Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 69
Văn bản gốc(Tây Tạng)
Trang 7 / 23 (50.000 ký tự/trang)
ང་སངས་རྒྱས་ཀྱི་ལྟ་བ་ལས་འདས་ཏེ། འཕགས་པ་འམ་དེ་དག་གི་སྤྱོད་ཡུལ་མ་ཡིན་པ་ལ་བྱ་སྟེ་དེ་ཡང་སྤོང་བ་ཕུན་སུམ་ཚོགས་པའོ། །ལྷ་དང་ ལྷ་མ་ཡིན་དང་འཇིག་རྟེན་དུ་བཅས་པས་ཕྱག་བྱས་པ། བརྒྱ་བྱིན་དང་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པས་ཕྱག་བྱས་ཞེས་པ་ནི། དེ་ལྟ་བུའི་འཇིག་རྟེན་གྱི་དབང་པོ་ལ་སོགས་པ་སེམས་ཅན་མཐུ་ཅན་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་པའི་མཐུ་དང་ལྡན་པས་མཐུ་ཕུན་སུམ་ ཚོགས་པའོ། །བྱང་ཆུབ་ཀྱི་སེམས་དེ་གཟུགས་མེད་པ་ལ་ཇི་ལྟར་དེ་དག་གིས་ཕྱག་བྱ་ཞེ་ན། གཟུགས་མེད་ཀྱང་དེ་ཡོན་ཏན་དང་རྫུ་འཕྲུལ་ཆེན་པོ་དེ་དག་ཐོབ་ནས་འདུད་ཅིང་ཕྱག་འཚལ་བར་འགྱུར་རོ། །ཡང་དེ་ལྟ་བུའི་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་ལ་ ཡང་བྱའོ། །འདི་ལྟ་སྟེ་སྟོང་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་གཟུང་བ་དང་འཛིན་པའི་རང་བཞིན་མེད་དེ། ནམ་མཁའ་དང་འདྲ་བས་སྟོང་པའི་རང་བཞིན་ནོ། །རྫས་མ་ཡིན་ཞེས་པ་ནི་དེ་ལྟར་སྟོང་པའི་རང་བཞིན་ཡིན་པས་རྡུལ་ཕྲ་མོ་ལ་སོགས་པའི་རྫས་ཀྱི་རང་བཞིན་མ་ཡིན་ པའོ། །མཚན་མ་མེད་ཅེས་པ་ནི་མུ་སྟེགས་ཅན་ལ་སོགས་པས་བརྟགས་ཏེ་བདག་ལ་སོགས་པ་ཁམས་གསུམ་ཐམས་ཅད་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པའི་མཚན་ཉིད་མ་ཡིན་པའོ། །མཚན་ཉིད་མ་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་ཇི་ བཞིན་པའི་མཚན་ཉིད་མ་ཡིན་པའོ། །འཕྲོ་བ་ལས་ཤིན་ཏུ་འདས་པ་ཞེས་པ་ནི་འཕྲོ་བ་ནི་རྣམ་པར་རྟོག་པ་ལ་བྱ་སྟེ། རྣམ་པར་རྟོག་པ་མེད་པའོ། །ནམ་མཁའ་ཇི་བཞིན་ཚད་མེད་པ་ཞེས་པ་ནི་དེ་ལྟར་རྣམ་པར་རྟོག་པ་མེད་པས་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་ཚད་འདི་ཙམ་ ཞེས་དཔག་ཏུ་མེད་དེ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དེའི་ཡོན་ཏན་ཡང་ཚད་གཟུང་དུ་མེད་པའོ། །ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཞེས་པ་ལ། ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་ཆོས་ལ་བྱ་སྟེ། འདུས་བྱས་ཀྱི་ཆོས་དེ་རྣམས་རྡུལ་ཕྲན་གྱི་ཕྱོགས་ཆ་ལ་སོགས་པར་ བཤིག་གམ་སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པའི་ཚུལ་དུ་བཤིག་ན་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་ཏེ། བྱང་ཆུབ་ཀྱི་སེམས་དེ་དང་རོ་གཅིག་པས་ཆོས་དེ་དག་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཞེས་པའོ། །གཉིས་སུ་ནི་ཆོས་ཐམས་ཅད་ཅེས་བྱ་བ་ནི་སྟོབས་བཅུ་དང་མི་འཇིགས་ པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཆོས་རྣམས་བྱང་ཆུབ་ཀྱི་སེམས་དེ་ལ་གནས་པས་ན་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཞེས་བྱའོ། །འདུས་བྱས་དང་འདུས་མ་བྱས་དང་བྲལ་བ་ཞེས་བྱ་བ་ནི། འདུས་མ་ བྱས་དང་བྲལ་བ་ནི་ས་དང་པོའི་སེམས་ཐོབ་པའི་མི་མཐུན་པའི་གཉེན་པོར་གྱུར་པ་རྣམས་དང་བྲལ་བའོ། །འདུས་མ་བྱས་དང་བྲལ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་མ་སྤངས་པས་མྱ་ངན་ལས་འདའ་བའི་དབྱིངས་ལ་མི་གནས་པའོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ ལུས་དང་ཡིད་དང་བྲལ་བ་ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྟར་མིག་ལ་སོགས་པས་རྒྱུ་བྱས་པས་སྐྱེས་པ་མ་ཡིན་པས་དེ་རྣམས་དང་བྲལ་བའོ། །ཤིན་ཏུ་རང་བཞིན་མེད་པའི་སེམས་ཞེས་པ་ནི་དེ་ལྟར་གོང་དུ་སྨོས་པའི་ཆོས་རྣམས་གང་དང་ཡང་མི་ལྡན་པས་དེ་ རྣམས་ཀྱི་ཇི་བཞིན་པའི་རང་བཞིན་མ་ཡིན་པ་སྟེ། དེ་བས་ན་ཤིན་ཏུ་རང་བཞིན་མེད་པའི་སེམས་སོ། །སྐྱེས་ཏེ་ཞེས་པ་ནི་དེ་དང་འདྲ་བའི་རང་བཞིན་མེད་པའི་སེམས་ཀྱི་མཚན་ཉིད་དེ་གོང་དུ་སྨོས་པ་དེའི་བསྐལ་པ་དེ་སྙེད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས་ས་དང་པོའི་ཡོན་ ཏན་རྣམས་རྫོགས་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར། སེམས་དེ་སྐྱེས་པར་རིག་པར་བྱའོ། །དེ་ནི་ལས་དང་ཉོན་མོངས་བྲལ། །ལས་དང་ཉོན་མོངས་སུ་ཡང་ལྡན། །འཇིག་རྟེན་རྣམས་ཀྱི་སྦྱིན་གནས་ཏེ། །མཆོད་ཅིང་བཀུར་སྟི་དེ་ལ་རྟག་ཏུའོ། །ཞེས་པ་ལ་ལས་དང་ཉོན་མོངས་བྲལ་ཞེས་ པ་ནི། ངན་སོང་ལ་སོགས་པའི་ལས་དང་ས་དང་པོའི་མི་མཐུན་པའི་ཕྱོགས་དང་བྲལ་བའོ། །ལས་དང་ཉོན་མོངས་སུ་ཡང་ལྡན། །ཞེས་པ་ནི་ས་བླ་མ་རྣམས་ཐོབ་པར་བྱ་བའི་ལས་དང་དེ་དག་ལ་སྒྲིབ་པའི་ཉོན་མོངས་པ་དང་ལྡན་པའོ། །འཇིག་རྟེན་རྣམས་ཀྱི་སྦྱིན་གནས་ཞེས་པ་ནི་དེ་ལྟ་བུའི་ སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པས་ཡོན་དབུལ་བའི་སྣོད་དུ་གྱུར་པའོ། །མཆོད་པ་ཞེས་པ་ནི་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པའི་གནས་སོ། །བཀུར་སྟི་ཞེས་པ་ནི་ཕྱག་བྱ་ཞིང་ཐལ་མོ་སྦྱར་བ་དང་། བསུ་ཞིང་བསྐྱལ་བ་ལ་སོགས་ པའི་བཀུར་སྟིའི་གནས་སོ། །དེ་ལ་རྟག་ཏུ་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་པ་རྣམས་ཀྱིས་རྟག་ཏུ་མཆོད་པ་དང་བཀུར་སྟི་ལ་སོགས་པའོ།། །།ད་ནི་མོས་པ་དང་བའི་མཚན་ཉིད་དང་ཡོན་ཏན་ཡང་བཤད་དེ། གནས་ཀྱང་གསང་བའི་བདག་པོ་སེམས་གསུམ་རྣམ་ པར་བསྒོམས་ན་ཞེས་པ་ནས། མཁས་པས་བསྐལ་པ་གཅིག་གིས་ནི། །ས་ལས་ཤིན་ཏུ་འདས་པར་འགྱུར། །ཞེས་པའི་བར་དུའོ། །དེ་ལ་སེམས་གསུམ་རྣམ་པར་བསྒོམས་ན་ཞེས་པ་ནི་འཇུག་པ་དང་ལྡང་བའི་སེམས་ཏེ་རྣམ་པར་བསྒོམ་པའི་ཐབས་ནི་སྔར་ཆོས་ལ་བདག་མེད་པའི་སྐབས་ 96b.1]སུ་བཤད་དེ། ཤིན་ཏུ་དད་པ་ཞེས་པ་ནི་མཉན་པ་དང་བསམས་པ་དང་བསྒོམས་པའི་ཤེས་རབ་ཀྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤེས་ནས་དེ་ཉིད་ཡིན་གྱིས་གཞན་མ་ཡིན་ཞེས་པ་དེ་ལ་ཤིན་ཏུ་མོས་པ་སྐྱེ་བའོ། །མོས་པ་ཞེས་པ་ནི་ཆོས་དེ་ལ་མོས་པ་ ཙམ་མ་ཡིན་ཏེ། དེ་རྣམས་ཀྱིས་ཡོན་ཏན་གོམས་པར་བྱ་བ་ལ་ནན་ཏན་བྱེད་པ་དེ། དེ་བས་ན་གསུངས་པ། ཕ་རོལ་ཏུ་ཕྱིན་པ་རྣམས་བརྟག་པ་དང་བསྡུ་བ་རྣམ་བཞི་ནི་ཞེས་པ་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་བརྟག་པ་ཞེས་པ་ནི་ས་དང་པོ་ནས་བརྩམས་ཏེ་བཅུའི་བར་དུ་ས་རེ་རེ་ལ་ ཡང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རེ་རེ་སྤྱོད་དེ་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བདག་སྤྱོད་པ་དེ་བཞིན་དུ་སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམ་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་གཟུང་ངོ་། །དེ་ལ་རབ་ཏུ་དགའ་བའི་ཡོན་ཏན་སེམས་དགའ་བཞིན་དུ་ཆོས་དང་ཟང་ཟིང་གིས་ཕ་རོལ་ཏུ་ ཕྱིན་པ་སྤྱོད་པའི་ས་ལ་གནས་པ་ལ་བདག་ཀྱང་སྤྱོད་ལ། སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམ་བཞིའི་སྒོ་ནས་བསྡུས་ཤིང་སྤྱོད་པར་གཟུད་དོ། །ས་གཉིས་པ་དྲི་མ་མེད་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲི་མ་མེད་པ་སྤྱོད་པ་ཡང་མོས་པ་སྤྱོད་པའི་ཚེ་བདག་ཀྱང་སྤྱོད་ལ་གཞན་ རྣམས་ཀྱང་སྤྱོད་དུ་གཟུད་དོ། །ས་གསུམ་པ་འོད་བྱེད་པ་ལ་མ་སྐྱེས་པའི་ཆོས་ལ་བཟོད་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཡང་། མོས་པ་སྤྱོད་པའི་ཚེ་བདག་ཀྱང་སྤྱོད་ལ་གཞན་ཡང་སྤྱོད་དུ་གཟུད་དོ། །ས་བཞི་པ་འོད་འཕྲོ་བ་ཅན་ལ་ཡེ་ཤེས་ཀྱི་འོད་འཕྲོ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནས་སྤྱོད་པ་དང་། ས་ལྔ་པ་ཤིན་ཏུ་རྒྱལ་བ་ནས་བདུད་ལ་སོགས་པ་ལས་ཤིན་ཏུ་རྒྱལ་བར་དཀའ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ས་དྲུག་པ་མངོན་དུ་བྱ་བ་ལ་ཤེས་རབ་མངོན་དུ་གྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ས་བདུན་པ་རིང་དུ་སོང་བ་ལ་ སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱེད་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ས་བརྒྱད་པ་མི་གཡོ་བ་ལ་སྨོན་ལམ་གྱི་དབང་གིས་ཐོབ་ནས་བླ་མ་རྣམས་ཐོབ་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་དགུ་པ་དགེ་བའི་བློ་གྲོས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་ པ་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་དུ་ཡེ་ཤེས་ཀྱིས་ཆོས་འདྲི་ཞིང་སྤྱོད་ཡུལ་དུ་གྱུར་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་རྣམས་མོས་པ་སྤྱོད་པའི་ཚེ་ཉིད་ན་བདག་ཀྱང་སྤྱོད་པ་ལ་གོམས་པར་བྱེད་ལ། སེམས་ ཅན་རྣམས་ཀྱང་བསྡུ་བ་རྣམ་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་པའོ། །བསྡུ་བ་རྣམ་བཞི་པོ་ཞེས་པ་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱེད་པ་དང་། དོན་མཐུན་པར་བྱེད་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་དུ་འཛུད་པའོ། །ས་དེ་རྣམས་ཀྱི་མཚན་ཉིད་དང་། ཡོན་ཏན་ རྒྱ་ཆེར་ནི་ས་བཅུའི་མདོ་སྡེ་ལ་སོགས་པར་བལྟའོ། །མཉམ་མེད་ཤིན་ཏུ་མོས་པའི་ས། །ཞེས་པ་ནི་མོས་པ་སྤྱོད་པའི་ས་དེ་འཇིག་རྟེན་པ་ཕལ་རྣམས་དང་མི་མཉམ་པའོ། །ཚད་མེད་པ་ཞེས་པ་དེའི་ཡོན་ཏན་སྤྱི་གྲངས་བཅལ་བ་ལས་འདས་པའོ། །བསམ་ཡས་ཞེས་པ་ནི་སེམས་ཀྱིས་ བསམས་ཤིང་དཔག་པ་ལས་འདས་པའོ། །ས་བཅུ་རིམ་པར་ཐོབ་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་སྤྱོད་པའི་སེམས་ཀྱི་རིམ་པ་ལ་བྱའོ། །ཚད་མེད་ཡེ་ཤེས་ལས་བྱུང་བ། །ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་པའོ། །མོས་པ་སྤྱོད་པའི་ས་དེ་ལ་བྱའོ། །དེའི་ས་ཐམས་ ཅད་ཐོབ་པ་ནི་དེའི་ས་ཅུང་ཟད་གང་གསུངས་པའོ་ཞེས་པ་ནི་མོས་པ་སྤྱོད་པ་དེས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་ཆོས་རྣམས་གང་ཅུང་ཟད་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐམས་ཅད་ཐོབ་པར་འགྱུར་བའོ། །དེ་བས་ཐམས་ ཅད་མཁྱེན་པའི་ས་ནི་ཤིན་ཏུ་མོས་པའི་ས་ཞེས་བྱ་ཞེས་པ་ནི། དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་མོས་པས་ཐོས་པས་ན། མོས་པ་སྤྱོད་པའི་ས་དེ་ཐམས་ཅད་མཁྱེན་པའི་སའི་རྒྱུ་སྟེ་དེ་བས་ན་རྒྱུ་ལ་འབྲས་བུས་བསླན་ཏེ། གསུངས་པ་དེས་ཤིན་ཏུ་མོས་པའི་ས་ཞེས་ ཀྱང་བྱ་ཞེས་པའོ། །ཡིད་གཞུངས་བསྐལ་པ་གཅིག་གིས་ནི། །ས་ལས་ཤིན་ཏུ་འདས་པར་འགྱུར། །ཞེས་པ་ནི་ཤེས་རབ་ཅན་གྱིས་མོས་པ་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་ཡོངས་སུ་རྫོགས་པར་འགྱུར་ཞེས་པའོ། །དེའི་བཞི་ཆ་གཅིག་གི་ས་ནི། །ཤིན་ཏུ་མོས་ པས་ཀྱང་འདས་ཞེས་པ་ནི། བསྐལ་པ་དེའི་བཞི་ཆ་གཅིག་གིས་ནི། མོས་པ་སྤྱོད་པའི་ས་ཆོས་བདག་མེད་པར་ཆུད་པའི་ས་དེ་ལས་འཕར་ཏེ། ཡེ་ཤེས་ཀྱི་ས་ལ་འཇུག་པའི་སྟེགས་སུ་གྱུར་པའི་ཆོས་ལ་བདག་མེད་པར་ཡང་སྤངས་ནས་རང་གི་སེམས་ཐོག་མ་ནས་མ་སྐྱེས་མ་བྱུང་བར་ བསྒོམ་པ་ལ་ཞུགས་པ་ལ་བྱའོ། །མོས་པ་སྤྱོད་པའི་སའི་རིམ་པ་དང་ཡོན་ཏན་དེ་དག་སྔར་མོས་པ་སྤྱོད་པའི་ས་ལ་བདག་མེད་པ་ལ་འཇུག་པའི་སྐབས་སུ་མི་བཤད་པར་རབ་ཏུ་དགའ་བའི་ས་བཤད་པའི་འོག་ཏུ་ཅིའི་ཕྱིར་བཤད་ཅེ་ན། རབ་ཏུ་དགའ་བའི་ས་ནི་མོས་པ་སྤྱོད་ པའི་སའི་འབྲས་བུ་སྟེ་དེ་ལྟར་འབྲས་བུ་དེ་ཅི་འདྲ་བར་ཤེས་ནས་དེའི་རྒྱུ་གང་ཡིན་པ་དེ་གདོད་བརྟག་པར་བྱ་སྟེ། དེ་བས་ན་མོས་པ་སྤྱོད་པའི་ས་དེའི་ཕྱིས་བཤད་དོ། །ད་ནི་རྣམ་པར་སྣང་མཛད་ཀྱི་རྒྱུ་འཇིག་རྟེན་གྱི་སེམས་སྦྱིན་པ་ལ་སོགས་པ་བརྒྱད་པོ་བཤད་པ་དང་། སོ་སོའི་བདག་ ཏུ་བརྟགས་པ་ལ་བརྟེན་ནས་འབའ་ཞིག་པའི་བློ་སྐྱེ་བ་བཤད་པ་དང་། དེ་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེས་ཏེ། བདག་ཏུ་བརྟགས་པ་རྣམས་མེད་པར་ཆུད་ནས་ཕུང་པོ་ཙམ་དུ་ཟིན་པ། གང་ཟག་ལ་བདག་མེད་པར་ཆུད་པ་བཤད་པ་དང་། ཕུང་པོ་ཙམ་པོ་དེ་ལ་ཡང་ དབུ་བ་དང་ཆུའི་ཆུ་བུར་ལ་སོགས་པའི་ཚུལ་དུ་བཤིག་ནས། ཆོས་རྣམས་སོ་སོའི་རང་བཞིན་སྔོན་པོ་ལ་སོགས་པ་ཙམ་དུ་ཟད་པར་ཆུད་པ་བཤད་པ་དང་། ཆོས་ལ་བདག་མེད་པར་ཆུད་ནས། རང་བཞིན་གྱི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་ཆུད་པར་བཤད་པ་ དང་། ས་དང་པོའི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཡང་ངོ་བོ་མེད་པར་མཉམ་པ་ཉིད་དུ་ཆུད་པས་རྒྱ་ཆེར་བཤད་པ་དེ་རྣམས་ཉིད་དེ་འདིར་དབུགས་དབྱུང་བའི་སྒོ་ནས་མདོར་བསྡུས་ཏེ་ཕྱག་ན་རྡོ་རྗེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ ཀྱིས་ཀྱང་མདོར་བསྡུས་ཏེ་གསུངས་པ་དེ་བཤད་པར་བྱ་སྟེ། དེ་རྣམས་བཤད་པ་ཡང་ལན་གཉིས་སུ་བཟླས་པ་ཅི་དགོས་ཤེ་ན། སྔར་བཤད་པས་གསལ་བར་མ་གོ་ན་ཕྱིས་བཟླས་ཏེ་བཤད་པས་གསལ་ཞིང་བསྟན་པར་འགྱུར་བའི་ཕྱིར་ཏེ། དེ་བས་ན་ཕལ་ཆེར་ཡང་སྔར་རྒྱ་ ཆེར་བཤད་དེ་མ་གོ་ན་ཕྱིས་མདོར་བསྡུས་ཏེ་བཤད་པས་གོ་བ་ཡང་ཡོད་དེ་སྔར་ཚིག་རྐྱང་པས་བཤད་དེ་མ་གོ་བ་ལས་ཕྱིས་ཚིགས་སུ་བཅད་དེ་གོ་བ་ཡང་སྲིད་པའི་ཕྱིར་རོ། །མདོ་སྡེ་ལ་སོགས་པ་གཞན་དག་རྣམས་ཀྱང་སྔར་སྤྲོས་ཏེ་བཤད་པའི་དོན་དེ་ཉིད་ཚིགས་སུ་བཅད་ པས་བསྡུས་ཏེ་བཤད་པ་དེ་དག་སྲིད་དེ། དེ་བས་འདིར་ཡང་སྔར་རྒྱས་པར་བཤད་པའི་དོན་དེ་ཉིད་ཕྱིས་བསྡུས་ཏེ་བཤད་དོ། །དེ་ཡང་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་སྲས་རྣམས་དབུགས་དབྱུང་བར་གྱུར་པའོ་ཞེས་པའི་བར་དུ་ནི་ཕྱག་ན་རྡོ་རྗེས་ གསོལ་བའི་ཚིག་སྟེ། མཚན་ཉིད་མགོན་པོས་གསུངས་པ་ནི། །སེམས་ཅན་རྣམས་ཀྱི་མགོན་ཁྱོད་ཀྱིས། །ཞེས་པ་ནི་སྔར་སེམས་ཅན་རྣམས་ཀྱི་མཚན་ཉིད་བཤད་པ་དེ་དབུགས་དབྱུང་བ་རྣམ་པ་དུས་ཐོབ་པར་འགྱུར་ཞེས་ཞུས་པའོ། །དབུགས་དབྱུང་བ་རྣམ་པ་དུས་ཐོབ་ཅེས་པ་ནི་ཕྱིས་དབུགས་ དབྱུང་བ་ཞེས་པ་ནི་ཇི་ལྟར་འཇིག་རྟེན་ན་གྲགས་པ་ལམ་འཕྲང་གི་འཇིགས་པ་ནས་རྐུན་པོ་ལ་སོགས་པའི་འཚེ་བ་ལས་ཐར་ན་དབུགས་དབྱུང་བ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་འཁོར་བའི་དགོན་པ་ན་རྣམ་པར་འཁྱམས་པའི་སེམས་ཅན་ལས་དང་ཉོན་མོངས་པའི་རྐུན་པོས་འཚེ་བའི་འཇིགས་པ་ལས་ ཐར་པའི་དབུགས་དབྱུང་བ་ཞེས་བྱ་བ་སྟེ། དེ་ལས་ཐར་ན་གཞན་དབུགས་དབྱུང་བར་བྱ་བའི་ས་མེད་དེ། དབུགས་དབྱུང་བ་གཅིག་ཏུ་ཟད་ནས་ཅིའི་ཕྱིར་ན་དབུགས་དབྱུང་བའི་དུས་ཐོབ་ཅེས་མང་པོའི་ཚིག་སྨོས་ཤེ་ན། ཇི་ལྟར་འཇིག་རྟེན་པ་རྣམས་འཇིགས་པ་གཅིག་ལས་ཐར་ནས་འཇིགས་ པ་དེ་ལས་ཀུན་དབུགས་དབྱུང་མོད་ཀྱི་དེ་ལས་གཞན་པའི་འཇིགས་པ་རྣམས་ལས་མ་ཐར་ན་དབུགས་མ་ཕྱུང་བའོ། །དེ་བཞིན་དུ་འདིར་ཡང་དགེ་བ་དང་གང་མི་མཐུན་པའི་གཉེན་པོར་གྱུར་པ་དེ་ལས་ཐར་ཏེ། དབུགས་དབྱུང་མོད་ཀྱི་དེ་ལས་གཞན་པའི་བགེགས་སུ་གྱུར་པ་རྣམས་ལས་མ་ཐར་ ན། དེ་ལས་དབུགས་མ་དབྱུང་བ་ཞེས་བྱ་སྟེ། དེ་བས་ན་དབུགས་དབྱུང་བ་རྣམ་པ་དུའི་ས་བོན་ཞེས་སྨོས་སོ། །སྲས་རྣམས་ཞེས་པ་ནི་མཆོག་ལས་སྐྱེས་པ་སྟེ། མཆོག་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དེ་ལས་སྐྱེས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་དབུགས་དབྱུང་བར་གྱུར་ པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ་ཞེས་པ་ནས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་མེད་དོ། །སྟོང་པའི་ཡེ་ཤེས་སྐྱེས་པ་དེ་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྙོམས་པར་དབུགས་དབྱུང་བའོ་ཞེས་པའི་བར་དུ་ཕྱག་ན་རྡོ་རྗེས་ གསོལ་བ་རྣམས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ་ལ་བྱའོ། །དེ་ལ་ཡིད་བསྡུས་ལ་ཉོན་ཅིག་པ་ནི་སྣོད་རྣམ་བཞིའི་གཉེན་པོར་གསུངས་པ་སྟེ་སྔར་བཤད་པའོ། །བྱིས་པ་སོ་སོར་འགྲོ་བ་རྣམས་མི་དགེ་བའི་ལས་རྣམས་སྤངས། དགེ་བའི་ལས་བྱེད་པ་ན་ དགེ་བར་དབུགས་དབྱུང་བའོ་ཞེས་པ་ནི་བྱིས་པ་ཕྱུགས་དང་འདྲ་བ་རྣམས་འཁོར་བ་ན་འཁྱམས་པ་ལས་སྐྱོ་སྟེ། བསོད་ནམས་ཀྱི་འདུ་ཤེས་སྐྱེས་ན་སྨྱུང་བར་འདུག་ཅིང་སྦྱིན་པ་ལ་སོགས་པ་བྱེད་པ་ནི་དགེ་བར་དབུགས་དབྱུང་བ་ཞེས་བྱའོ། །དེ་ལ་དགེ་བ་ཞེས་པ་ནི་དབུགས་དབྱུང་བ་ གཞན་ཡང་དགེ་བ་ཡིན་ན། ཅིའི་ཕྱིར་འདིར་འབའ་ཞིག་ལ་དགེ་བ་བྱ་ཞེ་ན། གཞན་ཡང་དགེ་བ་ཡིན་མོད་ཀྱི། འོན་ཀྱང་གཞན་རྣམས་ལ་སོ་སོའི་མིང་ཡོད་པས་འདི་ལ་དགེ་བ་ཞེས་བྱའོ། །ནམ་བདག་གིས་དེ་ཁོ་ན་ཉིད་ཇི་ལྟ་བ་ཉིད་རབ་ཏུ་ཤེས་ན་བདག་གི་གནས་སུ་རབ་ཏུ་དབུགས་ དབྱུང་བའོ་ཞེས་པ་ནི་སྦྱིན་པ་ལ་སོགས་པའི་སེམས་བརྒྱད་སྤྱོད་པ་ན། དགེ་བའི་བཤེས་གཉེན་དང་ཕྲད་དེ་འཇིག་རྟེན་པ་རྣམས་ཀྱིས་བདག་ཏུ་བརྟགས་པའི་དངོས་པོ་ཇི་ལྟ་བ་ཉིད་དུ་ཤེས་ནས། བདག་ལ་བརྟེན་ཅིང་འཇིག་རྟེན་པའི་ལས་རྣམས་གོམས་པར་བྱེད་པ་ནི་བདག་གི་གནས་སུ་ དབུགས་དབྱུང་བ་ཞེས་བྱའོ། །བདག་གིས་དེ་ཁོ་ན་ཉིད་ཇི་ལྟ་བ་ཉིད་དུ་རབ་ཏུ་ཤེས་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་རབ་ཀྱིས་ཇི་ལྟ་བ་ཉིད་དུ་ཤེས་པ་ལ་ནི་མི་བྱའི། འཇིག་རྟེན་པའི་གཞུང་བཞིན་དུ་བདག་གི་ངོ་བོར་བརྟགས་པ་དེ་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་བྱའོ། །ནམ་ཕུང་པོ་ ཡོངས་སུ་གཟུང་བ་བྱས་ནས་བདག་གིས་གནས་ཀུན་སྤངས་ཏེ། ཉིད་ཀྱིས་གཟུགས་དཔྱད་པ་དེ་ན་བདག་མེད་པར་དབུགས་དབྱུང་བའོ་ཞེས་པ་ནི་ཕུང་པོར་བརྟགས་པ་ཡོད་པར་འཛིན་པ་དེ་ནི་དབུ་བ་དང་ཆུ་བུར་ལ་སོགས་པའི་ཚུལ་དུ་བཤིག་ན་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པ་མ་ ཡིན་གྱི། ཆོས་རྣམས་སོ་སོའི་མཚན་ཉིད་ཙམ་འབའ་ཞིག་ཡོད་པར་ཆུད་པ་ནི་ཆོས་ལ་དབུགས་དབྱུང་བ་ཞེས་བྱའོ། །ནམ་ཆོས་སྤངས་ནས་མ་སྐྱེས་པ་ལ་འདུག་པ་དེ་ན་ཆོས་ལ་བདག་མེད་པར་དབུགས་ཕྱུང་བའོ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྒྱུ་མ་དང་སྨིག་ རྒྱུའི་ཚུལ་དུ་བཤིག་ནས་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་དུ་ཟད་པར་ཆུད་དེ། རྣམ་པར་ཤེས་པ་དེ་ཉིད་ཀྱང་ཐོག་མ་དང་ཐ་མའི་མཐའ་མི་རྙེད་དེ། རང་བཞིན་མེད་དེ་ཐོག་མ་ནས་མ་སྐྱེས་པར་ཆུད་པ་དེ་ནི་ཆོས་ལ་བདག་མེད་པར་དབུགས་དབྱུང་བ་ཞེས་བྱའོ། །ནམ་ཕུང་པོ་དང་། ཁམས་ དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་དང་། བདག་དང་། སྲོག་ལ་སོགས་པ་དང་། མ་སྐྱེས་པ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡང་ངོ་བོ་མེད་དོ་ཞེས་སྟོང་པའི་ཡེ་ཤེས་སྐྱེས་པ་དེ་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མཉམ་པ་ཉིད་དུ་དབུགས་དབྱུང་བའོ་ཞེས་པ་ནི་ཕུང་པོ་ལ་ སོགས་པའི་ཆོས་རྣམས་བདག་མེད་པར་ཆུད་དེ་རྣམ་པར་ཤེས་པ་ཙམ་དུ་ཟད་པར་ཤེས་པ་དང་། རྣམ་པར་ཤེས་པ་དེ་ཡང་ཐོག་མ་ནས་མ་སྐྱེས་པར་ཆུད་དེ། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་པའི་སྟོང་པའི་རང་བཞིན་དེ་ཡང་ངོ་བོ་མེད་པར་ཆུད་པ་ནི་སྟོང་པ་ས་དང་པོའི་སེམས་ཀྱི་མཚན་ཉིད་སྟོང་པའི་ ཡང་སྟོང་པ་སྟེ་མཉམ་པ་ཉིད་དུ་དབུགས་ཕྱུང་བ་ཞེས་བྱ་སྟེ། དེ་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་བཤད་པ་ལ་བྱ་སྟེ། རྒྱུ་ཕུན་སུམ་ཚོགས་པ་བཤད་པ་ཡང་དེ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་རྒྱུའི་སྐབས་ནས་འབྱུང་བ། བྱང་ཆུབ་ནམ་མཁའི་ མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས་ཏེ་ཆུད་པ་རུ་གང་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཆུད་པར་འདོད་པ་དེ་ནི་ས་དང་པོ་མན་ཆད་རྣམས་འབའ་ཞིག་ལ་མི་བྱའི། ས་བཅུ་དང་ཀུན་དུ་བཟང་པོའོ། །ས་ལ་གནས་པའི་བྱང་ཆུབ་སེམས་ དཔའ་ཡང་བླ་ན་མེད་པའི་བྱང་ཆུབ་ཆུད་པར་འདོད་པ་སྟེ། །དེ་བས་ན་བྱང་ཆུབ་སེམས་དཔའ་དེ་རྣམས་སྤྱོད་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་བར་མཛད་ཀྱི་རྒྱུར་རིག་པར་བྱའོ། །ད་ནི་འདིས་དཔྱད་པར་བྱ་སྟེ། སྔགས་རྣམས་ཀྱི་སྤྱིའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་གཞུང་ པས་གསུངས་ན། བྱང་ཆུབ་ཀྱི་སེམས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་དང་། ལས་དང་། བྱ་བའི་རྣམ་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡང་ངོ་བོ་མེད་པར་ཡིན་ལ། སྔགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་སྟོན་ པར་བྱེད་པའི་སྒྲ་དང་ཡི་གེའི་འབྲུ་རྣམས་ཏེ། དེ་རྣམས་ཀྱང་མཆོག་དང་། འབྲིང་དང་། ཐ་མའི་གྲུབ་པ་དང་། ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་པའི་ལས་རྣམས་ཀྱི་བྱ་བ་བྱེད་དེ། དེ་ལྟར་མི་མཐུན་ན་དེ་རྣམས་ཇི་ལྟར་རིག་པར་བྱ་ཞེ་ན། དེའི་ཕྱིར་གསུངས་པ། དེ་ནི་གསང་བའི་བདག་པོ་ བྱང་ཆུབ་སེམས་དཔའི་སྤྱད་པ་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་གནས་བཅུས་རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བ་བསྒོམས་ནས་སྔགས་ཚུལ་གྱི་རྒྱུད་དུ་སོང་བ་ཞེས་པ་སྟེ། ཡང་ཀུན་རྫོབ་ཀྱི་ཆོས་རྣམས་ནི་རིག་པས་བརྟག་མི་བཟོད་དེ། དོན་དམ་པར་སྟོང་བའི་རང་བཞིན་ ཡིན་མོད་ཀྱི། འོན་ཀྱང་ཀུན་རྫོབ་དང་སོ་སོའི་རྒྱུ་དང་འབྲས་བུ་ངེས་པའི་བྱ་བ་རྣམས་ཀྱང་བྱེད་པར་འགྱུར་ཏེ། མེད་ཅེས་བྱར་མི་རུང་ངོ་། །དེ་ལྟར་སྟོང་པའི་རང་བཞིན་ལས་ཀུན་རྫོབ་ཡོད་པར་སྣང་བ་ནི་སྒྱུ་མ་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་སྔགས་ཀྱི་རང་བཞིན་ཡང་བྱང་ཆུབ་ཀྱི་སེམས་དེ་ དོན་དམ་པར་སྟོང་པ་ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་དང་། སྒྲུབ་པ་པོའི་སྦྱོར་བའི་མཐུས་གྲུབ་པའི་འབྲས་བུ་རྣམ་པ་སྣ་ཚོགས་ཀུན་དུ་སྣང་ཞིང་མྱོང་བར་འགྱུར་ཏེ། དེ་རྣམས་ཀྱང་སྒྱུ་མ་ལ་སོགས་པའི་དཔེར་བཤད་པ་ནི་འདི་ལྟ་སྟེ། སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་ཞེས་ བྱ་བ་ལ་སོགས་པ་ནས་གཞན་ཡང་གསང་བའི་བདག་པོ་ལ་ལས་མེའི་མགལ་པ་ལག་ཏུ་བླངས་ཏེ་བསྐོར་ནས་འཁོར་ལོར་མཐོང་མོད་ཀྱི། དེ་བཞིན་དུ་སྟོང་པར་འགྱུར་བའོ་ཞེས་པའི་བར་དུ་སྟེ། དེ་ལ་སྒྱུ་མ་གང་ཞེ་ན་འདི་ལྟ་སྟེ། སྨན་དང་སྔགས་སུ་སྦྱོར་ནས། རྣམ་པ་སྣ་ཚོགས་ཡིད་དང་ མིག་སླུ་བའི་དངོས་པོ་རྣམས་སྔོན་མ་མཐོང་བ་རྣམས་སྟོན་ཏེ་དེ་ཡང་ཕན་ཚུན་ཕྱོགས་བཅུར་འདོད་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་དེ་བཞིན་དུ་སྔགས་ཀྱི་སྦྱོར་བས་སྦྱོར་བ་ལས་ཐམས་ཅད་འབྱུང་ངོ་ཞེས་པ་ནི་ཇི་ལྟར་སྒྱུ་མ་མཁན་གྱིས་སྔགས་དང་སྨན་ གྱི་སྦྱོར་བ་ལས། བ་ལང་དང་རྟ་ལ་སོགས་པའི་དངོས་པོ་རྣམ་པ་མང་པོས་ཡིད་དང་མིག་ཆགས་པར་བྱེད་པར་སྣང་སྟེ། དེ་རྣམས་ཀྱང་བ་ལང་དང་རྟ་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པས་ན། ཕྱོགས་བཅུ་ནས་འོངས་པའམ་འདོད་པ་ཡང་མེད་དེ། འོན་ ཀྱང་དེ་དག་ལ་བ་ལང་ལ་སོགས་པའི་བྱ་བ་ཡང་བྱེད་དོ། །དེ་བཞིན་དུ་སྔགས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་སྟོང་པ་ཉིད་ཡིན་ཀྱང་། སྦྱོར་བ་ལས་སྔགས་ཀྱི་དངོས་གྲུབ་སྦྱོར་བ་སྦྱར་ནས་རབ་དང་འབྲིང་ལ་སོགས་པ་གྲུབ་པའི་འབྲས་བུ་རིག་འཛིན་ནམ་མཁའ་ལ་འགྲོ་བ་དང་མི་སྣང་བར་ འགྲོ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྣང་ཞིང་མྱོང་བར་བྱེད་དོ། །གཞན་ཡང་གསང་བའི་བདག་པོ་སྨིག་རྒྱུ་བ་ནི་ཡོངས་ཀྱིས་སྟོང་པ་ཉིད་དེ་ཡང་མིང་ཙམ་དུ་སྨོས་ནས་བརྗོད་དོ། །དེ་བཞིན་དུ་སྔགས་འདི་ཡང་མིང་ཙམ་དུ་སྨོས་ཏེ་དཔྱད་པར་བརྗོད་པའོ་ཞེས་པ་ནི་དེ་ལྟར་སྔགས་ཀྱི་འབྲས་ བུ་སྒྱུ་མ་དང་འདྲ་ན་སྔགས་ཀྱི་དངོས་པོ་ཅི་ཞིག་ཅེ་ན། སྨིག་རྒྱུ་ལྟ་བུ་སྟེ། ཇི་ལྟར་འབྲོག་དགོན་པ་ན་སྨིག་རྒྱུ་བ་ན་མིའམ་རི་དགས་རྣམས་ཀྱིས་ཆུར་འདུ་ཤེས་སྐྱེས་ཏེ། དེ་ན་ཆུ་ཡོད་པ་མ་ཡིན་ཡང་སྨིག་རྒྱུ་བ་དེ་ཇི་བཞིན་པའི་རྣམ་པར་ཤེས་པ་བསྐྱེད་ཅིང་སྒོམ་པ་ཡང་ཆུས་ངོམས་པའི་བྱ་བ་ བྱེད་དེ། དེ་བཞིན་དུ་སྔགས་དེ་ཡང་དངོས་པོ་ཡོད་པ་ཡང་མ་ཡིན། འདུ་ཤེས་ཙམ་དུ་ཟད་མོད་ཀྱི། འོན་ཀྱང་སྔགས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་བསྐྲུན་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཡང་གསང་བའི་བདག་པོ་རྨི་ལམ་ན་ཡང་ཉིན་པར་དང་སྐད་ཅིག་དང་ཡུད་ཙམ་དང་ཆ་ཤས་ཙམ་དང་ལོ་ ལ་སོགས་པར་བདག་ཉིད་འདུག་ཅིང་བདེ་བ་དང་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་མཐོང་ནས་སླར་སད་པ་དང་ཅི་ཡང་མ་མཐོང་ངོ་། །དེ་ལྟ་བུར་སྔགས་འདིའི་ཚུལ་ཡང་རྨི་ལམ་བཞིན་དུ་རིག་པར་བྱའོ་ཞེས་པ་འདི་སྔར་སྔགས་བསྒྲུབས་པའི་འབྲས་བུའི་དཔེ་སྒྱུ་མ་ལས་དཔེ་བླངས་པ་དེ་སྒྱུ་མ་ནི་ཡུན་ རིང་དུ་འདུག་པ་མ་ཡིན་གྱི་སྐད་ཅིག་ཡུད་ཙམ་དག་ཏུ་ཟད་པས་སྔགས་ཀྱི་འབྲས་བུ་ནི་བསྐལ་པ་ལ་སོགས་པར་ཡུན་རིང་དུ་འདུག་ན་ཇི་ལྟར་དཔེར་རུང་ཞེ་ན། རྨི་ལམ་གྱི་དཔེས་ཡུན་རིང་དུ་གནས་པ་བསྟན་པ་སྟེ། ཇི་ལྟར་རྨི་ལམ་ན་ཡུན་གྱི་དངོས་པོ་མེད་པར་སྐད་ཅིག་དང་ཉི་མ་དང་ཞག་དང་ལོ་ལ་སོགས་ པ་ཡུལ་རྣམས་སྤྱོད་ཅིང་བདེ་བ་དང་སྡུག་བསྔལ་བ་རྣམ་པ་མང་པོ་མྱོང་ཞིང་རིག་པར་མཐོང་སྟེ། དེ་ལས་སད་ན་དངོས་པོ་གང་ཡང་མེད་དོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་གསུངས་པ། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། བདག་ལས་བུ་བྱུང་ སྟེ་བུ་དེ་སྐྱེས་ནས་དགའ་བ་ཡང་སྐྱེས་དེ་ནས་བུ་དེ་ཤི་བ་ཡང་མཐོང་སྟེ། ཤི་ནས་མི་དགའ་བ་ཡང་སྐྱེས་པར་མཐོང་བས་དེ་ལྟར་རྨི་ལམ་ན་ཡུན་རིང་པོར་སྲིད་དོ། །དེ་བཞིན་དུ་སྔགས་བསྒྲུབས་པའི་འབྲས་བུ་ཡང་རང་བཞིན་མེད་པ་ལས་སྦྱོར་བས་སྒྲུབ་ན་གྲུབ་པའི་འབྲས་བུ་རྣམ་པ་སྣ་ཚོགས་ ཚེ་རབས་དང་བསྐལ་པ་ལ་སོགས་པར་གནས་པར་འགྱུར་རོ། །གཞན་ཡང་གསང་བའི་བདག་པོ་གཟུགས་བརྙན་འབྱུང་བ་བཞིན་དུ་སྔགས་ཀྱི་སྒྲུབ་པ་ཡང་རྟོགས་པར་བྱའོ་ཞེས་པ་ནི་དེ་ལྟར་སྔགས་གྲུབ་པ་དེ་རྣམས་དངོས་པོ་མེད་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་བྱུང་ན། སྒྲུབ་པ་ཐམས་ཅད་ཀྱིས་ཅིའི་ཕྱིར་གྲུབ་པ་མི་འཐོབ་ཅེ་ན། ཇི་ལྟར་གཟུགས་བརྙན་དེ་རྡོ་དང་ཤིང་གཞན་ལ་མི་འབྱུང་གི་མེ་ལོང་གི་དཀྱིལ་འཁོར་དག་པ་ལས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྔགས་ཀྱི་སྒྲུབ་པ་དེ་ཡང་སྒྲུབ་པ་པོ་ཐམས་ཅད་ལ་མི་འབྱུང་གི་གང་བྱང་ཆུབ་ཀྱི་སེམས་བསྒོམས་ ཤིང་རྒྱུད་དག་པར་གྱུར་པ་དེ་ལ་འབྱུང་བར་བསྟན་པའོ། །གཞན་ཡང་གསང་བའི་བདག་པོ་གྲུབ་པའི་སྒྲུབ་གནས་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུར་ལྟོས་ཤིག་ཅེས་པ་ནི། ཇི་ལྟར་དྲི་ཟ་རྣམས་ཀྱི་གྲོང་ཁྱེར་དྲི་ཟ་དེ་རྣམས་ཀྱིས་གང་དུ་བསམས་པ་དེར་གྲོང་རྡལ་བྱུང་དུ་གྱུར་ཏེ། དེ་བཞིན་དུ་ སྔགས་ཀྱི་སྒྲུབ་པ་དེ་ཡང་བདག་ཉིད་ཀྱི་ལུས་རིག་འཛིན་ལ་སོགས་པར་གྲུབ་པའི་ཕྱིར་སྒྲུབ་ཀྱི། གཞན་གྱི་ཕྱིར་མ་གྲུབ་ཀྱང་ནམ་རིག་འཛིན་ལ་སོགས་པ་གྲུབ་ན་ལྷའི་གཞལ་མེད་ཁང་དང་དཔག་བསམ་གྱི་ཤིང་གི་གྲིབ་མ་དང་ཤེལ་གྱི་བྲག་ལ་བདུད་རྩིའི་ཆུ་འབབ་པ་དང་། རིན་པོ་ཆེའི་ གསིང་མ་ལ་སོགས་པའི་གནས་རྣམས་བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་བསྟན་པའོ། །གཞན་ཡང་གསང་བའི་བདག་པོ་བྲག་ཅ་བཞིན་དུ་སྔགས་ཀྱི་སྒྲ་ཡང་རིག་པར་བྱའོ། །དེ་འདི་ལྟ་སྟེ། སྒྲའི་ཕྱིར་བྲག་ཅ་འབྱུང་བ་ཡིན་ཏེ་དེ་བཞིན་དུ་སྔགས་ཀྱི་ཚུལ་རིག་པར་བྱའོ་ ཞེས་པ་ནི་ཇི་ལྟར་སྒྲའི་རྐྱེན་གྱིས་བྲག་ཅ་འབྱུང་བས་དངོས་པོ་ཡོད་པ་མ་ཡིན་ཀྱང་སྒྲར་འབྱུང་བ་དེ་བཞིན་དུ་ཡང་སྔགས་ཀྱི་སྒྲར་ཡང་སྔགས་ཀྱི་རང་བཞིན་སྟོང་པ་ཉིད་མོད་ཀྱི་བསྒྲུབས་པའི་རྐྱེན་གྱིས་དེ་འབྱུང་བ་དེ་དཔེར་ན་བྲག་ཅ་དང་འདྲ་བར་བསྟན་པའོ། །གཞན་ཡང་གསང་ བའི་བདག་པོ་ཟླ་བ་ཤར་བའི་གཟུགས་བརྙན་ཆུའི་ནང་དུ་འབྱུང་བ་དེ་ནི་ཟླ་བའི་རང་བཞིན་དེ་ནས་མི་གཞན་ནོ། །དེ་བཞིན་དུ་སྔགས་སྒྲུབ་པའི་རིག་འཛིན་དེ་ཡང་རིག་འཛིན་གྱི་ལུས་བཟང་པོ་ལ་སོགས་པ་བསྒྲུབ་པའི་གཟུགས་དེ་ལས་གཞན་མ་ཡིན་ཏེ་གཟུགས་དེ་ཉིད་ལས་འགྱུར་མོད་ཀྱི། འོན་ཀྱང་ རིག་འཛིན་ཅེས་སྨོས་པར་བསྟན་པའོ། །གཞན་ཡང་གསང་བའི་བདག་པོ་ཆར་འབབ་པ་ཆུ་བུར་འབྱུང་བ་དེ་བཞིན་དུ་སྔགས་ཀྱི་གྲུབ་གནས། རྣམ་པ་དུ་མར་སྤྲུལ་ཞེས་གྲགས། །ཞེས་པ་ནི་སྔགས་གཅིག་པུ་ལས་གྲུབ་པའི་འབྲས་བུ་རྣམ་པ་མང་པོ་ཇི་ལྟར་འགྱུར་ཞེ་ན། སྔགས་དེ་གཅིག་པུ་ ཡིན་ཡང་གྲུབ་པའི་འབྲས་བུ་རྣམ་པ་མང་པོ་འབྱུང་བ་ཆུའི་ཆུ་བུར་གྱི་དཔེས་བསྟན་པ་སྟེ། ཇི་ལྟར་ཆར་འབབ་པ་ན་ཆུ་དེ་གཅིག་པུ་ལས་ཆུའི་ཆུ་བུར་ཆེ་ཕྲ་ལ་སོགས་པ་རྣམ་པ་མང་པོ་འབྱུང་བ་དེ་བཞིན་དུ་སྔགས་གཅིག་པུ་ལས་ཀྱང་འགྲུབ་པའི་འབྲས་བུ་རྣམ་པ་དུ་མ་འབྱུང་ངོ་། །གཞན་ཡང་གསང་ བའི་བདག་པོ་ཡང་སེམས་ཅན་མེད་ཅིང་སྲོག་ཀྱང་མེད་པའི་མཁན་པོ་ཡང་ཡོད་པ་མ་ཡིན། དངོས་པོ་ཀུན་ཀྱང་སྟོང་པ་སྟེ། །མཐོང་བ་རྣམས་ཀྱང་འཁྲུལ་པའོ། །ཞེས་པ་ནི་དེ་ལྟར་སྔགས་ཀྱི་རང་བཞིན་སྟོང་པ་ཉིད་དེ་སེམས་ཅན་ནམ་སྲོག་གམ། བྱེད་པའི་མཁན་པོ་མེད་དེ་སྟོང་པ་ཉིད་ཀྱང་གྲུབ་ པའི་འབྲས་བུ་ལ་སོགས་པ་ཀུན་སྣང་བ་ནི་འཁྲུལ་པར་སྣང་བར་བསྟེན་པའོ། །གསང་བའི་བདག་པོ་དེ་ནི་ཐེག་པ་ཆེན་པོའི་གནས་སོ་ཞེས་པ་ནས་མ་ལུས་པའི་ཡེ་ཤེས་ཆེན་པོ་འབྱུང་བ་འདི་ཐམས་ཅད་ཤེས་ན་སེམས་ཀྱིས་རིམ་པ་དེ་དག་ཐམས་ཅད་ཇི་བཞིན་པའི་དེ་ཉིད་རབ་ཏུ་ཤེས་སོ་ཞེས་པའི་ བར་དུ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཆུད་པ་དེའི་རྗེས་སུ་བསྔགས་པ་བཤད་པ་ཆུད་པ་ལ་བྱ་སྟེ། ཐེག་པ་ཆེན་པོའི་གནས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ཇི་ལྟ་བ་ཉིད་དུ་ཤེས་པ་སྟེ་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །བྱང་ཆུབ་ཀྱི་སེམས་ ཀྱི་གནས་སོ་ཞེས་པ་ནི་འཇིག་རྟེན་པའི་སེམས་བརྒྱད་ནས། ས་རབ་ཏུ་དགའ་བའི་སེམས་ཀྱི་བར་གྱི་རིམ་པ་དེ་རྣམས་རབ་དུ་ཤེས་སོ། །མི་མཉམ་པ་དང་མཉམ་པའི་གནས་སོ་ཞེས་པ་ལ། མི་མཉམ་པ་ནི་ནམ་མཁའ་སྟེ། ནམ་མཁའ་དེ་མཐའ་མེད་པས་ཅི་དང་ཡང་མི་མཉམ་པའོ། ། ནམ་མཁའ་གང་དང་ཡང་མི་མཉམ་པ་དང་། དེ་དང་མཉམ་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱི་རང་བཞིན་དེ་ཤེས་པ་ནི་མི་མཉམ་པ་དང་མཉམ་པའི་གནས་སོ། །གདོན་མི་ཟ་བའི་གནས་ཞེས་པ་ནི་ཆོས་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཕྱིན་ཅི་མ་ལོག་པར་ངེས་པར་ ཤེས་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནས་སོ་ཞེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཆུད་པ་དེ་བླ་ན་མེད་པའི་བྱང་ཆུབ་དང་ཐ་མི་དད་དོ། །རོ་གཅིག་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་པའོ། །མཐར་གྱིས་ ཐེག་པ་ཆེན་པོ་མངོན་པར་སྒྲུབ་པའི་གནས་སོ་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སེམས་འོག་མ་རྣམས་ཀྱང་། ས་དང་པོའི་བྱང་ཆུབ་ཀྱི་སེམས་འདིའི་ནང་དུ་འདུས་ལ་ས་དང་པོ་ནས་ཀུན་དུ་བཟང་པོའི་ས་མན་ཆད་ཀྱི་སེམས་ཀྱང་ འདི་ལས་ཐ་མི་དད་པས་ན་དེ་རྣམས་ཀྱི་གནས་སུ་གྱུར་པས་ན་མཐར་གྱིས་ཐེག་པ་ཆེན་པོ་མངོན་པར་སྒྲུབ་པའི་གནས་ཞེས་པའོ། །མ་ལུས་པའི་ཡེ་ཤེས་འབྱུང་བ་ཆེན་པོ་འདི་ཐམས་ཅད་དུ་ཤེས་ན་སེམས་ཀྱིས་རིམ་པ་དེ་ཐམས་ཅད་ཇི་ལྟ་བ་ཉིད་དུ་རབ་ཏུ་ཤེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་ སེམས་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་གཙོ་བོ་བས་མ་ལུས་པའི་ཡེ་ཤེས་འབྱུང་བ་ཆེན་པོ་ཞེས་པ་སྟེ། དེ་ལེགས་པར་ཤེས་པ་རྣམ་པར་སྣང་མཛད་ཀྱི་རྒྱུ་འཇིག་རྟེན་ལས་འདས་པའི་སེམས་ཀྱིས་རྒྱུད་ཐམས་ཅད་རབ་ཏུ་ཤེས་པར་གྱུར་བར་བསྟན་པའོ། །རྣམ་པར་སྣང་མཛད་ ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱིས་བརླབས་པའི་སེམས་ཀྱི་རྒྱུད་རིམ་པ་དང་པོའོ།། །།ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་མཐའ་ཡས་པའི་སེམས་ཅན་གྱི་ ཁམས་རྣམས་ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་ཀྱིས་བླ་ན་མེད་པར་བསྒྲལ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་སྐུ་མཉམ་པ་ཉིད་མི་ཟད་པའི་རྒྱན་གྱི་འཁོར་ལོས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་མཛད་ པ། བཅོམ་ལྡན་འདས་རང་བཞིན་གྱི་དཀྱིལ་འཁོར་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་ཡོངས་སུ་དག་པ་རྣམས་ཀྱིས་མངོན་སུམ་དུ་མཐོང་ཞིང་སྤྱོད་ཡུལ་དུ་གྱུར་ན། འགྲོ་བ་འོག་མ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ སྐུ་ལ་སོགས་པའི་འཁོར་ལོ་དེ་སྤྱོད་ཡུལ་དུ་མ་གྱུར་ཏེ། སེམས་ཅན་དེ་རྣམས་ཀྱི་དོན་དུ་སྐུ་ལ་སོགས་པའི་འཁོར་ལོ་དེ་རྣམས་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ལ་སོགས་པར་བྱིན་གྱིས་བརླབས་པར་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་ས་གསོལ་བས་འཆད་དེ། གསོལ་པ་དེ་ཡང་དེ་ ནས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་དེང་ཡང་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ། དཀྱིལ་འཁོར་གྱི་རྒྱལ་པོ་ཡོངས་སུ་རྫོགས་པའི་ཕྱིར་མ་འོངས་པ་ན། སེམས་ཅན་མང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་སྔགས་སྤྱོད་པའི་ཚུལ་དེ་བཤད་དུ་གསོལ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ། སེམས་ཅན་གྱི་ས་ལས་འདས་པ་དེ་ཐུགས་སུ་ཆུད་པ་སྐུ་ལ་ སོགས་པའི་འཁོར་ལོས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་སེམས་ཅན་རྣམས་སོ་སོའི་དད་པ་དང་རྗེས་སུ་མཐུན་པ་སོ་སོའི་བསམ་པ་ཡོངས་སུ་རྫོགས་པར་བྱེད། རྣམ་པར་སྤྲུལ་པ་ཕྱག་ན་རྡོ་རྗེ་ཇི་ལྟར་མཐོང་ཞིང་ཆུད་པ་དེ་བཅོམ་ལྡན་འདས་ལ་སླར་བཟླས་ཏེ། གསོལ་བ་ལ་བྱ་ སྟེ། དེ་ལྟར་སླར་བཟླས་པ་ཡང་ཚུལ་གྱིས་སྟོན་པས། ཅི་བཤད་པ་རྣམས་ཉན་པ་པོས་མཇལ་ཏོ་བར་སླར་མཉན་ན། སྟོན་པ་པོ་ཡང་སྤྲོ་ལ་སྐབས་འོག་མ་མཚམས་སྦྱར་བ་ལ་བདེ་བའི་ཕྱིར་རོ། །ངོ་མཚར་ཆེའོ་ཞེས་པ་ནི། དེ་ལྟར་སྟོང་པ་ཉིད་བརྗོད་ཅིང་སྤྱད་པ་ལས་འདས་པ་ཆུད་ ཀྱང་། སྐུ་ལ་སོགས་པའི་རྒྱན་གྱི་ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་སུ་སྤྲུལ་པ་དེ་ངོ་མཚར་ཆེ་བ་ལ་བྱའོ། །བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་པ་ནི། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དེ་གཞན་ ལས་མཉན་ཏེ། ཐུགས་སུ་ཆུད་པ་མ་ཡིན་གྱི། བཅོམ་ལྡན་འདས་ཉིད་ཀྱིས་ཐུགས་སུ་ཆུད་པ་ལ་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་རྗེ་འབྱུང་བ། དཀྱིལ་འཁོར་གྱི་རྒྱལ་པོ་ཡོངས་སུ་རྫོགས་པའི་ཕྱིར་མ་འོངས་པ་ན། སེམས་ཅན་མང་པོའི་དོན་དང་ཕན་པ་ དང་བདེ་བར་འགྱུར་བའི་ཕྱིར་སྔགས་སྤྱོད་པའི་ཚུལ་བཤད་དུ་གསོལ་ཞེས་པ་ནི་རང་བཞིན་གྱི་དཀྱིལ་འཁོར་སྐུ་ལ་སོགས་པའི་འཁོར་ལོ་དེ་བདག་ཅག་གིས་ཆུད་ཅིང་སྤྱོད་ཡུལ་དུ་འགྱུར་ན་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྐུ་ལ་སོགས་པའི་འཁོར་ལོ་དེ་རྣམས་དཀྱིལ་འཁོར་དེའི་སྔགས་ དང་ཕྱག་རྒྱའི་སྒོ་ནས་འགྲོ་བ་དེ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་བར་བྱིན་གྱིས་བརླབ་པའི་གསོལ་བ་ལ་བྱ་སྟེ། སྙིང་རྗེ་ཆེན་པོ་འབྱུང་ཞེས་པ་ནི་དཀྱིལ་འཁོར་ཆེན་པོ་ལས་འབྱུང་བ་ལ་བྱའོ། །དཀྱིལ་འཁོར་ཞེས་ནི་འོག་ནས་གཞུང་ཉིད་ལས་བཤད་དོ། །རྒྱལ་པོ་ཞེས་པ་ནི་དེ་ལས་གཞན་ པའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཀུན་ཀྱང་དཀྱིལ་འཁོར་ཆེན་པོ་འདིའི་ནང་དུ་འདུས་པས་ན་རྒྱལ་པོ་ཞེས་བྱའོ། །ཡོངས་སུ་རྫོགས་པའི་ཕྱིར་ཞེས་པ་ནི་དཀྱིལ་འཁོར་གྱི་སྒོ་ནས་སྒྲུབ་པ་ལྷ་མཉེས་པར་བྱ་བའི་སྤྱོད་ཡུལ་བ་རྣམ་པ་བཅུ་དྲུག་གིས་བདག་གི་ལྷ་མཉེས་ པར་བྱ་བ་དང་སྒྲུབ་པའི་སྒོ་ནས་བསླབ་པའི་ཡན་ལག་བཞི་དང་རང་གི་སེམས་ཡོངས་སུ་སྦྱང་བ་ལ་སོགས་པའི་སྤྱོད་པའི་ལྷ་མཉེས་པར་བྱ་སྟེ། རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ནས་རིམ་གྱིས་སངས་རྒྱས་པར་འགྲུབ་པ་དང་རང་གི་སེམས་ཡོངས་སུ་སྦྱངས་པས་མངོན་དུ་བ་དང་། ཕ་རོལ་ ཏུ་ཕྱིན་པ་ལ་སོགས་པ་སྤྱད་པ་རྫོགས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྙེད་པར་འགྱུར་བ་ནི་དཀྱིལ་འཁོར་ཏེ་ཡོངས་སུ་རྫོགས་པ་ལ་བྱའོ། །མ་འོངས་པའི་སེམས་ཅན་མང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་སྔགས་སྦྱར་བའི་ཚུལ་དེ་བཤད་དུ་གསོལ། ཞེས་པ་ནི་མ་ འོངས་པའི་སེམས་ཅན་དེ་རྣམས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེ་ཐོབ་པའི་ཕྱིར་དཀྱིལ་འཁོར་དེ་བཤད་དུ་གསོལ་ལོ་ཞེས་པ་སྟེ་དོན་གྱི་ཕྱིར་ཞེས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་དོན་གྱི་ཕྱིར་བྱའོ། ། ཕན་པའི་ཕྱིར་ཞེས་པ་ནི་ཚེ་ཕྱི་མ་ལ་ཕན་པའི་ཕྱིར་བྱའོ། །བདེ་བའི་ཕྱིར་ཞེས་པ་ནི་ཚེ་འདི་ལ་བདེ་བའི་ཕྱིར་རོ། །ཡང་ན་དོན་གྱི་ཕྱིར་ཞེས་པ་ནི་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཡང་བྱའོ། །སྔགས་སྤྱད་པའི་ཚུལ་ཞེས་པ། སྔགས་ཀྱི་སྤྱད་པ་ནི་དཀྱིལ་འཁོར་དང་སྒྲུབ་པ་ལ་སོགས་པ་སྟེ་དེ་དག་ཉིད་ ཚུལ་ལོ། །ཚུལ་ཞེས་པ་ནི་རྒྱ་གར་སྐད་ཀྱི་གཞུང་དང་སྦྱར་ན་འགྲོ་བའམ་ཐོབ་པ་ལ་བྱ་སྟེ། སྔགས་སྤྱད་པ་དེས་བླ་ན་མེད་པའི་སངས་རྒྱས་པར་འགྲོ་བའམ་ཐོབ་པ་དེ་བཤད་དུ་གསོལ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དེ་དག་ཐམས་ཅད་ལ་གཟིགས་ནས་ཞེས་པ་ ནི་འཁོར་བྱང་ཆུབ་སེམས་དཔའ་དེའི་ནང་ནས་གཡེང་བ་ཡོད་དམ་མེད་པ་དང་། སྣོད་དུ་མི་འགྱུར་བའི་ཉན་པ་ཡོད་དམ་མེད་བརྟག་པའི་ཕྱིར་གཟིགས་པ་ལ་བྱ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་ཤ་སྟག་ན་ཅིའི་ཕྱིར་གཡེང་བ་དང་། ། སྣོད་དུ་མི་འགྱུར་བ་འབྱུང་ཞེ་ན། དེའི་དགོངས་པ་འདི་ལྟ་སྟེ། བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་གཡེང་བ་དང་སྣོད་དུ་མི་འགྱུར་བ་མེད་མོད་ཀྱི། མ་འོངས་པའི་དུས་ན་ཆོས་ཉན་པ་རྣམས་ལ་དེ་ལྟ་བུ་སྲིད་པས་དེ་དག་ལ་བརྟག་པའི་ཚུལ་བསྟན་པའི་ཕྱིར་རོ། །ཕྱག་ན་ རྡོ་རྗེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བའི་དཀྱིལ་འཁོར་སྤྱད་པ་བཤད་པའི་ཆོས་ཀྱི་གཞུང་ཉོན་ཅིག་པ་ནི། དཀྱིལ་འཁོར་གྱི་སྒོ་ནས་ལྷ་མཉེས་པར་བྱ་བའི་སྤྱོད་པའི་རྣམ་པ་བཅུ་དྲུག་བཤད་པ་དང་། དེ་བཞིན་དུ་རིམ་གྱིས་སྒྲུབ་པའི་སྒོ་ནས་ལྷ་མཉེས་པར་བྱ་བའི་ སྤྱོད་པ་བཟླས་པ་ཡན་ལག་བཞི་དང་། རང་གི་སེམས་ཡོངས་སུ་སྦྱང་བར་བྱས་པས་ལྷ་མཉེས་པར་འགྱུར་ཏེ། རིག་འཛིན་ལ་སོགས་པའི་གྲུབ་པ་མངོན་དུ་ཐོབ་ནས་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་ པའི་དཀྱིལ་འཁོར་ཞེས་བྱའོ། །དཀྱིལ་འཁོར་སྤྱད་པ་ཞེས་པ་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པའི་སྤྱད་པ་རྣམ་པ་བཅུ་དྲུག་ལ་སོགས་པའོ། །ཚུལ་ནི་སྔར་བཤད་པའོ། །གཞུང་ཞེས་པ་ནི་དོན་གྱི་དངོས་པོ་གཅིག་ལ་ཚིག་མང་པོའི་སྒོ་ནས་དམིགས་བསྟན་པ་ལ་བྱ་སྟེ། དེ་ཡང་སྐབས་ འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་ནི། ཕ་རོལ་ཕྱིན་པ་ལ་སོགས་པའི་སྒོ་ནས་ཀྱང་འགྱུར། སྔགས་སྤྱད་པའི་སྒོ་ནས་ཀྱང་འགྱུར་ཏེ། དེ་བས་ན་དཀྱིལ་འཁོར་བཤད་པའི་ཚུལ་བཤད་པའི་ཆོས་ཀྱི་གཞུང་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ ཆོས་ཀྱི་དབྱིངས་ཀྱི་དོན་མ་རྫོགས་པས་སེམས་ཅན་གྱི་ཁམས་མ་ལུས་པར་གདོན་པར་ཡི་དམ་བཅས་ནས་ཞེས་པ་ནས། དེ་དག་བྱུང་ནས་ཕྱོགས་བཅུ་ཀུན་དུ་བསྐོར་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་སོ་སོའི་གནས་སུ་སླར་ཞུགས་སོ་ཞེས་པའི་བར་དུ་མ་འོངས་པའི་འགྲོ་ བ་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བའི་ཕྱིར་རང་བཞིན་གྱི་དཀྱིལ་འཁོར་འབྱུང་བའི་ཏིང་ངེ་འཛིན་བསྟན་པ་ལ་བྱ་སྟེ། ཏིང་ངེ་འཛིན་བསྟན་པ་ཡང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བའི་སློབ་དཔོན་གྱི་ཏིང་ངེ་འཛིན་འདི་ལྟ་བུ་མངོན་དུ་བྱ་སྟེ། དེ་ནས་ས་ ཚོན་གྱི་གཟུགས་ཀྱི་ཆ་ལུགས་ལ་སོགས་པའི་དཀྱིལ་འཁོར་བྲི་བའི་ཚུལ་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་དོན་མ་རྫོགས་པ་ཞེས་པ། ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་དེ། དེ་བཞིན་ཉིད་ཡང་དག་པའི་མཐའ་སྟེ། དེའི་དོན་ནི་སྐུ་ལ་སོགས་པ་ མི་ཟད་པའི་རྒྱན་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་དུ་ཁྱབ་པར་བསྟན་ནས། སེམས་ཅན་དེ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བར་བྱ་སྟེ། སེམས་ཅན་དེ་རྣམས་ཀྱང་མ་ལུས་པར་མ་བསྒྲལ་བ་ནི་དོན་མ་རྫོགས་པ་ལ་བྱའོ། །སེམས་ཅན་གྱི་ཁམས་མ་ལུས་པར་གདོན་པར་ཡི་ དམ་བཅས་ཞེས་པ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་དོན་དེ་མ་རྫོགས་པར་ཟད་པ་མ་ཡིན་གྱི། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐུགས་ཡིད་མ་མཛད་པ་ནི། བདག་གིས་བྱང་ཆུབ་ཐོབ་ནས་སེམས་ཅན་ཡང་བསྒྲལ་བར་བྱའོ། །དེ་བས་ན་སེམས་ཅན་གྱི་ཁམས་ མ་ལུས་པར་གདོན་པར་ཡི་དམ་བཅས་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མོལ་ཏེ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཚོགས་དང་། ཆོས་ཀྱི་སྐུ་འགྲོ་བའི་དོན་བྱེད་པར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ དེ། དེ་བས་ན་སངས་རྒྱས་ཐམས་ཅད་གསུང་གཅིག་ཏུ་འབད་པར་བསྟན་པའོ། །གཉིས་སུ་ན་དེ་བཞིན་གཤེགས་པ་ཐམས་ཅད་མོལ་ཏེ་ཞེས་པ་ནི། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་མངོན་དུ་བྱས་ནས་ཞེས་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་མོལ་ཏེ་ཞེས་པ་ནི་མ་ འོངས་པའི་འགྲོ་བ་ང་རྒྱལ་ཅན་རྣམས་ང་རྒྱལ་བཅག་པ་དང་། ཞུ་བླག་མི་བྱེད་པ་རྣམས་བླ་མ་དང་གྲོགས་པོ་ལ་དྲི་ཞིང་ཞུ་བླག་བྱེད་པར་བརྩོན་པ་སྐྱེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡང་གཞན་དང་བཀའ་བགྲོས་མཛད་ཅིང་ཆོས་སྟོན་ན་བདག་ཅག་ཚོད་ལྟ་ཅི་ཞིག་ སྙམ་ནས་ང་རྒྱལ་བཅག་ནས་གཞན་ལ་འདྲི་བ་ལ་བརྩོན་པར་འགྱུར་རོ། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཏིང་ངེ་འཛིན་དེ་ལས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའམ་སྙིང་རྗེ་ཆེན་པོ་ཏིང་ངེ་འཛིན་འབྱུང་བ་ལ་བྱའོ། །ཏིང་ངེ་འཛིན་ལ་ཞུགས་ མ་ཐག་ཏུ། བཅོམ་ལྡན་འདས་ཡན་ལག་ཐམས་ཅད་ནས། དེ་བཞིན་གཤེགས་པའི་སྐུ་དང་པོ་སེམས་བསྐྱེད་ནས་ས་བཅུའི་བར་དུ་སེམས་ཅན་གྱི་དོན་བྱེད་པ་འབྱུང་ངོ་། །དེ་དག་བྱུང་ནས་ཕྱོགས་བཅུ་ཀུན་དུ་བསྐོར་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་སྐུ་སོ་སོའི་གནས་སུ་སླར་ཞུགས་སོ་ཞེས་ པ་ནི་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་བཞུགས་པ་དེ་ལ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་དེ་བཞིན་གཤེགས་པའི་སྐུ་འདྲ་བ་རྣམ་པར་སྤྲུལ་པ་འབྱུང་སྟེ། སེམས་ཅན་གྱི་དོན་བྱེད་པ་ནི་ས་དང་པོ་ནས་བརྩམས་ནས་ས་བཅུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་དག་སླར་བཅོམ་ལྡན་འདས་ཀྱི་སྐུ་ ལ་སོ་སོའི་གནས་སུ་ཞུགས་པ་ཡང་། ཏིང་ངེ་འཛིན་བརྟན་པའི་མཐུས་བ་སྤུའི་བུ་ག་གང་ནས་བྱུང་བ་དེ་ཉིད་དུ་སླར་མ་འཁྲུལ་པར་ཞུགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་དཀྱིལ་འཁོར་བྲི་བ་ཉོན་ཅིག་ཅེས་པ་ནི་ཏིང་ངེ་འཛིན་དེ་ལས་ བཞེངས་ནས། ཕྱག་ན་རྡོ་རྗེ་ལ་དཀྱིལ་འཁོར་བཤད་པ་ལ་བྱ་སྟེ། དཀྱིལ་འཁོར་བྲི་བ་བཤད་པ་དེ་ཡང་རྒྱུ་དང་རང་བཞིན་དང་འབྲས་བུ་རྣམ་པ་གསུམ་དུ་བལྟ་སྟེ། དེ་ལ་རྒྱུ་ནི་སློབ་དཔོན་ནོ། །རང་བཞིན་ནི་དཀྱིལ་འཁོར་ས་དཔྱད་ཅིང་བྲི་བ་ལ་སོགས་པའོ། །འབྲས་བུ་ནི་སློབ་མ་གཟུང་ཞིང་ དབང་བསྐུར་བ་ལ་སོགས་པའོ། །དེ་ལ་དཀྱིལ་འཁོར་བྲི་བའི་རྒྱུ་ནི་གཙོ་བོ་ནི་སློབ་དཔོན་གྱི་ཡིན་ཏེ། དེ་བས་ན་སློབ་དཔོན་གྱི་མཚན་ཉིད་ཐོག་མར་བཤད་དོ། །སློབ་དཔོན་གྱི་མཚན་ཉིད་བཤད་དེ། སློབ་དཔོན་དུ་འཇུག་པའི་ཡོན་ཏན་གྱི་མཚན་ཉིད་དང་། སློབ་དཔོན་དུ་རྫོགས་པའི་ཡོན་ཏན་གྱི་མཚན་ཉིད་དང་། དེ་རབ་ཏུ་དབྱེ་ བའི་མཚན་ཉིད་དེ། སློབ་དཔོན་དུ་འཇུག་པའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་སུ་སོང་བའི་ཡིད་དང་ལྡན་པ་ལ་སོགས་པའོ། །སློབ་དཔོན་དུ་རྫོགས་པའི་མཚན་ཉིད་ནི་ལུང་ཐོབ་ཅིང་དབང་བསྐུར་བ་ཞེས་བྱའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཞེས་པའོ། །དེ་ ཡང་ལུས་ཀྱི་ཡོན་ཏན་དང་། ངག་གི་ཡོན་ཏན་དང་ཡིད་ཀྱི་ཡོན་ཏན་དང་གསུམ་སྟེ། གར་རིགས་པར་སྦྱོར་བར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་སུ་སོང་བའི་ཡིད་དང་ལྡན་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་སྟོང་པར་འཇིག་པར་འཇུག་པ་དང་ལྡན་པའོ། ། ཤེས་རབ་དང་ལྡན་ཞེས་པ་ནི་ཤེས་རབ་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ཤེས་རབ་རྣོ་བ་དང་། མཉན་པ་དང་། བསམ་པ་ལ་སོགས་པའི་ཤེས་རབ་སྟེ། དེ་དག་གང་ཡང་རུང་བ་དང་ལྡན་པའོ། །སྙིང་རྗེ་ཅན་ཞེས་པ་ནི་སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་བ་ལས་འདོན་པ་སྟེ། དེ་ཡང་རང་ བཞིན་གྱིས་སྙིང་རྗེ་ཅན་དང་མངོན་པར་འདུས་བྱས་པའི་སྙིང་རྗེ་སྟེ། དེ་དང་ལྡན་པའོ། །ཐབས་ལ་མཁས་པ་ཞེས་པ་ནི་སྦྱོར་བ་འཇིག་རྟེན་གྱི་སྒྲ་ཐབས་ལ་སོགས་པ་རྣམ་པ་མང་སྟེ། སྐབས་འདིར་ནི་དཀྱིལ་འཁོར་བྲི་བ་དང་། མཆོད་པའི་ཡན་ལག་རྣམས་ལ་མཁས་པ་ལ་བྱའོ། །རྟག་ཏུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་མཁས་པ་ཞེས་པ་ནི། དོན་དམ་པ་དང་ཀུན་རྫོབ་རྣམ་པ་གཉིས་ཀྱི་ཚུལ་གྱིས་མཁས་ཏེ། དོན་དམ་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་ལ་མཁས་པའོ། །ཀུན་ རྫོབ་ཏུ་ནི་དེ་ལྟར་ཤེས་རབ་སྟོང་པ་ཉིད་ཀྱི་བསྒོམ་པ་ལས་ལངས་ནས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་ནས། དེ་ལ་ཡང་མི་ཆགས་པར་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་སྦྱོར་བ་ལ་མཁས་པའོ། །ཐེག་པ་གསུམ་འབྱེད་ཤེས་པ་ཞེས་བྱ་བ་ནི་ ཉན་ཐོས་ཀྱི་ཐེག་པ་གང་ཟག་བདག་མེད་པར་ཆུད་ནས་ཕུང་པོ་དང་ཁམས་ལ་སོགས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་བདག་མེད་པར་ཆུད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཕུང་པོ་ལ་སོགས་པ་དེ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་དུ་ཆུད་པ་དང་། །ཐེག་པ་ཆེན་ པོའི་ཆོས་ཐམས་ཅད་ཐོག་མ་ནས་མ་བྱུང་མ་སྐྱེས་པར་ཆུད་པ་རྣམས་ཀྱིས་མཚན་ཉིད་བྱེ་བྲག་ཏུ་འབྱེད་མཁས་པ་ལ་བྱའོ། །དེ་ལ་སྤྱིར་ཐེག་པ་གཅིག་ལ་གསུམ་དུ་དབྱེར་ཅི་ཡོད་ཅེ་ན། ཐེག་པ་ཉིད་གསུམ་དུ་དབྱེ་བ་ལ་ནི་མི་བྱའི། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ་སོར་ཇི་ལྟར་ཆུད་པའི་ མཚན་ཉིད་འབྱེད་མཁས་པ་ལ་བྱའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཁས་པ་ཞེས་པ་ནི་སྔགས་རྣམས་སྤྱིའི་དེ་ཁོ་ནའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་མཁས་པ་དང་སྔགས་དང་ཡི་གེ་ས་བོན་དང་ཏིང་ངེ་འཛིན་རྣམས་ལ་མཁས་པ་སྟེ། སྔགས་ལ་མཁས་པའི་སྔགས་ཀྱི་ ཚིག་རྣམས་བསྐུལ་བ་དང་ཕྱག་རྒྱའི་རང་བཞིན་ལ་འབྱེད་མཁས་པའོ། །ཡི་གེ་ས་བོན་ལ་མཁས་པ་ནི། ལྷ་རྣམས་སོ་སོའི་ས་བོན་སྙིང་པོ་གང་ཡིན་པ་དང་། དེ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་དང་ལས་གང་ཡིན་པ་ལ་མཁས་པའོ། །ཏིང་ངེ་འཛིན་ལ་མཁས་པ་ནི་ཏིང་ངེ་འཛིན་དུ་ ཞུགས་པ་ལས་དབང་ཆེན་དང་། ཆུ་ལ་སོགས་པའི་དཀྱིལ་འཁོར་བཀོད་ཅིང་དེ་རྣམས་ཀྱིས་ལས་བསྒྲུབ་པ་ལ་མཁས་པའོ། །བསམ་པ་ཤེས་པ་ནི་སློབ་མ་རྣམས་ཀྱི་བསམ་པ་ཤེས་པ་སྟེ། དེ་ཡང་ཕ་རོལ་གྱི་སེམས་ཤེས་པའི་ཚུལ་གྱིས་ཤེས་པ་ལ་ནི་མི་བྱའི། སྔགས་ཀྱིས་ཆ་བརྟགས་ པའི་ཚུལ་གྱིས་སློབ་མ་རྣམས་ཀྱི་སྤྱོད་པ་དང་། ཚུལ་ལ་བརྟགས་ན་ལྷ་ཞི་བ་དང་ཁྲོ་བོ་རྣམས་གང་ལ་བསྙེན་པར་འོས་པ་དང་། གྲུབ་པ་རབ་འབྲིང་གསུམ་ལས་གང་བསྒྲུབ་པར་འོས་པ་ལ་སོགས་པའི་ཚུལ་ལ་མཁས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་ ཞེས་པ་ནི་དེ་རྣམས་ཀྱི་ཡོན་ཏན་ལ་མོས་ཤིང་ཡིད་ཆེས་པའོ། །དཀྱིལ་འཁོར་འདྲི་བའི་ལས་བྱེད་པར་ལུང་ཐོབ་ཅིང་དབང་བསྐུར་ཞེས་པ་ལ་དབང་བསྐུར་བ་ནི་དབང་བསྐུར་བའི་དཀྱིལ་འཁོར་དུ་དྲི་དང་མེ་ཏོག་དང་སྨན་དང་རིན་པོ་ཆེ་ལ་སོགས་པས་བརྒྱན་པའི་བུམ་པར་ཆུ་བླུགས་ཏེ་དབང་བསྐུར་ བ་ལ་བྱ། ལུང་ཐོབ་པ་ནི་དེ་ལྟར་དབང་བསྐུར་ནས་དཀྱིལ་འཁོར་བྲི་བ་དང་སྒྲུབ་པ་ལ་སྤྱོད་པ་ཁྱོད་ཀྱིས་གྱིས་ཤིག་ཅེས་ཚིག་གིས་གནང་བའོ། །དེ་ལ་ལུང་ཐོབ་ཅིང་དབང་བསྐུར་ཞེས་པ་དབང་མ་བསྐུར་བར་ལུང་མི་ཐོབ་སྟེ། སྨོས་པས་དབང་བསྐུར་བ། མ་སྨོས་ཀྱང་ཞར་ལ་གོ་བར་འགྱུར་ནས། ། གཉིས་ཀ་ཅིའི་ཕྱིར་སྨོས་ཤེ་ན། གདོན་ལ་སོགས་སེལ་བའི་ལས་ཕྲན་ཚེགས་ལ་དབང་མ་བསྐུར་ཀྱང་བྱོས་ཤིག་པའི་ལུང་ཐོབ་པ་སྲིད་ཀྱི། དེ་བས་ན་ལུང་ཐོབ་ཅིང་དབང་བསྐུར་ཞེས་སྨོས་པའོ། །བརྟན་པ་ཞེས་པ་ནི་ཤེས་པ་དང་ལོངས་སྤྱོད་ལ་སོགས་པ་དང་ལྡན་པ་ཡང་དེ་དག་གིས་ དྲེགས་པར་མི་འགྱུར། དེ་དག་དང་མི་ལྡན་ན་ཡང་ཞུམ་པར་མི་འགྱུར་བའོ། །སྦྱོར་བ་ལ་མཁས་པ་ཞེས་བྱ་བ་ནི་སྒྲུབ་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ལ་མཁས་པའོ། །བྱང་ཆུབ་ཀྱི་སེམས་ལ་གནས་ཞེས་པ་ནི། སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནུས་པའོ། ། གསང་བའི་བདག་པོ་སློབ་དཔོན་དེ་ལྟ་བུ་དང་ལྡན་པ་དེ་ནི་རྒྱལ་བའི་བདག་ཉིད་ལས་སྐྱེས་པ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔས་ཀྱང་བསྔགས་སོ། །ཞེས་པ་ལ་སློབ་དཔོན་དེ་ལྟ་བུ་དང་ལྡན་པ་དང་ཞེས་པ་ནི། གོང་དུ་སྨོས་པའི་ཡོན་ཏན་རྣམས་དང་ལྡན་པའོ། །རྒྱལ་བའི་བདག་ཉིད་ལས་ སྐྱེས་པ། །ཞེས་པ་ནི། རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ་དེའི་བདག་ཉིད་ནི་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་མོས་པ་ལས་བྱུང་བ་ནི་རྒྱལ་བའི་བདག་ཉིད་ལས་སྐྱེས་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་སོ་ཞེས་པ་ ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་སོ། །དེ་ལྟར་སློབ་དཔོན་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་ན་མི་བསྔགས་པའི་སློབ་དཔོན་ཡོད་དམ་ཞེ་ན་ཡོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་བསྔགས་སོ་ཞེས་པའི་ཚིག་དེས་སློབ་དཔོན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་དམིགས་པ་ཅན་ནོ། །དེ་ལ་སྐབས་འདིར་སློབ་དཔོན་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ བསྔགས་པ་ནི་ཟབ་ཅིང་རྒྱ་ཆེ་བའི་སློབ་དཔོན་ལ་བྱའོ། །དམིགས་པ་ཅན་གྱི་སློབ་དཔོན་གྱི་མཚན་ཉིད་ནི་འོག་ནས་སློབ་དཔོན་གཉི་གའི་མཚན་ཉིད་བཤད་པའི་སྐབས་སུ་ཤེས་པར་བྱའོ། །ད་ནི་སློབ་དཔོན་དེ་ལྟ་བུས་འཁོར་གཟུང་བའི་སློབ་མ་རྣམས་བརྟག་པར་བྱ་སྟེ། སློབ་མ་དེ་ རྣམས་བརྟག་པ་ཡང་རང་བཞིན་གྱི་ཡོན་ཏན་དང་མངོན་པར་འདུས་བྱས་པའི་ཡོན་ཏན་གྱི་སྒོ་ནས་སོ། །དེ་བས་ན་གསང་བའི་བདག་པོ་སློབ་དཔོན་དེ་ལ་གཞན་ཞིག་གིས་བཅོལ་ཡང་རུང་ཞེས་པ་ནི་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་ཀྱང་ རུང་ཞེས་པའོ། །ཡང་ན་སེམས་ཅན་གྱི་སྣོད་དུ་འགྱུར་བའི་དྲི་མ་མེད་པ་མཐོང་བ་ན། རང་གིས་བསྐུལ་མ་བཏབ་སྟེ། ཤེས་པ་ལ་སྣོད་དུ་འགྱུར་ཞེས་པ་ནི་སྔར་བཤད་པའི་སྣོད་དུ་འགྱུར་བའོ། །དྲི་མ་མེད་ཅེས་པ་ནི་སྡིག་པ་མེད་པ་སྟེ། དེ་ལ་སྡིག་པ་ནི་སེམས་ཀྱི་རྒྱུད་ལ་ཡོད་དེ། ཇི་ལྟར་ སློབ་དཔོན་དེས་མཐོང་བར་འགྱུར་ཞེ་ན། སེམས་ཀྱི་རྒྱུད་དེ་ལ་གནས་པའི་སྡིག་པ་མེད་པར་མཐོང་བ་ལ་ནི་མི་བྱའི་སྡིག་པའི་རྒྱུ་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་པར་མཐོང་བ་ནི་སྡིག་པ་མེད་པར་མཐོང་བའོ། །དེ་ལྟ་བུའི་སློབ་མ་མཐོང་ན་ཕས་མ་གསོལ་ཀྱང་། སློབ་མ་དེའི་སྣོད་དུ་ འགྱུར་བ་ཡིན་པས་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་ཆོས་བཤད་ཅིང་སྔགས་ཀྱི་ཚུལ་ལ་གཞག་པར་བྱའོ། །མང་དུ་མོས་པ་ཞེས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱིས་ཆོས་རྣམས་མ་ཆུད་ཅིང་མངོན་དུ་མ་བྱས་ཀྱང་མཉན་ པ་དང་བསྒོམ་པའི་སྒོ་ནས་འདི་ཉིད་ཡིན་གྱི་གཞན་མ་ཡིན་ནོ་ཞེས་པ་ནི་མོས་པ་མང་བའོ། །བསྟན་ཞེས་པ་ནི་གོང་དུ་སློབ་དཔོན་གྱིས་བསྟན་པ་ཉིད་བཤད་པ་དང་མཐུན་ནོ། །དད་པ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ཡིད་ཆེས་པ་ཇི་བཞིན་པའོ། །སྔགས་བྱེད་པའི་ཚུལ་ལ་ཡིད་ཆེས་ པའི་དད་པའོ། །གཞན་ལ་ཕན་པར་དགའ་ཞེས་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། གཞན་སྡུག་བསྔལ་བ་ལས་བྲལ་བར་དགའ་བ་དེ་ལྟ་བུ་དང་ལྡན་པའི་སློབ་མར་ཤེས་ཤིང་མཐོང་ན། རང་གིས་བསྐུལ་མར་བཏབ་སྟེ་ཞེས་པ་གོང་དུ་སྨོས་པའི་ཡོན་ཏན་གྱི་མཚན་ཉིད་དང་ལྡན་པར་ མཐོང་ནས་ཞེས་པའོ། །བོས་པ་ལ་འདི་སྐད་ཅེས་སྨྲོས་ཤིག་ཅེས་པ་ནི་གལ་ཏེ་སློབ་མ་དེ་བདག་ཅག་སྔགས་གྲུབ་པའི་འབྲས་བུ་ཞིག་རིག་འཛིན་ལ་སོགས་པ་འདོད་པ་མ་ཡིན་གྱི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་དོ་སྙམ་དུ་སེམས་པ་ལ། སྔགས་ཀྱི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ ཐོབ་པའི་མཚན་ཉིད་ཀྱི་ཆོས་ཤོད་ཅིག་ཅེས་པའོ། །བུ་འདི་ཐེག་པ་ཆེན་པོ་སྟེ། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིན། །ཁྱོད་ལ་ཡང་དག་བཤད་ཀྱིས་སུ། །ཁྱོད་ཀྱང་ཚུལ་ཆེན་སྣོད་དུ་འགྱུར། །ཞེས་པ་ནི་སྔགས་སྤྱད་པའི་ཚུལ་འདི་ཐེག་པ་ཆེན་པོའོ། །དེ་ཡང་ཁྱོད་ལ་ཡང་དག་པར་བཤད་ པ་ནི། ཁེ་དང་བཀུར་སྟིའི་ཕྱིར་བཤད་པ་མ་ཡིན་གྱི་སློབ་མ་དེ་སྣོད་དུ་འགྱུར་བའི་ཕྱིར་བཤད་པའོ། །འདས་པ་རྫོགས་པའི་སངས་རྒྱས་དང་། །གང་རྣམས་ཕྱིས་ཀྱང་བྱོན་པ་དང་། །ད་ལྟར་མགོན་པོ་དེ་རྣམས་ཀྱང་། །འགྲོ་རྣམས་དོན་ཕྱིར་བཞུགས་པ་ཡང་། །ཞེས་པ་ནི་འདས་པ་དང་། དེ་ལྟར་ དང་། མ་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྔགས་སྤྱད་པའོ། །ཚུལ་དམ་པ་འདི་ལས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་བཞི་བཅོམ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་སྟེ། དེ་བས་ན་སློབ་མ་ཁྱེད་རྣམས་ཀྱིས་ཀྱང་ཚུལ་དམ་པ་འདི་ལས་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བསྟན་པ་སྟེ། དེ་བས་ན་གསུངས་པ་སྟེ། དེ་དག་ཀུན་གྱིས་དམ་པ་ནི། །སྔགས་གཙོ་བོ་མཆོག་མཁྱེན་པས་ན། །བསྟན་པ་ཐམས་ཅད་མཁྱེན་ཐོབ་པ། །བྱང་ཆུབ་དྲུང་དུ་མཚན་ཉིད་མེད་པའོ། །སྔགས་ཀྱི་སྦྱོར་བ་མཉམ་མེད་པས། །སྟོབས་ཅན་རྣམས་ཀྱང་ བཅོམ་པ་ནི། །བདུད་སྡེ་ཤིན་ཏུ་མ་རུངས་རྣམས། །ཤཱཀྱ་སེང་གེ་མགོན་པོ་ཡིས། །དེ་བས་བློ་ཅན་བུས་འདི་ལྟར། །ཐམས་ཅད་མཁྱེན་ནི་ཐོབ་པར་གྱིས། །ཞེས་པའོ། །དེ་དག་ཀུན་གྱིས་ཞེས་པ་ནི། འདས་པ་དང་། ད་ལྟར་གྱི་དང་། མ་བྱོན་པའི་སངས་རྒྱས་ཀུན་གྱིས་ཞེས་པའོ། །བྱང་ ཆུབ་དྲུང་དུ་མཚན་ཉིད་མེད་པའོ། །ཞེས་པ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐམས་ཅད་མཁྱེན་པ་མཚན་མ་མེད་པ་ཐོབ་པའོ། །སྔགས་ཀྱི་སྦྱོར་བ་མཉམ་མེད་པའོ། །ཞེས་པ་ནི་གང་དང་ཡང་མི་མཉམ་པའི་སྔགས་ཀྱི་སྦྱོར་བ་དེས་ཐམས་ཅད་མཁྱེན་པ་ཐོབ་པར་ཤེས་པར་སྦྱར་རོ། །དེ་བས་བློ་ ཅན་བུས་འདི་ལྟར་ཐམས་ཅད་མཁྱེན་པ་ནི་ཐོབ་པར་གྱིས་ཤིག་པ་ནི་དེ་ལྟར་ཤཱཀྱ་སེང་གེས་ཀྱང་སྔགས་སྤྱད་པའི་སྒོ་ནས་ཐམས་ཅད་མཁྱེན་པ་བརྟེན་ནས། ཁྱོད་ཀྱིས་ཀྱང་འདིའི་སྒོ་ནས་ཐམས་ཅད་མཁྱེན་པ་ཐོབ་པར་གྱིས་ཤིག་ཅེས་བཤད་པའོ། །དེ་ལྟར་ཐམས་ཅད་མཁྱེན་པ་ཐོབ་པར་ཡང་། བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ལ་སོགས་པར་མངོན་པར་བྱང་ཆུབ་པའི་རིམ་པ་གཞན་ཡང་ཡོད་མོད་ཀྱི། སྐབས་འདིར་མི་རྣམས་ལ་བཤད་པའི་ཕྱིར་སྤྲུལ་པའི་སྐུས་ཀྱང་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །དེ་བཞིན་སྔགས་མཁན་མང་སྤྱོད་ ཅེས་པ་ནི་གོང་དུ་སྨོས་པའི་ཚུལ་གྱིས་སློབ་མ་དེ་མང་དུ་སྤྲོ་བ་སྐྱེད་ཅིག་ཅེས་པའོ། །སྙིང་རྗེས་བསམ་པའི་ཡིད་ཀྱིས་ཁེ་དང་བཀུར་སྟིའི་ཕྱིར་མ་ཡིན་གྱི་སློབ་མ་དེ་དག་ལ་སྙིང་རྗེའི་ཕྱིར་རོ། །སློབ་མ་དེ་བརྟན་གྱུར་རིག་ནས། །ཞེས་པ་ནི་སློབ་མ་དེ་རྣམས་དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས་ཡིད་ཆེས་ཏེ། གཞན་དུ་མི་འགྱུར་བར་གྱུར་ནས་སློབ་མ་དེ་དག་གིས་དཀྱིལ་འཁོར་བྲི་བའི་ས་རྣམས་བརྟག་པར་བྱ་སྟེ། དེ་ཡང་ས་ཉིད་ཀྱི་ཡོན་ཏན་གྱིས་དགའ་བ་དང་འཕགས་པ་རྣམས་ཀྱིས་བཅག་པས་དགའ་བ་དང་། ལྷ་དང་མི་རྣམས་ཀྱིས་བསྙེན་པས་དགའ་བ་དང་། སྔགས་མཁན་ཉིད་གང་དུ་དད་པས་ དགའ་བའོ། །དེ་ལ་ས་ཉིད་ཀྱི་ཡོན་ཏན་གྱིས་དགའ་བའི་གནས་དྲི་དང་མེ་ཏོག་འབྲས་བུར་ལྡན་པའི་རི་གཙང་ཞིང་དགའ་བའི་ཆུ་འགྲམ་ཞེས་པ་ནི། གང་ན་ཆུ་བོ་མང་པོ་རྣམས། །ངང་པའི་ཆུ་བྱ་མང་བརྒྱན་པ། །དེ་རུ་སྔགས་ལ་མཁས་པ་ཡིས། །སྙིང་རྗེས་བྱུང་བའི་དཀྱིལ་འཁོར་བྲི། ། ཞེས་པའི་བར་དུའོ། །སངས་རྒྱས་དང་རང་སངས་རྒྱས་ཞེས་པ་ནས། ས་ཕྱོགས་ཐུབ་པས་བདེ་བར་བསྔགས། །ཞེས་པའི་བར་དུ་ནི་འཕགས་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་པས་དགའ་བ་ལ་བྱའོ། །གཞན་ཡང་རྣམ་པ་མང་པོ་ཡི། །ཕྱོགས་རབ་བཟང་དང་གཙུག་ལག་ཁང་། ། ཞེས་པ་ནས། ལྷ་རྣམས་ཀུན་གྱི་གནས་རྣམས་དང་། །ཁྱིམ་སྟོང་རྣམས་སུ་དེ་བཞིན་ཏེ། །དཀྱིལ་འཁོར་ནན་ཏན་དུ་བྲིས་ཤིག །སློབ་མ་རྣམས་ལ་ཕན་པ་འདོད། །ཅེས་པའི་བར་དུ་ནི་ལྷ་དང་མི་རྣམས་ཀྱིས་བསྙེན་པས་དགའ་བའོ། །ཡང་ན་ནི་ཡིད་དུ་གར་འོང་བར་ཡང་རུང་སྟེ། དེར་ བྲིའོ་ཞེས་པ་ནི་གོང་དུ་སྨོས་པ་རྣམ་པ་གསུམ་ལས། གཞན་པའི་ས་སྔགས་པ་ཉིད་གང་དུ་དད་པ་དེར་དཀྱིལ་འཁོར་བྲི་བ་གསུངས་སོ། །དེ་བསལ་བའི་རྣམ་པ་བྱ་སྟེ་ཞེས་པ་ནི་བསལ་བ་རྣམ་པ་གཉིས་ཏེ། ཕྱི་དང་ནང་གིའོ། །དེ་བས་ན་སློབ་དཔོན་ལ་ཡང་རྣམ་པ་གཉིས་ཏེ། ཟབ་ཅིང་རྒྱ་ ཆེ་བ་ལ་མོས་པ་དང་དམིགས་པ་ཅན་ནོ། །དེ་ལ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སློབ་དཔོན་གྱིས་ནི་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཕྱིའི་ཉེས་པ་རྣམས་ཀྱི་དངོས་པོ་ཐོག་མ་ནས་མ་བྱུང་མ་སྐྱེས་པར་ཆུད་དེ། ནང་གི་སེམས་སྦྱངས་བས་དག་པར་འགྱུར་ཏེ་ཕྱིའི་ཟུག་རྔུ་ལ་སོགས་པ་བསལ་མི་ དགོས་མོད་ཀྱི་སློབ་མ་རྣམས་ཀྱི་ཡིད་དང་སྦྱར་བའི་ཕྱིར། ཕྱི་ཡི་ས་རྣམས་བརྟག་པ་ཡང་དེ་རྣམས་ལ་མ་ཞེན་པར་བྱ་སྟེ། དེ་བས་ན་སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས་ནི་ཕྱི་ནང་གཉིས་ཀའི་ས་སྦྱང་བར་བྱའོ། །དམིགས་པ་ཅན་གྱི་སློབ་དཔོན་གྱིས་བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་ པས་ཕྱིའི་ས་རྣམས་སྦྱང་བར་བྱའོ། །དེ་ལ་ནང་གི་ས་སྦྱང་བ་ནི། བྱང་ཆུབ་ཀྱི་སེམས་གོམས་པར་བྱེད་པའོ། །ཕྱིའི་སྦྱང་བ་ནི་རྡོ་དང་གྱོ་མོ་དང་ས་དང་འབྲས་དང་ཞེས་པ་ནས་གནས་རྣམས་ཉེས་པ་ཐམས་ཅད་དང་བྲལ་ན་ལྷ་རྣམས་ཀྱིས་ཀྱང་བསྔགས་སོ་ཞེས་པའི་བར་དུའོ། །ཚེས་གྲངས་དང་ཉི་ མ་ཞེས་པ་ནས་སྔ་དྲོའི་དུས་ན་ལྟས་བཟང་པོར་བརྟགས་ཏེ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་འདྲི་བའི་ས་བརྟག་པའི་ཚད་དོ། །ཡོངས་སུ་བཟུང་བ་རྩོམ་པའི་ཚེས་གྲངས་དང་སྐར་མ་ཤིས་པ་ཞེས་པ་ནི་སྐར་མ་འབའ་ཞིག་ཤིས་པ་ལ་མི་བྱའི། ཉི་མ་དང་ཚེས་གྲངས་ཀུན་ཤིས་པར་ཞེས་པར་སོ་སོར་ སྦྱར་རོ། །སྔ་དྲོའི་དུས་ལ་ལྟས་བཟང་པོར་བརྟགས་ན་ཞེས་པ་ནི་ལྟས་བཟང་པོར་བརྟགས་པ་རབ་འབྲིང་རྣམ་པ་གསུམ་སྟེ། ལྷའི་དང་བར་སྣང་གི་དང་ས་ལས་བྱུང་བའོ། །དེ་ལ་ལྷའི་ནམ་མཁའ་ལས་སྒྲ་སྙན་ལ་སོགས་པ་འབྱུང་སྟེ་མཆོག་གོ། །བར་སྣང་གི་ནི་བཀྲ་ཤིས་ཀྱི་ཚིག་དང་བྲམ་ ཟེའི་སྨྲང་ལ་སོགས་པ་ཐོབ་སྟེ་འབྲིང་ངོ་། །ས་ལས་འབྱུང་བ་ནི་དུང་ལ་སོགས་པ་ས་ལ་འདུག་པ་མཐོང་སྟེ་ཐ་མའོ། །དེ་ལྟར་ཐོག་མར་རྩོམ་པ་ལ་སྔ་དྲོའི་དུས་ན་ལྟས་དེ་རྣམས་ལས་གང་ཡང་རུང་བ་ཅིག་བྱུང་ན་བཟང་སྟེ་ས་ཡོངས་སུ་གཟུང་བ་ལ་སོགས་པའི་ལས་རྣམས་བརྩམ་པར་ བྱའོ། །སའི་ལྷ་རྣམས་སྦྲན་པའི་ཚིགས་སུ་བཅད་པ་འདི་གཉིས་སྒྲོགས་པར་བྱའོ་ཞེས་པ་དེ་ལྟར་སྔ་དྲོའི་དུས་ན་ལྟས་བཟང་པོ་དང་ལྡན་ན་དཀྱིལ་འཁོར་གང་དུ་བྲི་བར་བྱ་བའི་ས་གཞི་དེར་སའི་ལྷ་མོ་ལ་ཁྱོད་ཀྱི་སྟེང་དུ་སའི་དཀྱིལ་འཁོར་བྲིའོ་ཞེས་གསོལ་བ་བཏབ་སྟེ་ཡང་བསྟོད་པའི་ཚིགས་སུ་བཅད་ པའི་སྒོ་ནས་སོ། །དེ་ལ། དཔང་དུ་ལྷ་མོ་ཁྱོད་གྱུར་པ། །སྐྱོབ་པ་སངས་རྒྱས་ཀུན་གྱི་སྟེ། །ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཚུལ་ཁྱད་པར་དུ་སྤྱད་པ་དང་། དེ་ལྟར་སྤྱད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་ བཞི་བཅོམ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་། ས་ཁྱོད་ཀྱི་སྟེང་དུ་བས། ལྷ་མོ་ཁྱོད་ཀྱིས་ཇི་ལྟ་བ་ཉིད་ཤེས་ཏེ་དཔང་དུ་གྱུར་ཏོ་ཞེས་པ་སྟེ། དེ་བས་ན་གསུངས་པ། སྤྱད་པའི་ཚུལ་གྱིས་སྤྱད་པར་ནི། །ཕ་རོལ་ཕྱིན་པ་རྣམས་ཀྱིའོ། །ཇི་ལྟར་བདུད་དམག་མང་བཅོམ་པ། །སྐྱོབ་པ་ ཤཱཀྱ་སེང་གེ་ཡིས། །ཞེས་པའོ། །དེ་བཞིན་བདག་གིས་བདུད་བཏུལ་ནས། །དཀྱིལ་འཁོར་བདག་གིས་འདིར་བྱའོ། །ཞེས་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་དེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་པ་བཞི་བཏུལ་ནས་མངོན་པར་བྱང་ཆུབ་ པར་བྱས་པ་དེ་བཞིན་དུ་བདག་ཀྱང་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་བསྒྲལ་བའི་ཕྱིར་ས་ཁྱོད་ཀྱི་སྟེང་དུ་དཀྱིལ་འཁོར་བྲིས་ཏེ། རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་བྱའོ་ཞེས་པའོ། །ལག་པ་ས་ལ་བཞག་སྟེ། དེ་སྐད་དུ་སྦྲན་པ་མང་དུ་བསྒྲགས་པ་ནི་པུས་ མོ་གཉིས་ས་ལ་བཙུགས་ནས་དེར་སྤོས་དང་མེ་ཏོག་གིས་མཆོད་ནས་བསྔགས་པའི་ས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚོལ་ཅིག་ཅེས་སའི་ལྷ་མོ་ཚིགས་སུ་བཅད་པས་བསྐུལ་ཏེ་གསོལ་བ་གདབ་པ་ཡང་། དེ་ཚུལ་བཞིན་སྔར་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་དེ་ལ་མཆོད་ཅིང་ཕྱག་ བྱས་ལ། ལག་པ་ས་ལ་བཞག་ནས་གདོད་གོང་དུ་སྨོས་པའི་ཚིགས་སུ་བཅད་པས་བསྐུལ་ཏེ་གསོལ་བ་གདབ་བོ། །དེ་འོག་ཏུ་ཚུལ་བཞིན་མཁས་པས་ས་རྣམས་ཚོལ་ཅིག་ཅེས་པ་ནི་འོག་ནས་འབྱུང་བའི་ཚུལ་གྱིས་བཙལ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་དུས་དང་ཡུལ་དང་ལས་བྱེད་པ་ཡང་དགེ་བ་དང་མི་དགེ་བའི་ལྟས་རྣམས་ལ་སྨྲས་པ་རྣམས་ཀྱིས་འབྲས་བུར་འཛིན་པ་ཆོས་འདི་མི་ཤེས་པའི་ཕྱིར་དུའོ། །དེ་དག་དོན་ཕྱིར་སེམས་དཔའི་བར་དུ་གོང་དུ་ ཉི་མ་ཚེས་གྲངས་དང་སྐར་མ་ལ་སོགས་པའི་ལྟས་རྣམས་བཤད་པ་སྔགས་རྣམས་ཀྱི་རང་བཞིན་ནོ། །དོན་དམ་པར་བྱང་ཆུབ་ཀྱི་སེམས་ཡིན་ཏེ་མཚན་མ་དེ་དག་ལས་འདས་པའོ། །ཀུན་རྫོབ་ཏུ་ཡང་དཀྱིལ་འཁོར་དང་སྒྲུབ་པ་དང་སྔགས་སྤྱད་པའི་ཡན་ལག་རྣམས་མཚན་མ་ཅན་ཡིན་མོད་ཀྱི་ དོན་གྱི་བྱ་བ་བྱེད་པ་སྟེ། སྐར་མ་དང་ཚེས་གྲངས་ལ་སོགས་པའི་མཚན་མ་འདི་རྣམས་ནི་དོན་དམ་པ་དང་འགལ། ཀུན་རྫོབ་ཏུ་དོན་གྱི་བྱ་བ་མ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཚན་མ་དེ་དག་བཤད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དོན་དམ་པའི་མཚན་ཉིད་ དེ་ལྟ་བུ་ཡིན་མོད་ཀྱི། མ་འོངས་པའི་འགྲོ་བ་རྣམས་ཀྱིས་དོན་དམ་པའི་ཚུལ་དེ་མི་ཤེས་པ་དེ་འགྲོ་བ་དེ་རྣམས་བཀྲི་བའི་ཕྱིར། མཚན་མ་རྣམས་བཤད་པའི་རིགས་པ་བསྟན་པ་སྟེ། འགྲོ་བ་དེ་རྣམས་ལ་ཡང་རྣམ་པ་གཉིས་ཏེ། དངོས་པོ་ལ་ཆགས་པ་དང་། དངོས་པོ་མེད་པ་ལ་ཆགས་ པའོ། །དངོས་པོ་ལ་ཆགས་པ་རྣམས་ལ་ཡང་ཚེས་གྲངས་དང་དུས་དང་ཡུལ་ལ་སོགས་པའི་དངོས་པོས་རྗེས་སུ་མཐུན་པར་བཤད་ཅིང་བཀྲི་བ་དང་། དངོས་པོ་མེད་པ་ལ་ཆགས་པ་རྣམས་ཀྱང་དེ་ལས་ཟློག་སྟེ། དངོས་པོའི་སྒོ་ནས་བཀྲི་བའི་ཕྱིར་རོ། །མཚན་མར་བྲལ་བ་སངས་རྒྱས་ ཏེ། །ཞེས་པ་ནི་གཟུང་བ་དང་འཛིན་པའི་མཚན་མ་དང་བྲལ་བའོ་ཞེས་པའོ། །ཆོས་ཀྱི་སྐུ་ལ་རྣམ་པར་ཞུགས་པ་ཞེས་པ་ནི་དེ་ལྟར་གཟུང་བ་དང་འཛིན་པའི་མཚན་མ་དང་བྲལ་བས་དམིགས་སུ་མེད་པའི་ཆོས་ཀྱི་སྐུའོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར་པ་ ནི་ཆོས་ཀྱི་སྐུ་ལ་རྣམ་པར་ཞུགས་ཞེས་པའོ། །གསང་བའི་བདག་པོ་དེ་ནས་ཇི་ལྟ་བུར་བཤད་པའི་གནས་ལ་གཅིག་ཏུ་སྙོམས་ལ་རྡུངས་ཤིག་ཅེས་པ་ནས་བདག་ཀྱང་ཡིད་ལ་སྤྲོ་བ་དང་། ཡང་ན་ཇི་ལྟར་མཐོང་བ་ཡང་རུང་བུ་དགེའོ། །སེམས་དཔའ་ཆེན་པོ་ཁྱོད་མྱུར་དུ་དཀྱིལ་ འཁོར་བྲིས་ཤིག་ཅེས་པའི་བར་དུ་ཞག་བདུན་གྱི་སྔོན་རོལ་དུ་སྣང་བ་དང་། མི་སྣང་བ་ལ་དཀྱིལ་འཁོར་བྲི་བའི་ས་བསླང་སྟེ། དེ་ལ་སྣང་བ་ནི་རྒྱལ་པོ་ལ་སོགས་པའི་མི་རྣམས་སོ། །མི་སྣང་བ་ནི་འཇིག་རྟེན་པའི་ལྷ་དང་། གནོད་སྦྱིན་དང་། ཤ་ཟ་ལ་སོགས་པ་སྟེ་ལྷ་ལ་སོགས་པ་ལ་ མ་བསླངས་པར་དཀྱིལ་འཁོར་བྲིས་ན་དཀྱིལ་འཁོར་གྱི་ལྷ་ཁྲོ་བོ་ལ་སོགས་པའི་ཟེར་གྱིས་འཇིག་རྟེན་པའི་ལྷ་དེ་རྣམས་ལ་གནོད་པར་འགྱུར་ཏེ། དེ་ལྟར་གནོད་པར་གྱུར་ན། ལྷ་དེ་དག་སྒྲུབ་པ་ལ་བགེགས་ཀྱི་སྐབས་ཚོལ་བར་འགྱུར། གཉིས་སུ་ན་དེ་དག་ལ་གནོད་བཞིན་དུ་དཀྱིལ་འཁོར་བྲིས་ ན་སྒྲུབ་པ་སྙིང་རྗེ་མེད་པར་འགྱུར་ཏེ། དེ་བས་ན་དེ་དག་ལ་སྩལ་བའི་ཕྱིར་སྔར་ལྷ་ལ་སོགས་པ་རྣམས་སྦྲན་ཞིང་ས་བླངས་ཏེ། ལྷ་ལ་སོགས་པ་དེ་རྣམས་ཀྱང་བག་བྱེད་ཅིང་དེ་ནས་གཞན་དུ་འདོང་སྟེ་ཉེས་པ་མེད་པར་འགྱུར་རོ། །རྒྱལ་པོ་ལ་སོགས་པ་མི་རྣམས་ལ་ཡང་། ས་སླར་བསླང་བ་ནི་ ཕྱིས་བརྩད་པར་མི་འགྱུར་བའི་ཕྱིར་རོ། །དེར་སླར་བསླངས་ནས་ཕྱིས་དཀྱིལ་འཁོར་བྲི་བ་ལས་ཞག་གསུམ་གྱི་སྔོན་རོལ་དུ་ཇི་སྐད་དུ་སྨོས་པའི་ས་དེར། ཇི་ལྟར་རིགས་པར་བརྟགས་ནས་ཡོངས་སུ་གཟུང་བའི་རིམ་པ་འདི་ལྟར་བྱའོ། །ཐོག་མར་བའི་ལྕི་བ་ས་ལ་མ་ལྷུང་བ་དང་། བའི་གཅིན་ དུ་བསྲེས་པའི་དཀྱིལ་འཁོར་བྱ། དེ་ནས་ས་དེ་སྔགས་ཀྱིས་བསྲུང་བར་བྱ། དེ་ནས་ཕྱོགས་མཚམས་ཀུན་དུ་བགེགས་བསལ་བར་བྱ། དེའི་འོག་ཏུ་དྲིའི་དཀྱིལ་འཁོར་རྣམས་གྲུ་བཞི་ལ་སོར་བཅུ་གཉིས་པར་བྱེད་དེ། དེ་ནས་སྔགས་པ་འགྲེངས་ཏེ་དཀྱིལ་འཁོར་དེའི་དབུས་ཀྱི་ནམ་མཁའ་ ལ་སངས་རྒྱས་བསམ་པར་བྱའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་རྣམས་སྡུད་པར་འགྱུར་བ་སྟེ། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ནས་བསམ་མོ། །སྔགས་པ་འགྲེངས་ཏེ་བསམ་པ་ནི་མི་གནས་པར་སྟོན་པ་སྟེ། སངས་རྒྱས་ལྔ་རྣམས་ནམ་མཁའ་ལ་བསམ་པའི་ཕྱིར་རོ། ། དེ་ནས་དེར་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་སངས་རྒྱས་ཀྱི་སྤྱན་སྔར་འཕགས་པ་མི་གཡོ་བའམ། ཁམས་གསུམ་རྣམ་པར་རྒྱལ་བའམ་གང་ཡང་རུང་བའི་སྔགས་ཀྱིས་ས་དེ་ཡོངས་སུ་གཟུང་བར་བྱའོ། །དེ་ནས་སངས་རྒྱས་སྲས་དང་བཅས་པར་སློབ་མ་རྣམས་དཀྱིལ་འཁོར་དུ་ གཟུད་པའི་ནུབ་མོར་གཤེགས་སུ་གསོལ་བའོ། །དེ་ནས་སྔགས་པ་དེ་ནུབ་ཕྱོགས་ཀྱི་ངོས་སུ་ཉལ་ལ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ལྡན་པར་བྱ་སྟེ། རྨི་ལམ་བལྟས་ཏེ། དེ་ཡང་རབ་འབྲིང་གསུམ་དུ་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་མཐོང་ན་རྨི་ལམ་ཐ་མའོ། ། སངས་རྒྱས་རྣམས་མཐོང་ན་འབྲིང་། སངས་རྒྱས་དེ་རྣམས་ཤིན་ཏུ་སྤྲོ་ཞིང་སྔགས་པ་ལ་བུ་ཁྱོད་དགེའོ། །དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས་བསྐུལ་མ་འདེབས་པར་མཐོང་ན་རྨི་ལམ་རབ་ཏུ་ཤེས་པར་བྱའོ། །འདི་རྣམས་ཀྱང་རྒྱུད་ཉིད་ཀྱི་ནང་ནས་ཞིབ་ཏུ་འབྱུང་སྟེ། རྒྱུད་ཀྱི་ནང་ནས་ལྟག་འོག་ ཏུ་འབྱུང་བས་འདིར་ལས་སུ་བྱ་བའི་རིམ་པ་བཞིན་དུ་བཀོད་དོ། །དད་པ་རིགས་བཙུན་ལས་བྱུང་བ། །ཞེས་པ་ནས་གཉིས་སམ་གཅིག་བཞི་ལས་མང་ཡང་སླའོ་ཞེས་པའི་བར་དུ་ནི་སློབ་མ་རྣམས་བརྟགས་པ་ལ་བྱ་སྟེ། དེ་ཡང་བྱེ་བྲག་གི་མཚན་ཉིད་རབ་ཏུ་བྱེད་པའི་མཚན་ཉིད་དེ། དེ་ལ་འདིར་ དད་པ་རིགས་བཙུན་པ་ལས་བྱུང་བ་ཞེས་པ་ལ་སོགས་པའི་མཚན་ཉིད་ཇི་སྐད་དུ་སྨོས་པ་རྣམས་བྱེ་བྲག་གི་མཚན་ཉིད་དོ། །རབ་ཏུ་དབྱེ་བའི་མཚན་ཉིད་ནི་འོག་ནས་འཆད་དོ། །ཕལ་པའི་མཚན་ཉིད་ནི་གོང་དུ་ཇི་སྐད་དུ་སྨོས་པའི་གྲངས་ལས་གཞན་པ་སྟེ་འོག་ནས་འབྱུང་བ་མོད་ཀྱང་སློབ་དཔོན་ སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པར་ཡི་དམ་བཅའོ། །དེ་བྱང་ཆུབ་ཀྱི་ས་བོན་གྱི་རྒྱུའི་ཕྱིར་འདི་ལྟར་ཚད་མེད་པའི་སེམས་ཅན་ཡོངས་སུ་གཟུང་བར་བྱའོ་ཞེས་པའོ། །སློབ་མ་དེ་རྣམས་ལ་ཡང་རྒྱུད་ལ་སོགས་པ་ལ་མཁས་ཤིང་བྱང་ཆུབ་ཀྱི་སེམས་གོམས་པ་ནི་དཀྱིལ་ འཁོར་དུ་བཅུག་པ་དེ་ཉིད་ཀྱི་ཚེ་ན་དེ་སློབ་དཔོན་ནམ་སྒྲུབ་པར་དབང་བསྐུར་བར་བྱའོ། །རྒྱུད་ལ་སོགས་པ་རྣམས་ལ་ནི་མཁས་ཀྱང་། བྱང་ཆུབ་ཀྱི་སེམས་མ་བསྒོམས་པ་ན། བྱང་ཆུབ་ཀྱི་སེམས་སྒོམ་དུ་བཅུག་སྟེ་ཕྱིས་དབང་བསྐུར་བར་བྱའོ། །དེ་ལས་གཞན་ཕལ་རྣམས་ཀྱིས་ནི་རྒྱུད་ཀྱང་ མི་ཤེས། བྱང་ཆུབ་ཀྱི་སེམས་ཀྱང་མ་བསྒོམས་ཕྱིས་ཀྱང་ཤེས་པར་མི་འགྱུར། བྱང་ཆུབ་ཀྱི་སེམས་ཀྱང་མི་སྒོམ་པ་ནི་ཕལ་རྣམས་ཏེ། དུས་གཉིས་ཀར་ཡང་དབང་མི་བསྐུར་གྱི། བྱང་ཆུབ་ཀྱི་ས་བོན་དུ་འགྱུར་བའི་ཕྱིར་དཀྱིལ་འཁོར་དུ་གཟུང་ངོ་། །དེ་ལ། དད་པ་རིགས་བཙུན་ ལས་བྱུང་བ། །ཞེས་པ་ལ་སོགས་པའི་མཚན་ཉིད་ནི་གོང་དུ་སློབ་མའི་མཚན་ཉིད་སྨོས་པར་བཤད་ཟིན་པས་འདིར་མ་སྨོས་སོ། །བཅུའམ་བརྒྱད་དམ་བདུན་ཀྱང་རུང་། །གཉིས་སམ་གཅིག་བཞི་ལས་མང་སླའོ། །ཞེས་པ་ནི་ཇི་སྐད་དུ་སྨོས་པའི་མཚན་ཉིད་ལྡན་པའི་སློབ་མ་ནི་ཤིན་ཏུ་དཀོན་ པས་གྲངས་ཉུང་དུ་གསུངས་པའོ། །མང་ཡང་སླ་ཞེས་པ་ནི་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་དཀོན་པ་སྟེ། བརྒྱ་ལ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ཡོད་ན་གྲངས་མ་མཆིས་པ་དེ་ལས་ལྷག་ན་ཡང་ཉེས་པ་མེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཡང་དྲིས་པ་ནས་བྱང་ཆུབ་ཀྱི་ས་ བོན་གྱི་རྒྱུའི་ཕྱིར་འདི་ལྟར་ཚད་མེད་པའི་སེམས་ཅན་ཡོངས་སུ་གཟུང་བར་བྱའོ་ཞེས་པའི་བར་དུ་གོང་དུ་སློབ་མའི་གྲངས་ངེས་པར་བཤད་པ་ཅིའི་ཕྱིར་འཆད་ཅེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་དང་། དེའི་ལན་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་བྱ་སྟེ། ཅིའི་ཕྱིར་སློབ་མ་རྣམ་ གྲངས་ངེས་པར་བཤད་ཅེས་དྲི་བར་དགོངས་པ་ལ་དཀྱིལ་འཁོར་འདིའི་མིང་གི་ཇི་ལྟར་དཀྱིལ་འཁོར་ཞེས་བགྱི་ཞེས་ཇི་ལྟར་དྲིས་ཤེ་ན། དེའི་དགོངས་པ་འདི་ལྟ་སྟེ། དེ་སྐད་དྲིས་ན་དཀྱིལ་འཁོར་གྱི་ངེས་པའི་ཚིག་དང་། དམིགས་པ་བརྟན་པར་བྱ་བ་དང་། སློབ་མའི་གྲངས་ངེས་པ་གསུམ་ཆར་ འདྲིས་པར་འགྱུར་ཏེ། དེ་ལ་དཀྱིལ་འཁོར་འདིའི་མིང་ཅི་ཞེས་པ་དཀྱིལ་འཁོར་གྱི་དམིགས་བསྟན་པར་བྱ་བ་དྲིས་པའོ། །ཇི་ལྟར་ན་དཀྱིལ་འཁོར་ཞེས་དྲིས་པ་ནི་ངེས་པའི་ཚིག་དྲིས་པའོ། །དཀྱིལ་འཁོར་འདི་ནི་སངས་རྒྱས་འབྱུང་བ་སྟེ། །ཞེས་པ་ནི་དཀྱིལ་འཁོར་འདི་སངས་རྒྱས་འབྱུང་བ་དང་ འདྲ་བའི་ཕྱིར་ཏེ། སངས་རྒྱས་འབྱུང་བ་ན་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ཀྱང་སྲིད། སེམས་ཅན་གྱི་བྱེད་པ་ཡང་ཡོད་དེ། དེ་བཞིན་དུ་དཀྱིལ་འཁོར་འདི་ལས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྲིད་ཅིང་སེམས་ཅན་གྱི་དོན་བྱ་བ་ཡང་འཕྲལ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རིམ་གྱིས་ མཆོག་ལ་སོགས་པའི་གྲུབ་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པ་ཡོད་ཅིང་མཐར་སངས་རྒྱས་པར་འགྱུར་བར་བྱེད་པའི་ཕྱིར་རོ། །དཀྱིལ་ཞེས་བྱ་བ་ནི་སྙིང་པོའོ། །འཁོར་ཞེས་བྱ་བ་ནི་ཁྱབ་པའོ་ཞེས་པ་ནི་མར་གྱི་སྙིང་པོའམ་ཙནྡན་གྱི་སྙིང་པོ་དང་འདྲ་སྟེ་མཆོག་དམ་པ་ལ་བྱའོ། །མར་ དང་ཙནྡན་གྱི་སྙིང་པོ་དེ་དག་ལ་ནི་མཆོག་པའམ་རྫོགས་པ་མེད་ཀྱང་སྲིད། དེ་དག་དང་འདྲ་བ་མ་ཡིན་ནམ་ཞེ་ན། སྙིང་པོར་འདྲ་མོད་ཀྱང་། དེ་ལས་ཀྱང་ཁྱད་པར་དུ་གསུངས་པ་ཁྱབ་པ་ཞེས་པ་སྟེ། ཁྱབ་པ་ནི་མཆོག་པའམ་ཡོངས་སུ་རྫོགས་པའི་དོན་ཏོ། །དཀྱིལ་འཁོར་འདི་སྙིང་པོ་མཆོག་ པའམ་རྫོགས་པ་ཞེས་པ་ཅིའི་ཕྱིར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ཡོངས་སུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་ པར་སངས་རྒྱས་པ་ནི་སྙིང་པོར་གྱུར་པ་མཆོག་དམ་པ་སྟེ། མཆོག་དེ་ལས་གཞན་པ་བཙལ་མི་དགོས་པར་དེས་ཆོག་སྟེ་མི་འགྱུར་བ་ཡོངས་སུ་རྫོགས་པའོ། །གང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་མི་འགྱུར་བ་ཡོངས་སུ་རྫོགས་ཏེ།