Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 69

Văn bản gốc(Tây Tạng)

Trang 8 / 23 (50.000 ký tự/trang)
དེ་ཉིད་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་ལ་སོགས་པ་
མི་ཟད་པའི་རྒྱན་གྱི་འཁོར་ལོར་གྱུར་པ་དཀྱིལ་འཁོར་འདི་བྱིན་གྱིས་བརླབས་པས་ན། དཀྱིལ་འཁོར་འདིའི་སྙིང་པོ་མཆོག་པ་ཞེས་བྱའོ། །གསང་བའི་བདག་པོ་འོན་ཀྱང་སེམས་ཅན་གྱི་ཁམས་མ་ངེས་པ་རྣམས་ཡོངས་སུ་བསྐྱང་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་བྱ་བའི་དཀྱིལ་
འཁོར་འཕེལ་བའོ། །ཞེས་པ་སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་བསྐྱང་བའི་ཕྱིར་ཞེས་པ་ནི་སྙིང་རྗེ་ཆེན་པོའི་དབང་གིས་ཚད་མེད་པའི་སེམས་ཅན་གྱི་ཁམས་རྣམས་དཀྱིལ་འཁོར་འདིར་བཙུད་ན་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་བས་ཀྱང་བསྐྱང་བའི་ཕྱིར་ཞེས་གསུངས་སོ། །སྙིང་རྗེ་
ཆེན་པོ་འབྱུང་ཞེས་པ་ནི། དཀྱིལ་འཁོར་འདི་སྙིང་རྗེ་ཆེན་པོ་ལ་འབྱུང་བ་སྟེ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་སྙིང་རྗེ་ཆེན་པོ་འདིའི་དབང་གིས་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་གྱི་འཁོར་ལོ་འདི་འབྱུང་བས་ན་སྙིང་རྗེ་ཆེན་པོ་འབྱུང་ཞེས་བྱའོ། །སྙིང་པོ་ཞེས་པ་ནི་

འབྱུང་བའི་གནས་ཏེ། སྙིང་རྗེ་ཆེན་པོ་དེ་དཀྱིལ་འཁོར་དེ་འབྱུང་བའི་གནས་སོ། །ཡང་ན་དཀྱིལ་འཁོར་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བ་ལ་ཡང་བྱ་སྟེ། དཀྱིལ་འཁོར་འདིའི་སྒོ་ནས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་སྙིང་རྗེ་ཆེན་པོ་ལ་སོགས་པ་འབྱུང་བ་ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར་རོ། །དཀྱིལ་འཁོར་འཕེལ་བའོ་ཞེས་པ་ནི་དཀྱིལ་འཁོར་འདིར་བཙུད་པའི་སེམས་ཅན་རྣམས་བསོད་ནམས་འཕེལ་བའི་ཕྱིར་རོ། །གཉིས་སུ་ན་དཀྱིལ་འཁོར་ཉིད་སྣམ་བུ་ལ་སོགས་པ་རིམ་པ་འཕེལ་བ་སྟེ། སངས་རྒྱས་ལ་ཡང་བྱའོ། །
འོན་ཀྱང་ཞེས་པ་ནི་སངས་རྒྱས་འབྱུང་བའི་དཀྱིལ་འཁོར་ཞེས་བྱ་མོད་ཀྱི། འདི་རྣམས་དང་ལྡན་པའི་ཕྱིར་མིང་འདི་སྐད་ཅེས་བྱའོ། །གསང་བའི་བདག་པོ་གང་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གྲངས་མེད་པའི་བསྐལ་པར་བསྐྱེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་
བྱིན་གྱིས་བརླབས་པ་སྟེ་ཞེས་པ་ནི་དཀྱིལ་འཁོར་འདི་གཞན་མ་ཡིན་གྱི། གང་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དེ་ཉིད་སྔགས་ཀྱི་ལྷ་དང་ཕྱག་རྒྱ་དང་སྔགས་ཀྱི་འབྲུ་རྣམས་སུ་ལྷག་པར་
གནས་པར་བྱིན་གྱིས་བརླབས་པ་ཞེས་བསྟན་པའོ། །དེས་ན་གསང་བའི་བདག་པོ་གཞུང་འདི་ལྟར་རིག་པར་བྱ་སྟེ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་ཐམས་ཅད་མཁྱེན་པ་བརྙེས་ནས། སྔོན་གྱི་སྨོན་
ལམ་གྱི་ཤུགས་ཀྱིས་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བྱིན་གྱིས་རློབ་སྟེ། སེམས་ཅན་གྱི་ཁམས་གཅིག་གམ་གཉིས་ལ་མ་ཡིན་པ་དེའི་གཞུང་གིས་དེ་བཞིན་གཤེགས་པ་དེ་གང་དུ་འཚང་རྒྱ་བ་ནི་སེམས་ཅན་གཅིག་གམ་གཉིས་ཀྱི་ཕྱིར་མ་ཡིན་གྱི། མཐའ་
ཡས་སེམས་ཅན་དོན་གྱི་ཕྱིར་མངོན་པར་འཚང་རྒྱ་བར་རིག་པར་བྱ་སྟེ། དེ་བས་ན་གསུངས་པ་དེ་བཞིན་གཤེགས་པ་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་ནི་སེམས་ཅན་གཅིག་གི་དོན་གྱི་ཕྱིར་མ་ཡིན་གཉིས་ལ་མ་ཡིན་གསུམ་ལ་མ་ཡིན་གྱི་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ལ་སྙིང་རྗེའི་

དབང་དུ་གྱུར་པས་ཡོངས་སུ་བསྐྱང་བའི་ཕྱིར་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ་ཞེས་པའོ། །དེས་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་འཆད་དོ་ཞེས་པ་ནི་དེ་ལྟར་དེ་བཞིན་གཤེགས་པ་མ་ལུས་པའི་སེམས་ཅན་རྣམས་ཀྱི་དོན་དུ་མངོན་པར་སངས་རྒྱས་མོད་ཀྱི་སེམས་ཅན་ཐམས་ཅད་དེ་
བཞིན་གཤེགས་པས་ཆོས་བཤད་པའི་སྣོད་དུ་མི་འགྱུར་ཏེ། སོ་སོའི་དད་པ་རྗེས་སུ་མཐུན་པར་དེ་བཞིན་གཤེགས་པས་ཆོས་འཆད་པ་ནི་བསམ་པ་ཇི་ལྟ་བ་བཞིན་ཆོས་འཆད་པའོ་ཞེས་པའོ། །དེ་བས་ན་གསུངས་པ་གསང་བའི་བདག་པོ་ཐེག་པ་ཆེན་པོ་ལ་གོམས་པར་མ་བྱས་པ་ནི་སྔགས་བྱེད་
པའི་ཚུལ་འདི་མཐོང་ངམ་ཐོས་ན་སེམས་ཅན་འགའ་ཞིག་དད་པ་རྣམས་ཀྱང་མི་སྐྱེ་བ་གང་གིས་སྔོན་ཐེག་པ་ཆེན་པོའི་སྔགས་སྤྱད་པའི་ཚུལ་མཐའ་ཡས་པའི་སྒོ་དེ་ལ་གོམས་པར་མ་བྱས་པའོ་ཞེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོར་སྤྱད་པ་སྤྱོད་
པ་དང་། སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་སྔགས་ཀྱི་སྤྱད་པ་སྤྱོད། སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ལ་ཡང་བྱེ་བྲག་ཏུ་གཅིག་ནི་སྔགས་གཙོར་སྒྲུབ་ཅིང་ཕ་རོལ་ཏུ་
ཕྱིན་པ་ཞར་ལ་སྤྱོད། གཅིག་ནི་ཕ་རོལ་ཏུ་ཕྱིན་པ་གཙོར་སྒྲུབ་ཅིང་སྔགས་ཞར་ལ་སྤྱོད་དེ། དེ་ལྟར་སྤྱོད་པ་གཉིས་ཀ་ཡང་ཐེག་པ་ཆེན་པོའི་མཚན་ཉིད་གཅིག་སྟེ། སེམས་ཅན་གང་དེ་ལྟ་བུའི་ཐེག་པ་ཆེན་པོ་ལ་ཚེ་རབས་སྔ་མ་ལ་མཉན་པ་དང་། བསམ་པ་དང་བསྒོམ་པའི་སྒོ་ནས་མ་
ཞུགས་ཤིང་ནན་ཏན་དུ་མ་བྱས་པས་ནི་སྔགས་སྤྱོད་པའི་ཚུལ་གྱིས་ཆོས་རྣམས་ཐོས་སམ་དཀྱིལ་འཁོར་ལ་སོགས་པ་མཐོང་ན་ཡང་དད་ཅིང་དགའ་བ་མི་སྐྱེའོ། །སྔགས་ཀྱི་སྤྱོད་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དག་སྔོན་གོམས་པར་བྱས་པ་ནི་གཉིས་ཀ་ལ་ཡང་དད་པ་སྐྱེས་ཏེ། སྔགས་སྤྱོད་ལ་གོམས་
པར་བྱས་པས་ཀྱང་། ཕ་རོལ་ཏུ་ཕྱིན་པ་མཐོང་ངམ་ཐོས་ན་དགའ་ཞིང་དད་པ་སྐྱེ། ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་གོམས་པས་ཀྱང་སྔགས་ཀྱི་སྤྱོད་པ་མཐོང་ངམ་ཐོས་ན་དགའ་ཞིང་དད་པ་སྐྱེའོ། །དེ་བས་ན་གསུངས་པ་གང་གིས་སྔོན་ཐེག་པ་ཆེན་པོའི་སྔགས་སྤྱད་པའི་ཚུལ་མཐའ་ཡས་པའི་སྒོ་

འབྱུང་བ་ལ་གོམས་པར་བྱའོ་ཞེས་བྱ་སྟེ། དེ་བས་ན་ཐེག་པ་ཆེན་པོ་སྔགས་སྤྱད་པའི་ཚུལ་འདི་ལྟ་བུ་ལ་གོམས་པར་བྱས་པ་ནི། སྔགས་སྤྱད་པའི་ཚུལ་འདི་ལ་དད་ཅིང་སྣོད་དུ་འགྱུར་གྱི། གཞན་རྣམས་ཀྱིས་མ་ཡིན་ནོ་ཞེས་པའོ། །མཐའ་ཡས་པའི་སྒོ་འབྱུང་ཞེས་པ་ནི་ཐེག་པ་ཆེན་
པོ་དེ་ཉིད་ཀྱི་ཡོན་ཏན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་འབྱུང་བ་དང་། རིག་པའི་རྒྱལ་པོ་དང་ཁྲོ་བོ་དང་ཕོ་ཉ་ལ་སོགས་པ་རྣམ་པ་མང་པོའི་སྒོ་འབྱུང་བའི་ཕྱིར་རོ། །དེ་དག་རྡོ་རྗེ་སེམས་དཔའ་ཡིན་ཏེ་ཞེས་པ་ནི་དེ་ལྟ་བུའི་ཐེག་པ་ཆེན་པོ་ལ་གོམས་པར་བྱས་
པའི་སེམས་ཅན་དེ་དག་སེམས་ཤིན་ཏུ་བརྟན་པ་ནི་མུར་འདུག་དང་། བདུད་ལ་སོགས་པས་མི་བཟློག་སྟེ། དེ་དག་སེམས་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེ་དག་གི་ཕྱིར་འདི་དང་གྲངས་འཆད་མོད་ཀྱི་ཞེས་པ་ནི་དེ་ལྟ་བུའི་སེམས་ཅན་ཤིན་ཏུ་དཀོན་པས་མང་དུ་མི་འབྱུང་བའི་ཕྱིར་
གྲངས་ངེས་པར་འཆད་དོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པར་བསྒྲལ་བར་ཡི་དམ་བཅའ་བར་བྱ་བ་ནི། དེ་བྱང་ཆུབ་ཀྱི་ས་བོན་གྱི་རྒྱུའི་ཕྱིར། འདི་ལྟར་ཚད་མེད་པའི་སེམས་ཅན་ཡོངས་སུ་གཟུང་བར་བྱའོ་ཞེས་པ་ནི་གོང་དུ་གྲངས་སུ་བཅད་པ་ནི་སྒྲུབ་
པའམ་སློབ་དཔོན་དུ་སྨིན་པར་བྱ་བའི་སློབ་མ་སྟེ། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་བསྐྱེད་དེ། དཀྱིལ་འཁོར་དེར་བཙུད་ན་སློབ་དཔོན་ནམ་སྒྲུབ་པ་པོར་མི་འགྱུར་ཡང་། དཀྱིལ་འཁོར་དུ་བཙུད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ན། བྱང་ཆུབ་ཀྱི་རྒྱུའི་ས་བོན་དུ་འགྱུར་བའི་
ཕྱིར་ཚད་དང་གྲངས་ཚད་མེད་པར་གཟུང་ངོ་། །དེ་ནས་དེ་དག་བོས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་ལ་སྡིག་མི་བྱ་བ་རྣམས་སྒྲོགས་ཤིག་ཅེས་པ་ནས། བདེན་པ་གཉིས་ལ་གནས་པ་སྟེ། །ཐེག་པ་མཆོག་ཏུ་བཟང་བ་འདི། །ཚུལ་བཞིན་འདུག་ན་ཐོབ་པར་འགྱུར། །ཞེས་པའི་བར་དུ་དཀྱིལ་འཁོར་བྲི་
བའི་སྔ་དེའི་ནུབ་སློབ་མ་རྣམས་ཡོངས་སུ་གཟུང་བའི་རིམ་པ་བཤད་པ་སྟེ་དེ་ཡང་རྣམ་པ་དགུའོ། །དགུ་གང་ཞེ་ན་སྡིག་པ་བཤགས་པ་དང་། སྐྱབས་སུ་བཏང་བ་དང་། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་དང་། དྲི་དང་མེ་ཏོག་སྦྱིན་པ་དང་། སོ་ཤིང་འཆའ་རུ་གཞུག་

པ་དང་། སྐུད་པས་དཔུང་པ་བཅིངས་ཏེ་སྲུང་བ་དང་སྤྲོ་བ་བསྐྱེད་པ་དང་། རྨི་ལམ་བལྟར་གཞུག་པ་དང་ཆོས་བཤད་པ་རྣམས་ཏེ། དེ་རྣམས་ཀྱང་རྒྱུད་ལས་ནི་ཁ་ཅིག་ལྟག་འོག་ཏུ་འབྱུང་མོད་ཀྱི། ལས་སུ་བྱ་བའི་རིམ་པ་འདི་ལྟར་བལྟའོ། །དེ་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་པ་
ཞེས་པ་སྟོན་ཏོ། །སངས་རྒྱས་དང་ཆོས་དང་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བརྒྱ་ལ་སྔོན་སོ་སོར་ཐར་པ་ལ་སོགས་པའི་སྒོམ་པའི་སྒོ་ནས་སྐྱབས་སུ་སོང་ཟིན་པ་ཡང་སྔོན་སོང་བ་ནི་འཕགས་པའི་གང་ཟག་བརྒྱད་ཀྱི་དགེ་འདུན་ལ་སྐྱབས་སུ་སོང་གི། འདིར་ནི་
སངས་རྒྱས་དང་ཆོས་ལ་སྐྱབས་སུ་སོང་བ་སྔ་མ་དང་མཐུན་དུ་ཟིན་ཀྱང་དགེ་འདུན་ལ་མི་མཐུན་ཏེ། འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱེ་བྲག་ཏུ་སྐྱབས་སུ་སོང་བའི་ཕྱིར་སྔོན་གསུམ་ལ་སྐྱབས་སུ་སོང་ཟིན་ཀྱང་། ཡང་འདིར་སྐྱབས་སུ་གཏང་བར་བྱའོ། །དེ་
ལས་གཞན་ལ་སྔོན་སྐྱབས་སུ་མ་སོང་བ་རྣམས་གདོད་སྐྱབས་སུ་གཏང་བར་བྱ་བའི་ཕྱིར་རོ། །དེ་སྟེ་འདིར་སྔོན་སྐྱབས་སུ་སོང་ཟིན་པ་ཡང་བརྟན་པར་བྱ་བའི་ཕྱིར་ཡང་འདིར་སྐྱབས་སུ་གཏང་བར་བྱའོ། །སྡིག་མི་བྱ་བ་རྣམས་སྒྲོགས་ཤིག །ཅེས་པ་ནི་སྔོན་ཆད་བྱས་པའི་སྡིག་པ་སླར་བཤགས་པ་
དང་། ད་ལྟར་དང་ཕྱིས་བྱེད་པར་འགྱུར་བ་མི་བྱ་བར་ཡི་དམ་བཅའ་བའི་ཕྱིར་ཏེ། དེ་ལ་ད་ལྟར་དང་ཕྱིས་བྱེད་པར་འགྱུར་བ་མི་བྱ་བའི་ཡི་དམ་བཅའ་བའི་རིགས་ན། སྔོན་བྱས་ཟིན་པ་སླར་བཤགས་པ་ཅི་ཕན་ཞེ་ན། སྡིག་པ་སྔོན་བྱས་པ་ལ་ཡོན་ཏན་དུ་མི་ལྟ་ཞིང་འཆགས་པ་འཆི་འཕོ་བའི་ཚེ་སྡིག་
པ་བྱེད་པའི་དངོས་པོ་དེ་མངོན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལ་སྡིག་པ་བཤགས་པ་ཡང་གསུམ་ལ་སྐྱབས་སུ་འགྲོ་བའི་སྔོན་རོལ་དུ་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྡིག་བཤགས་ཏེ་གཙང་མར་བྱས་པའི་བདག་གི་ངོ་བོ་དེ་སྐྱབས་སུ་གཏང་བར་འོས་པའི་ཕྱིར་རོ། །དེ་ནས། དེ་ལ་མེ་ཏོག་སྤོས་བྲིམས་ཏེ། །ཞེས་
པ་ནི་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་བཟུང་ཟིན་པའི་འོག་ཏུ་བྱ་སྟེ་ཅིའི་ཕྱིར་ཞེ་ན། དེ་ལ་སྡིག་པ་བཤགས་ཤིང་སྐྱབས་སུ་སོང་ལ་སྡོམ་པ་གཟུང་བས་སློབ་མ་དེ་སྣོད་དུ་གྱུར་ཅིང་སྦྱིན་པའི་གནས་པས་དྲི་དང་མེ་ཏོག་སྦྱིན་ནོ། །དུས་གསུམ་དུ་མ་བསྒྲིབས་པའི་ཡེ་ཤེས་ཀྱི་སྡོམ་པ་

འཛིན་དུ་ཆུག་ཅིག་ཅེས་པ་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་མཚན་ཉིད་ལས་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་ཐམས་ཅད་དུ་ཡང་དག་
པ་ཉིད་ཀྱི་དངོས་པོ་ལ་མི་སྒྲིབ་ཅིང་ཐོགས་པ་མེད་པར་མཐོང་བས་ན་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེ་ཐོབ་པར་བྱ་བའི་ཕྱིར་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བའི་སྡོམ་པ་ནི་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱའོ། །སྡོམ་པ་དེ་ཡང་ཀུན་
རྫོབ་དང་དོན་དམ་པའི་བྱེ་བྲག་གིས་ཞིབ་ཏུ་འོག་ནས་འཆད་དོ། །གཟུང་བ་དང་དེ་ནས་བསྔགས་པའི་སོ་ཤིང་ཨུ་དུམྦཱ་རའམ་ཨ་ཤྭཏྠ་ཡང་རུང་སྟེ། ཤིང་རབ་ཏུ་བཟང་བ་སྤོས་དང་མེ་ཏོག་ལ་སོགས་པས་བརྒྱན་ཏེ། རྩེ་མོ་དག་གཅིག་ཏུ་གཤིབས་ལ་བྱིན་ཅིག་ཅེས་པ་ནི་གཙང་ཞིང་དག་པར་བྱ་བའི་
ཕྱིར་དང་འཇིག་རྟེན་པའི་ཚུལ་དུ་ཡང་སང་ལྟ་བུ་ནས་སྨྱུང་བར་འདུག་པར་བྱ་ན། དོ་ནུབ་སོ་ཤིང་བཅའ་བར་སྲིད་དེ། དེ་དག་དང་མཐུན་པར་བྱ་ཞིང་གཟུང་བའི་ཕྱིར་དང་། སོ་ཤིང་དེ་བོར་ནས་ཁ་གང་དུ་བལྟ་བ་ལས་སློབ་མ་རྣམས་གྲུབ་པ་ལ་སོགས་པ་གང་གི་སྣོད་དུ་གྱུར་པའི་ལྟས་བལྟ་བའི་ཕྱིར་རོ། །དེ་
ནས་ཤར་ཕྱོགས་སམ་བྱང་ཕྱོགས་གཅིག་ཏུ་བལྟ་སྟེ། ཤིན་ཏུ་སེམས་ཐུབ་པར་གྱིས་ལ་འཆར་ཆུག་ཅིག །སོ་ཤིང་བོར་བའི་ལྟས་ལས་སེམས་ཅན་སྣོད་ཡིན་ནམ་མ་ཡིན་རྟོགས་ཤིག་ཅེས་པ་ནི་ཁ་ཕྱོགས་སུ་བལྟས་པ་ལ་སོ་ཤིང་གི་ཁ་བདག་ལ་བལྟས་པར་གྱུར་ན་གྲུབ་པ་མཆོག་མྱུར་དུ་འཐོབ་
པའི་སྣོད་དུ་ཡང་འགྱུར་ཞིང་སོ་ཤིང་གི་ཁ་ནུབ་ཕྱོགས་སུ་བལྟས་པའི་ཞར་གྱི་དབང་དུ་བྱས་པའི་ལས་ཀྱང་འགྲུབ་པར་འགྱུར་རོ། །སོ་ཤིང་རྩེ་ཤར་ཕྱོགས་སུ་བལྟས་ན། གྲུབ་པ་མཆོག་དང་རྒྱས་པའི་ལས་ཀྱི་སྣོད་དུ་འགྱུར་རོ། །སོ་ཤིང་ཁ་ལྷོ་ཕྱོགས་སུ་བལྟས་ན། མངོན་
པར་སྤྱོད་པའི་ལས་འགྲུབ་པའི་སྣོད་དུ་འགྱུར། བདག་ཁ་བྱང་ཕྱོགས་སུ་བལྟས་ལ་སོ་ཤིང་གི་ཁ་བདག་ལ་བལྟས་ན། གྲུབ་པ་འབྲིང་པོ་མྱུར་དུ་འཐོབ་པའི་སྣོད་དུ་འགྱུར། སོ་ཤིང་གི་ཁ་བྱང་ཕྱོགས་སུ་བལྟས་ན་ཞི་བའི་ལས་འགྲུབ་པར་འགྱུར། བྱང་དང་ཤར་གྱི་

མཚམས་སུ་བལྟས་ན་ཞི་བ་དང་རྒྱས་པ་གཉི་ག་འགྲུབ་པར་འགྱུར། ཤར་དང་ལྷོའི་མཚམས་སུ་བལྟས་ན་མངོན་པར་སྤྱོད་པ་འགྲུབ། ལྷོ་ནུབ་ཀྱི་མཚམས་སུ་བལྟས་ན་བསྐྲད་པ་དང་སྐམས་པ་ལ་སོགས་པའི་ལས་འགྲུབ། ནུབ་བྱང་གི་མཚམས་སུ་བལྟས་ན་གནོད་སྦྱིན་མ་ལ་སོགས་པར་འགྲུབ།
སོ་ཤིང་གཞི་པོར་ཟུགས་ཏེ་རྩེ་བར་སྣང་ལ་བལྟས་ན་བར་སྣང་ལ་འགྲོ་བ་འགྲུབ་པར་འགྱུར། གྱེན་དུ་བལྟས་ན་རིག་འཛིན་ལ་སོགས་པ་འགྲུབ། ཁ་ཐུར་དུ་བལྟས་ན་སའི་འོག་ཏུ་འགྲོ་བ་འགྲུབ་པའི་སྣོད་དུ་འགྱུར་ཏེ། ཞིབ་ཏུ་ནི་གསང་བའི་རྒྱུད་ལ་སོགས་པར་བལྟའོ། །སོ་ཤིང་བལྟས་ཏེ་བལྟ་བ་ཡང་
མཚན་ཉིད་དུ་གསུངས་པ་དང་ལྡན་པའི་སློབ་མ་རྣམས་ལ་ལྟའི། སློབ་མ་ཕལ་རྣམས་ལ་ནི་སོ་ཤིང་གི་ལྟས་དེ་དག་དང་ལྡན་དུ་ཟིན་ཀྱང་གྲུབ་པ་ལ་སོགས་པ་དེ་ལྟ་བུའི་ནན་ཏན་མི་བྱེད་པས་སློབ་མ་ཕལ་རྣམས་ལ་ནི་ལྟས་དེ་རྣམས་མི་བལྟར་མི་རུང་བ་མེད་དོ། །དེ་ནས་མདུད་པ་གསུམ་དང་ལྡན་པའི་སྐུད་
པས་དཔུང་པ་གཡོན་པར་རང་གི་སེམས་གཅིག་ཏུ་གྱིས་ལ་ཆིངས་ཤིག་ཅེས་པའི་འཕགས་པ་མི་གཡོ་བའམ། ཁམས་གསུམ་རྣམ་པར་རྒྱལ་བ་གང་ཡང་རུང་བའི་སྔགས་ཀྱིས་མདུད་པ་རེ་རེ་ལ་སྔགས་ལན་རེ་གདབ་སྟེ་སློབ་མ་དེ་རྣམས་བསྲུང་བའི་ཕྱིར། དཔུང་པ་གཡོན་པ་ལ་སློབ་དཔོན་ཉིད་ཀྱིས་
བཅིང་ངོ་། །དེ་ལྟར་སློབ་མ་རྣམས་སྡིག་པ་དང་བྲལ་བར་ལྡན་ན་ཀུན་དུ་སྡུས་ལ་འདི་ལྟར་སྤྲོ་བ་སྐྱེད་ཅིག་དང་། སེམས་བརྟན་པར་འགྱུར་ཞེས་པ་ནི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་གཟེངས་བསྟོད་ན། སློབ་མ་རྣམས་དགའ་ཞིང་སྤྲོ་བས་སེམས་བརྟན་པར་འགྱུར་རོ། །དེང་ནི་ཁྱེད་ཀྱིས་མཉམ་
པ་མེད་པ་ཡི། །རྙེད་པ་ཐོབ་པ་མཐུ་ཆེན་རྣམས་ཀྱི་སྟེ། །གང་ཕྱིར་རྒྱལ་བ་ཀུན་གྱིས་ཁྱེད་རྣམས་ཀྱི། །སྲས་དང་བཅས་པས་བསྟན་པ་འདིར། །ཐམས་ཅད་ཡོངས་སུ་བཟུང་བས་ན། །སྐྱེ་བཞིན་པ་ནི་མཐུ་ཆེན་རྣམས། །དེ་བས་ཁྱེད་རྣམས་ཐེག་ཆེན་ལ། །གང་ཕྱིར་སང་ནི་སྐྱེ་བར་འགྱུར། །ཞེས་པ་ནི་
ད་ལྟར་ཁྱེད་ཀྱིས་སྡིག་པ་བཤགས་ཤིང་། སྐྱབས་སུ་སོང་བ་དང་སྡོམ་པ་གཟུང་བས་མཉམ་པ་མེད་པ་ཐོབ་པར་བྱ་བ་བླ་ན་མེད་པའི་བྱང་ཆུབ་དེ་ཡང་ཁྱེད་ཀྱིས་ཐོབ་བོ་ཞེས་པ་སྟེ། ཅིའི་ཕྱིར་ཞེ་ན། རྒྱལ་བ་སྲས་དང་བཅས་པས་བསྟན་པ་ལ་ཁྱེད་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་བས་ན་ཁྱེད་ད་ནི་ཐེག་པ་ཆེན་

པོ་ལ་སྐྱེ་བཞིན་པ་སྟེ། སད་ནི་ཐེག་པ་ཆེན་པོ་ལ་སྐྱེ་བར་འགྱུར་རོ་ཞེས་པ་སྟེ་དེ་ལ་མཉམ་པ་མེད་པའི་རྙེད་པ་ཞེས་པ་ནི་སྔགས་ཀྱི་ཚུལ་དུ་སྤྱོད་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ཡང་མི་མཉམ་པ་ཞེ་ན།
ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱོད་པ་འདྲ་མོད་ཀྱི། འདི་སྔགས་ཀྱི་བཟླས་པ་ལ་སོགས་པ་ཁྱད་དུ་ལྷག་པར་སྤྱོད་པ་ལ་མི་མཉམ་པ་སྟེ། ཐོབ་ཅེས་པ་ནི་དེ་ལྟ་བུ་ཐོབ་ཅེས་པའོ། །མཐུ་ཆེན་རྣམས་ཀྱིས་ཞེས་པ་ནི་སློབ་མ་རྣམས་ལ་བསྟོད་པའི་ཚིག་སྟེ། དེ་ལྟ་བུའི་མཐུ་ཆེན་པོ་ལ་ཞུགས་པས་
བཙུན་པ་ཞེས་པའི་དོན་ཏོ། །རྒྱལ་བ་སྲས་དང་བཅས་པ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པ་ཞེས་པ་སྟེ། གང་གི་ཕྱིར། རྒྱལ་བ་ཀུན་གྱིས་ཁྱེད་རྣམས་ནི། །ཞེས་བར་འབྲེལ་ཏོ། །བསྟན་པ་འདི་ཞེས་པ་ནི། ཐམས་ཅད་ཡོངས་སུ་བཟུང་
བས་ན། །ཞེས་པར་འབྲེལ་ཏེ། རྒྱལ་བ་སྲས་དང་བཅས་པས་སྔགས་སྤྱད་པའི་བསྟན་པ་འདིར་ཡོངས་སུ་བཟུང་བས་ན། ཁྱེད་རྣམས་ཀྱིས་མཉམ་པ་མེད་པའི་རྙེད་པ་ཐོབ་བོ་ཞེས་པར་འབྲེལ་ཏོ། །སྐྱེ་བཞིན་པ་ནི་ཞེས་པ་ཐེག་པ་ཆེན་པོ་ལ་སྐྱེ་བཞིན་པ་སྟེ། དེ་བས་ཁྱེད་རྣམས་ཐེག་ཆེན་
ལ། །གང་ཕྱིར་སང་ནི་སྐྱེ་བར་འགྱུར། །ཞེས་པ་ནི་སང་ལྟ་བུ་ན་དཀྱིལ་འཁོར་དུ་འཇུག་པའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཐེག་པ་ཆེན་པོ་ལ་སྐྱེས་ཟིན་ཞེས་པའི་དོན་ཏོ། །དེ་ནས་རྨི་ལམ་དུ་གཙུག་ལག་ཁང་དང་ཀུན་དགའི་ར་བ་བཟང་པོ་རྣམས་དང་ཞེས་པ་ནས་ཤིན་ཏུ་བརྟན་པ་ཁྱེད་ཀྱིས་སང་
ནང་པར་ང་ལ་ཟློས་ཤིག་ཅེས་དེ་སྐད་བསྒོ་ལ་དེ་ནས་སློབ་མ་དེ་དག་ལ་ཡང་ཆོས་ཤོད་ཅིག་ཅེས་པའི་བར་དུ་དེ་ལྟར་སྤྲོ་བ་བསྐྱེད་པ་ལ་སོགས་པ་བྱས་ནས་སློབ་མ་རྣམས་ལ་རྨི་ལམ་གྱི་ལྟས་འདི་རྣམས་བསྟན་ཏེ། འདི་རྣམས་ལས་གང་མཐོང་བ་སང་ནང་པར་སློབ་དཔོན་ལ་ཟློས་སུ་གཞག་པ་སྟེ། རྨི་ལམ་
གྱི་ལྟས་དེ་རྣམས་ཀྱང་ས་ལས་བྱུང་བ་དང་། བར་སྣང་གི་དང་འཕགས་པའི་དང་རྣམ་པ་གསུམ་སྟེ་རབ་འབྲིང་ཐ་མར་བལྟའོ། །དེ་གསུམ་རེ་རེ་ལས་ཀྱང་རབ་དང་འབྲིང་དང་ཐ་མ་གསུམ་བྱེད་པར་བྱའོ། །དེ་ལ་གཙུག་ལག་ཁང་ཞེས་པ་ནས་གཉེན་སྡུག་པའི་ཞེས་པའི་བར་དུ་ས་ལས་བྱུང་བའོ། །དེ་

བཞིན་གཤེགས་པ་འམ་རང་སངས་རྒྱས་སམ། དེ་བཞིན་རྒྱལ་བའི་ཉན་ཐོས་སམ་མཐུ་ཆེན་པོའི་བྱང་ཆུབ་སེམས་དཔའ་འམ་ཞེས་པ་ནི་འཕགས་པའི་འོ། །འབྲས་བུ་ཐོབ་པའི་འམ་ཞེས་པ་ནས་བཀྲ་ཤིས་པའི་སྒྲ་འབྲས་བུ་ཐོབ་པར་འགྱུར་བ་ཐོས་ན་ཞེས་པའི་བར་དུ་བར་སྣང་ལས་བྱུང་བའི་
ལྟས་སོ། །དེ་ལ་གཙུག་ལག་ཁང་ནས་ཁང་ཐོག་ཅེས་པའི་བར་དུ་ས་ལས་བྱུང་བའི་ཐ་མའོ། །རལ་གྲི་དང་ཡིད་བཞིན་ནོར་བུ་ནི་ས་ལས་བྱུང་བའི་རབ་བོ། །གདུགས་དང་མེ་ཏོག་དང་བུད་མེད་གོས་དཀར་མོ་ཅན་བརྒྱན་པ་དང་གཉེན་སྡུག་པ་རྣམས་དང་བྲམ་ཟེ་དང་བ་རྣམས་ཀྱིས་ལས་བྱུང་བའི་ལྟས་
ཀྱི་འབྲིང་ངོ་། །དེ་བཞིན་གཤེགས་པ་ནི་འཕགས་པའི་ལྟས་ཀྱི་རབ་བོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ། རང་སངས་རྒྱས་ནི་འཕགས་པའི་འབྲིང་ངོ་། །ཉན་ཐོས་ནི་འཕགས་པའི་ཐ་མའོ། །འབྲས་བུ་ཐོབ་པ་ནི་བར་སྣང་གི་ཐ་མའོ། །རྒྱ་མཚོ་རྣམས་དང་རྫིང་ལ་རྐྱལ་ཞིང་བརྒལ་བ་ནི་
བར་སྣང་གི་འབྲིང་ངོ་། །དེ་བཞིན་དུ་ཡིད་དུ་འོང་བའི་སྒྲ་བཀྲ་ཤིས་པ་འབྲས་བུ་ཐོབ་པར་འགྱུར་བ་ནི་ག་ལས་ཐོས་ནས་བར་སྣང་གི་རྨི་ལམ་གྱི་ལྟས་རབ་ཏུ་ཤེས་པར་བྱ་སྟེ། རྨི་ལམ་དེ་རྣམས་ལྟ་པ་ཡང་ཁྱད་པར་གྱི་སློབ་མ་རྣམས་ནི་གང་དུ་དཀྱིལ་འཁོར་དུ་ཉལ་བའི་རིགས་སོ། །ལམ་འདི་
མཆོག་སྟེ་དཔལ་དང་ལྡན། །ཐེག་པ་ཆེན་པོ་རྒྱ་མཚོ་ཆེ། །ཞེས་པ་ནས། ཐེག་པ་མཆོག་ཏུ་བཟང་བ་འདི། །ཚུལ་བཞིན་འདུག་ན་ཐོབ་པར་འགྱུར། །ཞེས་པའི་བར་དུ་ཡང་སློབ་མ་དེ་རྣམས་སྤྲོ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ལས་སྐྱེས་པར་འགྱུར་རོ་ཞེས་པ་ནི། ཐེག་པ་ཆེན་པོ་ཉིད་རྒྱུ་དང་
འབྲས་བུའི་ཡོན་ཏན་འདིར་བཤད་དེ། དེ་ལྟ་བུའི་ཐེག་པ་ཁྱེད་ཀྱིས་ཐོབ་པར་འགྱུར་རོ་ཞེས་བསྟན་པ་སྟེ། ལམ་འདི་མཆོག་སྟེ་དཔལ་དང་ལྡན། །ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོ་བའི་ལམ་སྟེ། དེ་ཡང་སྔགས་ཀྱི་ཚུལ་སྤྱོད་པའི་ལམ་མོ། །མཆོག་ཅེས་པ་ནི་ཉན་ཐོས་དང་རང་སངས་
རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་རྣམས་ཀྱི་ལམ་ལས་འཕགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ལམ་ལས་ཅིའི་ཕྱིར་འཕགས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱོད་པ་འདྲ་ཡང་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར་ཡན་

ལག་བཞི་ལ་སོགས་པའི་སྔགས་བཟླས་པ་དང་མཆོད་པ་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་འཆད་པར་སྤྱོད་པས་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་མཆོག་གོ། །དཔལ་ལྡན་ཞེས་པ་ནི་མངོན་པར་འཆར་བའི་མཚན་ཉིད་
ལྷ་དང་མིའི་ལོངས་སྤྱོད་ཀྱི་བདེ་བ་དང་། རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་པ་དང་། མ་ལུས་པའི་བདེ་བའི་མཚན་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་རིམ་གྱིས་ཐོབ་པར་འགྱུར་བས་ན་དཔལ་དང་ལྡན་པའོ། །ཐེག་པ་ཆེན་པོ་འབྱུང་ཆེན་ལ། །ཞེས་པ་ནི་སྔགས་སྤྱོད་པའི་ཚུལ་གྱིས་
ཐེག་པ་ཆེན་པོ་ནི་བླ་ན་མེད་པའི་བྱང་ཆུབ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པས་ན་འབྱུང་བ་ཆེན་པོ་ཞེས་བྱའོ། །གང་གི་ཕྱིར་ཁྱེད་ཅག་དོང་བ་ནི་དེ་བཞིན་གཤེགས་པར་འགྱུར་བར་འོང་ངོ་ཞེས་པ་ནི་དེ་ལྟར་ཐེག་པ་ཆེན་པོ་ལ་ཞུགས་ན། དེའི་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་
ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་འཕྲོ་བ་དང་བྲལ་བ་རྡོ་རྗེ་འཛིན་གྱིས་འདི་སྐད་གསོལ་ཏོ་ཞེས་པ་ནས་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ལུས་དང་ངག་དང་ཡིད་ཡོངས་སུ་བཏང་བ་མ་ཡིན་པའི་བསླབ་པ་གཟུང་བར་བྱ་བ་མེད་དོ་ཞེས་པའི་བར་དུ་ཡང་སྔར་
དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གསུངས་པ་དེ་ཉིད་ཞིབ་ཏུ་བཤད་པ་སྟེ། བཅོམ་ལྡན་འདས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་མཉེས་པར་འགྱུར་བ་དུས་གསུམ་དུ་མ་བསྒྲིབས་པའི་སྡོམ་པ་དེ་བཤད་དུ་
གསོལ་ཞེས་པ་ནི་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་སྡོམ་པ་དེ་ལ་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་ཏེ། མངོན་པར་མཚར་བ་དང་མ་ལུས་པའི་བདེ་བ་ཐོབ་པར་འགྱུར་བ་དེ་བཞིན་དུ་བཤད་པར་གསོལ་བའོ། །དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་
སྡོམ་པ་ནི་བཤད་ཟིན་ཏོ།། །།ལུས་དང་ངག་ཡིད་ལྷན་ཅིག་གཏོད། །ཅེས་པའི་ལུས་དང་ངག་ཡིད་གསུམ་དུས་གཅིག་ཏུ་སྟོང་པ་ཉིད་ལ་འཇུག་པ་སྟེ། དེ་ལྟར་ལུས་དང་ངག་ཡིད་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ་དམིགས་སུ་མེད་པས་ཆགས་པར་བྱ་བ་དང་། ཆགས་

པའི་དངོས་པོ་དང་། ཆགས་པར་བྱེད་པ་ལ་སོགས་པ་ཡང་དམིགས་སུ་མེད་དེ། དེ་ལྟར་དམིགས་སུ་མེད་པ་ནི་ལུས་དང་ངག་དང་ཡིད་རྣམས་སྡིག་པ་ལ་སོགས་པ་མི་བྱེད་པ་སྟེ་དེ་ནི་སྡོམ་པའོ། །ཆོས་ཐམས་ཅད་ལ་རྩོལ་བ་མེད་པ་ཞེས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་
པའི་ཆོས་ཐམས་ཅད་སྐྱེ་བར་བྱེད་པའི་རྒྱུ་ལུས་དང་ངག་ཡིད་གསུམ་མི་བྱེད་ཅེས་པ་སྟེ། དེ་ལྟར་དེ་དག་སྐྱེད་པའི་རྒྱུ་མ་བྱས་པའི་སྡོམ་པ་སྟེ། དེ་དག་གི་དོན་དམ་པའི་སྡོམ་པ་བསྟན་པའོ། །དེ་ཡང་གང་ཞེ་ན་སུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བདག་གི་ལུས་རབ་ཏུ་གཏོད་པའོ་ཞེས་
པ་ནི་དུས་གསུམ་དུ་སྒྲིབ་པ་མེད་པའི་སྡོམ་པ་དེ་གཞན་མ་ཡིན་གྱི། བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་བ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངའ་སྟེ་དབང་བདག་ལ་མེད་དོ། །དེ་ལྟར་དབང་བདག་ལ་མེད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངའ་ན་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་དོ། །དེ་བས་ན་གང་གིས་ལུས་ཕུལ་བ་དེས་ཀྱང་ཆོས་བཞིན་དུ་བྱ་དགོས་ཏེ། མི་དགེ་བའི་ལས་ཀྱི་ལམ་བཅུ་ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས་མི་སྤྱོད་པས་སྡོམ་པ་ཞེས་བྱའོ། །དེ་བས་ན་གསུངས་པ་དེ་
ཅིའི་ཕྱིར་ཞེ་ན། གང་གིས་བདག་གི་ལུས་ཡོངས་སུ་བཏང་བ་དེས་ནི་དངོས་པོ་གསུམ་ཡོངས་སུ་བཏང་བའོ། །གསུམ་པོ་དེ་གང་ཞེ་ན་ལུས་དང་ངག་ཡིད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་གསུམ་གྱི་སྡམ་པས་བསྡམ་པར་བྱའོ་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན་བྱང་
ཆུབ་སེམས་དཔའ་ནི་ལུས་དང་ངག་ཡིད་གསུམ་བཏང་བ་མ་ཡིན་པའི་སྡོམ་པ་གཟུང་བར་བྱ་བ་མེད་དོ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཕུལ་བས་ལུས་དང་ངག་དང་ཡིད་གསུམ་ཆར་ཕུལ་བར་འགྱུར་ཏེ། ལུས་དང་ངག་དང་ཡིད་གསུམ་ལ་བདག་མི་དབང་ན། ལུས་དང་ངག་
ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་བཅུ་མི་སྤྱོད་པས་དེ་ཉིད་སྡོམ་པ་སྟེ། ལུས་དང་ངག་ཡིད་གསུམ་ལས་ལྷག་པའི་སྡོམ་པ་གཞན་ཡོད་པ་མ་ཡིན་ཞེས་པའི་དོན་ཏེ། མདོར་ན་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གི་ལུས་ཕུལ་བ་དེས་ལུས་དང་ངག་ཡིད་གསུམ་

གྱི་སྒོ་ནས་མི་དགེ་བ་བཅུའི་ལས་མི་སྤྱོད་པ་སྟེ། དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་བྱེད་པའི་རྒྱུར་འགྱུར་བ་བསྟན་པའོ། །དེ་ནས་ཕྱི་དེ་ཉིན་པར་བདག་ལུས་རྡོ་རྗེ་སེམས་དཔར་བྱིན་གྱིས་རློབས་ལ་ཞེས་པ་ནས་སེམས་དག་པར་འགྱུར་བའི་ཕྱིར་སྤོས་ཀྱི་ཆུ་
གཙང་མ་བྱིན་ཅིག་ཅེས་པའི་བར་དུ་དཀྱིལ་འཁོར་འདྲི་བའི་ནང་པར་སློབ་དཔོན་གྱིས་ལས་སུ་བྱ་བ་རྣམས་བཤད་པ་སྟེ། ནང་པར་ཉི་མའི་རྩེ་ལ་ལྷོ་བྱང་ཤར་ནུབ་ལ་སོགས་པ་བརྟགས་ན་གསལ་བར་མངོན་ཏེ། དེ་བས་ན་ནང་པར་ཁྲུས་ལ་སོགས་པ་བྱས་ནས་དཀྱིལ་འཁོར་བྲི་བའི་ས་དེའི་ནང་དུ་ཞུགས་
ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིད་ལ་བྱ་སྟེ། ཕྱག་འཚལ་བ་ལ་དམ་ཚིག་གསུམ་གྱིས་ཕྱག་རྒྱ་བཅིངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་ཉིད་སྟོང་པར་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབ་བོ། །དེ་
ནས་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅིངས་ཏེ་གོ་ཆ་བགོའོ། །དེ་ནི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སེམས་ཤིན་ཏུ་བརྟན་པ་རྡོ་རྗེ་དང་འདྲ་བ་ལ་བྱ་སྟེ། དེ་ཡང་གང་ཞེ་ན། ཕྱིན་ཅི་མ་ལོག་པ་ཡོངས་སུ་རྫོགས་པའི་མཚན་ཉིད་བྱང་ཆུབ་ཀྱི་སྙིང་པོའི་སེམས་ཏེ།
དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྐུར་བྱིན་གྱིས་བརླབས་པའོ། །དེ་ལྟར་སློབ་དཔོན་དེ་རྡོ་རྗེ་སེམས་དཔའི་སྐུར་བྱིན་གྱིས་བརླབས་པ་ལ་དཀྱིལ་འཁོར་གྱིས་ལྷོ་བྱང་ཤར་ནུབ་ལ་སོགས་པ་བརྟགས་ཏེ་གཏན་ལ་དབབ་པ་དང་ལྷ་རྣམས་གར་དགོད་པའི་གནས་རྣམས་ཀྱང་ཡིད་
ཀྱིས་གཏན་ལ་དབབ་པར་བྱའོ། །ཡང་སྤོས་ཆུས་བུམ་པ་བཀང་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བཏབ་ལ་ཐོག་མར་སྒོར་བཞག་སྟེ། མཁས་པས་འགྲོ་བ་ཀུན་ལ་དེས་གཏོར་ཅིག །ཅེས་པ་ནི་གཞུང་ལས་འབྱུང་བའི་མཚན་ཉིད་དང་ལྡན་པའི་བུམ་པ་སྤོས་ཆུས་བཀང་ལ།
རིན་པོ་ཆེ་དང་སྨན་དང་འབྲུ་སྣ་ལྔ་བླུགས་ཏེ་དཀྱིལ་འཁོར་གྱི་ཕྱི་རའི་སྒོར་བཞག་སྟེ། སློབ་མ་རྣམས་ནང་དུ་འོང་བའི་ཚེ་བགེགས་བསལ་བའི་ཕྱིར་གཏོར་རོ། །ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བུམ་པ་དེ་ལ་གདབ་པ་དེ་ཡང་སྙིང་པོའི་སྔགས་ཀྱིས་གདབ་ན་བརྒྱ་རྩ་བརྒྱད་དུ་གདབ།

རྩ་བའི་སྔགས་ཀྱིས་གདབ་ན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་གདབ་བོ། །དེ་ནས་སེམས་དག་པར་འགྱུར་བའི་ཕྱིར་སྤོས་ཀྱི་ཆུ་གཙང་མ་བྱིན་ཅིག་པ་ནི་སློབ་མ་རྣམས་སྔགས་སྤྱོད་པ་དང་འགལ་བའི་ཁ་ཟས་ཟོས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་སྤོས་ཆུ་གཙང་མ་དེ་བླུད་དོ། །གཙང་མ་ཞེས་པ་ནི་
སེམས་ཅན་གྱི་ཡན་ལག་ལ་སོགས་པ་མེད་པའོ། །སྔགས་དང་འགལ་བའི་ཁ་ཟས་ཟོས་པའི་རྣམ་པར་རྟོག་པ་མེད་ནའང་སྤོས་ཀྱི་ཆུ་གཙང་མ་འཐུངས་པས་བདག་གི་རྒྱུད་གཙང་མར་གྱུར་ཏོ་སྙམ་པའི་འདུ་ཤེས་སྐྱེས་ཏེ། མི་གཙང་བ་ལ་སོགས་པའི་དོགས་པ་མེད་པར་འགྱུར་བའི་ཕྱིར་སྤོས་ཆུ་
བླུད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་གསོལ་ཏོ་ཞེས་པ་ནས་ནམ་སྲོད་ནས་འདི་འབྲི་བ་སྟེ། ནམ་མཁའ་ལ་ཡང་དཀྱིལ་འཁོར་བྲི། །ཞེས་པའི་བར་དུ་དཀྱིལ་འཁོར་ཇི་ཙམ་ན་བྲི་བའི་དུས་ཞུས་པ་དང་བཤད་པ་སྟེ། ཀུན་མཁྱེན་ཞེས་པ་ནི་བཅོམ་ལྡན་འདས་ཐམས་ཅད་
མཁྱེན་པའོ། །དུས་དང་ཚོད་ཅེས་པ་ནི་དཀྱིལ་འཁོར་འདྲི་བའི་དུས་དེ་ཉིད་ཀྱི་ཚེ་ན་སྟེ་དེ་བཤད་དུ་གསོལ་ཞེས་པའོ། །སྨྲ་བའི་མཆོག་གིས་བཀའ་སྩོལ་ཅིག །ཅེས་པ་ནི་སྨྲ་བ་ཐམས་ཅད་ཀྱི་མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སེམས་དཔའ་ཆེན་པོ་གང་དུས་སུ་བྱིན་གྱིས་བརླབ་པར་འགྱུར་
བ་ནི་དཀྱིལ་འཁོར་མཁན། སྔགས་གྲུབ་ནན་ཏན་ཞུགས་ཚེའོ། །ཞེས་པ་ནི་དཀྱིལ་འཁོར་གྱི་མཁན་པོ་དམ་ཚིག་གི་དཀྱིལ་འཁོར་འདྲི་བ་དང་གྲུབ་པའི་དཀྱིལ་འཁོར་འདྲི་བ་ལ་བྱང་ཆུབ་སེམས་དཔའ་རྣམས་དུས་གང་དེར་གཤེགས་པར་འགྱུར་ཞེས་ཞུས་པ་སྟེ། སེམས་དཔའ་ཆེན་པོ་ཞེས་པ་ནི་
སངས་རྒྱས་བཅོམ་ལྡན་འདས་ལ་མི་བྱའི། ཕ་རོལ་ཏུ་ཕྱིན་པ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ། ཅི་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ནི་དུས་ཐམས་ཅད་དུ་བྱིན་གྱིས་རློབ་པས་ཞུ་མི་དགོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་ལས་བཞེངས་ནས་སེམས་
ཅན་ཐམས་ཅད་ཀྱི་དོན་ལ་རྟོག་པ་སྔོན་དུ་བཏང་བར་གཤེགས། །དུས་ཐམས་ཅད་དུ་བྱིན་གྱིས་མི་རློབ་བོ། །དེ་བས་དཀྱིལ་འཁོར་འདྲི་བ་ལ་བྱང་ཆུབ་སེམས་དཔའ་རྣམས་གང་གི་དུས་སུ་གཤེགས་པར་འགྱུར་ཞེས་ཞུས་པའོ། །གཉིས་སུ་ན་སེམས་དཔའ་ཆེན་པོ་ཞེས་ནམས་ཀྱང་མི་འབོད་དེ། བྱང་

ཆུབ་སེམས་དཔའ་རྣམས་ལ་སེམས་དཔའ་ཆེན་པོ་ཞེས་འབོད་པར་གྲགས་པས་དེ་བས་ན་སེམས་དཔའ་ཆེན་པོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བྱའོ། །ནམ་སྲོས་ནས་ནི་བྲི་བ་སྟེ། །ནམ་ཡང་དཀྱིལ་འཁོར་བྲིས་པས་སོ། །ཞེས་པ་ནི་དཀྱིལ་འཁོར་འདྲི་
བར་འདོད་པ་རྣམས་ཀྱི་ཕྱིར། དུས་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་མཚན་མོ་བྲིའོ་ཞེས་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་མཚན་མོའི་དུས་དེར་གཤེགས་པར་འགྱུར་རོ་ཞེས་གསུངས་པའོ། །དེ་བས་ན་འདི་ནི་དམ་ཚིག་གི་དཀྱིལ་འཁོར་དང་། བསྒྲུབ་པའི་དཀྱིལ་
འཁོར་གཉིས་ཀ་ཡང་དུས་ཐམས་ཅད་དུ་མཚན་མོ་བྲི་བར་ཤེས་པར་བྱའོ། །དེ་ལ་གསང་བའི་རྒྱུད་ལ་སོགས་པས་བསྒྲུབ་པའི་དཀྱིལ་འཁོར་མ་གཏོགས་པ་གཞན་ཐམས་ཅད་མཚན་མོ་བྲིའོ་ཞེས་འབྱུང་སྟེ། དེ་བས་ན་བསྒྲུབ་པའི་དཀྱིལ་འཁོར་ཉིན་པར་བྲི་བར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་བསྒྲུབ་པ་
ནི་ནམ་སྲོས་ནས་ནམ་ལངས་ཀྱི་བར་མཚན་རངས་པར་བསྒྲུབ་དགོས་ཏེ། དེ་བས་ན་བསྒྲུབ་པའི་དཀྱིལ་འཁོར་མཚན་མོ་བྲི་བའི་སྐབས་མེད་དེ་ཉིན་པར་འདྲི་བར་གསུངས་སོ། །འདིར་ནི་གཉིས་ཀ་ཡང་མཚན་མོ་བྲི་བར་གསུངས་པས་དམ་ཚིག་གི་དཀྱིལ་འཁོར་དེ་ཉིད་མཚན་མོ་བྲི་བར་བྱའོ། །
བསྒྲུབ་པའི་དཀྱིལ་འཁོར་ནི་གསང་བའི་རྒྱུད་ལས་འབྱུང་བ་ལྟར་ཉིན་པར་བྲི་བར་གསུངས་ཀྱི། རྒྱུད་འདི་ལས་མཚན་མོ་བྲི་བར་གསུངས། བསྒྲུབ་པ་ཉིད་ཀྱི་མཚན་མོ་བྲི་བ་ནི་སྐབས་མེད་དེ་དེའི་ནུབ་མོ་བྲིས་ན་མཚན་མོ་མལ་ཚེ་ཐུན་འགའ་དཀྱིལ་འཁོར་བྲི་བར་ཟད་པས་བསྒྲུབ་པ་མཚན་རངས་
པར་མི་འགྱུར་ཏེ། དེ་བས་ན་སྔ་དེ་ནུབ་མོ་དཀྱིལ་འཁོར་བྲིས་ལ་ཕྱི་དེ་ནུབ་མོ་བསྒྲུབ་པར་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོ་དག་ནུབ་གཅིག་གིས་མི་ཟིན་པ་ཡང་གཞུང་དེ་ལྟར་ཤེས་པར་བྱའོ། །ད་ནི་དཀྱིལ་འཁོར་བྲི་བའི་སླད་དུ་བྲི་བ་ལ་སོགས་པ་བཤད་པར་བྱ་སྟེ། དཀྱིལ་འཁོར་བྲི་བ་དེ་
ཡང་སྤྱིར་རྣམ་པ་དྲུག་གིས་ཡོངས་སུ་རྫོགས་པར་འགྱུར་རོ། །དྲུག་གང་ཞེ་ན། དཀྱིལ་འཁོར་སྲད་བུ་བྲེ་བའི་ཏིང་ངེ་འཛིན་བཤད་པ་དང་། སྲད་བུ་བྲེ་བ་བཤད་པ་དང་། དཀྱིལ་འཁོར་གྱི་ཚད་བཤད་པ་དང་། སྣམ་བུའི་རིམ་པར་དབྱེ་བ་དང་། སྒོ་ཁྱུད་དང་རྟ་བབས་རྣམ་པར་དབྱེ་བ་དང་ལྷ་

རྣམས་ཀྱི་གནས་ངེས་པར་བཤད་པའོ། །དེ་ནས་སློབ་དཔོན་གྱིས་སངས་རྒྱས་ཐམས་ཅད་ལ་ཕྱག་བགྱིས་ལ། ཚོན་སྣ་ལྔའི་སྲད་བུ་ཐོགས་ནས་བདག་གི་ལུས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཞེས་པ་ནི་སྲད་བུ་བྲེ་བའི་ཏིང་ངེ་འཛིན་བཤད་པ་སྟེ། དེ་ལ་སངས་རྒྱས་
ཐམས་ཅད་ལ་ཕྱག་བགྱིས་ཏེ་ཞེས་པ་ནི་ཏིང་ངེ་འཛིན་ལ་འཇུག་པར་བྱ་ན། ཐོག་མར་སངས་རྒྱས་རྗེས་སུ་དྲན་ཞིང་ཕྱག་བྱ་བར་རིགས་སོ། །ཚོན་སྣ་ལྔའི་སྐུད་པ་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་དུ་བརྟགས་ཏེ། ཡེ་ཤེས་ལྔ་པོ་དེ་དག་དང་ལྡན་པར་བདག་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབ་
བོ། །བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ལ་ཞེས་པ་ནི་དཀྱིལ་འཁོར་རྣམ་པ་གསུམ་ལ་ཏིང་ངེ་འཛིན་དུ་གནས་པ་ཡང་བྱེ་བྲག་རྣམ་པ་གསུམ་སྟེ། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ལ་སློབ་དཔོན་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ཏེ་སྲད་བུ་བྲེ་
བ་ལ་སོགས་པ་དཀྱིལ་འཁོར་གྱི་ལས་རྣམས་བྱའོ། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ལ་ཆོས་ཀྱི་སྐུར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ལས་རྣམས་བྱའོ། །གསང་བའི་དཀྱིལ་འཁོར་ལ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལྔ་དང་ལྡན་པའི་སྐུར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་
གྱི་ལས་རྣམས་བྱ་སྟེ། དེ་དག་ཀྱང་ཞིབ་ཏུ་ནི་བསྡུས་པའི་དོན་ལས་བཤད་དོ། །རྒྱུད་ཉིད་ཀྱང་སོ་སོའི་སྐབས་སུ་འབྱུང་ངོ་། །ཚོན་སྣ་ལྔའི་སྐུད་པ་རྣམས་ཡེ་ཤེས་ལྔར་བརྟགས་པ་ནི་འོག་ནས་ཕྱེ་མའི་སྣ་ལྔ་ལ་སངས་རྒྱས་ལྔར་བརྟགས་པ་དང་སྦྱར་རོ། །ཐོག་མར་ཤར་ཕྱོགས་སུ་སྲད་བུ་བྲེ་བ་ནི། །ལྟེ་བ་
ཁུང་དང་བསྙམས་ནས་ནི། །བར་སྣང་ལ་ནི་གཟུང་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་སུ། །བྱང་ཕྱོགས་སུ་ཡང་དེ་བཞིན་བྲེའོ། །ཞེས་པ་ནི་ཐོག་མར་དེ་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཕྱོགས་ཀྱི་ངོས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ། འགྲེང་ལ་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་དམིགས་
པའི་ཚུལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་གྱི་འཁོར་ལོ་དང་བཅས་པ་མངོན་དུ་བསམས་ཏེ། སྲད་བུའི་ཐོག་མ་གྲོགས་ལ་འཛིན་དུ་བཅུག་ལ་ཤར་ཕྱོགས་སུ་གཏོང་ངོ་། །དེ་ལ་ལྷོ་ཕྱོགས་ནས་བརྐྱང་སྟེ་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བཏབ་སྟེ།

དེ་ལྟར་ནམ་མཁའ་ལ་སེམས་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་བཏབ་ནས། ཕྱིས་ས་ལ་དཀྱིལ་འཁོར་བྲི་བ་ནི་རང་བཞིན་གྱི་དཀྱིལ་འཁོར་དེའི་གཟུགས་བརྙན་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་ནམ་མཁའ་ལ་དཀྱིལ་འཁོར་སེམས་ཀྱིས་བསམ་པ་ལ་སྲད་བུ་བྲེ་ཅི་དགོས་ཤེ་ན། ནམ་
མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བསམ་པའི་མཚན་མར་བརྟགས་པའི་ཕྱིར་རོ། །དེ་ནས་སྲད་བུ་ཕྱི་མ་དེ་དང་གོས་བླངས་ཞེས་པ་ནི་སྲད་བུ་སྔ་མའི་དམན་མས་བྲིར་མི་རུང་བས་ན། ཚོན་སྣ་ལྔའི་སྐུད་པ་གཞན་ཞིག་བླངས་ནས་དཀྱིལ་འཁོར་ཕྱི་མ་བྲི་བའི་དོན་ཏོ། །ཤར་ཕྱོགས་བལྟས་ནས་བྲེ་བ་
ཡང་། །དེ་བཞིན་གཤེགས་པ་དྲན་བཞིན་ནོ། །ཞེས་པ་ནི་དཀྱིལ་འཁོར་མི་འཁྲུལ་པར་གཏན་ལ་དབབ་པའི་ཕྱིར་སྲད་བུ་དབུས་ནས་རྒྱ་གྲམ་དུ་བྲེས་ནས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བབ་པར་ཕུར་བུ་བཙུགས་ལ་དེ་ནས་སྲད་བུ་དེ་བལྟས་ཏེ། དབུས་ཀྱི་ཕུར་བུ་བཟུང་ལ་གྲྭ་བཞི་གཏན་ལ་དབབ་
པར་བྱའོ། །དེ་ལྟར་གཏན་ལ་དབབ་ནས་གྲྭ་བཞིར་མཚན་མར་ཡང་ཕུར་བུ་བཞི་གཟུགས། སྲད་བུ་ཡང་མདུད་པ་མི་བོར་བར་སྐུད་པ་ལ་སོགས་པའི་མཚན་མ་གདག་པར་བྱའོ། །དེ་བཞིན་གཤེགས་པ་དྲན་བཞིན་དུ། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བྱས་ནས་ཞེས་པའོ། །དེ་
ནས་ལྷོ་ཕྱོགས་སོང་ནས་སུ། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །ཞེས་པ་ཡང་རྒྱ་གྲམ་ཉིད་བྲེ་བ་ལ་བྱའོ། །བློ་ཅན་དེ་ནས་བསྐོར་ནས་སུ། །ནཻ་རྀ་ཏི་ཡི་ཕྱོགས་འདུག་སྟེ། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །ཞེས་པ་ནི་སློབ་དཔོན་དེ་ལྷོ་དང་ནུབ་ཀྱི་མཚམས་སུ་འདུག་ནས་ཁ་བྱང་ཕྱོགས་སུ་བལྟ་སྟེ་ནུབ་ཀྱི་
ངོས་སུ་སྲད་བུ་བྲེ་བར་བྱའོ། །དེ་ནས་གཡས་སུ་བསྒྱུར་བར་བྱ། །བསྒྱུར་ཏེ་དེ་རུ་འདུག་ནས་སུ། །ལྷོ་ཕྱོགས་ཀྱང་ནི་བྲེ་བར་བྱ། །ཞེས་པ་ནི་སློབ་དཔོན་ལྷོ་ནུབ་ཀྱི་མཚམས་དེ་ཉིད་དུ་འདུག་ཅིང་ཁ་བྱང་ཕྱོགས་སུ་བལྟས་པ་ལས་ཁ་ཤར་ཕྱོགས་སུ་བསྒྱུར་ཏེ། དེ་ཉིད་དུ་འདུག་པ་ལ་ཤར་ཕྱོགས་སུ་
བལྟ་སྟེ། སྲད་བུ་འཛིན་པའི་གྲོགས་པོས་དཀྱིལ་འཁོར་བསྐོར་ནས་ཤར་དང་ལྷོའི་མཚམས་སུ་སོང་སྟེ། ལྷོ་ཕྱོགས་ཀྱི་ངོས་སུ་སྲད་བུ་བྲེ་བར་བྱའོ། །དེ་ནས་གནས་དེ་བཏང་ནས་སུ། །མེ་ཡི་ཕྱོགས་དེར་གནས་ནས་ནི། །ཤར་ངོས་བྲེ་བར་བྱ་བ་ཡང་། །སྔགས་མཁན་སྔགས་ཀྱི་ཆོ་གར་

གནས། །ཞེས་པ་ནི་སློབ་དཔོན་དེ་ལྷོ་དང་ནུབ་མཚམས་དེ་བོར་ནས་ཤར་ལྷོའི་མཚམས་སུ་འདུག་སྟེ་ཤར་ཕྱོགས་ཀྱི་ངོས་སྲད་བུ་བྲེ་བར་བྱའོ། །སྔགས་མཁན་སྔགས་ཀྱི་ཆོ་གར་གནས། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཞེས་པའི་དོན་ཏོ། །དེ་ནས་ཨི་ཤྭ་ནར་
སོང་ནས། །ནུབ་ཕྱོགས་སུ་ནི་ཁ་བལྟ་སྟེ། །བྱང་ཕྱོགས་ངོས་དེ་བྲེ་བ་དང་། །རླུང་གི་གྲྭར་ནི་ཐུག་པའི་བར། །ཞེས་པ་ནི་སློབ་དཔོན་བྱང་དང་ཤར་གྱི་མཚམས་སུ་འདུག་ནས་བྱང་ཕྱོགས་ཀྱི་ངོས་སུ་སྲད་བུ་བྲེ་བར་བྱའོ། །དེ་བཞིན་སྔགས་པས་བྱ་བ་ནི། །ཀུན་ཀྱང་གྲུ་བཞི་ལྷམ་པར་ཏེ། །ཞེས་
པ་ནི་དེ་ལྟར་གོང་དུ་སྨོས་པའི་མཚན་ཉིད་ཀྱིས། དཀྱིལ་འཁོར་དེ་ཀུན་གྲུ་བཞི་བྱ། །ཞེས་པའོ། །དེ་ལྟར་དཀྱིལ་འཁོར་གྱི་སྲད་བུ་བྲེ་བར་ཐོག་མར་ནུབ་ཕྱོགས། དེ་ནས་ལྷོ་ཕྱོགས། དེའི་འོག་ཏུ་ཤར་ཕྱོགས། དེ་ནས་བྱང་ཕྱོགས་སུ་བྱ་བ་ཅིའི་ཞེ་ན། ནུབ་ཕྱོགས་ཀྱི་ངོས་ནི་སོ་སོར་རྟོག་པའི་ཡེ་
ཤེས་སུ་བརྟག །ལྷོ་ཕྱོགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བརྟག །ཤར་ཕྱོགས་ནི་མེ་ལོང་གི་ཡེ་ཤེས་སུ་བརྟག །བྱང་ཕྱོགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བརྟག་སྟེ། དེ་བས་ན་ཐོག་མར་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར། དེ་རྫོགས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྫོགས་པར་འགྱུར།
མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མེ་ལོང་གི་ཡེ་ཤེས་རྫོགས་པར་འགྱུར། མེ་ལོང་གི་ཡེ་ཤེས་ལས་ལུས་དང་ལོངས་སྤྱོད་དང་གནས་ཀྱི་མཚན་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་འབྱུང་སྟེ། དེ་བས་ན་རིམ་པ་དེ་ལྟར་སྨོས་སོ། །ཡེ་ཤེས་བཞིའི་དམིགས་ཡུལ་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ།
དེ་བས་ན་སྲད་བུ་རྒྱ་གྲམ་དུ་བྲེས་པའི་རི་མོ་ངོས་བཞི་ནས་རེ་རེ་བྱུང་བ་ནི་ཆོས་ཀྱི་དབྱིངས་ལ་འདུ་བའོ། །རྒྱ་གྲམ་གྱི་གཅིག་ཏུ་འདུས་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དོ། །དེ་ལྟར་སྲད་བུ་བྲེ་སྟེ་ས་བཅད་ནས་ཚོན་སྣ་གཅིག་པའི་སྐུད་པ་ཐིག་གཤེར་བ་ལ་བསྒྲེས་ཏེ། གོས་ཀྱི་རིམ་གྲོ་མི་བྱེད་པར་སྣང་
བར་བྱ་བའི་ཕྱིར་གདབ་བོ། །དེ་ནས་དབུས་སུ་ཞུགས་ནས་ནི། །དེ་ནས་སྣམ་བུ་གསུམ་དུ་དབྱེ། །ཞེས་པ་ནི་སློབ་དཔོན་གྱི་དཀྱིལ་འཁོར་དེའི་ནང་དུ་ཞུགས་ནས་སྣམ་བུ་གསུམ་དུ་བཅད་དེ། སྣམ་བུ་གསུམ་པོ་ལས་ཆ་བཞིར་བགོས་ཏེ། ཆ་རེ་རེ་ཡང་ངོས་རེ་རེ་སྦྱར་བའོ། །དེ་བཞིན་དུ་སྣམ་བུ་

གཉིས་ལ་ཡང་ཤེས་པར་བྱ་སྟེ། སྣམ་བུ་གསུམ་དུ་བྱ་བ་ནི། །ས་དེ་འཁོར་ཀྱང་ཐམས་ཅད་དུ། །ཞེས་པ་ནི་དེ་ལྟར་དཀྱིལ་འཁོར་དེ་ཁོར་ཡུག་ཏུ་རིམ་པ་གསུམ་དུ་བྱའོ་ཞེས་པའོ། །རེ་རེ་ལ་ཡང་ཆར་བྱ་བ། །དུམ་བུ་གསུམ་དུ་གཅད་པར་བྱ། །ཞེས་པ་ནི་སྣམ་བུ་
གསུམ་པོ་རེ་རེ་ལ་ཡང་ཆ་གསུམ་དུ་བགོས་པ་ལ། ཆ་གཅིག་ནི་བསྐོར་བའི་སྣམ་བུར་གཞག །ཆ་གཉིས་ནི་ལྷ་རྣམས་ཀྱི་གནས་སུ་བྱ་བ་སྟེ། དེ་བས་ན་གསུངས་པ། ཕྱི་རིམ་ཆ་གཅིག་དོར་བ་ནི། །སྣམ་བུ་གཅིག་བསྐོར་ཕྱི་རུ་སྟེ། །ལྷག་མའི་རིམ་པ་གཉིས་པོ་ནི། །ངེས་པར་
ལྷ་རྣམས་གནས་པར་རོ། །ཞེས་པ་སྟེ་དེ་དག་གིས་སྣམ་བུ་དབྱེ་བའོ། །སྒོ་ཁྱུང་དག་ནི་ཕྱོགས་བཞི་རུ། །བློ་ཅན་གྱིས་ནི་སོ་སོར་བྱ། །ལྷ་རྣམས་དེ་རུ་བྲི་བ་ཡང་། །དཀའ་བར་སྤྱོད་པས་ནན་ཏན་བྱ། །ཞེས་པ་ནི་སྒོ་ཁྱུད་རྣམས་རྣམ་པར་དབྱེ་བ་སྟེ། སྒོ་ཁྱུད་དེ་རྣམས་ཀྱང་ཚད་ནི་དཀྱིལ་
འཁོར་སྣམ་བུའི་དགུ་ཆ་གཅིག་ཏུ་བརྟགས་ཏེ། སྙིང་པོའི་དཀྱིལ་འཁོར་གྱི་ནང་གི་སྒོ་ཁྱུད་རྣམས་ཤར་ཕྱོགས་ཀྱི་སྒོ་ཁྱུད་ནང་དུ་ཆོས་ཀྱི་སྐུའི་ཕྱག་རྒྱ་གཞག་པར་བྱ། བྱང་ཕྱོགས་ཀྱི་ནང་དུ་སྤྱན་རས་གཟིགས་ཀྱི་དབང་པོ་གཞག །ལྷོ་ཕྱོགས་ཀྱི་ནང་དུ་ཕྱག་ན་རྡོ་རྗེ་གཞག །དེའི་ཕྱི་རིམ་
གྱི་སྒོ་ཁྱུད་རྣམས་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་གཞག །ལྷོ་ཕྱོགས་ཀྱི་ནང་དུ་གཤིན་རྗེ་གཞག །བྱང་ཕྱོགས་ཀྱི་ནང་དུ་དབང་པོ་གཞག་པ་སྟེ། གཤིན་རྗེ་དབང་པོ་ལ་སོགས་དེ་རྣམས་ཀྱང་དཀྱིལ་འཁོར་བར་མའི་སྣམ་བུ་ལ་སྒོ་ཁྱུད་ཀྱི་ནང་དུ་འདུག་པ་
ཡང་། བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ཉིད་དུ་རིག་པར་བྱ་སྟེ། གཤིན་རྗེ་ལ་སོགས་པས་འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེའི་གཟུགས་སུ་གཙོ་བོར་བྱས་ནས་སྒོ་ཁྱུད་ན་གནས་སོ། །དབང་པོ་ཡང་ལྷ་རྣམས་ཀྱི་རྒྱལ་པོ་སྟེ། གཙོ་
བོར་བྱ་ཞིང་སྒོ་ཁྱུད་ན་གནས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་མི་རྣམས་ཀྱི་གཙོ་བོར་གྱུར་ཅིང་སྒོ་ཁྱུད་ན་བཞུགས་སོ། །སྙིང་པོའི་དཀྱིལ་འཁོར་ན་བཞུགས་པའི་གཙོ་བོར་ཡེ་ཤེས་བཞིའི་རང་བཞིན་དུ་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་

ཆུབ་པའི་མཚན་ཉིད་དབུས་ན་བཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆོས་ཀྱི་སྐུའི་ཕྱག་རྒྱ་ཤར་ན་གནས་པ་ནི་མེ་ལོང་གི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཕྱོགས་ན་གནས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཕྱག་
ན་རྡོ་རྗེ་ལྷོ་ཕྱོགས་ན་གནས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་དུ་རིག་པར་བྱའོ། །དཀྱིལ་འཁོར་གྱི་སྣམ་བུ་གསུམ་པ་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་ན་འཕགས་པ་འཇམ་དབྱངས་གཙོ་བོའི་གཟུགས་སུ་བཞུགས། ལྷོ་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་ན་སྒྲིབ་པ་ཐམས་ཅད་རྣམ་པར་
སེལ་བའི་བྱང་ཆུབ་སེམས་དཔའ་བཞུགས། དེ་བཞིན་དུ་ནུབ་དང་བྱང་ན་ཡང་ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་གཙོ་བོའི་གཟུགས་སུ་སྒོ་ཁྱུད་ན་བཞུགས་པར་ཤེས་པར་བྱའོ། །དེ་བཞིན་འདི་ལྟར་ཀུན་བྱ་བ། །རིམ་པར་ཕྱེ་སྟེ་ཤིན་ཏུ་བརྟག །ཅེས་པ་ནི་གོང་དུ་སྨོས་པ་ལྟར་དཀྱིལ་
འཁོར་གྱི་སྣམ་བུ་བགོ་བ་དང་སྒོ་ཁྱུད་རྣམས་རྣམ་པར་དབྱེ་བ་དང་། སྒོ་ཁྱུད་རྣམས་སུ་གཙོ་བོའི་ལྷ་རྣམས་ཤིན་ཏུ་བྱེ་བྲག་ཕྱེ་བར་དགོད་ཅེས་པའོ། །འབྲས་བུ་པདྨོ་དཀར་པོ་མཆོག །དེ་ཡི་སྙིང་པོ་ཞེས་སུ་བསྒྲགས། །སྙིང་པོ་ངེས་བྱས་ཀུན་ཀྱང་དཀྱིལ་འཁོར་སྙིང་རྗེ་འབྱུང་བ་ཞེས་པ་ནི།
དབུས་ཀྱི་པདྨོ་དཀར་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བྱ་སྟེ། དཀར་བ་ནི་ཚོགས་དེ་ཉིད་རྣམ་པར་དག་པའོ། །སྙིང་པོ་ནི་འབྱུང་བའི་གནས་ཏེ། བསོད་ནམས་ཀྱི་ཚོགས་ཏེ་བཅོམ་ལྡན་འདས་ཀྱི་སྙིང་རྗེ་ཆེན་པོའི་བདག་ཉིད་འབྱུང་བའི་གནས་སོ། །སྙིང་
རྗེ་ཆེན་པོ་དེ་ལས་དཀྱིལ་འཁོར་འདི་འབྱུང་སྟེ། དེ་བས་ན་སྙིང་པོ་འདི་ལས་འབྱུང་བ་ཞེས་པའོ། །དེ་ཡི་ཚད་ནི་སྨྲས་པ་ཡང་། །ཆེན་པོར་ཡང་ནི་སོར་བཅུ་དྲུག །ཅེས་པ་ནི་དབུས་ཀྱི་པདྨའི་ཚད་སོར་བཅུ་དྲུག་སྟེ། ཆེན་པོར་ཡང་ནི་ཞེས་པ་ནི་དེ་ལས་ལྷག་པར་ཀྱང་རུང་ཞེས་པའོ། །དེའི་དགོངས་པ་ཡང་
འདི་ལྟ་སྟེ། བཅུ་དྲུག་ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའོ། །ཆེན་པོར་ཡང་ནི་ཞེས་པ་ནི་དེ་ལས་ལྷག་པ་ཀུན་དུ་བཟང་པོའི་ས་ལ་སོགས་པ་དང་ལྡན་པ་ཞེས་པ་སྟེ། མདོར་ན་པདྨོ་དེ་བཅོམ་ལྡན་འདས་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་གྱི་མཚན་ཉིད་ལྟ་བུར་བལྟའོ། །

འདབ་བརྒྱད་ཀྱི་རྫོགས་ལྡན་ཞེས་པ་ནི་བསོད་ནམས་ཚོགས་ཏེ། ཡེ་ཤེས་བརྒྱད་དང་ལྡན་པས་འདབ་མ་བརྒྱད་དུ་གསུངས་སོ། །དེ་ལས་ཡེ་ཤེས་བརྒྱད་ནི་མེ་ལོང་གི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་
ཏན་གྱི་ཡེ་ཤེས་དེ་ཉིད་སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ལས་གྱུར་པས་རྣམ་པ་ལྔར་ཕྱེ་སྟེ། ཡེ་ཤེས་དེ་རྣམས་དེ་བརྒྱད་དང་ལྡན་པས་འདབ་མ་བརྒྱད་དུ་གྱེས་སོ། །ཡེ་ཤེས་རྣམས་ཀྱང་ཆོས་ཐམས་ཅད་དམིགས་པ་མེད་པའི་རང་བཞིན་དུ་ཆུད་པ་སྟེ། དེ་ལྟར་ཐམས་ཅད་དམིགས་སུ་མེད་པར་ཆུད་
པས་སྦྱིན་པར་བྱ་བ་དང་། སྦྱིན་པའི་དངོས་པོ་དང་། སྦྱིན་པར་བྱེད་པ་གསུམ་ཆར་ཡང་དམིགས་སུ་མེད་པར་ཆུད་དེ། དེ་བས་ན་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཏེ་ཡེ་ཤེས་ལྟ་བུ་དང་ལྡན་པས་འཁོར་གསུམ་ཡོངས་སུ་དག་པའི་རང་བཞིན་དུ་ཤེས་པར་བྱའོ། །གེ་སར་དང་
ལྡན་ཤིན་ཏུ་བཟང་། །ཞེས་པ་གེ་སར་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུའི་ཡོན་ཏན་དང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་གྲོལ་བ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚན་མར་བརྟག་སྟེ། བསོད་ནམས་ཀྱི་ཚོགས་དེ་ཡང་ཡོན་ཏན་དེ་རྣམས་དང་ལྡན་པ་ཞེས་པའོ། །
འདབ་མའི་བར་ནི་ཀུན་དུ་ཡང་། །ཆུབ་པར་རྡོ་རྗེ་བྲི་བར་བྱ། །ཞེས་པ་རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ། གོང་དུ་སྨོས་པའི་ཡེ་ཤེས་བརྒྱད་རྣམས་དང་ལྡན་པ་ཞེས་བྱའོ། །དེ་ཡི་སྙིང་པོའི་དབུས་སུ་ནི། །རྒྱལ་བའི་གཙོ་མཆོག་བྲི་ཞེས་པ་ནི་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་རང་བཞིན་
པདྨའི་སྙིང་པོའི་སྟེང་དུ་བྲིས་ཏེ། རྒྱལ་བའི་གཙོ་མཆོག་ཅེས་པ་ནི་བདུད་རྣམས་ལས་རྒྱལ་བ་སྟེ། དེ་རྣམས་ཀྱི་ནང་ན་ཡང་མཆོག་ཅེས་བྱའོ། །འབར་བཅས་གསེར་གྱི་ཁ་དོག་འདྲ། །ཐོར་ཚུགས་ཅོད་པན་འཆང་བ་སྟེ། །མགོན་པོའི་འོད་ཀྱིས་རིམ་པར་བསྐོར། །ནད་དང་བྲལ་བའི་ཏིང་
འཛིན་གནས། །ཤེས་པ་འབར་དང་བཅས་ཞེས་པ་ནི་འབར་བ་ནི་སྲེག་པའི་རང་བཞིན་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲེག་པའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པ་ཞེས་པའོ། །གསེར་གྱི་ཁ་དོག་འདྲ་ཞེས་པ་ནི་རྒྱལ་བའི་རང་བཞིན་ནོ། །ཐོར་ཚུགས་འཆང་བ་ནི་འོག་མིན་གྱི་གནས་ན་

བཞུགས་ན་འོག་མིན་གྱི་གནས་ཀྱི་ལྷ་རྣམས་ཐོར་ཚུགས་དང་བཅས་པ་སྟེ། དེ་དག་དང་མཐུན་པར་བྱ་བའི་ཕྱིར་ཐོར་ཚུགས་དང་ལྡན་པའོ། །ཅོད་པན་འཆང་ཞེས་པ་ནི་ཆོས་ཀྱི་རྒྱལ་པོའམ་དབང་པོར་དབང་བསྐུར་བ་ནི་རིན་པོ་ཆེའི་ཅོད་པན་གསོལ་བའོ། །མགོན་པོའི་འོད་ཀྱིས་རིམ་པར་བསྐོར། །
ཞེས་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་རང་བཞིན་གྱིས་འོད་དང་བ། འོད་ཀྱི་དཀྱིལ་འཁོར་ལས་འཕྲོ་བས་བསྐོར་བ་ཞེས་པའོ། །ནད་དང་བྲལ་བ་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གདོན་དང་བྲལ་བ་ཞེས་པའོ། །ཏིང་ངེ་འཛིན་གནས་ཞེས་པ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་མི་
གཡོ་བ་རྩེ་གཅིག་ཏུ་གནས་པ་སྟེ། གཟུངས་ཀྱང་ཏིང་ངེ་འཛིན་གྱི་ཚུལ་དུ་གནས་པའོ། །དེའི། ཤར་དུ་སངས་རྒྱས་རྣམས་ཀྱི་ནི། །ཕྱག་རྒྱ་ནན་ཏན་བྲི་བ་ནི། །པདྨའི་སྟེང་དུ་གྲུ་གསུམ་པ། །མཁས་པས་ཀུན་ཀྱང་དཀར་པོ་རུ། །འོད་ཀྱིས་ཀུན་བསྐོར་དང་བ་ནི། །ཐམས་ཅད་དུ་ཡང་
དཀར་པོ་རུ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤར་ཕྱོགས་སུ་མངོན་པར་སངས་རྒྱས་པ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཕྱག་རྒྱ་གསུམ་པའི་མཚན་ཉིད་དུ་བྲིས་ཏེ། ཤར་ཕྱོགས་སུ་གཞག་པ་ནི་རྒྱ་གར་སྐད་དུ་ཤར་ཕྱོགས་ལ་པཱུརྦ་ཞེས་བྱ། འདས་པའང་
པཱུརྦ་ཞེས་བྱ་སྟེ། དེ་བས་ན་སྔོན་འདས་པའོ་ཞེས་གླེང་བའི་ཕྱིར། ཤར་ཕྱོགས་སུ་གཞག་གོ། །པདྨའི་སྟེང་དུ་གྲུ་གསུམ་བྲི་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཕྱག་རྒྱ་དེའི་དབུས་སུ་རྡོ་རྗེ་རྩེ་
ལྔ་པ་བཞག་པ་དང་། གྲྭ་གཉིས་ནས་འོད་གཉིས་འབྱུང་བར་བྱའོ་ཞེས་གསང་བའི་དཀྱིལ་འཁོར་ནས་འབྱུང་བ་སྟེ། རྡོ་རྗེ་རྩེ་ལྔ་པ་གཞག་པ་ནི་ཡེ་ཤེས་ལྔའི་མཚན་མའོ། །འོད་གཉིས་འབྱུང་བར་བྱ་བ་ནི་ཕྱག་རྒྱ་སྟེ་ཆོས་ཀྱི་སྐུའི་མཚན་ཉིད་དེ་ཆོས་ཀྱི་སྐུ་ལས་རྫོགས་ལོངས་སྤྱོད་པའི་
སྐུ་དང་། པདྨོ་ནི་སྔར་བཤད་པའོ། །དཀར་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པ་སྟེ་པདྨོ་ཉིད་ལ་བྱའོ། །འོད་ཀྱིས་བསྐོར་བ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །ཐམས་ཅད་དུ་ཡང་དཀར་པོ་ཞེས་པ་ནི་ཕྱག་རྒྱ་དེ་ཉིད་དཀར་པོ་བྱ་སྟེ་ཡོངས་སུ་དག་པའི་ཕྱིར་རོ། །དེ་ཡི་བྱང་དུ་བྲི་

བ་ནི། །མགོན་པོ་ཐམས་ཅད་ཀུན་གྱི་ཡུམ། །འོད་བཅས་གསེར་གྱི་ཁ་དོག་འདྲའོ། །ན་བཟའ་དཀར་པོ་མནབས་པ་སྟེ། །ཀུན་དུ་ཡང་ནི་འབར་བ་ལ། །ཏིང་འཛིན་གནས་བཞིན་མཁས་པའོ། །ཞེས་པ་ནི་ཕྱག་རྒྱ་གྲུ་གསུམ་པའི་བྱང་ཕྱོགས་སུ་བཅོམ་ལྡན་འདས་མ་ནམ་
མཁའི་སྤྱན་བྲི་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་མངོན་པར་བྱང་ཆུབ་པ་དང་ལྡན་པའི་ཤེས་རབ་སྟེ། མགོན་པོ་སངས་རྒྱས་བཅོམ་ལྡན་རྣམས་ཤེས་རབ་དེ་ལས་བྱུང་བས་ན་དེ་མགོན་པོ་རྣམས་ཀྱི་ཡུམ་མོ། །འབར་བཅས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པའི་
རང་བཞིན་འབར་བ་དང་བཅས་པའོ། །གསེར་གྱི་ཁ་དོག་ནི་རྒྱས་པའི་རང་བཞིན་ནོ། །ན་བཟའ་དཀར་པོ་མནབས་པ་ནི་ན་བཟའ་ནི་གཡོགས་པར་བྱེད་པ་སྟེ། གཡོགས་པ་དེ་ཉིད་དག་པ་ནི་དཀར་པོ། དེ་བས་ན་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པས་གཡོགས་པ་དག་པའི་མཚན་མ་ནི་ན་
བཟའ་དཀར་པོའོ། །རྣམ་པར་སྣང་ཞིང་ཞེས་པ་ནི་ཤིན་ཏུ་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་དུ་ཁྱབ་པའོ། །ཏིང་ངེ་འཛིན་གནས་ཞེས་པ་ནི་མི་གཡོ་བའི་གཟུགས་སུ་གནས་པའོ། །མགོན་པོ་ཡི་ནི་བྱང་ཕྱོགས་སུ། །སྤྱན་རས་གཟིགས་ནི་ལེགས་པར་བྲི། །
དཔའ་བོ་པདྨོ་དཀར་པོའི་སྟན། །དུང་དང་ཀུནྡ་ཟླ་བ་འདྲ། །སྣང་བ་མཐའ་ཡས་ཐོར་ཚུགས་གནས། །ཡིད་ཙམ་འཛུམ་པའི་ཞལ་རས་སུ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡས་རོལ་བྱང་ཕྱོགས་ཀྱི་ངོས་སུ་པདྨོའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་ཀྱི་དབང་
པོ་བྲི་སྟེ། སྤྱན་རས་གཟིགས་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། གྲོལ་བར་བྱ་བའི་ཕྱིར་གཟིགས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གཟིགས་སོ། །དཔའ་བོ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་
སྒྲིབ་པའི་རྐུན་པོ་འཇོམས་པ་ལ་དཔའ་བའོ། །པདྨོ་དཀར་པོ་ལ་བཞུགས་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་རང་བཞིན་ནོ། །སྦྱོར་བའི་ལས་པདྨོ་དང་དམར་པོར་གསུངས་ལ་འདིར་དཀར་པོར་གསུངས་པ་དེ་ཡང་སྦྱོར་བའི་རྒྱུད་ནི་ཐབས་གཙོ་བོར་གྱུར་པ་སྟེ། ཐབས་

ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་གྲོལ་བར་བྱ་བའི་དོན་ལ་ཞེས་བསྟན་པའི་ཕྱིར་དམར་པོ་བསྟན་ཏོ། །རྒྱུད་འདིར་ནི་ཤེས་རབ་གཙོར་གྱུར་པའི་སྒོ་ནས་ཤེས་རབ་ཀྱི་ཆོས་ཐམས་ཅད་ཤིན་ཏུ་དག་པར་ཆུད་པའི་མཚན་ཉིད་དུ་དཀར་པོར་བསྟན་ཏོ། །དུང་དང་ཀུནྡ་ཟླ་བ་འདྲ། །
ཞེས་པ་ནི་སྐུའི་ཁ་དོག་དུང་དང་མེ་ཏོག་ཀུནྡ་དང་ཟླ་བ་ལྟར་དཀར་བར་ཤེས་པའོ། །སྣང་བ་མཐའ་ཡས་ཐོར་ཚུགས་གནས། །ཞེས་པ་ནི་སྣང་བ་མཐའ་ཡས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ་དེའི་མཚན་མར་བསྟན་པའོ། །གཉིས་སུ་ན་སྦྱོར་བའི་རྒྱུད་ལས་རིགས་སོ་སོའི་དབང་
བསྐུར་བ་སོ་སོ་པདྨོའི་རིགས་ལ་སྣང་བ་མཐའ་ཡས་ཀྱིས་དབང་བསྐུར་བའི་ཕྱིར་རོ། །ཡིད་ཙམ་འཛུམ་པའི་ཞལ་ཞེས་པ་ནི་ཏིང་ངེ་འཛིན་དུ་མི་གནས་པར་སེམས་ཅན་གྱི་དོན་དུ་ཆོས་ལ་སོགས་པ་བཤད་པའི་ཕྱིར། འཛུམ་ཞིང་ཞལ་མ་བཙུམས་པའི་དོན་དུ། དེ་ཡི་གཡས་སུ་བྲི་བ་ནི། །སྒྲོལ་
མའི་ལྷ་མོ་གྲགས་ཆེན་ཏེ། །ལྗང་གུ་གདངས་བཞིན་ཁ་དོག་མང་། །བུད་མེད་ན་ཆུང་ཚད་དང་འདྲ། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །འོད་རྣམས་ཀུན་གྱིས་ཀྱང་ནི་བསྐོར། །འོད་གསལ་ཀུན་ཀྱང་འབྱུང་བཞིན་ཏེ། །ན་བཟའ་ཡང་དག་དཀར་མནབས་པའོ། །ཞེས་པ་ནི་སྤྱན་རས་གཟིགས་
ཀྱི་དབང་པོ་སེམས་ཅན་གྱི་ཁམས་ལ་གཟིགས་ནས་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་ཐམས་ཅད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་ཏེ་བསྒྲལ་ཀྱང་སེམས་ཅན་དེ་དག་མ་ལུས་པར་འཁོར་བ་ལས་རྒལ་བར་མ་གྱུར་པ་གཟིགས་ནས་ཐུགས་རྗེ་ཆེན་
པོའི་ཤུགས་ཀྱིས་བཤུམས་པ་ལས་སྒྲོལ་མའི་ལྷ་མོ་མང་པོ་བྱུང་ནས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་གཟུགས་སུ་གྱུར་པ་སྟེ་དེ་བས་ན་སྒྲོལ་མའི་ལྷ་མོའོ། །གཞན་ཡང་རྣམ་པ་དུ་མ་རྒྱུད་གཞན་ལས་ཤེས་པར་བྱའོ། །གྲགས་ཆེན་ཞེས་པ་ནི་ཡོན་ཏན་གྱི་ཚིག་གོ། །ལྗང་གུ་གདངས་
བཞིན་ཞེས་པ་ནི་ཁ་དོག་དཀར་པོ་དང་སྔོན་པོ་དང་སེར་པོ་ལ་སོགས་པ་བསྡུས་པ་ལས་ལྗང་གུར་འགྱུར་ཏེ། ཁ་དོག་དཀར་པོ་དང་སྔོན་པོ་ལ་སོགས་པ་ནི་ཞི་བ་དང་རྒྱས་པ་དང་མངོན་པར་སྤྱོད་པའི་ལས་ཀྱི་མཚན་མ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་ལས་ཐམས་ཅད་བྱེད་པའོ། །གཟུགས་མེད་

པོ་ཞེས་པ་ནི་སེམས་ཅན་རྣམ་པ་མང་པོའི་དོན་དུ་བར་བར་ཕོའི་གཟུགས། བར་བར་མོའི་གཟུགས་རྣམ་པ་དུ་མར་འགྱུར་བའི་ཕྱིར་རོ། །བུད་མེད་ན་ཆུང་ཚད་དང་འདྲ། །ཞེས་པ་ནི་ཡོན་ཏན་མ་རྫོགས་ཏེ་གཞོན་པ་ཡང་མ་ཡིན། ཡོན་ཏན་རྣམས་ལས་འདས་པའི་བྱང་ཆུབ་ཉིད་མྱ་ངན་
ལས་འདས་པར་གྱུར་པའི་ཚུལ་དུ་རྒས་པ་ཡང་མ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་མཚན་ཉིད་ནི་ཚད་ལ་བབ་པའོ། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །ཞེས་པ་ནི་རྣམ་པར་གྲོལ་བའི་སྒོ་སྣ་ཚོགས་འཛིན་པ་སྟེ། དེ་བས་ན་ཨུཏྤ་ལའི་འདབ་མ་རལ་གྲི་ལྟ་བུ་ནི་ཤེས་རབ་རྣམ་
པར་གྲོལ་བའི་སྒོ་ལྟ་བུར་ཤེས་པར་བྱའོ། །འོད་རྣམས་ཀྱིས་ནི་ཀུན་དུ་བསྐོར། །ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །འཇིགས་པ་སེལ་བ་ཞེས་པ་ནི་ཞི་ཞིང་རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་འཇིགས་པ་བརྒྱད་སེལ་བར་བྱེད་པའོ། །ན་བཟའ་ཡང་ནི་དཀར་པོ་མནབས་པ་ནི་ངོ་ཚ་བ་དང་
ལྡན་པའི་མཚན་མ་སྟེ། ཇི་ལྟར་གོས་ཀྱིས་གཡོགས་ཤིང་མི་སྣང་བར་བྱ་བ་བཞིན་དུ་ངོ་ཚ་བ་ཡང་འཆབ་ཅིང་སྦ་བའི་མཚན་མ་སྟེ་ངོ་ཚ་བ་དེ་དང་ལྡན་པའོ། །དཀར་བ་ནི་ངོ་ཚ་ཉིད་རྣམ་པར་དག་པའི་མཚན་མའོ། །ཅིའི་ཕྱིར་ངོ་ཚ་བ་དང་ལྡན་ཞེ་ན། ངོ་ཚ་བ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་
བཞིན་དུ་འོག་ནས་འཆད་དོ། །ཁྲོ་གཉེར་མ་ནི་གཡོན་ཕྱོགས་བྲི། །སྔགས་ཀྱི་ནོར་བུ་ཕྲེང་འཆང་བ། །ལྷ་མོ་སྤྱན་གསུམ་ཐོར་ཚུགས་ཅན། །ཁ་དོག་རྣམས་ཀྱང་དཀར་པོ་སྟེ། །འོད་ཀྱི་འཁོར་གྱིས་དེ་བསྐོར་བ། །དཀར་པོ་དམར་པོ་སེར་པོ་རྣམས། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་གཡོན་རོལ་དུ་
ཁྲོ་གཉེར་མ་བྲི་སྟེ། ཁྲོ་གཉེར་མ་ཞེས་པ་ནི་འབྲས་བུ་ལ་རྒྱུས་བརླན་པའི་མཚན་མ་སྟེ་སྤྱན་རས་གཟིགས་ཀྱི་དབང་པོའི་སྨིན་མཚམས་ཀྱི་ནང་ནས་ལྷ་མོ་དེ་ཕྱུང་སྟེ། ཁྲོ་གཉེར་གྱི་རྒྱུད་ལས་བྱུང་བས་ན་ཁྲོ་གཉེར་མ་ཞེས་བྱའོ། །སྔགས་ཀྱི་ནོར་བུའི་ཕྲེང་བ་འཆང་། །ཞེས་པ་ནི་ལྷ་མོ་དེ་ཁྲོ་བོའི་བདག་
ཉིད་འབའ་ཞིག་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྡན་པར་བསྟན་པ་སྟེ། སྔགས་ཀྱི་ནོར་བུ་ཕ་རོལ་ཏུ་ཕྱིན་པའི་མཚན་མའོ། །སྤྱན་གསུམ་པ་ནི་ཁྲོ་བོའི་བདག་ཉིད་དོ། །ཐོར་ཚུགས་ཅན་ཞེས་པ་ནི་འོག་མིན་གནམ་གྱི་ལྷ་རྣམས་དང་རིགས་མཐུན་པའི་ཁ་དོག་རྣམས་ཀྱང་དཀར་པོ་ཞེས་པ་ནི་

ཡོངས་སུ་དག་པའི་མཚན་ཉིད་དོ། །འོད་རྣམས་འཁོར་གྱིས་བསྐོར་བ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བ་དང་ལྡན་པའོ། །དེ་ནི། དཀར་པོ་དམར་པོ་སེར་པོ་རྣམས། །ཞེས་པ་ནི་འོད་ཉིད་ཁ་དོག་དེ་རྣམས་དང་ལྡན་པ་སྟེ། ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་མཚན་མའོ། །ཁྲོ་གཉེར་
མའི་དྲུང་དུ་བྲི་བ་ནི། མཐུ་ཆེན་ཡང་ནི་ལེགས་བྲི་བ། །དཔའ་བོ་ན་བཟའ་དཀར་མནབས་ཏེ། །ཕྱག་ན་པདྨོ་སྙིང་བརྩེར་ལྡན། །དེ་ཡི་པདྨོ་ཁ་མ་བྱེ། །འོད་ཀྱི་དཀྱིལ་འཁོར་བསྐོར་བའོ། །ཞེས་པ་ནི་ཁྲོ་གཉེར་མའི་དྲུང་དུ་འཕགས་པ་མཐུ་ཆེན་པོ་ཐོབ་པ་བྲི་སྟེ། ཁྲོ་གཉེར་མའི་དྲུང་དུ་བྲི་བ་ནི་མཐུ་
ཆེན་ཏེ་དཔུང་དུ་བྱ་བའི་ཕྱིར་རོ། །དཔའ་ཞེས་པ་ནི་སུས་ཀྱང་ཟིལ་གྱིས་མི་གནོན་པའོ། །ན་བཟའ་དཀར་པོ་མནབས་པ་ནི་ཡོངས་སུ་དག་པའི་མཚན་ཉིད་དོ། །ཕྱག་ན་པདྨོ་སྙིང་བརྩེར་ལྡན། །དེ་ཡི་པདྨོ་ཁ་མ་བྱེ། །ཞེས་པ་ནི་དེའི་ཕྱག་རྒྱའོ། །སྙིང་བརྩེར་ལྡན་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །
པདྨ་ཁ་མ་བྱེ་བ་ནི་སྤྱན་རས་གཟིགས་ཀྱི་དབང་པོ་དང་ཁྱད་པར་བསྟན་པའོ། །འོད་ཀྱི་དཀྱིལ་འཁོར་བསྐོར་བའོ། །ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བ་དང་ལྡན་པའོ། །མཁས་པས་དེའི་དྲུང་དུ་བྲི་བ་ནི། གྲགས་འཛིན་རིག་པའི་ལྷ་མོའོ། །དེ་ཡི་ཁ་དོག་གསེར་འདྲ་བ། །རྒྱན་ཀུན་གྱིས་ནི་ཤིན་ཏུ་བརྒྱན། །མེ་
ཏོག་ཚོམས་ཅིག་བཟང་ཐོགས་པ། །པྲི་ཡང་ཀུ་སྟེ་ཕྱག་གཡོན་པར། །ཞེས་པ་ནི་མཐུ་ཆེན་པོ་ཐོབ་པའི་དྲུང་དུ་གྲགས་འཛིན་ཞེས་པའི་ལྷ་མོ་བྲི་སྟེ། དེ་ལ་གྲགས་འཛིན་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་གྲགས་པ་རྣམས་འཛིན་པའོ། །དེའི་ཁ་དོག་གསེར་འདྲ་བ་ནི་རྒྱས་
བའི་མཚན་ཉིད་དོ། །མེ་ཏོག་ཚོམས་ཅིག་བཟང་ཐོགས་པ། །པྲི་ཡང་ཀུ་སྟེ་ཕྱག་གཡོན་པར། །ཞེས་པ་ནི་ལྷ་མོ་དེའི་ཕྱག་རྒྱའོ། །སྒྲོལ་བའི་ལྷ་མོའི་དྲུང་དུ་ནི། །དཀར་བར་གནས་པར་ཞེས་བྱ་བའི་ལྷ་མོ་དེར་བྲི་སྟེ། དཀར་བར་གནས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གནས་པའོ། །སྒྲོལ་
བའི་ལྷ་མོའི་དྲུང་དུ་བྲི་བ་ནི། སྒྲོལ་མའི་ལྷ་མོ་དེ་སེམས་ཅན་རྣམས་སྒྲོལ་ཞིང་ལས་ཐམས་ཅད་བྱེད་པ་འབའ་ཞིག་མ་ཡིན་གྱི། ཆོས་དབྱིངས་རྣམ་པར་དག་པ་ལ་བསྙེན་པར་བྱེད་པ་བསྟན་པའི་ཕྱིར་རོ། །ན་བཟའ་དཀར་མནབས་ཛ་ཏ་ཅན། །ཕྱག་རྒྱ་པདྨོ་བློ་ཅན་གྱིས། །ཞེས་པ་ནི་ན་

བཟའ་དཀར་མོ་ནི་ཡོངས་སུ་དག་པའི་མཚན་མའོ། །ཕྱག་ན་པདྨོའི་ནི་ཕྱག་རྒྱས་པདྨོ་ཐོགས་པའོ། །ཐོར་ཚུགས་སྔ་མ་བཞིན་ནོ། །བློ་ཅན་གྱིས་ཞེས་པ་ནི་སྔགས་མཁན་བློ་ཅན་གྱིས་དེ་ལྟར་བྲི་བ་ཞེས་པའོ། །དེའི་འོག་ཏུ་བྲི་བ་ནི་སྔགས་པས། རིག་པའི་རྒྱལ་པོ་སྟོབས་ཅན་ཏེ། །
ཉི་མ་འཆར་བའི་ཁ་དོག་འདྲ། །པདྨ་དཀར་པོས་ཤིན་ཏུ་བརྒྱན། །མ་རུངས་འོད་འབར་ཕྲེང་བ་ཅན། །སྤུ་ཡང་སེང་གེ་འདྲ་བར་འདུག །རྟ་མགྲིན་ཞེས་སུ་བསྒྲགས་པ་སྟེ། །བློ་ཅན་སྤྱན་རས་གཟིགས་ཀྱིའོ། །ཞེས་པ་ནི་དཀར་བར་གནས་པའི་ལྷ་མོའི་འོག་ལོགས་སུ་འཕགས་པ་རྟ་མགྲིན་བྲི་སྟེ།
རིག་པའི་རྒྱལ་པོ་ཞེས་པ་ནི་པདྨོའི་རིགས་ཀྱི་རིག་པའི་རྒྱལ་པོ་སྟོབས་ཅན་ཞེས་པ་སྟེ་མཐུ་ཆེན་པོའི་ཡོན་ཏན་ནོ། །ཉི་མ་འཆར་བའི་ཁ་དོག་འདྲ། །ཞེས་པ་ནི་ཁ་དོག་དམར་བར་བསྟན་པའོ། །པདྨོ་དཀར་པོས་ཀུན་ནས་བརྒྱན། །ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དཀར་བས་
བརྒྱན་པའོ། །མ་རུངས་པ་ཞེས་པ་ནི་ཁྲོ་བས་འཇིགས་པའི་གཟུགས་སོ། །འོད་འབར་བའི་ཕྲེང་བ་ཅན་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པར་བྱེད་པའི་ཡེ་ཤེས་ཅན་ཏེ། དེ་བསྲེགས་ནས་ཆོས་ཀྱི་དབྱིངས་རྣམ་པར་ཐར་པ་འཐོབ་པར་འགྱུར་བ་སྟེ། དེ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་
དག་པའི་རང་བཞིན་དཀར་བར་གནས་པའི་ལྷ་མོའི་འོག་ཟད་དུ་བྲི་སྟེ། བར་ཆད་མེད་པའི་ལམ་གྱི་རང་བཞིན་དུ་ཤེས་པར་བྱའོ། །སྤུ་ཡང་སེང་གེ་འདྲ་བར་འདུག །ཅེས་པ་ནི་སེང་གེ་ལྟར་སུས་ཀྱང་ཟིལ་གྱིས་མི་ནོན་པའི་མཚན་མའོ། །རྟ་མགྲིན་ཞེས་སུ་བསྒྲགས་ཞེས་པ་ནི་ཆོས་ལ་འབིགས་པའི་
ཡེ་ཤེས་མྱུར་ཞིང་མགྱོགས་པ་རྟ་དང་འདྲ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་པ་རྟ་དང་འདྲ་བའི་ཕྱིར་རྟ་མགྲིན་ཞེས་བྱའོ། །བློ་ཅན་སྤྱན་རས་གཟིགས་ཀྱིའོ། །ཞེས་པ་ནི་དེ་དག་སྤྱན་རས་གཟིགས་ཀྱི་འཁོར་ལོ་ཅན་གྱིས་ཤེས་པར་བྱའོ་ཞེས་པ་སྟེ་དེ་དག་གི་པདྨོའི་རིགས་ཀྱི་དཀྱིལ་འཁོར་རང་
བཞིན་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་དུ་བྲིས་པ་སྟེ། རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་ནི་མཐའ་ཡས་པས་བྲིར་ཡང་མི་ལང་བས། དཀྱིལ་འཁོར་འདི་དག་ཐམས་ཅད་ནི་རང་བཞིན་གྱི་དཀྱིལ་འཁོར་སྡུད་པའི་སྒོར་གྱུར་པར་ཤེས་པར་བྱའོ། །སངས་རྒྱས་རྣམས་ནི་ལྷོ་ཕྱོགས་སུ། །བྱང་ཆུབ་

སེམས་དཔའ་མགོན་རྣམས་ཀྱི། །ཕྱག་རྒྱ་མཐུ་ཅན་བྲི་བ་ནི། །རེ་བ་ཐམས་ཅད་ཡོངས་འགྲུབ་པ། །ཡིད་བཞིན་ནོར་བུ་ཞེས་སུ་གྲགས། །པདྨོ་དཀར་ལ་གནས་པར་རོ། །ཞེས་པ་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་གྲུ་གསུམ་པའི་ལྷོ་ཕྱོགས་སུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་
ནོར་བུ་ཡིད་བཞིན་འདྲ་བ་བྲི་སྟེ། བྱང་ཆུབ་སེམས་དཔའ་རྣམས་བྲི་ན། གྲངས་མེད་མཐའ་མེད་པས་དེ་རྣམས་སྡུད་པའི་སྒོར་གྱུར་པའི་ཕྱག་རྒྱ་བྲི་བར་ཤེས་པར་བྱའོ། །སྐལ་བ་ཆེན་པོ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ལ་བྱའོ། །གཉིས་སུ་ན་བསྙེན་པ་ཆེན་པོ་ཞེས་ཀྱང་བྱ་སྟེ་
སེམས་ཅན་མང་པོས་བསྙེན་པའི་ཕྱིར་རོ། །བྱ་བ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དོན་བྱེད་པའོ། །ཡིད་བཞིན་ནོར་བུ་ཞེས་བསྒྲགས་པ། །ཞེས་པ་ནི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་བཞིན་པའོ། །ཡང་ན་ཕྱག་རྒྱ་
ཡིད་བཞིན་གྱི་ནོར་བུ་ལྟར་བྲི་ཞེས་པའོ། །པདྨོ་དཀར་པོ་གནས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དཀར་བ་ལས་བྱུང་བའོ། །མགོན་པོ་ཡི་ནི་ལྷོ་ཕྱོགས་སུ། །སྣང་མཛད་ཆེན་དེའི་ཞེས་པ་ནས། །འོད་ཀྱིས་བསྐོར་བ་རྡོ་རྗེ་འཆང་། །ཞེས་པའི་བར་དུ་ཕྱག་ན་རྡོ་རྗེའི་བྱེ་བྲག་སྟེ།
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལྷོ་ཕྱོགས་སུ་བྲིའོ། །དེ་ཡང་ནན་ཏན་ཡེ་ཤེས་ཀྱི་མཚན་ཉིད་དེ། བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་བྲི་བ་ནི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ་འགྱིང་བའི་ཚུལ་དུ་གནས་པས་བཅོམ་ལྡན་འདས་ཞི་བ་དང་རྗེས་སུ་མཐུན་པའི་ཕྱིར་གཡོན་དུ་བྲིའོ། །རེ་བ་ཀུན་ནི་
རྫོགས་པར་བྱས་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་ནན་ཏན་བྱེད་པས་ན། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །འཕྲོ་བ་མཐའ་ཡས་རྒྱ་ཆེན་པོ། །ཞེས་པ་ནི་སེམས་ཅན་གྱི་དོན་དུ་མཐའ་ཡས་པར་རྒྱུ་སྟེ། དེ་ཡང་རྒྱ་ཆེ་བའི་རྒྱུའོ། །འོད་ཀྱིས་བསྐོར་བ་ནི་ཡེ་
ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །རྡོ་རྗེ་འཆང་བ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བའོ། །དེ་ཡི་གཡས་སུ་བྲི་བ་ནི། །མཱ་མ་ཀཱི་ཞེས་བྱ་བ་ནི། །ལྷ་མོ་ཕྱག་ན་རྡོ་རྗེ་འཆང་། །རྡོ་རྗེ་རྒྱན་གྱིས་བརྒྱན་པའོ། །ཞེས་པ་ནི་རྡོ་རྗེའི་ཡུམ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྡན་པའི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། མཱ་མ་ཀཱི་ཞེས་པ་ནི། མཱ་མ་ཀཱི་ནི་ཕྱག་ན་རྡོ་རྗེའོ། །མཱ་མ་ཀཱི་བས་མཱ་མ་ཀཱི་ཞེས་བྱའོ། །ཕྱག་ན་རྡོ་རྗེ་ཇི་ལྟར་མཱ་མ་ཀཱི་ཞེ་ན། གདུག་པ་དང་མ་རུངས་པ་རྣམས་གདུག་པའི་བྱ་བ་བྱེད་པ་ལ་མ་བྱེད་ཅེས་འགོག་པ་སྟེ། མ་བྱེད་པ་ཞེས་བྱ་སྟེ།
ཡུམ་དེའི་མ་བྱེད་ཅེས་བྱའོ། །རྡོ་རྗེ་འཆང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱག་ན་རྡོ་རྗེ་རྩེ་གསུམ་པ་འཆང་བའོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་ཞེས་པ་ནི་རྒྱན་རྣམས་ཀྱི་མཚན་མ་རྡོ་རྗེས་བཏབ་པ་སྟེ། རྡོ་རྗེ་རིགས་ཀྱི་མཚན་མའོ། །དེ་ཡི་འོག་ཟད་བྲི་བ་ནི། །སྟོབས་ཆེན་རྡོ་རྗེ་ཁབ་ཅན་མ། །ལྷ་མོ་
ཞ་འབྲིང་བས་བསྐོར་ཏེ། །བཞིན་ནི་ཡིད་ཙམ་འཛུམ་པ་སྟེ། །ཞེས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་བར་ཆད་པ་མེད་པའི་ལམ་གྱི་རང་བཞིན་པས་དེའི་འོག་ཏུ་བྲི་སྟེ། རྡོ་རྗེ་རྩེ་ཅན་མ་ཞེས་པ་ནི་ཆོས་ཉིད་ལ་འབིགས་པར་བྱེད་པའི་ངང་ཚུལ་ཅན་ནོ། །སྟབས་ཅན་ཞེས་པ་ནི་དེའི་ཡོན་ཏན་
ནོ། །ལྷ་མོ་ཞ་འབྲིང་མས་བསྐོར་བ་ཞེས་པ་ནི་དེ་མ་ཐག་པའི་ལམ་གྱི་ཡན་ལག་རྣམས་དང་ལྡན་པའོ། །ཡང་ན་རྒྱལ་པོའི་འཁོར་བས་མངག་གཞུག་མ་ལ་སོགས་པ་སྲིད་པའི་ཕྱིར་རོ། །དེ་བཞིན་ཡིད་ཀྱིས་འཛུམ་པ་སྟེ། །ཞེས་པ་ནི་ཏིང་ངེ་འཛིན་དུ་མ་ཞུགས་པས་སེམས་ཅན་གྱི་དོན་མཛད་པའི་
ཕྱིར་རོ། །གཡོན་དུ་སྔགས་པས་བྲི་བ་ནི། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ། །རྡོ་རྗེ་ལུ་གུ་རྒྱུད་ཐོགས་པ། །རང་གི་འཁོར་གྱིས་བསྐོར་བ་སྟེ། །ཁ་དོག་པྲི་ཡང་ཀུ་བ་ཞིན་སྔོ། །རྡོ་རྗེ་མཚན་མས་མཚན་བྱས་པའོ། །ཞེས་པ་ནི་ཕྱག་ན་རྡོ་རྗེ་གཡོན་དུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་བྲིས་ཏེ། ལུ་གུ་རྒྱུད་ནི་
འཕགས་པའི་ལམ་གྱི་རང་བཞིན་ཏེ། སེམས་ཅན་རྣམས་ལམ་དེར་འདྲེན་ཞིང་འཛུད་པར་བྱེད་པའི་མཚན་མའོ། །ཡང་ན་རྒྱལ་པོའི་འཁོར་གྱིས་ཕུལ་བས་གདུག་པ་དང་མ་རུངས་པ་རྣམས་བཟུང་ཞིང་འདོགས་པའི་མཚན་ཉིད་དོ། །རང་གི་འཁོར་གྱིས་བསྐོར་བ་སྟེ། །ཞེས་པ་ནི་རྡོ་རྗེ་ལུ་གུ་རྒྱུད་
མ་དེ་ཉིད་ཀྱི་འཁོར་མངག་གཞུག་མ་ལ་སོགས་པ་རྣམས་ཀྱིས་བསྐོར་བའོ། །རྡོ་རྗེ་མཚན་མས་མཚན་བྱས་པའོ། །ཞེས་པ་ནི་རྒྱན་རྣམས་ལ་རྡོ་རྗེ་མཚན་གྱིས་བཏབ་པའོ། །ཕྱག་ན་རྡོ་རྗེ་འོག་ལོགས་སུ། །ཞེས་པ་ནས། ཁྲོ་བོ་ཆེན་པོ་འདི་འདྲ་བས། །པདྨོའི་གདན་ལ་གནས་པར་བྲི། །

ཞེས་པའི་བར་དུ་ཕྱག་ན་རྡོ་རྗེའི་བྱ་བ་ནན་ཏན་གྱི་ཡེ་ཤེས་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་དུ་གྱུར་པ་ཁྲོ་བོ་ཟླ་བ་ཐིག་ལེའི་བྱེ་བྲག་སྟེ། མ་ཟད་འོག་ཏུ་བྲི་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་སྦྱོར་བ་བར་ཆད་མེད་པའི་ལམ་གྱི་རང་བཞིན་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སར་མ་ཕྱིན་པའི་འོག་ཏུ་
བྲིའོ། །ཁྲོ་བོ་ཁམས་གསུམ་གྲགས་པ་ཞེས་པ་ནི་ཡོན་ཏན་གྱིས་འཇིག་རྟེན་གསུམ་དུ་གྲགས་པའོ། །བགེགས་དང་དགྲ་ཆེན་ཞི་བར་བྱེད། །ཅེས་པ་ནི་ལྷ་དང་གནོད་སྦྱིན་ལས་འབྱུང་བའི་བགེགས་རྣམས་མི་ལ་སོགས་པའི་དགྲ་སེལ་བར་བྱེད་པའོ། །ཟླ་བ་ལྟར་ཡོངས་སུ་དག་ཅིང་སེམས་
ཅན་ཐམས་ཅད་ཀྱི་རྒྱུད་ཚིམ་པར་བྱེད་པའི་རང་བཞིན་ནོ། །ཐིག་ལེ་ནི་ཐིག་ལེའི་མཚན་མ་དང་ལྡན་པའམ། ཡང་ན་ནི་ཏི་ལ་ཀ་ཞེས་པ་ནི་རྒྱ་གར་སྐད་དུ་གཙོ་བོའི་རྣམ་པ་ལ་བྱ་སྟེ། ཁྲོ་བོ་ཟླ་བའི་གཙོ་བོ་ལྟ་བུར་ཞེས་བྱའོ། །སྤྱན་གསུམ་པ་ནི་ཡེ་ཤེས་ཀྱི་སྤྱན་ལྷག་པར་མངའ་བའམ་ཁྲོ་
བའི་མཚན་མའོ། །མཆེ་བ་བཞི་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་དང་ལྡན་པའོ། །འོད་ནི་དབྱར་གྱི་སྤྲིན་འདྲ་བར། །ཞེས་པ་ནི་ཁ་དོག་དབྱར་གྱི་སྤྲིན་འདྲ་བ་སྟེ། དབྱར་གྱི་སྤྲིན་གྱི་རླུང་དང་ཆར་པར་བཅས་པའི་
བག་གནས་པ་སྟེ། དེ་དང་འདྲ་བས་ལས་ཐམས་ཅད་བྱེད་པའི་མཚན་མའོ། །དྲག་པོ་རྒོད་པའི་སྒྲ་འབྱིན་པ། །ཞེས་པ་ནི་རྒོད་པའི་སྒྲས་ཐམས་ཅད་ཁེངས་ཤིང་གནོད་པར་འགྱུར་བའི་སྒྲ་འབྱིན་པའོ། །རྡོ་རྗེའི་རྒྱན་གྱིས་ཤིན་ཏུ་བརྒྱན། །ཞེས་པ་རྒྱན་རྣམས་ལ་རྡོ་རྗེ་མཚན་མས་བཏབ་པའོ། །
མཐའ་ཡས་འཁོར་གྱིས་བསྐོར་བ་ནི། །ཁྲོ་བོའི་འཁོར་གྱིས་བསྐོར་བ་ཞེས་པ་ནི་འཁོར་ཕལ་དང་ཁྲོ་བོ་གྲངས་མེད་པས་བསྐོར་བའོ། །ལག་པ་བརྒྱ་སྟོང་དུ་མ་ཞེས་པ་ནི་ལམ་གྱི་ཡན་ལག་བརྒྱ་སྟོང་དུ་མས་སེམས་ཅན་རྣམས་འཕགས་པའི་ལམ་ལ་འཛུད་པའམ། ཡན་ལག་དེ་རྣམས་ཀྱིས་ལམ་
གྱི་སྒྲིབ་པ་མང་པོ་རྣམས་སེལ་བའི་མཚན་མའོ། །མཚོན་ཆ་དུ་མ་སྣ་ཚོགས་ཞེས་པ་ནི་ལམ་གྱི་ཡན་ལག་ཡོན་ཏན་རྣམས་རྡོ་རྗེ་ལ་སོགས་པའི་མཚོན་ཆར་གྱུར་པའོ། །ཁྲོ་བོ་ཆེན་པོ་དེ་འདྲ་བར། །པདྨོའི་གདན་ལ་གནས་པར་བྲི། །ཞེས་པ་ནི་གོང་དུ་སྨོས་པའི་ཚུལ་དུ་བྲི་སྟེ་འཁོར་ཡན་ལག་

མང་པོ་རྣམས་ནི་ཡིད་ཀྱིས་བསམ་པར་བྱ་སྟེ། ཉུང་ཟད་ཅི་འོས་པར་བྲི་བར་བྱའོ། །དེ་ཡི་ནུབ་ཏུ་སོང་ནས་ནི། །རྡོ་རྗེ་འཛིན་པ་མང་དུ་བྲི། །ལག་ན་རྡོ་རྗེ་མཚོན་ཆ་ཐོགས། །མཐུ་ཆེན་ཁ་དོག་སྣ་ཚོགས་པ། །དཔའ་བོ་འོད་ཀྱི་འཁོར་གྱིས་བསྐོར། །སེམས་ཅན་ཀུན་གྱི་དོན་
བྱེད་པའོ། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་འཁོར་རྡོ་རྗེ་འཛིན་པ་རྣམས་བྲི་སྟེ། མིང་དང་ཆ་ལུགས་དག་གསང་བའི་དཀྱིལ་འཁོར་ལས་འབྱུང་བ་དང་སྦྱར་བར་བྱའོ། །སྔགས་མགོན་གྱི་ནི་འོག་ལོགས་སུ། །ནཻ་རྀ་ཏི་ནི་ཕྱོགས་ལོགས་སུ། །ཞེས་པ་ནས། ཁྲོ་བོ་ལྟ་བུ་གཞོན་ནུའི་གཟུགས། །ཞེས་
པའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཆད་མེད་པའི་ལམ་དུ་གྱུར་པ། བཅོམ་ལྡན་འདས་ཀྱི་འོག་མ་ཟད་དུ་འཕགས་པ་མི་གཡོ་མགོན་བྲི་བའི་བྱེ་བྲག་གསུངས་པ་སྟེ། ལག་ན་རལ་གྲི་ཐོགས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་
གཅོད་པའི་ཤེས་རབ་ཀྱི་མཚན་ཉིད་དོ། །ཞགས་པ་ནི་ལམ་གྱི་མཚན་ཉིད་དོ། །ལམ་དེར་སེམས་ཅན་ཐམས་ཅད་འདྲེན་ཞིང་འཛུད་པའོ། །མིག་གཅིག་བཙུམས་པ་ནི། བར་ཆད་མེད་པའི་ལམ་གྱི་རང་བཞིན་པས་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་དུ་མ་ཆུད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་
ཡོངས་སུ་རྫོགས་པའི་མཚན་མའོ། །འབར་བས་བསྐོར་བའི་ནང་ན་འདུག །ཅེས་པ་ནི་སྒྲིབ་པ་སེལ་བའི་ཡེ་ཤེས་དང་ལྡན་པའོ། །མཁྲེགས་པ་ནི་ཕྱིན་ཅི་མ་ལོག་པ་ཡོངས་སུ་རྫོགས་པའི་ལམ་གྱི་རང་བཞིན་པས་བརྟན་ཞིང་མི་འགྱུར་བའོ། །གཞོན་ནུ་མའི་གཟུགས་ནི་བར་ཆད་མེད་པའི་ལམ་
ལ་དང་པོ་ཞུགས་པས་ལམ་རྒྱས་པའི་མཚན་མ་སྟེ། དེ་བས་ན་བར་ཆད་མེད་པའི་ལམ་རྒྱས་པའི་མཚན་ཉིད་ཁམས་གསུམ་རྣམ་པར་རྒྱལ་བ་རླུང་གི་ཕྱོགས་སུ་གཞག་གོ། །བྲིས་ནས་བློ་ཅན་འགྲོ་བ་ནི། །རླུང་ཕྱོགས་སུ་སྟེ་ནན་ཏན་བྱ། །ཞེས་པ་ནས། ཟད་པའི་དུས་བཞིན་འདུག་པའོ། །ཞེས་
པའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཆད་མེད་པའི་ལམ་རྫོགས་པའི་རང་བཞིན་ཁམས་གསུམ་རྣམ་པར་རྒྱལ་བ་བྲི་བའི་བྱེ་བྲག་གསུངས་པ་སྟེ། ཟད་པའི་དུས་བཞིན་འདུག་པའོ། །ཞེས་པ་ནི་ཟད་པའི་ཚེ་ཉི་མ་དང་ཟླ་བ་མེད་དེ་མུན་ནག་ཏུ་

འགྱུར་ཏེ། ཁྲོ་བོ་དེའི་ཁ་དོག་ཀྱང་མུན་པ་དང་འདྲ་བ་ནག་པོ་བྲི་ཞེས་པའི་དོན་ཏོ། །དེ་བཞིན་ནང་རོལ་བྲིས་པ་རྣམས། །རྒྱས་པ་རུ་ནི་བཤད་པ་ཡིན། །ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་དུ་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་རང་བཞིན་གྱི་དཀྱིལ་འཁོར་རྣམས་སྡུད་པར་འགྱུར་བ་ཡེ་ཤེས་ལྔའི་
མཚན་མ་འཁོར་དང་བཅས་པར་བཤད་ཅེས་པའོ། །ད་ནི་དཀྱིལ་འཁོར་གཉིས་པའི་སྣམ་བུའི་སྐུ་མི་ཟད་པའི་རྒྱན་སྡུད་པར་གྱུར་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་དང་། དབང་པོ་དང་གཤིན་རྗེ་ལ་སོགས་པའི་ཚུལ་དུ་བསྟན་པ་འཁོར་དང་བཅས་པ་བྲི་བར་བཤད་པར་བྱ་སྟེ། གཉིས་པོའི་ཆ་ནི་
ངེས་པ་རུ་ཤར་ཕྱོགས་ཀྱི་དབུས་སུ་ཆ་གཉིས་རྣམ་པར་བརྟགས་པའི་སྒོ་ཁྱུད་ཀྱི་ནང་རོལ་དུ། སྔགས་པས་བྲི་བ་ཤཱཀྱ་ཐུབ། །རྒྱས་པ་གསེར་གྱི་ཁ་དོག་འབར། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །མགོན་པོ་ཆོས་གོས་གསོལ་བཞིན་ཏེ། །གཙོ་བོ་ཆོས་ཀྱི་དོན་བྱེད་པ། །པདྨ་
དཀར་པོའི་གདན་ལ་བཞུགས། །བཞུགས་པ་ཆོས་ཀྱང་འཆད་པ་བཞིན། །ཞེས་པའི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དཀྱིལ་འཁོར་ཉིས་རིམ་གྱི་ཤར་གྱི་ངོས་ཆ་གཉིས་བགོས་པའི་དབུས་སུ་བབ་པའི་སྒོ་ཁྱུད་ཀྱི་ནང་དུ་བྲིས་ཏེ་ཤཱཀྱ་ཐུབ་པ་ཞེས་པ་ནི། ཤཱཀྱའི་རིགས་ལས་བྱུང་ཞིང་
ལུས་དང་ངག་ཡིད་གསུམ་ཐུབ་པའི་ངང་ཚུལ་ཅན་ནོ། །ཤར་ཕྱོགས་སུ་བྲི་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པས་སྔར་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པ་བསྟན་པའོ། །གསེར་གྱི་ཁ་དོག་ནི་རྒྱས་པའི་མཚན་མ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་རང་བཞིན་གྱི་
ཕྱིར་རོ། །འབར་བ་དང་བཅས་པ་