེན་པོ་ཞེས་བྱ་སྟེ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་ཏེ། དེ་གཉིས་ཡོངས་སུ་སྤངས་པ་ཞེས་པ་ནི་གཟུང་བ་དང་འཛིན་པ་སྤངས་པ་དང་སྟོང་པའི་རང་བཞིན་དུ་འདུ་ཤེས་ པ་གཉིས་པོ་སྤངས་པ་སྟེ་ས་བཅུ་གཅིག་པ་ཀུན་དུ་བཟང་པོའི་ས་ལ་གནས་པའི་ཚེ་ཆོས་ཐམས་ཅད་སྟོང་པའི་རང་བཞིན་ནོ་སྙམ་ནས་སྟོང་པར་འདུ་ཤེས་པ་དེ་ཡང་སྤངས་ཏེ་སྟོང་པའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ་སྙམ་པའི་འདུ་ཤེས་ཙམ་ལ་གནས་སོ། །དེ་བས་ན་སྟོང་པར་འདུ་ཤེས་པ་ཡང་སྤངས་ པས་སྟོང་པ་ཆེན་པོ་ཞེས་བྱའོ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་དེ་མ་ཐག་ཏུ་འདུ་ཤེས་ཙམ་ཡང་སྤངས་པའི་མཚན་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། ཀུན་དུ་སངས་རྒྱས་པ་དེ་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ལ་སྦྱོར་བར་བྱེད་པས་ན། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ། །ཞེས་སོ། །དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱའོ། །ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེས་ཐམས་ཅད་མཁྱེན་པ་རྫོགས་པར་བྱེད་པས་ན་ཡན་ལག་བཞིའི་བཟླས་བརྗོད་དང་བདག་གི་ལྷར་ སྦྱོར་བ་དང་། དབང་ཆེན་དང་ཆུའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་ལ་འདི་ལྟ་བུའི་སྟོང་པ་ཉིད་རྟག་ཏུ་གོམས་པར་བྱའོ་ཞེས་པའོ། །ད་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སོ་སོའི་ཏིང་ངེ་འཛིན་རྣམས་བསྟན་པའི་ཕྱིར། བཅོམ་ ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཏིང་ངེ་འཛིན་དེ་ལས་བཞེངས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་དེ་རྣམས་བསྟན་པའི་སྐབས་བཤད་དེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་ཐབས་ཅིག་ཡང་དག་ པར་མོལ་ནས་ཤེས་པ་ནས། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་རབ་ཏུ་བཤད། །ཅེས་པའི་བར་གྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་དུ་སངས་རྒྱས་པའི་མཚན་ཉིད་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་ནས་བདུད་བཞི་བཅོམ་པའི་རང་བཞིན་ འཆད་དེ། སངས་རྒྱས་ཐམས་ཅད་དང་ཐབས་ཅིག་ཡང་དག་པར་མོལ་ནས་ཤེས་པ་ནི་སངས་རྒྱས་ཐམས་ཅད་དགོངས་པ་མཐུན་པས་བྱ་བ་གཅིག་ཏུ་བསྟན་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཆོས་ཀྱི་སྐུ་དང་སེམས་ཅན་གྱི་དོན་བྱེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ ཐམས་ཅད་དང་རྒྱུད་གཅིག་པའི་སྟོབས་ཀྱི་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི། ཏིང་ངེ་འཛིན་དེའི་མིང་སྟེ་སངས་རྒྱས་ཐམས་ཅད་དང་རྒྱུད་གཅིག་པ་ཞེས་པ་ནི་སེམས་ཅན་གྱི་དོན་དུ་སྤྱོད་པ་སྣ་ཚོགས་འབྱུང་ཡང་སངས་རྒྱས་ཐམས་ཅད་རྒྱུད་གཅིག་པ་ལས་ འབྱུང་ཞིང་ཆོས་ཀྱི་སྐུར་རོ་གཅིག་པ་ལས་འབྱུང་བ་ཡིན་ཏེ། དཔེར་ན་མར་མེ་མང་པོ་འོད་འདྲེས་པར་གྱུར་ན་གཅིག་སྟེ་དབྱེར་མེད་པ་དང་འདྲའོ། །སྟོབས་ཞེས་པ་ནི་ཐོགས་པ་མེད་པའི་མཐུའོ། ཤུགས་ཞེས་པ་ནི་མཐུ་སྟེ་སེམས་ཅན་གྱི་དོན་ལ་མྱུར་བའོ། །བྱང་ཆུབ་སྙིང་པོར་འདུག་ནས་སུ། །བདུད་ནི་རྣམ་པ་ བཞི་བཅོམ་པས། ཞེས་པ་ནས། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་རབ་ཏུ་བཤད། །ཅེས་པའི་བར་གྱིས་ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་གོང་དུ་བཤད་དེ། ཉིད་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེས་བདུད་བཞི་བཅོམ་པར་ བསྟན་པ་སྟེ་དེ་ལ། བདུད་ནི་རྣམ་པ་བཞི་བཅོམ་པས། །ཞེས་པ་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་རྣམས་བཅོམ་པ་སྟེ་དེ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་རིག་པར་བྱའོ། །དེ་ལ་ཀུན་རྫོབ་ཏུ་བདུད་བཞི་བཅོམ་པ་ནི་བྱང་ཆུབ་ ཆེན་པོར་ལྷའི་བུའི་བདུད་དང་ཉོན་མོངས་པའི་བདུད་གཉིས་ཀ་བཅོམ་ལ། ཕུང་པོའི་བདུད་དང་འཆི་བདག་གི་བདུད་གཉིས་ནི་དེའི་ཞར་ལ་བཅོམ་པ་སྟེ་ཐེག་པ་ཆུང་ངུའི་ལུགས་ལས་གྲགས་པའོ། །སྐབས་འདིར་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པར་རྟོགས་ནས་བདུད་རྣམ་པ་བཞི་ཆར་ཡང་དམིགས་ སུ་མེད་པའི་ཚུལ་གྱིས་བཅོམ་སྟེ། སྐྱེ་བ་མེད་པར་ངས་རྟོགས་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང་སྦྱར་རོ། །དེ་ནས་དཔའ་བོ་ཆེན་པོ་ཞེས། །ཞེས་པ་ནས། དཔའ་བོ་ཞེས་སུ་གྲགས། ཞེས་པའི་བར་གྱིས་དེ་ལྟར་བདུད་རྣམ་པ་བཞི་བཅོམ་ནས་ཚངས་པ་ལ་སོགས་པའི་འཇིག་ རྟེན་པའི་ལྷ་རྣམས་བཅོམ་ལྡན་འདས་ལ་ཁྱོད་ནི་དཔའ་བོ་ཆེན་པོ་འཇིགས་པ་དང་བྲལ་བའོ་ཞེས་དགའ་བཞིན་དུ་ཚིག་ཏུ་འདོན་པས་ན་ང་ནི་དཔའ་བོ་ཆེན་པོ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །སྐྱེ་བ་མེད་པར་ངས་རྟོགས་པ། །ཞེས་པ་ནི་དེ་ལྟར་བདུད་རྣམ་པ་བཞི་བཅོམ་པ་དེ་ དམིགས་པ་དང་བཅས་པས་བཅོམ་པ་མ་ཡིན་གྱི་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བར་ངས་ཐུགས་སུ་ཆུད་ནས་དམིགས་སུ་མེད་པའི་ཚུལ་གྱིས་བཅོམ་མོ་ཞེས་འབྲེལ་ཏོ། །སྐྱེ་བ་མེད་པར་ངས་རྟོགས་པ། །ཞེས་པ་ནི་དངོས་སུ་ན་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་རྟོགས་པས་ཕུང་པོ་ཡང་ དམིགས་སུ་མེད་པའི་ཕྱིར་ཕུང་པོའི་བདུད་བཅོམ་པའོ། །ཚིག་གི་སྤྱོད་ཡུལ་རྣམ་སྤངས་ཤིང་། །ཞེས་པ་ནི་རྣམ་པར་རྟོག་པ་དང་བྲལ་ཞེས་པ་སྟེ་རྟོག་པའི་སྤྱོད་ཡུལ་ལས་འདས་པས་དངོས་སུ་ལྷའི་བུའི་བདུད་བཅོམ་པའོ། །ཉེས་པ་ཐམས་ཅད་མེད་པ་སྟེ། །ཞེས་པ་ནི་ཉོན་ མོངས་པ་ལས་རྣམ་པར་གྲོལ་བས་ན་དངོས་སུ་ཉོན་མོངས་པའི་བདུད་བཅོམ་པའོ། །རྒྱུ་དང་རྐྱེན་དང་བྲལ་བ་ཡིན། །ཞེས་པ་ནི་རྒྱུ་དང་རྐྱེན་མེད་པས་ནམ་སྐྱེས་པ་སྟེ་མ་སྐྱེས་པས་ན་འཆི་བ་མེད་དེ་དངོས་སུ་འཆི་བདག་གི་བདུད་བཅོམ་པའོ། །སྟོང་པའི་ཡེ་ཤེས་མཁའ་འདྲ་བ། །ཞེས་པ་ནི་དེ་ལྟར་ རྣམ་པ་བཞི་ཆར་ལས་གྲོལ་བས་ན་རྣམ་པ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་སྟོང་པའི་མཚན་ཉིད་ནམ་མཁའ་དང་འདྲ་བར་མ་སྐྱེས་པ་ཤེས་པའོ། །ཇི་ལྟར་བྱུང་བ་ང་ལ་བྱུང་། །ཞེས་པ་ནི། ཇི་ལྟར་གྱུར་པ་ང་ལ་བྱུང་། །ཞེས་བཏོན་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལྟ་བུར་ཕྱིན་ཅི་མ་ལོག་པ་ ཉིད་དུ་ངས་ཐོབ་ཅེས་པའོ། །ཤིན་ཏུ་དྲི་མེད་ཅེས་པ་ནི་ཡེ་ཤེས་དེ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྤངས་པ་ཤེས་པའོ། །དེ་ཁོ་ན་ཞེས་པ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པས་རིགས་པ་དང་ལུང་གིས་སུན་དབྱུང་བར་མི་ནུས་པས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་དེ་ཁོ་ན་ ཞེས་བྱའོ། །ཀུན་མཁྱེན་ཙམ་གྱི་ཚུལ་དུ་གནས། །ཀུན་མཁྱེན་སངས་རྒྱས་མཚན་ཉིད་དོ། །ཞེས་པ་ནི་ཀུན་དུ་སངས་རྒྱས་པ་ཞེས་བྱ་བ་དེ་སྟོང་པའི་རང་བཞིན་དུ་འདུ་ཤེས་པ་ཡང་སྤངས་ནས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་པར་ཤེས་པ་དེ་ཙམ་ལ་གནས་ཞེས་པའོ། །ང་ཡི་དེ་ཉིད་དམ་པ་ འདི། །འཇིག་རྟེན་སྣང་བར་བྱེད་པ་སྟེ། །བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་ནི། །ཡིག་འབྲུ་རྣམས་སུ་བསྟན་ནས་སུ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་རབ་ཏུ་བཤད། །ཅེས་པ་ནི་དེ་ལྟར་ངས་ཐམས་ཅད་གདོད་མ་ནས་མ་སྐྱེས་མ་བྱུང་བར་རྟོགས་ཀྱང་སེམས་ཅན་རྣམས་ ལ་སྙིང་བརྩེ་བའི་ཕྱིར་ཡང་དག་པ་ཉིད་ཀྱི་ཆོས་དེ་ཚིག་ཏུ་བརྗོད་པའི་ཕྱིར་ཡི་གེའི་འབྲུ་རྣམས་སུ་བྱིན་གྱིས་བརླབས་ཏེ། ཡི་གེའི་འབྲུ་རྣམས་ཀྱང་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་གྱི་སྐབས་སུ་བལྟ་བར་བྱའོ། །འདི་རྣམས་ཀྱི་རིམ་པ་ཡང་བསྡུས་པའི་དོན་གྱི་ནང་དུ་བཤད་པས་ཤིན་ཏུ་མ་ བཤད་དོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ངོ་མཚར་གྱུར་ནས་མིག་གདངས་ཏེ། །ཐམས་ཅད་མཁྱེན་ལ་མགོ་བོ་ཡིས། །ཕྱག་འཚལ་ནས་ནི་ཚིག་འདི་སྨྲས། །ཞེས་པ་ནི་གོང་དུ་སངས་རྒྱས་དང་ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་སྟོང་པ་ཉིད་སྤྲོས་པ་ མེད་པའི་ཆོས་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་ནས་ཡིག་འབྲུ་ལ་སོགས་པའི་སྒོ་ནས་སྤྲོས་པ་དང་བཅས་པའི་ཆོས་རྣམས་བསྟན་ཞིང་བཤད་པ་དེ་ངོ་མཚར་ཆེ་བར་གྱུར་པ་ཡིན་ནོ། །དེ་བས་ན། སངས་རྒྱས་ཀུན་གྱི་ཐབས་དང་ནི། །ཤེས་རབ་བསམ་ཡས་ངོ་མཚར་ཆེ། །ཞེས་པ་ནས། འཇིག་རྟེན་གྱི་ནི་མཆོད་གནས་འགྱུར། །ཞེས་པའི་བར་དུ་གསུངས་པ་ཡིན་ཏེ། །དེ་ལ་སངས་རྒྱས་ཀུན་གྱི་ངོ་མཚར་ཆེ་ཞེས་སྦྱར་ཏེ་སངས་རྒྱས་དང་ཀུན་དུ་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཀྱང་སྤྲོས་པ་མེད་པའི་ཆོས་ཐུགས་སུ་ཆུད་ནས་སྤྲོས་པ་དང་བཅས་པའི་ཆོས་འཆད་པ་ནི་ངོ་ མཚར་ཆེའོ། །ཐབས་དང་ཤེས་རབ་བསམ་ཡས་ཞེས་པ་ལ་ཤེས་རབ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དང་ཐབས་ནི་སྟོང་པ་ཉིད་ཀྱི་ཆོས་དེ་ཡི་གེའི་འབྲུ་ལ་སོགས་པར་བསྟན་ནས་གྲུབ་པ་རབ་འབྲིང་ཐ་མ་ལ་སོགས་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པའི་སྒོ་ནས་སེམས་ཅན་རྣམས་ འཛུད་པར་བྱེད་པ་དེ་ནི་ཐབས་དང་ཤེས་རབ་བསམ་གྱིས་མི་ཁྱབ་པའོ། །སྤྲོས་པ་ཀུན་དང་བྲལ་བ་ཡི། །ཆོས་རྟོགས་ནས་ནི་རབ་བྱུང་རྣམས། །ཞེས་པ་ནི་དེ་ལྟར་སངས་རྒྱས་རྣམས་ཀྱིས་སྤྲོས་པ་མེད་པའི་ཆོས་ཐུགས་སུ་ཆུད་ནས་སངས་རྒྱས་པ་སྟེ་རྟོགས་པའི་དོན་ཏོ། །དེ་ལྟར། སྤྲོས་པ་མེད་པའི་ དོན་རྟོགས་ནས། །འཇིག་རྟེན་གྱི་ནི་རེ་བ་ཀུན། །ཡོངས་སུ་རྫོགས་པར་བྱེད་པ་སྟོན། །པ་ནི་ངོ་མཚར་ཆེའོ་ཞེས་སྦྱར་རོ། །རང་བྱུང་རྣམས་ཞེས་པ་ནི་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཏེ་གཞན་གྱིས་མི་དཀྲི་བའི་ཕྱིར་རང་བྱུང་ཞེས་བྱའོ། །སྔགས་ཀྱི་མཚན་ཉིད་དེ་ལྟ་བུ། ། ཞེས་པ་ནི་སྤྲོས་པ་མེད་པའི་ཆོས་རྟོགས་ནས་སྤྲོས་པ་དང་བཅས་པའི་ཆོས་འཆད་པ་དེ་ལྟ་བུ་ནི་སྔགས་ཀྱི་མཚན་ཉིད་དེ། སྔགས་ཀྱི་མཚན་ཉིད་འདི་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉི་ག་ལ་ལེགས་པར་གནས་པ་སྟེ། དོན་དམ་པའི་བདེན་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དང་ཀུན་རྫོབ་ཀྱི་བདེན་ པ་ནི་གྲུབ་པ་མཆོག་ལ་སོགས་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པའོ། །སེམས་ཅན་ཀུན་གྱིས་ཤེས་ནས་ནི། །འཇིག་རྟེན་གྱི་ནི་མཆོད་གནས་འགྱུར། །ཞེས་པ་ནི་གྲུབ་པ་ལ་སོགས་པར་མ་གྱུར་ཀྱང་སྔགས་ཀྱི་ཚུལ་དེ་ལྟ་བུ་སེམས་ཅན་རྣམས་ཀྱིས་ཐོས་པ་དང་ བསམ་པའི་སྒོ་ནས་ཤེས་པ་ཙམ་གྱིས་ཀྱང་འཇིག་རྟེན་པ་རྣམས་ཀྱི་མཆོད་པའི་གནས་སུ་འགྱུར་རོ་ཞེས་པའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པར་ཞེས་པ་ནས། དགོས་པའི་ས་ལ་གནས་དེ་རྣམས། །སངས་རྒྱས་ས་ ལ་གནས་པ་ཡིན། །ཞེས་པའི་བར་གྱིས་ནི་ས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ས་ལ་གནས་པ་དེ་རྣམས་མ་སྐྱེས་ཤིང་མ་བྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་ནས་སེམས་ཅན་གྱི་དོན་དུ་ཐབས་ཀྱི་འཁོར་ལོས་འབྲས་བུ་ཡོད་པའི་ས་ལ་གནས་པའི་ཏིང་ངེ་ འཛིན་བཤད་པ་སྟེ། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ས་ལ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ་ཆོས་ཀྱི་རྒྱལ་ཚབ་པོ། །གཉིས་སུ་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་པ་ཉིད་དུ་རིས་མཐུན་པར་གྱུར་ པས་ན་ས་བཅུ་པ་རྣམས་རིགས་གཅིག་པ་ཞེས་པའོ། །དགོས་པ་དང་ནི་བྲལ་བ་རུ། །འཇིག་རྟེན་མཚན་ཉིད་ཤེས་ནས་ནི། །དགོས་པའི་ས་ལ་གནས་དེ་རྣམས། །སངས་རྒྱས་ས་ལ་གནས་པ་ཡིན། །ཞེས་པ་ནི་འཇིག་རྟེན་རྣམས་ནི་གང་གི་ཡང་འབྲས་བུ་མ་ཡིན་ལ། རྒྱུ་ གང་ལས་ཀྱང་མ་བྱུང་བས་གདོད་མ་ནས་སྐྱེ་བ་མེད་པར་རྟོགས་ཀྱང་འབྲས་བུའི་ས་ལ་གནས་ཏེ་སེམས་ཅན་གྱི་དོན་དུ་སྦྱོར་ཞིང་སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ལ་སོགས་པ་མཛད་པས་ན་སངས་རྒྱས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་འབྲས་བུའི་ ས་ལ་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་སངས་རྒྱས་ཀྱི་ས་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ས་བརྒྱད་པའི་ཞེས་པ་ནས། འཇིག་རྟེན་སྒྱུ་མ་ལྟར་ཤེས་ནས། །འཇིག་རྟེན་ འཇིག་རྟེན་དབང་དུ་འདོད། །ཅེས་པའི་བར་གྱིས་ནི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ་དེ་ལ། ཆོས་རྣམས་ཐམས་ཅད་མ་དམིགས་ཤིང་། །ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དངོས་པོ་མེད་ཅིང་དམིགས་སུ་མེད་པར་རྟོགས་པའོ། །ཆོས་རྣམས་དངོས་ པོ་མེད་པ་སྟེ་སྔོན་དུ་ཡོད་པ་ལས་ཞིག་ཅིང་མེད་པར་གྱུར་ཏེ་དངོས་པོ་མེད་པའམ། འོན་ཏེ་གདོད་མ་ནས་མ་བྱུང་མ་སྐྱེས་པས་དངོས་པོ་མེད་པ་ཡིན་ཞེ་ན་དེའི་ཕྱིར། སྲིད་དང་སྐྱེ་བ་རྣམ་སྤངས་པའི། །ཞེས་བྱ་བ་གསུངས་ཏེ་གདོད་མ་ནས་མ་སྐྱེས་པས་སླར་འབྱུང་བར་ཡང་མི་འགྱུར་ཏེ་གདོད་མ་ནས་མ་བྱུང་མ་ སྐྱེས་པས་དངོས་པོ་མེད་པར་ཤེས་པ་ཡིན་ནོ། །འཇིག་རྟེན་སྒྱུ་མ་ལྟར་ཤེས་ནས། །ཞེས་པ་ནི་ཆོས་རྣམས་དེ་ལྟར་དངོས་པོ་མེད་པར་རྟོགས་པས་འཇིག་རྟེན་གྱི་ཆོས་རྣམས་ཀུན་རྫོབ་ཏུ་སྣང་བར་འགྱུར་བ་ཡང་དངོས་པོ་མེད་པ་ལས་སྣང་བ་སྟེ་ཇི་ལྟར་སྒྱུ་མ་དངོས་པོ་མེད་པ་ལས་སྣང་བ་ལྟར་ཤེས་སོ་ཞེས་པའོ། ། འཇིག་རྟེན་འཇིག་རྟེན་དབང་དུ་འདོད། །ཅེས་པ་ནི་དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་པའི་ནང་ན་གཙོ་བོ་དམ་པར་འགྱུར་བ་ཞེས་པའོ། །གསང་བ་པའི་བདག་པོ་གཞན་ཡང་ཉན་ཐོས་ཞེས་པ་ནས་ཤིན་ཏུ་དངོས་པོ་མེད་པའི་ཡེ་ཤེས་མི་སྤྱོད་དེ་འདི་ནི་ཉན་ ཐོས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལ་ཞེས་པའི་བར་གྱིས་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ། འཕགས་པ་ཉན་ཐོས་རྣམས་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་རྒྱུ་དང་འབྲས་བུའི་ངོ་བོ་སྐྱེ་བ་དང་འཇིག་པར་ལྟ་སྟེ་དམིགས་པ་དང་བཅས་པ་རྣམས་སོ། །དེ་ལྟར་སྐྱེ་བ་དང་འཇིག་ པ་ཡོད་པས་རྟག་པ་དང་ཆད་པའི་མཐའ་གཉིས་བཤིག་སྟེ། སྐྱེ་བ་ཡོད་པར་མཐོང་བས་ནི་ཆད་པའི་མཐའ་བཤིག་ལ་འཇིག་པ་ཡོད་པར་མཐོང་བས་རྟག་པའི་མཐའ་བཤིག་གོ། །དེ་ལྟར་སྐྱེ་བ་དང་འཇིག་པ་ཡོད་པར་མཐོང་བས་ཆོས་རྣམས་ཤིན་ཏུ་དངོས་པོ་མེད་པར་མཐོང་བའི་ཡེ་ཤེས་མི་སྐྱེ་སྟེ་ཤིན་ཏུ་ དངོས་པོ་མེད་ན་ཡེ་ཤེས་སྐྱེ་བའི་རྒྱུ་མི་དམིགས་པའི་ཕྱིར་རོ། །གསང་བ་པའི་བདག་པོ། རང་སངས་རྒྱས་ཞེས་པ་ནས་འདི་ནི་རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ་ཞེས་པའི་བར་གྱིས་ནི་འཕགས་པ་རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་བཤད་པ་སྟེ། རྒྱུ་དང་འབྲས་བུ་རྣམ་པར་བཤིག་ ནས་ཞེས་པ་ནི་རྒྱུ་དང་འབྲས་བུ་སུན་འབྱིན་པའི་ཚུལ་གྱིས་རྣམ་པར་བཤིག་ཅེས་པ་སྟེ་ཆོས་རྣམས་ཀྱི་རྒྱུ་དང་རྐྱེན་རྣམས་ཀྱི་ངོ་བོ་སྐད་ཅིག་མའི་ཆ་མི་རྟག་པ་གནས་པ་ནི་ཁབ་ཀྱི་རྩེ་ལ་ཡུངས་ཀར་གྱི་འབྲས་བུ་མི་ཆགས་པ་དང་འདྲ་སྟེ་བརྟག་མི་བཟོད་པས་རྒྱུ་དང་འབྲས་བུ་དངོས་པོ་མེད་པར་ རྟོགས་སོ། །བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་རྣམས་ནི་ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་ཡེ་ཤེས་འཇུག་སྟེ་ཞེས་པ་ནི་དེ་ལྟར་ཆོས་རྣམས་ཡོད་པ་མ་ཡིན་པས་ཚིག་གི་བརྗོད་དུ་མེད་པར་མཐོང་བའི་ཡེ་ཤེས་སྐྱེས་ནས་ཚིག་ཏུ་བརྗོད་པ་ཡང་འགོག་པར་བྱེད་དེ་དེ་བས་ན་ཆོས་ཐམས་ཅད་ བརྗོད་དུ་མེད་དོ་སྙམ་པའི་ཡེ་ཤེས་འཇུག་སྟེ་ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རེག་པར་བྱེད་ཅེས་གསུངས་པ་ཡིན་ནོ། །མདོར་ན་འཕགས་པ་རང་སངས་རྒྱས་རྣམས་རྒྱུ་དང་འབྲས་བུའི་དངོས་པོ་བཤིག་ནས་རང་བཞིན་མེད་པར་མཐོང་བས་ཆོས་ལ་བདག་མེད་པར་རྟོགས་ཀྱང་ངག་དགག་ པ་ཙམ་ལ་གནས་པས་བྱང་ཆུབ་སེམས་དཔའ་ལྟར་རྣམ་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ལ་མི་གནས་ལ། ཉན་ཐོས་ལྟར་གང་ཟག་ལ་བདག་མེད་པར་རྟོགས་པ་ཙམ་ཡང་མ་ཡིན་ནོ། །གསང་བ་པའི་བདག་པོ་གཞན་ཡང་འཇིག་རྟེན་པ་རྣམས་རྒྱུ་ལས་འབྲས་བུ་དང་ལས་འབྱུང་བའམ། ལྡོག་པར་རྟོགས་ ཤིང་གཞན་གྱི་དབང་གིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀུན་དུ་སྐྱེ་བར་འགྱུར་ཏེ་འདི་ནི་འཇིག་རྟེན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ་ཞེས་པ་ནི་འཇིག་རྟེན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ཏེ་འཇིག་རྟེན་པ་རྣམས་ནི་ལས་དང་འབྲས་བུ་ལ་སོགས་པ་རྒྱུ་ལས་སྐྱེས་ཀྱང་ངེད་ཀྱི་བདག་ཅེས་བྱ་བ་དབང་པོ་དང་ཚངས་པ་ལ་ སོགས་པས་བསྐྱེད་པར་རྟོགས་ལ། ཆོས་རྣམས་དངོས་པོ་མེད་དེ་སྟོང་པ་ཉིད་དུ་མཐོང་བ་དེ་ཡང་རང་བཞིན་གྱིས་སྟོང་པ་མ་ཡིན་གྱི་དབང་པོ་ལ་སོགས་པས་སྟོང་པར་བྱས་སོ་སྙམ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱེད་དོ། །གསང་བ་པའི་བདག་པོ་འདི་ནི་ཏིང་ངེ་འཛིན་གྱི་ཚུལ་ཡིན་ཏེ་ཞེས་ པ་ནས། །འཇིག་རྟེན་པ་ཡི་ལྷ་གང་ཡིན། །གསང་སྔགས་སྤྱད་པའི་ཆོ་གའི་ཚུལ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དཔའ་བོ་དེ་ཚེ་འཆད་པར་བྱེད། །ཅེས་པའི་བར་གྱིས་ནི་སྔར་བཤད་པ་རྣམས་བསྡུས་ནས་བཤད་པ་ཡིན་ཏེ་དེ་དག་གིས་སོ་སོའི་ཏིང་ངེ་འཛིན་སྟོང་པ་ཉིད་ ཀྱི་ཚུལ་དུ་རྟོགས་པའི་སྟོང་པ་དེ་ལ་གནས་ཏེ་སྟོང་པའི་ཆོས་དེ་ཉིད་ཚིག་དང་ཡིག་འབྲུ་ལ་སོགས་པས་སེམས་ཅན་རྣམས་ཀྱི་དོན་དུ་སྟོན་ཅིང་འཆད་དོ་ཞེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་སྔགས་རྣམས་ཀྱི་གསང་ སྔགས་ཀྱི་མཚན་ཉིད་ཉོན་ཅིག་ཅེས་པ་ནས། རང་སངས་རྒྱས་ཀྱིའང་དེ་བཞིན་ཏེ། ཁྱད་པར་དག་ནི་བཤད་བྱ་ན། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ལས་ཚེ་རྣམ་པར་སྦྱོང་ཞེས་བྱ། །ཞེས་པའི་བར་གྱིས་དེ་བཞིན་གཤེགས་པ་དང་། ཀུན་དུ་སངས་རྒྱས་པ་དང་། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སོ་སོའི་སྔགས་ཀྱི་མཚན་ཉིད་བཤད་པ་སྟེ། སྔགས་ཀྱི་མཚན་ཉིད་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། སྔགས་ཀྱི་ལྷ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་རང་བཞིན་ནོ། །དེ་ལ་སྔགས་ཀྱི་ལྷ་ནི་སྙིང་རྗེ་ཆེན་པོ་ འབྱུང་བའི་དཀྱིལ་འཁོར་དུ་བཤད་ཟིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་དང་ཀུན་དུ་སངས་རྒྱས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཉིད་དེ། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ་རིགས་གསུམ་བཀོད་པ་རྣམས་ནི་དེ་བཞིན་ གཤེགས་པའོ། །དཀྱིལ་འཁོར་བར་མ་ན་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་བཞུགས་པ་ནི་ཀུན་དུ་སངས་རྒྱས་སོ། །དཀྱིལ་འཁོར་ཐ་མ་ན་འཕགས་པ་འཇམ་དཔལ་ལ་སོགས་པ་ས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་གཙོ་བོ་དག་བཞུགས་པ་རྣམས་ནི་སངས་རྒྱས་ རྣམས་སོ། །དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རིན་ཆེན་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའོ། །ཉན་ཐོས་དང་རང་སངས་རྒྱས་དངོས་སུ་མ་སྨོས་ཀྱང་སྤྲུལ་པའི་སྐུས་གདུལ་བའི་ནང་དུ་བདོག་པས་ན་དཀྱིལ་འཁོར་བར་མའི་ནང་དུ་འདུས་པར་རིག་པར་བྱའོ། །འཇིག་ རྟེན་པ་རྣམས་ཀྱང་དཀྱིལ་འཁོར་བར་མ་དེ་ཉིད་ཀྱི་ནང་ན་དངོས་སུ་འཁོད་པའོ། །སྔགས་ཀྱི་དོན་ནི་ཀུན་དུ་སངས་རྒྱས་པ་ནས་འཇིག་རྟེན་པའི་ལྷ་རྣམས་ཀྱི་བར་གྱི་ཏིང་ངེ་འཛིན་སྔར་བཤད་པ་དག་གོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་ཤེས་པར་བྱའོ། །དོན་དམ་པ་ནི་རྣམ་ པར་ཐར་པའི་སྒོ་སྟོང་པའི་རང་བཞིན་ནོ། །ཀུན་རྫོབ་ནི། དགོས་པའི་ས་ལ་གནས་དེ་རྣམས། །ཞེས་པ་ལ་སོགས་པ་སེམས་ཅན་གྱི་དོན་དུ་ཆོས་འཆད་པ་དང་། བཅོམ་ལྡན་འདས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་སོ། །སྔགས་ཀྱི་རང་ བཞིན་རྣམ་པ་བཞིར་ཤེས་པར་བྱ་སྟེ་ཚིག་དང་འབྲུ་དང་དབྱངས་དང་ཡུལ་གྱི་སྐད་རྣམས་སོ། །དེ་ལ་ཚིག་ནི་ཡི་གེའི་འབྲུ་མང་པོ་འདུས་པ་ལས་ཚིག་ཏུ་ལོངས་པར་སྨྲ་བའོ། །འབྲུ་ནི་ཡི་གེ་ཀ་ལ་སོགས་པ་སྔགས་ཀྱི་ཡི་གེ་འབྲུ་རེ་རེའོ། །དབྱངས་ནི་ཨ་དང་ཨི་ལ་སོགས་པ་གུག་སྐྱེད་ཀྱི་རིགས་སུ་གཏོགས་ པའོ། །ཡུལ་གྱི་སྐད་ནི་ཡུལ་སོ་སོ་ན་སྐད་གང་གིས་སྤྱོད་པ་དེ་ཉིད་དང་མཐུན་པར་གསུངས་པའོ། །སྔགས་རྣམས་ཀྱི་གསང་སྔགས་ཀྱི་མཚན་ཉིད་ཉོན་ཅིག་ཅེས་པ་ནི་སྔར། གསང་སྔགས་མཚན་ཉིད་ཇི་འདྲ་ལགས། །ཞེས་བཅོམ་ལྡན་འདས་ལ་གསོལ་བ་དེང་ངས་བཤད་ཀྱིས་ཉོན་ཅིག་པ་སྟེ་ སྔགས་རྣམས་ཀྱི་མཚན་ཉིད་ཅེས་སྨོས་པ་ནི་སྔགས་རྣམས་ཀྱི་མཚན་ཉིད་སྔགས་ཀྱི་ལྷ་དང་སྔགས་ཀྱི་དོན་གོང་དུ་བཤད་པས་ན་ད་འདིར་སྔགས་རྣམས་ཀྱི་མཚན་ཉིད་གསང་བར་སྨྲ་བའི་རང་བཞིན་གྱི་ཚིག་རྣམས་ཉོན་ཅིག་ཅེས་པའོ། །རྫོགས་སངས་རྒྱས་ཀྱི་གསང་སྔགས་ནི། །ཚིག་དང་མིང་ དང་བརྡ་ཡིས་མཚན། །ཞེས་པ་ཛི་ན་ཛིཀ་ཅེས་པ་ལ་སོགས་པའི་ཚིག་སྨོས་པས་འདི་ནི་སངས་རྒྱས་ཀྱི་མིང་གི་མཚན་མ་སྟེ་སངས་རྒྱས་ཀྱི་སྔགས་སུ་བྱེད་པར་ཤེས་པའོ། །ཚིག་དེ་དབང་དུ་གྱུར་པས་ན། །གསང་སྔགས་དོན་རྣམས་ཐམས་ཅད་སྒྲུབ། །ཅེས་པ་ནི་ཀུན་དུ་སངས་རྒྱས་ པའི་སྔགས་ཀྱི་ཚིག་སྨོས་པ་ཡང་དབང་ཆེན་གྱི་ཏིང་ངེ་འཛིན་གྱི་མཚན་མ་སྟེ་རྒྱས་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་ཞེས་པའོ། །ཁ་ཅིག་སྐུལ་བ་ཚིག་དང་ལྡན། །ཁ་ཅིག་རང་མིང་ཐོག་མར་སྨོས། །ཞེས་པ་ནི་སྔགས་ཀྱི་ཚིག་ལས་སྔགས་ཀྱི་ལྷ་ཡི་མཐུ་དང་ཡོན་ཏན་རྣམས་སྨོས་པ་ དང་། ཤཱནྟིཾ་ཀུ་རུ་ཞེས་པ་ལ་སོགས་པའི་ལས་རྣམས་ལ་བསྐུལ་བ་སྨོས་པ་དང་ཛི་ན་ཛིཀ་ཅེས་པ་ལ་སོགས་པ་ལྷའི་མཚན་སྨོས་པས་ལྷ་གང་གི་སྔགས་ཡིན་པར་རིག་པར་འགྱུར་བའོ། །ཧཱུྃ་ཕཊ་ཅེས་པ་ལ་སོགས་པ་དང་ལྡན་པའི་ཚིག་རྣམས་ནི་གོང་དུ་གཙུག་ཏོར་བརྒྱད་སྨོས་པ་ལ་སོགས་པའི་ སྔགས་སུ་ཤེས་པར་བྱ་སྟེ། གཙུག་ཏོར་གྱི་སྔགས་རྣམས་གཞུང་གཞན་ལས་ཧཱུཾ་དང་ཕཊ་མེད་པ་ཡང་འབྱུང་། གཙུག་ཏོར་མ་ཡིན་པའི་ལྷ་རྣམས་ཀྱི་སྔགས་ཧཱུཾ་དང་ཕཊ་དུ་བཅས་པ་ཡང་འབྱུང་བས་ན་ཧཱུཾ་དང་ཕཊ་དུ་བཅས་པའི་གཙུག་ཏོར་གྱི་སྔགས་འདི་རྣམས་ནི་རྒྱུད་འདི་ཉིད་དུ་སྨོས་པའི་གཙུག་ ཏོར་གྱི་སྔགས་སུ་ཤེས་པར་བྱའོ། །ཟུང་ཟོ་ཆོམས་ཤིག་ཅེས་པ་དང་། །སྣུན་སོད་དྲོལ་ཅིག་ཅེས་པ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་འདྲེན་པས་གསུངས། །ཞེས་པ་ནི་ཚིག་དེ་ལྟ་བུ་དྲག་ཤུལ་ཅན་དང་ལྡན་པའི་སྔགས་ནི་ཁྲོ་བོ་རྣམས་དང་ཅི་བགྱི་ རྣམས་ཀྱི་སྔགས་སུ་ཤེས་པར་བྱའོ། །ན་མཿསྭཱ་ཧཱ་ལ་སོགས་ལྡན། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་སྐྱོབ་པའི་ཡིན། །ཞེས་པའི་བར་ནི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྔགས་ཏེ་མགོ་ན་ཕྱག་འཚལ་བ་དང་ལྡན་ཞིང་ཚིག་གི་མཇུག་ན་སྭཱ་ཧཱ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་སོ་སོའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་ཚིག་རྣམས་སྨོས་པ་དང་། ཟུང་ཤིག་ཆོམས་ཤིག་ལ་སོགས་པའི་ཚིག་དྲག་ཤུལ་ཅན་རྣམས་མེད་ཅིང་ཞི་བའི་ཚིག་རྣམ་པར་དག་པའི་མཚན་ཉིད་ཀྱི་ཚིག་ དང་ལྡན་པའི་སྔགས་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་ཤེས་པར་བྱའོ། །ཉན་ཐོས་རྣམས་ཀྱི་གསང་སྔགས་ནི། །གཅིག་པུ་གཞི་ནི་གཅིག་ལ་གནས། །ཞེས་པ་ནི་འཕགས་པ་ཉན་ཐོས་ཀྱི་གསང་སྔགས་རྣམས་ནི་སྤྱི་བོ་སྤྱི་གཙུག་ལ་སོགས་པ་ཡན་ལག་གི་ སྔགས་རྣམས་མེད་པས་ན་གཅིག་པའོ། །བྱང་ཆུབ་སེམས་དཔའ་ལྟར་གཟུགས་སྣ་ཚོགས་སུ་མི་འགྱུར་གྱི། དགེ་སློང་གི་ཚུལ་གཅིག་པུ་འཛིན་པའམ། གང་ཟག་ལ་བདག་མེད་པ་གཅིག་པུ་རྟོགས་པས་ན་གཅིག་ལ་གནས་ཞེས་པའོ། །རང་སངས་རྒྱས་ཀྱིའང་དེ་བཞིན་ཏེ། །ཁྱད་པར་ དག་ནི་བཤད་བྱ་ན། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ལས་ཚེ་རྣམ་པར་སྦྱོང་ཞེས་བྱ། །ཞེས་པ་ནི་རང་སངས་རྒྱས་ཀྱི་སྔགས་རྣམས་ཀྱང་མཚན་ཉིད་གཞན་ནི་ཉན་ཐོས་དང་མཐུན་ལ། སྤྱད་པར་ནི་རྒྱུ་དང་འབྲས་བུ་བཤིག་ནས་ཆོས་རྣམས་སྟོང་པར་རྟོགས་པའི་ཏིང་ངེ་འཛིན་དང་ལྡན་པར་ ཤེས་པར་བྱའོ། །དེ་ལ་འདིར་ཀུན་དུ་སངས་རྒྱས་པ་ལ་སོགས་པའི་གསང་སྔགས་ཀྱི་མཚན་ཉིད་ནི་བཤད་ན། དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་མཚན་ཉིད་ཅིའི་ཕྱིར་དངོས་སུ་མ་སྨོས་ཤེ་ན། ཀུན་དུ་སངས་རྒྱས་པའི་སྔགས་དེ་ཉིད་དེ་བཞིན་གཤེགས་པ་ཡིན་ཏེ་ཅིའི་ ཕྱིར་ཞེ་ན། ཀུན་དུ་སངས་རྒྱས་པ་ལ་སོགས་པ་དེ་རྣམས་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལས་འབྱུང་བ་ཡིན་ན་ཡང་དེ་བཞིན་གཤེགས་པའི་རྒྱུ་ཡིན་པས་དེ་བཞིན་གཤེགས་པ་དང་ཐ་མི་དད་ལ། འོན་ཏེ་ཡེ་ཤེས་ཀྱི་སེམས་ཅན་ཡིན་ན་ཡང་དེ་ཉིད་དེ་བཞིན་གཤེགས་པའི་འབྲས་བུ་ཡིན་པས་ཐ་མི་དད་པའི་ཕྱིར་ དེ་དག་དེ་བཞིན་གཤེགས་པའི་སྔགས་སོ། །དོན་དམ་པར་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པའི་སྔགས་ཀྱི་ཡི་གེ་འབྲུ་རེ་རེ་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་སྒོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྟོན་པར་གཅིག་པས་ན་ཐ་མི་དད་དོ། །ཡང་ན་འོག་ནས་བཤད་པའི་ཡི་གེ་ཨ་རྣམ་པ་བཞི་པོ་ རྣམས་དེ་བཞིན་གཤེགས་པའི་སྔགས་སོ། །གསང་བ་པའི་བདག་པོ་གཞན་ཡང་གསང་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བྱས་བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ་ཞེས་པ་ནས་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་པའི་བར་གྱིས་ནི་གསང་སྔགས་རྣམས་ ཀྱི་རང་བཞིན་བཤད་པ་སྟེ། ཚིག་དང་མིང་དང་བརྡས་མཚན་པའི་མཚན་ཉིད་ཀྱི་གསང་སྔགས་བསྐུར་བ་ལ་སོགས་པ་དང་ལྡན་པའི་ཚིག་གིས་དོན་གང་བསྐུལ་བ་དེ་གྲུབ་པར་བྱེད་པའི་མཐུའི་རང་བཞིན་རྣམས་མཐུ་འདིས་དོན་འདི་འགྲུབ་པར་བྱའོ་ཞེས་དེ་བཞིན་གཤེགས་པས་སྔགས་ཀྱི་རང་ བཞིན་དེ་བྱས་སམ། དེ་བཞིན་དུ་གཞན་ལ་བྱེད་དུ་བཅུག་གམ། གཞན་བྱེད་པ་ལ་རྗེས་སུ་ཡི་རང་ན་ཡང་དེ་བཞིན་གཤེགས་པ་ཉིད་མཚན་མ་དང་བྲལ་བས་བྱས་པའམ་བྱེད་དུ་བཅུག་པའམ། རྗེས་སུ་ཡི་རང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔགས་ཀྱི་རང་བཞིན་དེ་བཞིན་གཤེགས་པས་ མཛད་པར་གྱུར་ན་ནི་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ན་སྒྲུབ་པར་བརྩམས་པ་ཐམས་ཅད་ཀྱིས་ངེས་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་སྒྲུབ་པོ་ཐམས་ཅད་ཀྱིས་འགྲུབ་པ་མ་ཡིན་པས་དེ་བཞིན་གཤེགས་པས་མཛད་པ་མ་ཡིན་ནོ། །དེ་སྟེ་སྔགས་ཀྱི་མཐུའི་དོན་དང་ མཐུ་གཉིས་རྟག་ཏུ་ཕན་ཚུན་འགྲེལ་པ་ཡིན་ཚིག་བརྗོད་པ་ཙམ་གྱིས་དོན་དེ་ཉིད་འགྲུབ་པར་འགྱུར་ཏེ། དཔེར་ན་མེ་ཞེས་ཚིག་ཏུ་བརྗོད་པ་ན་མེའི་རང་བཞིན་སྲེད་པར་བྱེད་པ་ཡིན་ཡང་ཚིག་ཏུ་བརྗོད་པས་ཁ་ཚིག་པར་མི་འགྱུར་བ་དང་འདྲའོ། །དེ་བས་ན་སྔགས་ཀྱི་མཐུ་ནི་དེ་བཞིན་གཤེགས་པས་མཛད་པ་ ཡང་མ་ཡིན། གཞན་བྱེད་དུ་བཅུག་པའམ། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བ་མ་ཡིན་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱང་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་ སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ་ཞེས་པ་ནི། མིང་དང་ཚིག་དང་བརྡས་མཚན་པའི་སྔགས་དེ་བསྐུལ་བ་ལ་སོགས་པའི་ཚིག་དང་དོན་དུ་ལྡན་ན་གང་བསྐུལ་བའི་དོན་དེ་ཉིད་སུས་ཀྱང་བྱས་པ་མ་ཡིན་ཏེ། རྒྱུ་གཞན་ལ་མི་ལྟོས་པར་ཆོས་དེ་དེ་ལྟར་ཡེ་ནས་གནས་པ་ཡིན་ཏེ། དཔེར་ན་ བུ་རམ་གྱི་རོ་མངར་བ་དང་ལན་ཚྭའི་རོ་བྲོ་བའི་རང་བཞིན་རྣམས་རྒྱུ་གང་གིས་ཀྱང་འདུས་མ་བྱས་པར་མངར་བའི་རང་བཞིན་དུ་ཡེ་ནས་གནས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་བྱས་པ་ཡིན་ན་དེ་བཞིན་གཤེགས་པ་བྱུང་བ་ན་སྔགས་ཀྱི་རང་བཞིན་དེ་ཡང་ཡོད་ལ། མ་བྱུང་ན་ནི་མེད་པར་འགྱུར་ ཏེ་དེ་ལྟར་ཡང་མ་ཡིན་པས་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ་ཞེས་པའོ། །གསང་བ་པའི་བདག་པོ་དེ་ལ་གང་གི་ཚེ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཐམས་ཅད་གཟིགས་པ་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཞེས་པ་ནས། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་དེ་ལྟར་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་པའི་བར་གྱིས་ནི། གསང་སྔགས་ཀྱི་ཆོས་ཉིད་ཡེ་ནས་དེ་ལྟར་གནས་པ་ལ། ཚིག་དང་ཡིག་འབྲུ་དང་དབྱངས་ རྣམས་སུ་ཇི་ལྟར་རིགས་པར་རྣམ་པར་དགོད་པ་ཙམ་ཞིག་དེ་བཞིན་གཤེགས་པས་མཛད་པར་བསྟན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པ་ཉིད་དུ་མངོན་པར་བྱང་ཆུབ་པའོ། །ཐམས་ཅད་མཁྱེན་པའི་ཞེས་པ་ནི་སོ་སོར་རྟོག་པའི་ ཡེ་ཤེས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ཡུལ་དུ་གཟིགས་པའོ། །དེ་ལྟ་བུའི་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་བྱུང་བ་ན་ཚུལ་སྣ་ཚོགས་དང་ཞེས་ པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་པ་ལ་སོགས་པའི་ཚུལ་རྣམ་པ་མང་པོ་དང་རྗེས་སུ་མཐུན་པར་གསང་སྔགས་ཀྱི་ཆོས་ཉིད་ཡེ་ནས་གནས་པ་དེ་ཡིག་འབྲུ་རྣམས་སུ་འཆད་པ་ནི་ཚིག་དང་ཡིག་འབྲུ་རྣམས་དང་དབྱངས་རྣམ་པ་སྣ་ཚོགས་སུ་སྟོན་ པའོ། །གཉིས་སུ་ན་དེ་བཞིན་གཤེགས་པའི་རིགས་དང་པདྨའི་རིགས་དང་། རྡོ་རྗེའི་རིགས་ལ་སོགས་པའི་ཚུལ་སྣ་ཚོགས་པའོ། །དགོངས་པ་སྣ་ཚོགས་ཤེས་པ་ནི་སྔགས་ཀྱི་ཚིག་དེ་རྣམས་ཀྱང་ལ་ལ་ནི་སྒྲ་ཇི་བཞིན་པར་འཆད། ལ་ལ་ནི་ལྡེམ་པོ་དག་ཏུ་སྟོན་པ་ཞེས་པའོ། །སེམས་ཅན་ བསམ་པ་སྣ་ཚོགས་པ་རྣམས་ལ་ཞེས་པ་ནི་སེམས་ཅན་ལ་ལ་ཞི་བར་འདོད། ལ་ལ་རྒྱས་པར་འདོད། ལ་ལ་གྲུབ་པ་མཆོག་འདོད། ལ་ལ་འབྲིང་འདོད་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ཇི་ལྟར་འདོད་པ་དང་རྗེས་སུ་མཐུན་པར་སྟོན་པའོ། །ཚིག་སྣ་ཚོགས་དང་ཡིག་འབྲུ་སྣ་ ཚོགས་དང་ཡུལ་གྱི་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་ཤེས་པ་ནི་གསང་སྔགས་ཀྱི་ཆོས་ཉིད་དེ་ཛི་ན་ཛིཀ་ལ་སོགས་པའི་ཚིག་རྣམ་པ་དུ་མ་དང་། དྲི་མ་མེད་པ་ལ་སོགས་པའི་སྐད་དུ་སྨྲ་བ་རྣམ་པ་དུ་མའི་མཚན་མར་བཀོད་དེ་སྟོན་ཞེས་པའོ། །དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་ བརླབས་ཏེ་ཞེས་པ་ནི་ཨ་ཨི་ལ་སོགས་པའི་གུག་སྐྱེད་ཀྱི་ཚུལ་རྣམ་པ་དུ་མའམ། ས་འཛིན་ལ་སོགས་པའི་དབྱངས་སྣ་ཚོགས་སུ་སྟོན་ཞེས་པའོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་རྣམས་གསང་སྔགས་ཀྱི་ཚུལ་ཡིག་འབྲུ་དག་ཏུ་བྱིན་གྱིས་རློབ་ཅེ་ན་ཞེས་པ་ནས་སྐལ་པ་ཇི་ལྟ་བ་བཞིན་དུ་ གསང་སྔགས་ཀྱི་ཆོ་ག་ཡང་དག་པར་སྟོན་ཏོ་ཞེས་པའི་བར་གྱིས་ནི་གསང་སྔགས་ཀྱི་ཆོས་ཉིད་ཡིག་འབྲུ་ལ་སོགས་པར་བྱིན་གྱིས་བརླབས་ཏེ་སྟོན་པ་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དེ་དག་སྔགས་ཀྱི་ཡིག་འབྲུར་བྱིན་གྱིས་བརླབས་ནས་སྟོན་པར་ བཤད་དེ། ཚིག་དང་ཡིག་འབྲུ་རྣམས་སུ་བྱིན་གྱིས་རློབ་པ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཏུ་སྟོན་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཚིག་དང་ཡིག་འབྲུ་ལ་སོགས་པར་བྱིན་གྱིས་བརླབས་ཏེ་སྟོན་པའོ། །དོན་དམ་པར་སྟོན་པ་ནི་ཆོས་ ཐམས་ཅད་གདོད་མ་ནས་མ་སྐྱེས་མ་བྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་ཡི་གེ་ལ་སོགས་པའི་འབྲུར་སྟོན་པ་སྟེ། དེ་བས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཡང་དག་པར་བསྒྲུབས་པའི་བདེན་པའི་ཚིག་གང་ཡིན་པ་དང་འཕགས་པའི་བདེན་པ་བཞི་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཞེས་པ་ནི་མང་པོའི་མཚོན་བྱེད་དེ་འཕགས་པའི་བདེན་པ་ལ་སོགས་པ་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པས་བསྐལ་པ་དུ་མར་བདེན་པའི་ཚིག་བསགས་པ་དེ་སྔགས་ཀྱི་ཡིག་འབྲུར་བྱིན་གྱིས་བརླབས་པས་ན་སུ་བསྒྲུབ་པར་འདོད་པ་ དེས་བདེན་པའི་ཚིག་རྗེས་སུ་བསྲུང་བར་ཤེས་པར་བྱ་སྟེ། བརྫུན་དུ་སྨྲ་བས་སྔགས་རྣམས་མི་འགྲུབ་པོ། །ཞེས་རྒྱུད་གཞན་ལས་ཀྱང་འབྱུང་ངོ་། །འཕགས་པའི་བདེན་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་ བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་དང་ཚངས་པའི་གནས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་དག་ཡིན་པ་རྣམས་ནི་གཞུང་གཞན་ལས་གྲགས་པ་ཉིད་དོ། །གསང་བ་པའི་བདག་པོ་མདོར་ན་དེ་བཞིན་གཤེགས་པ་ རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་སྔོན་གྱི་སྨོན་ལམ་མཁྱེན་པའི་སྟོབས་དང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱི་བྱིན་གྱིས་བརླབས་ནས་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་ བ་བཞིན་དུ་གསང་སྔགས་ཀྱི་ཆོ་ག་ཡང་དག་པར་སྟོན་ཏོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་མཐུ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ཡིག་འབྲུ་རྣམས་སུ་སྟོན་པ་སྟེ། ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་སྟོབས་ཞེས་པ་ནི་བསོད་ནམས་ཀྱི་སྟོབས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའོ། །ཡེ་ཤེས་ཀྱི་སྟོབས་ནི་ཤེས་རབ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་སྟེ། སྟོབས་ནི་དེ་དག་གི་མཐུ་ཐོགས་པ་མེད་པའོ། །སྔོན་གྱི་སྨོན་ལམ་མཁྱེན་པའི་སྟོབས་དང་ཞེས་པ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་གསང་སྔགས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་ ཇི་བཞིན་དུ་རྟོགས་པའོ། །ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་གནས་ནས་ཞེས་པ་སྟེ་ཆོས་ཀྱི་དབྱིངས་ལ་གནས་པའི་མཐུ་དེས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་ཆོས་ཉིད་ཡི་གེའི་འབྲུ་ལ་སོགས་པར་སྟོན་ཏོ་ཞེས་པའོ། །སྐལ་བ་ཇི་ལྟ་བ་བཞིན་ དུ་ཞེས་པ་ནི་ཇི་ལྟར་སྣོད་དུ་འགྱུར་བའི་སེམས་ཅན་རྣམས་ལའོ། །གསང་སྔགས་ཀྱི་ཆོ་ག་དེ་ཡང་གང་ཞེ་ན། གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནས་གསང་བ་པའི་བདག་པོ། ང་དང་ཉ་དང་ཎ་དང་ན་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བསྒྱུར་བ་སྟེ། མཐུ་ཐམས་ཅད་དང་ལྡན་པ་རབ་ཏུ་ མྱུར་བར་དགོས་པའི་དོན་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པའི་བར་གྱིས། གསང་སྔགས་རྣམས་ཀྱི་མཚན་ཉིད་ནི། །ཚིག་དང་མིང་དང་བརྡ་ཡིས་མཚན། །ཞེས་བཤད་པ་དེ་དག་ཉིད་ཡི་གེའི་འབྲུ་དང་ཚིག་རྣམས་སུ་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་རྣམས་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་ འཆད་དེ། ཚིག་དང་ཡི་གེ་འབྲུ་རེ་རེ་ལས་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་དེ་ཡང་དོན་རྣམ་པ་གཉིས་སྟོན་ཏེ་ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་ཏུ་སྟོན་པ་ནི་ཡིག་འབྲུ་དང་ཚིག་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟོན་པའོ། །དོན་ དམ་པ་སྟོན་པ་ནི་ཡི་གེ་དེ་ཉིད་ཀྱི་སྒོ་ནས་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་སྟོན་པ་སྟེ། དེ་བས་ན་ཡིག་འབྲུ་དང་ཚིག་གི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་དོན་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་མཚན་ཉིད་ཕྱག་རྒྱ་ལ་སོགས་པའི་སྒོ་ནས་ཚིག་དང་མིང་དང་བརྡ་ ཡིས་མཚན་པར་བསྟན་ཏེ་ཡིག་འབྲུ་དང་ཚིག་རྣམས་སུ་བྱིན་གྱིས་བརླབས་ཏེ་བསྟན་ཏོ། །དེ་བས་ན་ང་འདིར་ཡི་གེ་ཨ་ལ་སོགས་པའི་ཡིག་འབྲུ་རྣམས་ཀྱི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་དུ་བསྟན་པར་བཤད་དེ་དེ་ཡང་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་རྣམས་སྟོང་པ་ཉིད་ཀྱི་ཏིང་ངེ་ འཛིན་གྱི་སྒོར་གྱུར་པ་སྟེ། དེ་རྣམས་ལས་ཀྱང་ཁ་ཅིག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན། ཁ་ཅིག་ནི་ཕྱོགས་གཅིག་སྟོང་པ་ཉིད་དུ་སྟོན། ཁ་ཅིག་ནི་སྟོང་པར་འཇུག་པའི་སྒོ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་ཇི་ལྟར་རིགས་པར་བལྟའོ། །དེ་ལ་ཡི་གེ་ཨ་ལ་སོགས་པ་གང་ཡང་རུང་བ་ཞིག་གིས་ཐམས་ཅད་སྟོང་པ་ཉིད་དུ་ སྟོན་པ་ལས་ལྷག་པར་ཡི་གེ་གཞན་རྣམས་ཀྱིས་སྟོང་པ་ཉིད་དུ་སྟོན་པ་མེད་དེ། གང་ཡི་གེ་ཨ་ལ་སོགས་པས་བསྟན་པ་དེ་ཉིད་ཡི་གེ་གཞན་རྣམས་ཀྱིས་ཀྱང་སྟོན་པས་སྟོང་པ་ཉིད་དུ་སྟོན་པར་གཅིག་སྟེ། ཡི་གེ་ཨའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ན་ཡི་གེ་གཞན་ཅི་དགོས་ཤེ་ན། སྟོང་པར་སྟོན་པ་ནི་ཡི་གེ་ གཅིག་གིས་ཀྱང་ཆོག་མོད་ཀྱི། ཡིག་འབྲུ་དང་ཚིག་རྣམས་ལས་སྔགས་སུ་བསྟན་ཏེ་སྔགས་དེའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པར་དགོངས་པའི་ཕྱིར་ཡི་གེ་ཐམས་ཅད་སྨོས་སོ། །དེ་བས་ན་སྔགས་ཐམས་ཅད་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་རྒྱུད་གཞན་ལས་གསུངས་སོ། །གཟོད་མ་ནས་མ་ སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པས་སྟོང་པ་ཉིད་དུ་རྟོགས་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་ཡི་གེ་ཨ་དེ་སྟོང་པ་ཉིད་རྟོགས་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པར་བྱིན་གྱིས་བརླབས་ཤིང་གཞག་པའོ། །དེ་བས་ན་ཡི་གེ་ཨའི་སྒོ་ནས་ཆོས་ ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་མ་བྱུང་བར་བསྟན་ཏོ། །དགོས་པ་དང་བྲལ་བའི་ཕྱིར་ཀ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་རྒྱ་གར་སྐད་དུ་དགོས་པ་ལ་ཀར་ཡ་ཞེས་བྱ་ལ། ཡི་གེ་ཀ་དེ་ཆོས་ཐམས་ཅད་སྟོང་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པས་ཡི་གེ་ཀའི་སྒོ་ནས་ཆོས་ཐམས་ཅད་དགོས་པ་མེད་པར་ཤེས་ ཞེས་བྱའོ། །དགོས་པ་ཞེས་པ་ནི་འབྲས་བུ་སྟེ། །སྐྱེད་པར་བྱེད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །ཞེས་འབྱུང་བས་འབྲས་བུ་རྒྱུས་མ་སྐྱེས་པས་མེད་ཀྱི། རྒྱུ་དེ་འབྲས་བུ་སྐྱེས་པའི་རང་བཞིན་དུ་ཡོད་མོད་ཅེ་ན། རྒྱུ་ཉིད་འབྲས་བུ་ ལས་གྱུར་པ་སྟེ་དེ་བས་ན་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའི་དོན་དུ་རིག་པར་བྱའོ། །ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་ཕྱིར་ཁ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ནམ་མཁའ་དང་འདྲ་བ་ལ་རྒྱ་གར་སྐད་དུ་ཁ་ས་མ་ཞེས་བྱ་སྟེ། ཡི་གེ་ཁ་དེ་ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཏིང་ངེ་འཛིན་ གྱི་སྒོར་ཞུགས་ཏེ་ཐམས་ཅད་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པས་ཡོད་པ་མ་ཡིན་པའོ། །འགྲོ་བ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ག་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ག་ཏི་ཞེས་པ་འགྲོ་བ་ལ་ཡང་བྱ། རྒྱུད་ལ་ཡང་བྱ། རྟོགས་པ་ལ་ཡང་བྱ་སྟེ་ཡི་གེ་ག་ནི་ཆོས་ཐམས་ཅད་ སྟོང་པ་ཉིད་དུ་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ་གྱུར་པ་ཡིན་པས་འགྲོ་བར་དྲང་ན་ནི། ཤར་དང་ནུབ་ལ་སོགས་པར་འགྲོ་བར་བྱ་བ་དང་འགྲོ་བར་བྱེད་པ་དམིགས་སུ་མེད་པའོ། །རྒྱུད་དུ་དྲང་ན་ནི་མི་དང་ལྷ་ལ་སོགས་པའི་རྒྱུད་དྲུག་དམིགས་སུ་མེད་པའོ། །རྟོགས་པར་དྲང་ན་ནི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ པར་རྟོགས་པར་བྱ་བའི་དངོས་པོ་དང་རྟོགས་པར་བྱེད་པ་ལ་དམིགས་སུ་མེད་པའོ། །གཅིག་ཏུ་འཕུངས་པ་དམིགས་སུ་མེད་པའི་ཕྱིར་གྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་གཅིག་ཏུ་འཕུངས་པ་ལ་རྒྱ་གར་སྐད་དུ་བྷ་ག་ཞེས་བྱ་ལ། ཡི་གེ་བྷ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན