Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 69
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
ནི། ངོ་བོ་ཉིད་གཅིག་པ་མི་འགྱུར་བར་ཡོངས་སུ་གྲུབ་པས་རྟག་པར་འགྲོ་བ་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཐོག་མ་མེད་པ་ཐམས་ཅད་ཀྱི་དང་པོར་གྱུར་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་དེ་བདག་ཉིད་ཀྱི་ཐུགས་ལ་ བཞག་ནས། ང་ནི་འཇིག་རྟེན་དང་པོའི་ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་ང་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་འཇིག་རྟེན་སྐྱེ་བ་དང་འཇིག་པ་དང་ལྡན་པ་རྣམས་ཀྱི་དང་པོ་ཡིན་ནོ། །ཕྱོགས་འདི་ལ་ནི་ཚིགས་སུ་བཅད་པ་དང་མཐུན་པར་རྣམ་པར་དབྱེ་བ་དང་པོ་ མི་མངོན་པར་བསྟན་པར་རིག་པར་བྱའོ། །ཆོས་བཤད་དོ་ཞེས་བྱ་བ་འདིའི་དོན་ཡང་ཆོས་ཀྱི་སྐུའི་དབང་གིས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་གསུང་བཀོད་པའི་རྒྱན་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་འགྲུབ་པའི་ཕྱིར་རོ་སྙམ་པ་ཡིན་ནོ། །ཆོས་ཀྱི་སྐུ་ལ་འཇུག་པ་ཡང་གསང་ བའི་དཀྱིལ་འཁོར་བསྟན་པའི་སྐབས་སུ་བསྟན་ཏེ། རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བ་བཤད་པའི་སྐབས་དེར་ཇི་སྐད་དུ། དེ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་ལ་བཞུགས་ནས་ཆོས་མཉམ་པ་ ཉིད་ལ་བལྟས་ཏེ། མ་འོངས་པའི་སྐྱེ་བོ་རྣམས་ལ་བརྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་འདི་སྨྲས་སོ་ཞེས་བྱ་བ་ལ་སོགས་པ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །བསམ་པ་ཐམས་ཅད་མགུ་གྱུར་པ། །རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་ པས། །འདི་སྐད་ཀྱི་ནི་ཚིག་ཏུ་སྨྲས། །ཆོས་འདི་རྣམས་ནི་མཚན་ཉིད་མེད། །ངོ་བོ་ཉིད་མེད་གནས་མེད་པ། །ལས་དང་ཚེ་ལས་རྣམ་པར་གྲོལ། །རྫོགས་པའི་སངས་རྒྱས་འདྲ་བར་འདོད། །ཐུགས་རྗེ་མངའ་ནི་མཛད་པ་ཡི། །མགོན་པོ་རྣམས་ཀྱི་ཐབས་ཀྱིས་ནི། ། རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་གྱུར། །ཞེས་བྱ་བའི་བར་བསྟན་པ་ལྟ་བུ་ཡིན་ནོ། །དཀྱིལ་འཁོར་དུ་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་རྣམ་པ་གསུམ་ཆར་ཡང་བཤད་ཟིན་ཏོ་ཞེས་བྱ་བའི་ཆོ་ག་ནི། འོག་ནས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་ལ་སྦྱོར་བ་ལ་གོམས་པའི་སྒོ་ནས་ཀུན་ནས་བསྡུ་བར་བྱ་སྟེ། འདི་ནི་དཀྱིལ་འཁོར་རྣམ་པ་གསུམ་ཆར་ལས་བཤད་པའི་ཆོ་ག་བསྡུས་པའི་དོན་ཡིན་ནོ།། །།བམ་པོ་ལྔ་པ། ད་ནི་རིག་སྔགས་དང་གསང་སྔགས་ལ་སོགས་པ་མཉེས་པར་བྱ་བའི་ཕྱིར། སྒྲུབ་པ་ པོ་རྣམས་ཀྱི་སྤྱོད་པའི་འབྲས་བུ་དང་བཅས་པ་རྒྱུད་ལས་བཤད་པའི་བསྡུས་པའི་དོན་དཔྱད་པར་བྱའོ། །དེ་ལ་སྒྲུབ་པ་པོའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་དང་། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྔར་བསྙེན་ པའི་ཆོ་གའི་མཚན་ཉིད་ཅན་གྱི་སྦྱོར་བའི་སྤྱོད་པ་དང་། དེ་བཞིན་དུ་སྤྱོད་པ་གསུམ་པ་གསང་སྔགས་བསྒྲུབས་པས་གསང་སྔགས་ཀྱི་འབྲས་བུ་འགྲུབ་པ་སྟེ། འབྲས་བུ་ནི་གསང་སྔགས་ཀྱི་འབྲས་བུའི་ངོ་བོ་ཉིད་དངོས་གྲུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་གསང་སྔགས་མཉེས་ པར་བྱ་བ་ལ་འཇུག་པའི་སྤྱོད་པ་ནི། ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བའི་མཚན་ཉིད་ཇི་སྐད་དུ་བཤད་པ་དག་ཡིན་ནོ། །དེ་ལས་གཞན་པ་དག་ནི་རིག་སྔགས་དང་གསང་སྔགས་མཉེས་པར་བྱེད་པའི་དམ་ཚིག་གི་ངོ་བོ་ ཉིད་ཡིན་ཏེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཡང་དང་ཡང་དུ་སྙིང་རྗེ་དང་། །བྱམས་པའི་སེམས་ནི་ཉེར་བཞག་སྟེ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་ པ་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རེ་ཞིག་འདི་ནི་གསང་སྔགས་མཉེས་པར་བྱེད་པ་རྣམས་ཀྱི་འཇུག་པའི་སྤྱོད་པ་ཕལ་ཆེར་ཐུན་མོང་དུ་བྱ་བའི་ངོ་བོ་ཉིད་ཡིན་ནོ། །དེ་ལས་གཞན་པ་དག་ ནི་འདི་ལས་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་དང་། གསང་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྤྱོད་པ་ཐུན་མོང་དུ་བཤད་པ་དག་ཡིན་ཏེ། དེ་ཡང་འདི་ལས་བསླབ་པ་བཟུང་བར་རིམ་པར་ཕྱེ་བ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ཐབས་དང་བཅས་པའི་རྗེས་སུ་བྱེད་པའི་ངོ་ བོ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པའི་གཞི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཚོམ་དང་ཡིད་གཉིས་མ་མཆིས་ཤིང་འཁོར་བ་ན་འཁོར་བའི་ ཚེ། ཉམས་པར་མི་འགྱུར་བ་དག་བཤད་དུ་གསོལ་ཞེས་བྱ་བ་རྒྱས་པར་གསུངས་པ་ནས་ཡང་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པར་བྱའོ། །བརྫུན་དུ་སྨྲ་བ་དང་། ངག་ རྩུབ་མོ་སྨྲ་བ་དང་། ཕྲ་མ་ཟེར་བ་དང་། ཚིག་འཁྱལ་པར་སྨྲ་བ་ལས་ཕྱིར་ལྡོག་པར་བྱའོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ལས་ཀྱང་ཕྱིར་ལྡོག་པར་བྱའོ་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། འདི་དག་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ལས་འདའ་ བ་དང་མི་འདའ་བ་ནི་རྒྱུད་འདི་ལས་ཡོངས་སུ་དཔྱད་པར་བྱ་སྟེ། འདི་ནི་སྒྲུབ་པ་པོ་རྣམས་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་འཇུག་པས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཕྱིའི་ཞེས་བཤད་པ་ཡིན་ནོ། །ནང་གི་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཉམ་པར་འཇོག་པ་དང་། མཐུན་པ་ཁོ་ན་ཡིན་ཏེ། དེ་ཡང་འདི་ལས་སེམས་ཀྱི་རྒྱུན་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་མཉམ་པར་འཇོག་པ་དང་མཐུན་པ་ཉིད་དུ་རྣམ་པ་གཉིས་སུ་བསྟན་པར་ཤེས་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ཀྱི་གོམས་པའི་མཐུ་དང་མཐུན་པར་བསྟན་པ་ཡིན་ནོ། །དེ་ལ་སྒྲུབ་ པ་པོའི་འཇུག་པའི་སྤྱོད་པ་མཚན་མ་མེད་པ་ནི། བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་དེ་གང་གི་དབང་དུ་མཛད་ནས། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཞིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་ སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །ཞེས་གསུངས་པ་ཡིན་ནོ། །རེ་ཞིག་འདི་ནི་གསང་སྔགས་སྒྲུབ་པ་ཐམས་ཅད་ཀྱི་འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དུ་ཡང་དེ་བཞིན་གཤེགས་པའི་སྙིང་ པོ་རྣམས་བསྒྲུབ་པའི་སྐབས་ནས། འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་ཁོ་ནར་བཤད་དེ། གང་གི་དབང་དུ་མཛད་ནས། སྐྱེད་མོས་ཚལ་ལམ་གཙུག་ལག་ཁང་ངམ། ཕུག་གམ་ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་ནམ་མཚན་མ་ བྱུང་གི་བར་དུ་དེ་སྲིད་དུ་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་མཚན་མ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་སེམས་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་འདི་ལས། སློབ་མས་བསྒྲིམས་ ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་དུ་དག་པར་བྱའོ། །གང་ཚེ་དམིགས་པ་རྣམས་ཀྱིས་ནི། །སློབ་མ་ནམ་ཡང་མི་གཡོ་བ། །དེ་ཚེ་ནམ་མཁའ་ལྟ་བུར་ནི། །དྲི་མེད་ཀུན་དུ་དག་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་གཞན་ལས་ཀྱང་སེམས་ཡོངས་སུ་སྦྱོར་བ་མཚན་མ་དང་ བཅས་པ་དང་མཚན་མ་མེད་པ་ལ་དམིགས་པའི་ཏིང་ངེ་འཛིན་གོམས་པ་ལས་སེམས་དམིགས་པ་གཅིག་ལ་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པས་བཟླས་བརྗོད་ལ་སོགས་པ་ལ་བཏུབ་པའི་སེམས་མཉམ་པར་འཇོག་པ་གྲུབ་པ་གང་ཡིན་པ་དེ་ཉིད་དེ་ཡོངས་སུ་སྦྱོར་བའི་མཚན་ཉིད་ དུ་གསུངས་ཏེ། སྣ་ཡི་རྩེ་མོར་བལྟ་ཞིང་རྣམ་རྟོག་སྤང་། །གང་ཚེ་རྣམ་པར་སྤྱོད་ཀྱང་མི་གཡོ་བ། །དེ་ཚེ་སེམས་ནི་དམིགས་པ་ལ་གནས་པ། །ཐོབ་པར་འགྲུབ་ཅེས་བྱ་བར་ཤེས་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ཉིད་ལས་སེམས་དམིགས་པ་གཅིག་ལ། བརྟན་པ་ལུས་དང་སེམས་ཀྱི་ཡོན་ཏན་འབྱུང་བས་བཟླས་བརྗོད་ཀྱི་ལྷ་བསྒོམ་པ་ལ་སོགས་པ་བཏུབ་པ་ཉིད་དུ་བསྟན་པའི་ཕྱིར། སྒྲུབ་པ་པོ་ནི་བསམ་གཏན་དང་ལྡན་པའི། །མི་ལ་དགའ་བའི་མཆོག་ནི་སྐྱེ་བར་འགྱུར། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པར་འགྱུར། །ཤིན་ཏུ་ལུས་ སྦྱངས་པ་ལས་བདེ་སྟེར་འགྱུར། །དགའ་ཞིང་བདེ་ན་དེ་ཚེ་དོགས་མེད་པར། །བཟླས་བརྗོད་དག་ལ་ཡིད་གཅིག་ཏིང་འཛིན་སྐྱེ། །ཞེས་གསུངས་སོ། །དེ་བཞིན་དུ་དེ་ཉིད་ལས་བཟླས་བརྗོད་བྱེད་པ་ན་སེམས་བརྟན་པའི་བཟླས་བརྗོད་བྱེད་པའི་ཕན་ཡོན་བཤད་དེ། བཟླས་བརྗོད་ཀྱིས་ ནི་ཚེ་རབས་བརྒྱུད་པར་གང་། །སྡིག་པ་བྱས་ཏེ་མ་ལུས་ཟད་པར་འགྱུར། །སྡིག་པ་ངན་པ་ཀུན་ནས་ཟད་གྱུར་ན། །དངོས་གྲུབ་ཡིད་དུ་འོང་བ་ཐོབ་པར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས་སེམས་བརྟན་པར་མ་བྱས་པའི་བཟླས་བརྗོད་ཀྱི་སྦྱོར་བའི་ལུང་ཡང་ བསྟན་ཏེ། ལེ་ལོའི་དགའ་དང་སྡུག་བསྔལ་མཚུངས་ལྡན་པའི། །སེམས་ནི་གང་དང་གང་དུ་རྒྱུར་གྱུར་པ། །དེ་དང་དེ་ནས་བསྒྲིམས་ཏེ་དེ་བཟློག་ནས། །གསང་སྔགས་ཡི་གེ་མཆོད་བྱ་དག་ལ་སྦྱར། །ཞེས་གང་གསུངས་པ་ཡིན་ནོ། །སེམས་ མཉམ་པར་གཞག་པའི་མཚན་མ་འདི་ནི་རང་གི་སེམས་ཡོངས་སུ་སྦྱང་བ་དང་། མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་འོག་ནས་འབྱུང་བ་དག་ལས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་འཇུག་པའི་སྤྱོད་པ་མཚན་མ་ མེད་པའི་རྣལ་འབྱོར་གོམས་པའི་མཚན་ཉིད་ཅན་ཡང་བཤད་དོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །མཚན་མ་རྣམས་གང་ནས་བྱུང་། ཅི་བདག་གི་ ལུས་སམ་བདག་གི་སེམས་སམ། བདག་གི་ཡིད་ལས་བྱུང་། དེ་ལ་ལུས་ནི་ལས་ལས་སྐྱེས་པ་སྟེ། རྩྭ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ་བླུན་པ། ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ། བཟོས་བྱས་པའི་གཟུགས་ལྟ་བུར་བརྟག་པར་བྱའོ། །ཇི་ལྟར་བཟོས་བྱས་པའི་གཟུགས་ དེ་ལས་མི་ཞིག་ཁྲོས་ཏེ། མེའམ་དུག་གམ་མཚོན་ནམ་ཆུའམ། རྡོས་བཤིག་གམ་བསྲེགས་སམ་བཅད་ཀྱང་། མི་དགའ་ཅུང་ཟད་ཀྱང་མེད་ལ། བཟའ་བའམ། བཏུང་བའམ། བཀྲུ་བའམ། བྱུག་པའམ། སྤོས་སམ་ཕྲེང་བའམ་གོས་སམ་ཙནྡན་ནམ་ག་པུར་ལ་སོགས་པ་ལྷ་དང་མིའི་ཡོ་ བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ། རང་གི་ང་རྒྱལ་ཀུན་ནས་བསླང་བའི་ཕྱིར་ཕྱིན་ཅི་ལོག་གི་ཡང་དག་པ་མ་ཡིན་པར་རྟོག་པ་ལས་བྱུང་བའི་མཆོད་པའམ་གནོད་པར་བྱེད་པའི་མི་གང་ཡིན་པ་ དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ། །གསང་བའི་བདག་པོ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པས་ངོ་བོ་ཉིད་ཀྱིས་སྟོང་པར་བསྒྲུབ་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་། སེམས་ནི་ངོ་བོ་ཉིད་མེད་པ་མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་ པར་བྱའོ། །གསང་བའི་བདག་པོ་སེམས་ལས་ནི། དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་མཚན་མ་དང་བྲལ་བའོ་སྙམ་དུ་བསམ་པར་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོགས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚིག་བླ་དགས་མ་ཡིན་ནོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི། མ་སྐྱེས་པའོ་ཞེས་བྱ་བར་ནི་རབ་ཏུ་མི་ཤེས་སོ། །གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་དེ་ལྟར་ བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བའི་བདག་པོ་ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། ། འདིར་སེམས་ཞེས་བྱ་བའི་སྒྲ་ནི་གཟུགས་ལ་སོགས་པ་ལ་དམིགས་པ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་བཟུང་སྟེ། སེམས་ཀྱི་དམིགས་པ་གཟུགས་ལ་སོགས་པ་དེ་དག་ནི་གཅིག་དང་དུ་མའི་རིགས་པའམ། གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དཔྱད་ན། ངོ་བོ་ཉིད་མེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་སེམས་ཀྱིས་དམིགས་པར་རུང་བ་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པའི་དམིགས་པ་མེད་པའི་ཕྱིར། དེ་ལ་དམིགས་པར་བྱེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ་ཡིན་ནོ། །གང་མ་སྐྱེས་པ་ དེ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བར་རྣམ་པར་གཞག་པར་རུང་བ་མ་ཡིན་ནོ། །དེའི་ཕྱིར་སེམས་ལ་དུས་གསུམ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པའི་ཕུང་པོ་བཞིའི་ངོ་བོ་ཉིད་ལ་དམིགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་ཉིད་ཀྱི་སེམས་ མེད་པར་བརྟག་པར་བྱའོ། །ད་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཀྱི་སེམས་ཀྱང་གཟོད་མ་ནས་མ་སྐྱེས་ཤིང་མ་བྱུང་བ་ཉིད་དུ་བརྟགས་པའི་ལུང་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོགས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚིག་བླ་དགས་སོ། །ཡང་ དག་པ་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བར་ནི། མི་ཤེས་སོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་འདིར་ཡིད་ཅེས་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཡིན་པར་དགོངས་ཏེ། དེ་སྐད་དུ་འདི་ལས། དཀར་པོ་སེར་པོ་དམར་པོ་གང་། ། ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །དེ་ལ་ཡོངས་སུ་གཅོད་པ་གང་། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། །སེམས་ནི་མགུ་ནས་ངེས་གྱུར་པ། །ཏིང་ངེ་འཛིན་ཞེས་བསྒྲགས་པ་ཡིན། །རྣལ་འབྱོར་དེར་གནས་རྫོགས་སངས་རྒྱས། །རྐང་གཉིས་དམ་པར་བསམ་པར་བྱ། །ཞེས་གསུངས་ སོ། །འདིར་དཀར་པོ་ནི་ཟླ་བའི་དཀྱིལ་འཁོར་རོ། །སེར་པོ་ནི་སའི་དཀྱིལ་འཁོར་རོ། །དམར་པོ་ནི་མེའི་དཀྱིལ་འཁོར་ཏེ་ཅི་རིགས་པར་རྒྱུད་འདི་ལས་རྫོགས་པར་སངས་རྒྱས་པ་ལ་སོགས་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་བསྟན་པ་ཉིད་དུ་བཤད་དོ། །ཡིད་དེ་ ལ་སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པར་སྣང་བ་གང་ཡིན་པ་དེ་སྔར་མཛད་པའི་རིགས་པ་ཉིད་ཀྱིས་དཔྱད་ན་རུང་བ་མ་ཡིན་པས་རྣལ་འབྱོར་པ་རྣམས་དེའི་རྣམ་པ་ཅན་གྱི་ཡིད་ཀྱང་མེད་པ་ལ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ཚིག་བླ་དགས་ སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བ་གསུངས་ཏེ། དེ་སྐད་དུ་གཞན་ལས་ཀྱང་། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བ་དེ་དོ་ན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་བཤད་དོ། །དེ་ལྟར་མཚན་མ་མེད་པའི་ ཏིང་ངེ་འཛིན་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་དང་པོ་ཉིད་དུ་ལུས་མ་བསྒོམས་པའི་གཟུགས་ཉིད་རང་བཞིན་གྱིས་བེམས་པོ་ཉིད་ཡིན་པས་སྔོན་པོ་ལ་སོགས་པ་མཚན་མའི་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་ཉིད་ལ་འཇུག་གོ། །དེའི་འོག་ཏུ་སྔར་བཤད་པའི་ཚུལ་གྱིས། ཕྱིའི་གཟུགས་ ལ་སོགས་པའི་ཕུང་པོ་ཡང་མེད་པ་ལ་ཞུགས་ནས་དེ་ལ་དམིགས་པའི་སེམས་ཀྱང་སྐྱེ་བ་མེད་པར་སེམས་པར་བྱེད་དོ། །དེའི་ཕྱིར་རྣལ་འབྱོར་པས་དོན་དང་སེམས་ཅན་ལ་སོགས་པར་སྣང་བའི་ཡིད་ཀྱང་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་དོན་ དང་འབྲེལ་པ་ཉིད་ཀྱིས་མེད་པ་ལ་ཞུགས་ཏེ། ཐོས་པ་དང་། བསམ་པ་དང་བསྒོམ་པའི་སྒོ་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་བྱའོ་ཞེས་བྱ་བར་གནས་སོ། །འདིའི་ཕན་ཡོན་བཤད་པ་ཡང་འདི་ཡིན་ཏེ། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་རེག་པའི། །དེ་ཚེ་ སྔགས་པས་དངོས་གྲུབ་ནི། །ཡིད་ལ་ཡང་དག་འབྱུང་བ་འཐོབ། །ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་མཚན་མ་མེད་པའི་རྣལ་འབྱོར་གྱི་ཕན་ཡོན་བསྟན་པའི་སྐབས་ནས། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་ པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པར་བརྟེན་པར་བྱ། །ཞེས་གཞན་འདི་ཡང་གསུངས་སོ། །སྒྲུབ་པ་པོ་འཇུག་པའི་སྤྱོད་པ་མཚན་མ་དང་ བཅས་པ་ནི། ནང་གི་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བཟླས་བརྗོད་ཡན་ལག་བཞི་པའི་སྐབས་ནས། བདག་ལྷར་སྒྱུར་བ་ལ་སོགས་པ་ཡན་ལག་བཞིའི་གོམས་པའི་མཚན་ཉིད་བཤད་པ་ནི་གཅིག་ཡིན་ཏེ། གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ཞེས་ བྱ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་སྒྲུབ་པའི་སྐབས་ནས། བདག་ཉིད་རྫོགས་པར་སངས་རྒྱས་པའི་སྐུར་བསྒྱུར་བ་གོམས་པའི་སྒོ་ནས་བཤད་པ་ཡིན་ཏེ། དེ་ནས་སྙིང་པོ་དེ་དག་ལས་གང་ཡང་རུང་བ་ཅིག་ བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཐམས་ཅད་ཀྱི་སྤྱིའི་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་རྣལ་འབྱོར་གོམས་པའི་སྒོ་ནས། སེམས་སྦྱོར་ བའི་མཚན་ཉིད་བཤད་པ་འདི་ཡིན་ཏེ། དེ་ཡང་མིག་གཉིས་སུ་ར་ཞེས་པ་སྣང་བའི་བཀོད་པས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྫོགས་པར་བྱང་ཆུབ་པའི་སྐུ་སྙིང་པོ་ཨ་ཞེས་བྱ་བས་བསྒྲུབ་པ་པདྨོ་ལ་བཞུགས་པར་བསྒོམས་ལ། རང་གི་ཀླད་པའི་རྒྱས་ ཀྱི་ནང་དུ། ཡང་སྙིང་པོ་ཨཾ་ཞེས་བྱ་བ་དེ་བཞིན་གཤེགས་པའི་གནས་སྐབས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་རྗོད་པར་བྱེད་པར་གྱུར་པ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལས་བཤད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་འབྱུང་བའི་ཕྱག་རྒྱ་ལ་གནས་པའི་རྡོ་རྗེའི་དཀྱིལ་ན་ འདུག་པར་ཇི་སྲིད་དུ་མིག་ཏུ་བཀོད་པའི་ར་ཞེས་བྱ་བའི་སྣང་བས་ཟླ་བའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྫོགས་པར་བྱང་ཆུབ་པའི་སྐུ་པདྨ་ལ་བཞུགས་པ་གཟུགས་བརྙན་ལྟ་བུར་མཐོང་བའི་བར་དུ་ལེགས་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་འོད་ཀྱི་ལམ་གྱིས་རང་ གི་སེམས་གྱེན་དུ་བཏང་ཞིང་ཀླད་པའི་རྒྱས་སུ་བཀོད་པའི་སྙིང་པོ་ཨཾ་ཞེས་བྱ་བ་དེ་ཤིན་ཏུ་ཆ་ཕྲ་ཞིང་ཟླ་བ་ལྟར་དཀར་ལ་རབ་ཏུ་གསལ་བར་སྣང་བ་ཉིད་དུ་བྱ་སྟེ། ཡུན་དེ་ལྟ་བུར་རིང་དུ་བསྒོམ་པར་བྱའོ། །དེ་ནས་སྔར་མིག་གཉིས་སུ་ར་ཞེས་བྱ་བ་བཀོད་པའི་གནས་སུ་ལ་ཞེས་བྱ་བ་ཟླ་བ་ལྟར་དཀར་བ་ ཉིད་བཀོད་ནས་དེའི་ཚེ་ན་ཆོས་ཐམས་ཅད་མཚན་ཉིད་དང་བྲལ་བའོ་ཞེས་བྱ་བར་སེམས་ཤིང་ཆོས་ཀྱི་སྐུ་ལ་མོས་པས་རང་གི་ལུས་རིལ་དང་འཇིག་རྟེན་གསུམ་གྱི་མཐས་གཏུགས་པར་སྟོང་པར་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ། །དེའི་མཇུག་བསྡུ་བ་ནི་རང་གི་ལུས་དེ་བཞིན་གཤེགས་པ་ལ་ སོགས་པ་དང་ལྡན་པ་ཇི་ལྟར་བཀོད་པ་དང་ལྡན་པ་མཐོང་བའི་སྒོ་ནས་བྱས་ལ། དེ་བཞིན་གཤེགས་པ་ལ་སོགས་པར་སྣང་བ་མཇུག་བརྟུལ་བ་ཡང་རང་གི་ལུས་འབའ་ཞིག་ལྟ་བའི་སྒོ་ནས་བྱ་སྟེ། དེ་ལྟ་བས་ན་འདི་ནི་རིམ་གྱིས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ གཉིས་སེམས་པའི་སྒོ་ནས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ནང་གི་ཡིན་པར་བལྟ་བར་བྱ་སྟེ། ཇི་སྐད་དུ། དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །དེ་ལ་ཡོངས་སུ་གཅོད་པ་གང་། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། །སེམས་ནི་མགུ་ནས་ངེས་གྱུར་པ། །དེ་ནི་སྙིང་ཞེས་ བཤད་པ་ཡིན། །གནས་དེར་གནས་པའི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེན་སྟེར་བར་འགྱུར། །དེ་རུ་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། །ཨ་ཞེས་བྱ་བ་འབར་ཕྲེང་འཁྲུག །བཟང་པོ་དེ་རུ་གནས་པ་ལ། །ཞི་བ་ཀུན་དུ་རྣམ་པར་གཡོ། །གཙོ་བོ་སྣ་ ཚོགས་གཟུགས་མངའ་བ། །གློག་སྟོང་དག་ནི་འཁྲུག་པ་བཞིན། །སྣ་ཚོགས་ཀུན་དུ་སྟོན་པ་ནི། །མེ་ལོང་ཕུག་ན་གནས་པ་བཞིན། །ཆུ་ཡི་ཟླ་བ་རྣམ་པ་བཞིན། །ཐམས་ཅད་ན་ཡང་མདུན་ན་གནས། །སྔགས་པས་གསང་སྔགས་ལ་གནས་པ། །ཡིད་ནི་བདེ་བར་ཤེས་ནས་སུ། ། དེ་ནས་སྔགས་པས་སྟོང་དུ་ཡང་། །ཀླད་པའི་རྒྱས་ཀྱི་དབུས་སུ་ནི། །ཀླད་ཀོར་བཅས་པའི་མཚན་མ་ཅན། །ཨཾ་ཞེས་བྱ་བ་དེར་བསམས་ཏེ། །ཤེལ་དངས་པ་དང་གངས་འདྲ་བ། །དྲི་མེད་དག་པ་མཐོང་བ་ནི། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །དེ་ལས་གསང་ སྔགས་དངོས་གྲུབ་ནི། །སྣ་ཚོགས་གཟུགས་ཅན་འཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་གནས་མཐོང་ན། །མཐོ་རིས་དང་ནི་བྱང་གྲོལ་ཐོབ། །ར་ཞེས་བྱ་བ་མར་མེ་བཞིན། །འབར་བའི་མིག་ཏུ་བཞག་ནས་ཀྱང་། །མགྲིན་པ་ཅུང་ཟད་དགུ་པོར་བྱ། །ལྕེ་ཡང་རྐན་ལ་སྦྱར་ནས་ ནི། །སྙིང་གའི་གནས་སུ་རྣམ་བལྟ་ཞིང་། །མཉམ་པར་བཞག་སྟེ་ཡིད་ལ་བལྟ། །དྲི་མེད་ཤིན་ཏུ་རྣམ་དག་པར། །རྟག་ཏུ་མེ་ལོང་བཞིན་དུ་གནས། །དེ་ནི་ཡིད་ཀྱི་ཡང་དག་པར། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །ཡིད་ཀྱིས་སྣང་བྱས་ལམ་ལ་ནི། །རྣམ་པར་ཤེས་པ་སྣང་ བར་འགྱུར། །དེ་ནས་སྔགས་པས་རྫོགས་སངས་རྒྱས། །རྐང་གཉིས་གཙོ་བོ་མཐོང་བར་འགྱུར། །དེ་མཐོང་སྔགས་པས་དངོས་གྲུབ་ནི། །རབ་ཏུ་རྟག་པ་ཐོབ་པར་འགྱུར། །དེ་ནས་གོང་དུ་བསྒྱུར་ནས་སུ། །ཡི་གེ་ཡོངས་སུ་བསམ་པ་ནི། །ལ་ཞེས་བྱ་བ་ཀླད་ཀོར་བཅས། །མིག་གི་ གནས་སུ་བསམ་པར་བྱ། །འདི་ཀུན་སྟོང་པར་མཐོང་ན་ནི། །གོ་འཕང་མི་ཉམས་ཐོབ་པར་འགྱུར། །ཡེ་ཤེས་རླབས་པོ་ཆེའམ་ནི། །ཡང་ན་མངོན་ཤེས་ལྔ་པོ་དང་། །རིག་སྔགས་འཆང་གྱུར་དངོས་གྲུབ་དང་། །ཚེ་རིང་གཞོན་ནུར་གྱུར་པ་གང་། །གལ་ཏེ་མཐོང་བར་འདོད་ན་ནི། །ཇི་སྲིད་ འདི་དག་མ་བསྙེམས་པར། །དེ་སྲིད་འཐོབ་པར་མི་འགྱུར་རོ། །གསང་སྔགས་ཡེ་ཤེས་ལས་བྱུང་བའི། །འདི་ནི་དེ་ཉིད་ཡེ་ཤེས་མཆོག །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ཡང་གསང་སྔགས་ཐམས་ཅད་སྒྲུབ་པར་བྱེད་པའི་ཐབས་དང་ཤེས་ རབ་བསླབ་པའི་སྔགས་པ་རྣམས་ཀྱིས་སྒྲུབ་པ་པོའི་སྤྱོད་པའི་མཚན་ཉིད་ཅན་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། རྣལ་འབྱོར་གྱི་ངོ་བོ་ཉིད་ཁོ་ནར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དུ་བཅོམ་ལྡན་འདས་ཀྱིས་དཔའ་བོ་ཆེན་པོའི་སྙིང་པོ་སྒྲུབ་པར་ བྱེད་པ་རྣམས་ཀྱི་བསྒྲུབ་པའི་སྤྱོད་པ། བྱང་ཆུབ་ཀྱི་སེམས་གོམས་པ་སྔོན་དུ་འགྲོ་བ་ཅན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སའི་དཀྱིལ་འཁོར་ལ་གནས་པ་བདག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་འགྲུབ་པའི་མཚན་ཉིད་ཀྱང་གསུངས་པ་ཉིད་དེ། ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་ བཞིན་བྱ། །སྔགས་པ་སྔ་མ་བཞིན་འདུག་ལ། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །བདག་ཉིད་ཨ་ཞེས་བྱ་བ་ནི། །ཀླད་ཀོར་རྒྱས་དང་བཅས་བྱས་པ། །ཐམས་ཅད་ཤིན་ཏུ་སེར་ཞིང་བཟང་། །གྲུ་བཞི་རྡོ་རྗེས་མཚན་བྱས་ཤིང་། །སྔགས་པས་དེར་གནས་རྫོགས་པ་ཡི། །སངས་རྒྱས་ ཀུན་གྱི་གཙོ་བོར་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བདག་གི་དེ་ཉིད་ཡིན་པར་གསུངས། །ནམ་ཞིག་སྔགས་པས་བདག་གི་ནི། །དེ་ཉིད་དོགས་པ་མེད་གྱུར་པ། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པ་ཉིད་དུ་འགྱུར། །ངོ་མཚར་སྣ་ཚོགས་དག་དང་ལྡན། །མིག་ འཕྲུལ་ཅན་གྱི་གནས་འདུག་ལ། །སྔགས་པས་ནམ་ཞིག་མཉམ་གཞག་ན། །སྲིད་པ་རབ་ཏུ་དོགས་པར་ནི། །ཐོག་མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་འགྱུར། །བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་ནི་ནམ་ཞིག་སྒོམ་བྱེད་པ། །དེ་ཚེ་སྔགས་པ་རྣལ་འབྱོར་ པ། །ཆུ་ཡིས་པདྨ་ལྟ་བུར་ནི། །དགེ་དང་མི་དགེའི་འབྲས་བུར་ནི། །ལས་ཀྱིས་རྟག་པར་མི་གོས་ན། །འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་གང་གསུངས་པ་ཡིན་ཏེ། འདི་ནི་གསང་སྔགས་སྒྲུབ་པར་བྱེད་པའི་འཇུག་པའི་སྤྱོད་པ་མཚན་མ་དང་ བཅས་པ་ནང་གི་བཤད་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པ་ཅི་རིགས་པར་ཕྱི་དང་ནང་གི་འཇུག་པའི་སྤྱོད་པ་གང་ཡང་རུང་པ་ལེགས་པར་བྱས་པའི་མཚན་ཉིད་ཅན་གྱིས་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་སྔོན་དུ་བསྙེན་པའི་བཟླས་བརྗོད་ཀྱི་མཚན་ཉིད་བརྩམ་པར་བྱའོ། །དེ་ཡང་ མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བཟླས་བརྗོད་ཀྱི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་མཚན་མ་དང་བཅས་པའི་བཟླས་བརྗོད་ཀྱི་སྦྱོར་བ་ནི། གསང་སྔགས་སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་སྦྱོར་བ་ཕྱིའི་བཟླས་བརྗོད་ཡན་ལག་བཞིའི་མཚན་ཉིད་ཅན་བརྩམ་པར་བྱའོ་ ཞེས་བཤད་པ་ཁོ་ན་ཡིན་ཏེ། དེའི་ཆོ་ག་ཡང་འདི་ལས། ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །བཞི་ནི་རང་གི་ལྷ་ བཞག་ལ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །ཅེས་ བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་བཞིས་བཟླས་བརྗོད་བྱེད་པ་རྣམས་ཀྱི་ནང་གི་བཟླས་བརྗོད་ཡན་ལག་བཞི་པའི་སྦྱོར་བ་ཡང་བཤད་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རྒྱུད་ལས་བསྟན་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཨ་བྱང་ཆུབ་ཀྱིའོ། ། ཨཱ་སྤྱོད་པའོ། །ཨཾ་རྫོགས་པར་སངས་རྒྱས་པའི་གོ་འཕང་ངོ་། །ཨཿམྱ་ངན་ལས་འདས་པའོ་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བས་ན་སྙིང་པོ་བཞི་པོ་དེ་དག་གིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་དང་། སྤྱོད་པ་དང་། རྫོགས་པར་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་ཡེ་ཤེས་ ཀྱི་གནས་སྐབས་དག་བསྡུ་བ་ཡིན་ནོ། །དེ་ལ་བྱང་ཆུབ་ནི་རང་གི་སེམས་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་ཅིང་ཡེ་ཤེས་སྐྱེ་བ་མེད་པར་རྟོགས་པ་ཡིན་ཏེ། བྱང་ཆུབ་རྟོགས་པའི་གནས་སྐབས་དེ་ཡང་སྙིང་པོ་ཨ་ཞེས་བྱ་བས་མཚོན་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པའི་དུས་ཉིད་ན། ཆོས་ཉིད་ཀྱིས་ཐོབ་པ་སྐུ་དང་གསུང་དང་ཐུགས་བཀོད་པ་མི་ཟད་པ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པར་བཞུགས་པ་དག་གིས་འགྲོ་བ་གསུམ་ཆར་ཁྱབ་ཅིང་སེམས་ཅན་གྱི་དོན་དང་སྒྲོལ་བར་བྱེད་པའི་ མཚན་ཉིད་ཅན་གྱི་བདག་ཉིད་གང་ཡིན་པ་འདི་ཉིད་བཅོམ་ལྡན་འདས་ཀྱི་སྤྱོད་པ་ཞེས་བཤད་དོ། །དེ་ཡང་སྙིང་པོ་ཨཱ་ཞེས་བྱ་བ་རིང་དུ་འདྲེན་པས་མཚོན་པ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་དེ་བུད་ཤིང་ཟད་ནས་མེ་མི་འབར་བ་བཞིན་དུ་དམིགས་པ་མེད་ པས་ཤེས་བྱ་ལ་མི་འཇུག་པ་དེའི་ཚེ། ཤེས་བྱ་སྟོང་པ་ཉིད་དུ་བརྗོད་པའི་ཀླད་ཀོར་དང་ལྡན་པ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་སེམས་དང་ཡུལ་རྣམས་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཀུན་ནས་སངས་རྒྱས་པ་ཞེས་བྱ་སྟེ། ཡེ་ཤེས་དེ་རྟོགས་པའི་གནས་སྐབས་དེ་ཡང་ཨཾ་ཞེས་བྱ་བ་འདིས་ མཚོན་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་དང་ཤེས་བྱ་དག་སྟོང་པ་ཉིད་རང་གི་ངོ་བོ་ཡང་ངོ་བོ་ཉིད་མེད་དོ། །ཞེས་བྱ་བ་ལ་དེ་ལྟར་རྟོགས་པའི་གནས་སྐབས་དེ་ཉིད་ན། མྱ་ངན་ལས་འདས་པ་དང་འདྲ་བ་མཐའ་ལས་འདས་པ་སྟོང་པ་ཉིད་རྟོགས་པའི་གནས་སྐབས་ཡིན་ ཏེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་རྗོད་པར་བྱེད་པའི་སྙིང་པོ་ཨཿཞེས་བྱ་བ་ཆོ་ག་གཉིས་དང་ལྡན་པས་མཚོན་པར་བྱེད་པ་ཡིན་ནོ། །དེ་ལ་སྙིང་པོ་བཞི་པོ་འདི་དག་ནི་ནང་གི་བཟླས་བརྗོད་ཡན་ལག་བཞི་པའི་སྦྱོར་བ་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ཉིད་ཨ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་ བཞི་པས། སྙིང་པོ་གང་ཡང་རུང་བ་གཅིག་གིས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བསམས་ལ། སྙིང་པོ་ཡི་གེ་འདི་ཉིད་ཀྱིས་རྫོགས་པའི་སངས་རྒྱས་བདག་དང་གཉིས་སུ་མེད་པར་གྱུར་པ་དེའི་ཐུགས་ཀར་དེར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་སྐུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གདན་པདྨ་ལ་བཞུགས་པ་གཞན་ཞིག་བསམས་ནས་དེའི་ཐུགས་ཀར་ཡང་སྙིང་པོ་ཡི་གེ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་ཞིང་དེ་བཟླས་བརྗོད་བྱ་བ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ནས་སྙིང་པོ་དེ་དག་གང་ ཡང་རུང་བ་གཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་པོ་སྙིང་གར་བཞག་སྟེ་ཡིད་བསྒྲུབ་པར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་དྲི་མ་མེད་པར་བརྟན་པར་རབ་ཏུ་མི་གཡོ་བ་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུར་རབ་ཏུ་ཕྲ་བ་ལ་མངོན་དུ་བལྟ་ཞིང་ རྟག་ཏུ་གོམས་པའི་སྦྱོར་བས། རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་བའི་བར་དུ་བྱའོ། །དེ་ནས་གཞི་གཉིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་དེ་ཉིད་ན། པདྨའི་རྒྱལ་པོ་ཆེན་པོ་ལ་བཞུགས་པ་ཕུག་ན་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ པ་ཐོར་ཚུགས་དང་དབུ་རྒྱན་ཅན་འོད་ཟེར་མཐའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་། །མཉམ་པར་གཞག་པས་བཟླས་བརྗོད་བྱའོ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་རང་གི་ལྷ་ཆོས་ཀྱི་སྐུ་སྦྱོར་བའི་སྒོ་ནས་ཀྱང་ཅིར་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་ཀྱི་ཆོ་ག་བཤད་དེ། འདི་ལས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་ཀྱིས་གོ་རིམས་བཞིན་དུ་ཡོངས་ སུ་མ་དག་པ་དང་ཡོངས་སུ་དག་པའི་སྐུ་གཉིས་ཀྱི་བྱེ་བྲག་གི་སྒོ་ནས། ལྷའི་སྐུའི་ངོ་བོ་ཉིད་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ཡང་ཡོངས་སུ་དག་པ་ནི་ཆོས་ཀྱི་སྐུ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡེ་ཤེས་རྣམ་པ་མེད་པའི་རང་བཞིན་གྱི་མཚན་ཉིད་ཡིན་ནོ། །ཡོངས་སུ་མ་དག་པ་ཡང་ཀུན་ དུ་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ཇི་ལྟར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་གདུལ་བྱའི་སྐྱེ་བོ་ལ་སྣང་བའི་དབང་གིས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །ལྷའི་ཁྱད་པར་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་དེ་ལས་གཞན་པ་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཇི་ལྟར་གཟུང་བ་བཞིན་དུ་སྣང་བ་ཡང་། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོངས་སུ་མ་དག་པ་ཡིན་ནོ། །འདིར་ཡང་དེ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི་སེམས་གོམས་པའི་མཚན་ཉིད་ཇི་ལྟར་རྟོགས་པ་གང་ཡིན་ པ་དེ་ནི་དེ་དག་གི་ཡང་ཆོས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་སྟེ། དེ་སྐད་དུ་གཞན་ལས་ཀྱང་། གསང་སྔགས་བྱང་ཆུབ་སེམས་ཡིན་ཏེ། །ཞེས་གསང་སྔགས་སྤྱིའི་མཚན་ཉིད་གསུངས་སོ། །སྐུ་དེ་གཉི་གའི་མཚན་ཉིད་ཀྱང་འདི་ལས་ཡོངས་སུ་བསྟན་ཏེ། ལྷའི་གཟུགས་ཀྱང་ རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་ པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་ མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་སྒྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བརྟེན་པར་བྱ། །ཞེས་གང་གསུངས་པ་ཡིན་ཏེ། ལྷའི་སྐུ་མཚན་མ་མེད་པ་ལ་འཇུག་པའི་ཐབས་དེ་ཡང་འདི་ལས་སྔར་མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་བཤད་ པ་འདི་ཉིད་དོ། །དེ་ལ་རང་གི་ལྷ་ལ་སོགས་པ་ཀུན་དུ་བརྟགས་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་སྣང་བའི་མཚན་ཉིད་ཀྱི་སྐུས་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་སྒྲུབ་པ་ནི་སྔར་བཤད་ཟིན་ཏོ། །རང་གི་ལྷ་ཆོས་ཀྱི་སྐུའི་མཚན་ཉིད་ཅན་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ ནས་བཟླས་བརྗོད་སྒྲུབ་པའི་སྦྱོར་བའི་གོ་རིམས་འདི་ཡིན་ཏེ། དེ་ལ་རེ་ཞིག་སྔ་མ་བཞིན་དུ་བཟླས་བརྗོད་ཡན་ལག་བཞི་ལ་སོགས་པ་ཐམས་ཅད་མངོན་དུ་བྱས་ལ་རང་གི་ལྷའི་སྐུ་བདག་དང་གཉིས་སུ་མེད་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་ངོ་བོ་ཉིད་ཀུན་དུ་བརྟགས་པར་སྣང་བ་ལ་རྡུལ་ཕྲ་རབ་ཏུ་རྣམ་ པར་གཞག་པར་བརྟགས་པའམ་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པའམ། དེ་བཞིན་དུ་རང་གི་སེམས་ཁ་ནང་དུ་བལྟས་པར་བྱ་བའི་སྦྱོར་བའི་སྒོ་ནས་སྲོག་སླར་སྡུད་པའི་རིགས་པའམ། དེར་སྣང་བ་ཡིད་ལ་མི་བྱེད་པའི་སྒོ་ནས་ཀྱང་རུང་སྟེ། ཇི་ལྟར་རྟོགས་པ་བཞིན་སེམས་རང་ རིག་པ་ཙམ་རང་གི་ལྷའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད་པ་མངོན་དུ་བྱ་སྟེ། ཅི་རིགས་པར་རང་གི་ཡིད་ལ་རིག་སྔགས་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བསྟན་པའི་ཕྱིར། ཡིད་ཀྱི་འཇིག་རྟེན་འདས་ཞེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་སྦྱོར་བ་ དང་། །ཐ་དད་མ་ཡིན་འཇིག་པའོ། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། འདི་ནི་སྒྲུབ་པ་པོ་རྣམས་ཀྱིས་སྔོན་དུ་བསྙེན་པའི་ཚེ་གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྦྱོར་བའི་སྤྱོད་པ་བཤད་པ་ཡིན་ནོ། །ད་ནི་སྔར་བསྙེན་པ་བྱས་ཟིན་ པའི་གསང་སྔགས་ཀྱི་དངོས་གྲུབ་སྒྲུབ་པའི་སྤྱོད་པའི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་ནི་གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་དཀྱིལ་འཁོར་འདི་ཡིན་ཏེ། འདི་ལྟར་ཇི་སྐད་དུ་གསང་སྔགས་སྒྲུབ་པའི་དཀྱིལ་འཁོར་གྱི་ མཚན་ཉིད། ཀུན་དུ་གྲུ་བཞི་ལྷམ་པ་སྟེ། །སྒོ་གཅིག་པ་ལ་མུ་རན་ཅན། །ཐམས་ཅད་ཁ་དོག་སེར་པོ་ཡི། །རྡོ་རྗེ་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་ཕན་ཚུན་འབྲེལ་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ཏེ། དཀྱིལ་འཁོར་གྱི་མཚན་ཉིད་རྒྱས་པར་གསུངས་ནས། དེ་ནི་བསྲུང་བྱས་དེར་འདུག་སྟེ། །སྦྱངས་པའི་རྫས་ནི་བླངས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན། །ཞེས་ བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་ལྟ་བས་ན་འདི་ནི་ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་མཚན་ཉིད་རྣམས་བསྒྲུབ་པའི་ཕྱིར་ཕྱིའི་སྒྲུབ་པའི་དཀྱིལ་འཁོར་དངོས་སུ་བཤད་པ་ཡིན་ནོ། །ནང་གི་དཀྱིལ་འཁོར་ནི་མེ་དང་རླུང་དང་ཆུ་དང་སའི་མཚན་ཉིད་ཡིན་ཏེ། དེ་དག་གོམས་པར་ བྱས་པས་ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་ལ་རག་ལས་པ་མངོན་པར་ཤེས་པ་ལ་སོགས་པའི་མཚན་ཉིད་དག་ཁོ་ན་སྒྲུབ་པར་བྱེད་དོ། །ནང་གི་དངོས་གྲུབ་དེ་དག་གི་མཚན་ཉིད་ཀྱང་འདི་ལས་དཔའ་བོ་ཆེན་པོའི་རིམ་པར་ཕྱེ་བ་དང་ཡི་གེ་བརྒྱ་པ་རིམ་པར་ཕྱེ་བ་བསྟན་པ་ལས་དངོས་སུ་བསྟན་ པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་འདི་ལས་ནང་གི་དངོས་གྲུབ་རྣམས་འགྲུབ་པར་བྱ་བའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་དབང་ཐོབ་པ་གཞན་ཡང་གསུངས་པ་ཉིད་དོ། །གང་ཚེ་མཚན་མ་མེད་པའི་ས། །ཏིང་འཛིན་ཇི་ལྟ་བཞིན་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ ལས་ཡང་དག་འབྱུང་བ་ཐོབ། །ཅེས་གསུངས་སོ། །འདིར་དངོས་གྲུབ་ཡིད་ལས་ཡང་དག་པར་འབྱུང་བར་བསྟན་པ་ནི། དངོས་གྲུབ་ཐམས་ཅད་རྣམ་པར་དབྱེ་བ་ལས་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་ཐོབ་གང་ཡིན་དེས། །དངོས་གྲུབ་དེ་ལས་གཞན་ཅི་དགོས། ། དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང་། །དེ་བཞིན་ས་ནི་གནོན་པ་དང་། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང་། །སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཕྱི་དང་ནང་གི་འཇུག་པའི་ སྤྱོད་པའི་དཀྱིལ་འཁོར་དུ་འཇུག་པ་དང་། བྱང་ཆུབ་ཀྱི་སེམས་གོམས་པ་དང་། སེམས་སྤྱོད་པ་ལ་སོགས་པའི་མཚན་ཉིད་བཤད་པ་འདི་ནི་སྦྱོར་བའི་སྤྱོད་པ་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་མཚན་ཉིད་ལ་འཇུག་པར་འགྱུར་བ་ཡིན་ནོ། །དེ་ལ་སྦྱོར་བའི་བཟླས་བརྗོད་ཡན་ ལག་བཞི་པ་ལ་སོགས་པའི་མཚན་ཉིད་ནི་འདི་ཡིན་ཏེ། འདི་ལྟ་སྟེ་རེ་ཞིག་དང་པོར་རིམ་པ་གང་ཡང་རུང་བས་བཟླས་བརྗོད་ཀྱི་སྦྱོར་བ་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་བདག་ཉིད་ཀྱི་སྒོ་ནས་ཇི་སྲིད་དུ་སྔགས་ཀྱི་སྔོན་དུ་བསྙེན་པ་བཟླས་བརྗོད་ཇི་སྐད་བཤད་པ་ཡོངས་སུ་ རྫོགས་པ་དེ་སྲིད་དུ་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ། །གསང་སྔགས་ཀྱི་བསྙེན་པའི་བཟླས་བརྗོད་ཀྱང་རྒྱུད་འདི་ལས་རྣམ་པ་གསུམ་དུ་ངེས་པར་གསུངས་ཏེ། འདི་ལྟ་སྟེ། གྲངས་དང་དུས་ངེས་པ་དང་མཚན་མ་བྱུང་བའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ལེགས་པར་གོམས་པ་ཅི་རིགས་པར་ཀུན་ རྫོབ་དང་དོན་དམ་པའི་བདེན་པའི་ལྷའི་ངོ་བོ་ཉིད་ཀྱི་ངང་དུ་བྱས་པ་ལ་ནི་སྤྱིར་གསང་སྔགས་ཐམས་ཅད་དང་ཁྱད་པར་དུ་དེ་བཞིན་གཤེགས་པའི་སྙིང་པོ་བཞི་རྣམས་ལས་གང་ཡང་རུང་བའི་སྔོན་དུ་བསྙེན་པའི་དུས་སྔ་མ་དང་པོར་གྲངས་ཀྱི་བསྙེན་པ་བཟླས་བརྗོད་འབུམ་བྱ་བ། སྔོན་དུ་འགྲོ་བའི་བཟླས་ བརྗོད་ཟླ་བ་གཉིས་སུ་ངེས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ། །དཔའ་བོ་ཆེན་པོའི་ཡི་གེ་རྣམས་ཀྱི་སྔོན་དུ་བསྙེན་པ་ནི། སྒྲུབ་པ་པོ་བདག་གི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ངང་དུ་བྱས་པའི་རྣལ་འབྱོར་གྱི་གཞི་ཅན་ལ་བཟླས་བརྗོད་ཀྱི་གྲངས་སོ་སོར་ཡོངས་སུ་ཆད་པ་མེད་པ་ཁོ་ནར་གསུངས་སོ། །དེ་ ལ་རེ་ཞིག་བཅོམ་ལྡན་འདས་ཀྱིས་འདི་ལས་གཞུང་འདིས་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བསྙེན་པའི་བཟླས་བརྗོད་ངེས་པའི་མཚན་ཉིད་བཤད་དེ། ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་ བྱའོ། །ཞེས་བྱ་བ་རྒྱས་པར་གསུངས་ནས་ཡང་། དེ་ནས་སྔགས་པས་ཟླ་གཅིག་ཏུ། །ཤིན་ཏུ་བསྡམས་ཏེ་བཟླས་བརྗོད་བྱ། །གསང་སྔགས་སྔོན་དུ་སྤྱད་པ་ནི། །གཞི་གཅིག་ནས་ནི་གཅིག་ཏུ་འཇུག །གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །སྔར་སྤྱད་པ་ཞེས་བཤད་པ་ཡིན། ། དེ་ཕྱིན་ཆད་ནི་གང་ཅུང་ཟད། །མེ་ཏོག་སྤོས་ལ་སོགས་པ་འབུལ། །སངས་རྒྱས་ཉིད་དུ་འགྱུར་བྱའི་ཕྱིར། །དེ་ཚེ་བྱང་ཆུབ་ཏུ་ཡང་བསྔོ། །སྔགས་པས་འཇིགས་མེད་དེ་ལྟ་བུས། །ཟླ་བ་གཉིས་ལ་བཟླས་བརྗོད་བྱའོ། །དེ་ནས་ཟླ་བ་ཉ་བའི་ཚེ། །མི་དེ་སྒྲུབ་པ་ལ་འཇུག་བྱ། །ཞེས་བྱ་བ་ ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དུས་ན་དེ་བཞིན་གཤེགས་པའི་སྙིང་པོ་བཞི་པོ་དག་གི་སྔོན་དུ་བསྙེན་པ་གཞུང་འདིས་ངེས་པར་བཤད་པ་ཉིད་དེ། དེ་ནས་སྙིང་པོ་དེ་དག་ཉིད་ལས་གང་ཡང་རུང་བ་ཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་ པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་ནས། དེ་ལ་སྒྲ་གནས་པར་བསམ་ཞིང་། མཉམ་པར་གཞག་པས་བཟླས་བརྗོད་བྱའོ། །དེ་ནས་སྔོན་དུ་བསྙེན་པ་ནི་འབུམ་ཕྲག་གཅིག་ཏུ་བྱ་བར་བཤད་དེ། དེ་ནས་ཟླ་བ་གཉིས་པ་ལ། །མེ་ཏོག་དྲི་ལ་སོགས་པ་འབུལ། །སེམས་ཅན་རྣམ་ པ་མང་པོ་ཡི། །ཕན་པ་ཉེ་བར་སྒྲུབ་བྱེད་ཅིང་། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཟླ་བ་གཞན་ལས་བཟླས་བརྗོད་བྱ། །དེ་ལ་དེ་རུ་སྦྱོར་བ་འདི། །མཉམ་པར་གཞག་པར་བསམ་པར་བྱའོ། །བདག་གི་བསོད་ནམས་མཐུ་ཡིས་སུ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཐམས་ཅད་ནད་ ཀྱང་མེད་གྱུར་ཅིག །ཡང་ན་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་རྒྱུད་འདི་ལས། སེམས་ཅན་ལ་ཕན་པར་བསྔགས་པའི་སྦྱོར་བ་རྒྱས་པར་བསྟན་པའི་བར་དུ་ཡིན་ནོ། །དེ་བས་ན་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་བཞི་སྔོན་དུ་ བསྙེན་པ་ངེས་པའི་བཟླས་བརྗོད་ཀྱི་སྦྱོར་བས་ཀུན་ནས་བསླང་བ་སྤྱིར་མདོར་ཡང་དག་པར་བསྡུས་པ་ཡིན་ནོ། །རྒྱས་པར་ན་རྒྱུད་འདི་ཉིད་ལས་ངེས་པར་གཟུང་བར་བྱའོ། །དེ་བཞིན་དུ་ནང་གི་རྣལ་འབྱོར་ཡན་ལག་བཞི་པ་བྱས་པ་ལས། བཟླས་བརྗོད་མེད་ཀྱང་ཁྱད་པར་དུ་སྙིང་པོ་ཨ་ ཞེས་བྱ་བ་ལས་བསམ་པའི་སྦྱོར་བས་ཀུན་ནས་བསླང་བའི་ཚེ་བརྟན་པར་བྱེད་པ་དང་། དུག་སལ་བ་འདི་གསུངས་པ་ཉིད་དེ། འོན་ཏེ་སྲོག་གཟུང་བར་འདོད་ན་ཨ་ཞེས་བྱ་བ་སྲོག་དང་ལྷན་ཅིག་ཏུ་བྱས་ལ་དུས་གསུམ་དུ་བསམ་པར་བྱས་ན་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ཉིད་ཀྱི་སྟེང་དུ་ཀླད་ཀོར་ བཞག་ན་གནས་པ་དང་། འགྲོ་བའི་དུག་ཐམས་ཅད་སེལ་ཏོ་ཞེས་གང་གསུངས་པ་ཡིན་ནོ། །བསམ་པའི་སྦྱོར་བའི་སྒོ་ནས་སྙིང་པོ་ཨ་ཞེས་བྱ་བའི་དབང་དུ་བྱ་བའི་སྦྱོར་བ་འདི་ཡང་གསུངས་ཏེ། དེ་ནས་གཟི་ཅན་དབང་དུ་བྱ་བར་འདོད་ན། ཨ་ཞེས་བྱ་བ་བདག་ཏུ་འདོད་པ་ལས་དེ་བཞིན་མི་དབང་ ངོ་། །གཅིག་ལ་པདྨ་གཞག་པར་བྱ། །གཞན་ལ་ཡང་ནི་དུང་བཞག་སྟེ། །གཅིག་ལ་གཅིག་ནི་གདོང་བལྟས་ན། །དེ་ཡི་མོད་ལ་དབང་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིའི་དོན་ནི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུ་ཁ་དོག་དམར་པོར་བསྒོམས་ཏེ། དེའི་ལྕེ་ལ་ པདྨ་དམར་པོ་ཁོ་ན་བསམས་ལ། བསྒྲུབ་པར་བྱ་བ་ཡི་གེ་བ་ཞེས་བྱ་བས་རྡོ་རྗེ་སེམས་དཔའི་སྐུ་ཁ་དོག་དམར་པོར་བསམས་ཏེ། དེའི་ལྕེ་ལ་ཡང་དུང་ཁ་དོག་དམར་པོ་ཁོ་ན་བསམས་ནས། ཕན་ཚུན་གདོང་དུ་བལྟས་ན་དབང་གི་སྦྱོར་བ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་སྙིང་ པོ་བཞི་པོ་དག་གི་སྔོན་དུ་བསྙེན་པའི་བཟླས་བརྗོད་ངེས་པ་དང་། བསམ་པ་ལ་གོམས་པའི་ལས་ཀྱི་སྦྱོར་བ་ངེས་པར་བཤད་པ་ཡིན་ནོ། །འདི་ལས་བཟླས་བརྗོད་ཀྱིས་ཀུན་ནས་བསླང་བའི་དངོས་གྲུབ་ཀྱི་ཆེད་དུ། དཔའ་བོ་སྙིང་པོ་ཆེན་པོའི་ཡི་གེ་སྒྲུབ་པར་བྱེད་པ་རྣམས་ཀྱི་སྔོན་དུ་བསྙེན་པ་རྣལ་འབྱོར་ གྱི་གནས་སྒྲུབ་པ་སྔོན་དུ་འགྲོ་བ་ཅན་གྱི་བཟླས་བརྗོད་ཀྱི་གྲངས་ངེས་པ་ཡང་བསྟན་ལ། བསམས་པས་ཀུན་ནས་བསླང་བའི་ལས་རྣམས་འགྲུབ་པར་བྱ་བའི་ཕྱིར་སྙིང་པོ་དེ་དག་ཉིད་ཀྱིས་བཟླས་བརྗོད་ཀྱི་སྦྱོར་བ་དང་། དེ་བསྒོམས་པས་ཀུན་ནས་བསླང་བའི་དངོས་གྲུབ་རྣམས་ཀྱི་སྦྱོར་བ་ཡང་བསྟན་ཏོ་ཞེས་ བྱ་བར་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་གྱི་གནས་ཀྱི་མཚན་ཉིད་ནི། འདི་ལས། ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ། །ཕྱི་རོལ་དང་ནི་ནང་དུ་ཡང་། །རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ། །དེར་འདུག་ནས་ནི་ཐམས་ཅད་བསམ། །རྣལ་འབྱོར་གནས་ཞེས་ བཤད་པ་ཡིན། །ཞེས་གསུངས་པ་འདི་ཡིན་ནོ། །བཅོམ་ལྡན་འདས་དབང་ཆེན་གྱི་སྐུ་འདི་ལས། གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །དབང་ཆེན་གྱི་ནི་གཞི་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ ལྟར་ན་རྣལ་འབྱོར་གྱི་གནས་བསྒྲུབ་སྟེ། རྣལ་འབྱོར་གྱི་གནས་དེ་ལ་དཔའ་བོ་ཆེན་པོ་སྙིང་པོ་ཡི་གེ་རྣམས་གང་ཡང་རུང་བ་ཞིག་བཀོད་ནས། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱ་བའི་ཕྱིར་ཅི་རིགས་པར་འདི་ལྟ་སྟེ། བསམ་པའི་རྒྱུད་ལས་འགྲུབ་པའི་སྦྱོར་བ་དང་། ཟླ་བའི་ སྔོན་དུ་བསྙེན་པའི་བཟླས་བརྗོད་སྒྲུབ་པའི་དངོས་གྲུབ་ཀྱི་སྦྱོར་བ་དང་། ཡི་གེ་དེ་དག་ཉིད་བསྒོམས་པས་ཤིན་ཏུ་གོམས་པ་ལས་བྱུང་བའི་དངོས་གྲུབ་འགྲུབ་པའི་སྦྱོར་བ་དང་། རྣམ་པ་གསུམ་གྱིས་རྣལ་འབྱོར་དུ་བྱའོ། །རེ་ཞིག་སྙིང་པོ་ཨ་ཞེས་བྱ་བར་སྔར་བཤད་པ་རྫོགས་པའི་སངས་རྒྱས་ཀྱི་ མཚན་ཉིད་ཅན་རྣལ་འབྱོར་གྱི་གནས་དབང་ཆེན་གྱི་དཀྱིལ་འཁོར་ལ་བསམས་པའི་སེམས་པའི་སྦྱོར་བའི་སྒོ་ནས་སེམས་ཅན་ཐམས་ཅད་འགུགས་པའི་ལས་དང་། དུག་དང་རིམས་ནད་འབྱིན་པར་བྱེད་པའི་ལས་སྟོན་ཏེ། ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ། ཕྱི་རོལ་དང་ནི་ནང་དུ་ཡང་། །རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ། །དེར་འདུག་པས་ནི་ཐམས་ཅད་བསམ། །རྣལ་འབྱོར་གནས་ཞེས་བཤད་པ་ཡིན། །ཨ་ནི་སྲོག་གི་དམ་པ་སྟེ། །འགུགས་པར་བྱེད་པའི་མཆོག་ཏུ་བཤད། །ནམ་ཞིག་ཀླད་ཀོར་གྱིས་མནན་ན། །ལུས་ཅན་ཀུན་གྱིས་སེལ་ བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ལ་གནས་པའི་སྙིང་པོ་ཨ་ཞེས་བྱ་བ་ཉིད་གོམས་པས་ཟླ་བར་སྔོན་དུ་བསྙེན་པའི་བཟླས་བརྗོད་སྒྲུབ་པ་དུས་གསུམ་དུ་བྱས་པའི་སྒོ་ནས་རྒྱས་པའི་ལས་དག་དང་པདྨ་དང་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་དག་བསྒྲུབ་པར་བྱ་སྟེ། སྔགས་པས་ནམ་ཞིག་ ཟླ་གཅིག་ཏུ། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས། །དུས་གསུམ་བཟླས་བརྗོད་བྱས་ན་ནི། །མི་ཤེས་གྲོང་ཁྱེར་འཇུག་པར་འགྱུར། །ལྷ་དང་ལྷ་མིན་རྣམས་ཀྱིས་ཀྱང་། །མི་ཕྱེད་ཤིན་ཏུ་བརྟན་པར་འགྱུར། །བདག་གི་རྙེད་པ་གྲུབ་བྱའི་ཕྱིར། །རྒྱས་པའི་ལས་ནི་གང་ཅུང་ཟད། །དེ་ ཀུན་རྟག་ཏུ་སྔགས་པ་ཡིས། །དཀྱིལ་འཁོར་གྱི་ནི་དབུས་སུ་བྱ། །ཞེས་བྱ་བ་དང་། རྡོ་རྗེ་པདྨ་རལ་གྲི་དང་། །དེ་བཞིན་ངང་པར་བཤད་པ་དང་། །གསེར་དག་དང་ནི་ས་དག་དང་། །ཡང་ན་ཡིད་བཞིན་ནོར་བུའང་རུང་། །དེ་ལ་སོགས་པའི་རྫས་རྣམས་ནི། །དབང་ཆེན་དུ་ནི་བསྒོམས་ཏེ་བསྒྲུབ། །ཅེས་ གང་གསུངས་པ་ཡིན་ནོ། །དབང་ཆེན་དུ་བསྒོམས་ཏེ་ཞེས་བྱ་བ་ནི། དབང་ཆེན་གྱི་གཞི་ལ་གནས་ཏེ་ཞེས་དགོངས་པ་ཡིན་ནོ། །དེའི་མཚན་ཉིད་ནི་གོང་དུ། གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །དབང་ཆེན་ གྱི་ནི་གཞི་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་སྔར་བཤད་པའི་ཆོ་གས་སྙིང་པོ་ཨ་ཞེས་བྱ་བ་ཟླ་བར་བཟླས་བརྗོད་བྱས་པའི་དངོས་གྲུབ་ཡིན་པར་བལྟ་བར་བྱའོ། །རྣལ་འབྱོར་པ་དབང་ཆེན་གྱི་གཞི་ལ་གནས་པ་ཉིད་བསམས་པ་ཙམ་གྱིས་དམག་ལ་སོགས་པ་སེམས་ཅན་ཐམས་ཅད་ གནོན་པར་བསྟན་པའི་ཕྱིར། མནན་པ་དག་ཀྱང་བཤད་པར་བྱས། །འདི་ནི་ཁྱེད་ཀྱིས་མཉམ་བཞག་ཉོན། །སྔགས་པས་མདོར་ན་རི་རབ་ནི། །རྩེ་མོ་བརྒྱད་པ་བསམ་པར་བྱ། །དེ་ཡི་སྟེང་དུ་པདྨ་གཞག །དེ་ཡི་རྗེས་ལ་རྡོ་རྗེའོ། །དེ་སྟེང་རྣལ་འབྱོར་པ་ཡིས་ནི། །ཡི་གེ་དམ་པ་གཙོ་བོ་སྟེ། །དེ་ཡི་ སྤྱི་བོར་མནན་ན་ནི། །དེ་ནི་མི་གཡོ་གནས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་མནན་པར་བྱ་བའི་སྟེང་དུ་རི་རབ་བསམས་ལ་དེའི་སྟེང་དུ་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པར་བསམ་ཞིང་། དེ་ལ་རྡོ་རྗེ་རྩེ་མོ་བརྒྱད་པ་བསམ་སྟེ། དེ་ལ་བཅོམ་ལྡན་འདས་དབང་ཆེན་གྱི་ཁ་དོག་ཅན་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཁོ་ནས་ཇི་སྲིད་དེ་ལེགས་པར་སྣང་བ་ཁོ་ནར་གྱུར་པ་དེ་སྲིད་དུ་བསམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པ་དབང་ཆེན་གྱི་གཞི་ཅན་དག་གིས་བདག་དང་གཞན་དག་གི་ནད་ཞི་བར་བྱ་བའི་ཕྱིར། ནད་ཀྱི་གཉེན་པོ་དང་འཚམ་པའི་སྨན་ལ་ལན་བརྒྱར་བཟླས་ བརྗོད་བྱས་ནས་བཏུང་བར་བྱ་སྟེ། སྨན་ལ་ཡང་ནི་ལན་བརྒྱ་རུ། །བཟླས་བརྗོད་བྱས་ཏེ་མིས་འཐུངས་ན། །སྔོན་གྱི་ལས་ལས་བྱུང་པ་ཡི། །དེ་ཡི་ནད་རྣམས་འབྱང་བར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །སྙིང་པོ་ཨ་ཞེས་བྱ་བའི་ལས་དང་དངོས་གྲུབ་དག་བཤད་ཟིན་ཏོ།། །།བམ་པོ་དྲུག་ པ། བ་ཞེས་བྱ་བའི་ལས་ཀྱང་བརྗོད་པར་བྱ་སྟེ། དེ་ལ་སྔར་བཤད་པའི་རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པའི་ལྟེ་བའི་དཀྱིལ་དུ་པདྨ་དཀར་པོ་རྡོ་རྗེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ། དེ་ལ་ཡང་ཆུའི་དཀྱིལ་འཁོར་བསམ་ཞིང་དེའི་སྟེང་དུ་བ་ཞེས་བྱ་བ་འོད་ཟླ་བ་ལྟ་ བུ་དབྱིབས་བུམ་པ་དང་འདྲ་བ་བསམས་ནས། དེ་ལས་ཆུ་བོ་བདུད་རྩིའི་ཆུར་འབབ་པ་དགུ་མཐོང་སྟེ། དེ་དག་གིས་བ་ཞེས་བྱ་བའི་བུམ་པ་བསྐོར་ནས་བུམ་པའི་ངོས་ནས་ཕྱི་རོལ་དུ་འབྱུང་བར་བསམ་མོ། །སྨུགས་པའི་ཟིལ་པའི་ཚོགས་ཀྱིས་འཁོར་བར་ཡང་བསམ་ཞིང་། སྔ་མ་བཞིན་དུ་སྙིང་པོ་བ་ཞེས་བྱ་ བ་ཟླ་བར་བཟླས་བརྗོད་བྱའོ། །དེ་ནས་མར་གསར་དང་འོ་མ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱ་སྟེ། དེ་ནས་གཞན་ཡང་ངེས་པ་ཡིས། །བ་ཞེས་བྱ་བ་དམ་པ་ཉོན། །གངས་དང་འོ་མ་དང་འདྲ་བ། །ལྟེ་བའི་དབུས་ན་བྱུང་བ་སྟེ། །པདྨ་དཀར་པོ་དམ་པ་ནི། །དེ་ཡི་དབུས་ན་རབ་ཏུ་གནས། །མགོན་ པོ་དམ་པ་རབ་ཏུ་ཞི། །སྟོན་ཀའི་ཟླ་བའི་འོད་དང་འདྲ། །དེ་ཡི་དཀྱིལ་འཁོར་ངོ་མཚར་ཅན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཀུན་དུ་དཀར་པོ་བསམ་པར་བྱ། །ཁྱུད་སྐོར་རིམ་པ་དགུས་ཀྱང་བསྐོར། །གདུང་བ་ཐམས་ཅད་ཞི་བྱེད་པ། །སྨུགས་ཟིལ་འདུས་པའི་ནང་ན་གནས། །འོ་མ་མུ་ ཏིག་ཕྲེང་དཀར་དང་། །ཤེལ་དང་ཟླ་བའི་འོད་འདྲ་བ། །ཆུ་རྒྱུན་རྣམས་ཀྱིས་ཁོར་ཡུག་ཏུ། །ཀུན་ནས་རབ་ཏུ་འབབ་པ་བཞིན། །སྔགས་པས་ཡིད་ལ་བསམས་ན་ནི། །གདུང་བ་ཀུན་ལས་ཐར་བར་འགྱུར། །མཉམ་པར་གཞག་པས་དངོས་འདི་རྣམས། །དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། ། མར་གསར་འོ་མ་མུ་ཏིག་ཕྲེང་། །དེ་བཞིན་ཁྱུ་མཆོག་ཤེལ་ཡང་རུང་། །ཞོའམ་ཡང་ན་ཆུ་ཡང་རུང་། །དེ་ལ་སོགས་པའི་རྫས་རྣམས་ནི། །དངོས་གྲུབ་སྣ་ཚོགས་གྲུབ་ཕྱིར་བསྒྲུབ། །ཅེས་གང་གསུངས་པ་ཡིན་ནོ། །དངོས་གྲུབ་འདི་དག་གི་འབྲས་བུ་བསྟན་པའི་ཕྱིར། །ཚེ་ནི་རིང་བར་གྱུར་པ་ དང་། །གཟུགས་ནི་ངོ་མཚར་ཆེ་གྱུར་དང་། །ནད་རྣམས་ཀུན་ལས་ཐར་བ་དང་། །སྐལ་བ་བཟང་པོའི་མཆོག་གྱུར་དང་། །ཡིད་རྣོ་འཛིན་པར་ནུས་པ་དང་། །ཤེས་རབ་ཤིན་ཏུ་དྲི་མེད་པ། །བསྒྲུབ་པའི་རྫས་ནི་འདི་རྣམས་ཀྱིས། །དེ་དག་ཐམས་ཅད་མྱུར་དུ་འགྲུབ། །དཀྱིལ་ འཁོར་དཔལ་དང་ལྡན་པ་འདི། །ཞི་བར་བྱེད་པ་བཤད་པ་ཡིན། །ཞེས་གསུངས་སོ། །བ་ཞེས་བྱ་བ་འདི་ཉིད་དཀྱིལ་འཁོར་དེ་ལྟ་བུ་ལ་གནས་ཤིང་ཀླད་ཀོར་དང་ལྡན་པ་བྱ་སྟེ། བསྒྲུབ་པར་བྱ་བའི་ལྟེ་བའི་ཐད་ཀར་བསམས་ན་རིམས་ནད་དང་དུག་ལ་སོགས་པ་སེལ་བར་བྱེད་དེ། ཀླད་ཀོར་འཁོར་ དང་བཅས་བྱས་ནས། །སེལ་བར་བྱེད་པའི་མཆོག་ཏུ་འགྱུར། །ཞེས་གང་གསུངས་པ་ཡིན་ཏེ། འདིར་བ་ཞེས་བྱ་བའི་ཀླད་ཀོར་ཡང་ཁ་དོག་སྤྲིན་དཀར་པོ་ལྟ་བུ་ལས་ཆར་འབབ་པར་བསམ་པར་བྱའོ། །བ་ཞེས་བྱ་བའི་ལས་དང་དངོས་གྲུབ་བཤད་ཟིན་ཏོ། །དེ་བཞིན་དུ་ར་ཞེས་བྱ་བའི་རང་གི་ དཀྱིལ་འཁོར་ལ་གནས་པ་སྔར་བཤད་པའི་རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པའི་བྲང་གི་ཐད་ཀར་བཀོད་པ་དེའི་སྒྲའི་དེ་ཁོ་ན་ཉིད་སེམས་པ་སྔོན་དུ་འགྲོ་བའི་བཟླས་བརྗོད་འབུམ་བྱས་པའི་དངོས་གྲུབ་དང་ལས་བསྟན་པའི་ཕྱིར། ར་ཞེས་བྱ་བ་ཡང་དག་མཆོག །འོད་ཅན་རྣམས་ ཀྱི་འོད་ཅེས་བྱ། །འདིས་ནི་ལས་རྣམས་གང་ཅུང་ཟད། །མཚམས་མེད་ལྔ་ལས་བྱུང་བ་ཡང་། །རྣལ་འབྱོར་ཤིན་ཏུ་མཉམ་གཞག་ནས། །བསམས་ན་དེ་ཀུན་ཟད་པར་འགྱུར། །ཡིད་འོང་ཐམས་ཅད་རབ་ཏུ་དམར། །གྲུ་གསུམ་པ་ཡི་ཚུལ་དུ་གནས། །ཞི་བ་འབར་བའི་ཕྲེང་བས་འཁྲིགས། །སུམ་མདོ་ རིས་དང་སྙིང་གར་གཞག །རྣལ་འབྱོར་པ་ནི་དེར་འདུག་ནས། །ར་ནི་ཀླད་ཀོར་བཅས་པར་བསམ། །མི་འཇིག་པས་ནི་ཅི་རིགས་པར། །དངོས་པོ་འདི་རྣམས་དེར་བསྒྲུབ་བོ། །ཉི་མ་དང་ནི་གཟའ་ཀུན་དང་། །དེ་བཞིན་བསྒྲིམས་ཏེ་མེ་དང་ནི། །དབང་དུ་བྱ་བའི་རྫས་རྣམས་དང་། །ཡང་ནི་འཁོར་བར་ འགྱུར་བ་དང་། །སྐམ་པ་དང་ནི་གསད་པ་དང་། །དེ་བཞིན་བཀར་དང་གནོད་པ་དག །མེ་དང་ལྷན་ཅིག་འདི་སྦྱར་ན། །དེ་དག་ཐམས་ཅད་མེད་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་དེ་ལྟར་རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པའི་སྨིན་མཚམས་སུ་ཧཱུཾ་ཞེས་བྱ་བ་རླུང་ གི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ་དེའི་སྒྲའི་དེ་ཁོ་ན་ཉིད་སྔོན་དུ་འགྲོ་བའི་བཟླས་བརྗོད་ཟླ་བར་རིམ་གྱིས་དུས་གསུམ་དུ་བྱ་ཞིང་། དེ་ནས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱ་སྟེ། ཧ་ཞེས་བྱ་བ་དམ་པ་མཆོག །རླུང་ནི་ཐམས་ཅད་ཡང་དག་འབྱུང་། ། ཞེས་གང་གསུངས་པ་ཡིན་ཏེ། འདི་ནི་རླུང་གི་ཏིང་ངེ་འཛིན་གྱི་རྒྱུའི་མཚན་ཉིད་པར་བསྟན་ཏོ། །རྒྱུ་དང་ལས་དང་འབྲས་བུ་དང་། །གང་གི་ས་བོན་རྣམས་སྐྱེ་བ། །འདིར་ནི་ཀླད་ཀོར་བཅས་སྦྱར་ན། །དེ་དག་ཐམས་ཅད་འཇིགས་པར་བྱེད། །ཅེས་བྱ་བ་འདིས་ཀྱང་འདི་ལ་སྒྲའི་དེ་ཁོ་ན་ཉིད་རྗོད་པར་ བྱེད་པར་དོན་དམ་པའི་ཏིང་ངེ་འཛིན་ལ་ཞུགས་པའི་མཚན་ཉིད་ཅན་ཡིན་པར་བསྟན་ཏོ། །དེ་ཡི་གཟུགས་ཀྱང་བཤད་པ་ནི། །ཁ་དོག་གནག་ལ་འོད་པོ་ཆེ། །མི་ཟད་འབར་བའི་ཕྲེང་བས་འཁྲིགས། །ཞེས་བྱ་བ་ནི་འདིའི་གཟུགས་རླུང་གི་ངོ་བོ་ཉིད་དེ་གནག་པར་བཤད་པ་ཡིན་ནོ། །མཁས་པས་ སྨིན་མའི་མཚམས་སུ་ནི། །དཀྱིལ་འཁོར་ལ་ནི་གནས་པར་བསམ། །ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་ལ་ནི་གནས་པ་འདི་སྨིན་མའི་མཚམས་སུ་གཞག་པར་བརྗོད་པར་བྱ་བ་ཡིན་ནོ། །རླུང་གི་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ནི་མཐིང་ག་ཟླ་གམ་འདྲ། །ཏོག་དང་བཅས་པ་ བ་དན་གཡོ། །ཡི་གེ་རབ་ཏུ་མི་འགྱུར་བ། །སྔགས་པས་དེར་གནས་བསམ་པར་བྱ། །ཞེས་གསུངས་སོ། །དེ་ལྟར་བསྒོམས་ཤིང་ཟླ་བར་བཟླས་བརྗོད་བྱས་པའི་དངོས་གྲུབ་མངོན་པར་མཐོ་བ་བསྟན་པའི་ཕྱིར། གང་ཞིག་མཐོང་བ་ཉིད་ལ་ནི། །སེམས་ཅན་རྣམས་ཀྱི་དོན་བྱ་བའི། །དངོས་གྲུབ་ རྣམས་ནི་དེ་ཚེ་སྒྲུབ། །མཁའ་ལ་འགྲོ་བ་ཉིད་དང་ནི། །ཡང་ན་རྫུ་འཕྲུལ་རྐང་པ་དང་། །ལྷ་ཡི་མིག་དང་རྣ་བ་དང་། །སྔགས་པས་དེ་བཞིན་ཐོབ་པ་དང་། །མི་སྣང་བ་ལ་སོགས་ཀུན་དང་། །དབྱེ་བ་དག་ཀྱང་གང་གསུངས་པ། །སྔགས་པས་མཉམ་པར་གཞག་པ་ཡིས། །དཀྱིལ་འཁོར་གནས་ ན་དེ་ཀུན་བྱེད། །ཅེས་གསུངས་སོ། །འདི་སྒྲའི་དེ་ཁོ་ན་ཉིད་རྒྱུ་མི་དམིགས་པའི་མཚན་ཉིད་སེམས་པའི་སྒོ་ནས་བདུད་བཞི་འཇོམས་པའི་རྒྱུ་ཡིན་པས། ངེས་པར་ལེགས་པའི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པར་བསྟན་པའི་ཕྱིར། འདིས་ནི་བྱང་ཆུབ་སྙིང་པོ་འདིར། ། བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །རྒྱུ་ཀུན་དམིགས་སུ་མེད་པས་ན། །བདུད་ལས་རྣམ་པར་རྒྱལ་བར་བྱེད། །ཅེས་གསུངས་སོ། །ད་ནི་རལ་གྲིའི་ཕྱག་རྒྱ་བཅིངས་ནས་རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པའི་ཇི་ལྟར་ངེས་པར་བསམས་པ་ལ་ སོགས་པའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མོས་པའི་སྒོ་ནས། ཁཾ་ཞེས་བྱ་བ་ཟླ་བར་བཟླས་བརྗོད་བྱས་པ་རལ་གྲི་དང་འཁོར་ལོ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པར་བསྟན་ཏེ། རྒྱུ་མེད་པ་ན་འབྲས་བུའང་མེད། །ལས་ཀྱང་ཡོད་པ་མ་ཡིན་ཏེ། །དངོས་པོ་དེ་གསུམ་མེད་པས་ན། ། སྟོང་པའི་ཡེ་ཤེས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མཐུ་ཆེན་གྱིས། །དེ་ཡི་གཟུགས་ཀྱང་བཤད་པ་ཡིན། །ཀླད་ཀོར་བཅས་པར་ལྡན་པ་སྟེ། །ཁཾ་ནི་སྟོང་པའི་མཆོག་ཅེས་བྱ། །ཞེས་གསུངས་པ་ཡིན་ཏེ། འདིས་ནི་ཁཾ་ཞེས་བྱ་བ་ཆོས་ཐམས་ཅད་སྟོང་པའི་ཏིང་ངེ་འཛིན་རྗོད་པར་ བྱེད་པ་ཉིད་ཡིན་པ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡང་ཁཾ་ཞེས་བྱ་བའི་གཟུགས་སུ་བྱིན་གྱིས་རློབ་པ་ཡིན་པར་བསྟན་པར་རིག་པར་བྱའོ། །རལ་གྲི་ཕྱག་རྒྱར་ལྡན་པ་ཡིས། །བསྒྲུབ་པར་བྱ་བ་ངེས་པར་སྒྲུབ། །ཅེས་བྱ་བ་འདིས་ནི་ཟླ་བར་སྔོན་དུ་བསྙེན་པའི་ཆོ་ག་ཀུན་དུ་བསྟན་ཏོ་ཞེས་བྱ་བར་ཁོང་དུ་ ཆུད་པར་བྱའོ། །ཟླ་བར་སྔོན་དུ་བསྙེན་པའི་དངོས་གྲུབ་བསྟན་པའི་ཕྱིར། རལ་གྲི་ཞགས་པ་འཁོར་ལོ་དང་། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་རྣམས་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། །ཅེས་གསུངས་པ་ཡིན་ཏེ། འདི་དག་ནི་རྣལ་འབྱོར་གྱི་གནས་ཇི་སྐད་བཤད་ པ་ལ་མོས་པ་བསྟན་པ་སྔོན་དུ་འགྲོ་བའི་ཡི་གེ་རེ་རེ་སེམས་པ་དང་། དེ་བཞིན་དུ་བཟླས་བརྗོད་བྱེད་པའི་སྒོ་ནས། དཔའ་བོ་ཆེན་པོའི་སྙིང་པོ་ཡི་གེ་ལྔའི་དངོས་གྲུབ་དག་ཡིན་པར་བཤད་དོ། །ད་ནི་མཉམ་པར་གཞག་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམ་པར་གཡེང་བ་བསལ་བའི་སྒོམ་པ་ཤིན་ཏུ་ གོམས་པས། རྣལ་འབྱོར་གྱི་གནས་བདག་དང་གཉིས་སུ་མེད་པར་གྱུར་པ། ཇི་ལྟར་མོས་པ་བཞིན་སྣང་བ་བརྟན་པའི་ཡི་གེ་འདི་དག་གིས་བསྒོམ་པ་གོམས་པ་འགྲུབ་པ་ལས་རབ་ཏུ་འབྱུང་བ་དང་རྫུ་འཕྲུལ་ཆོ་འཕྲུལ་ལ་སོགས་པའི་དངོས་གྲུབ་དག་བསྟན་པའི་ཕྱིར། གསང་བའི་བདག་པོ་བྱང་ཆུབ་ སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། བདག་ཉིད་ཨ་ཞེས་བྱ་བའི་རང་གི་ངོ་བོར་བསྒྱུར་ནས། ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གྱུར་ཅིང་། བོང་བ་དང་རྡོ་བ་དང་གསེར་དུ་མཚུངས་ལ། འདོད་ཆགས་དང་ཞེ་སྡང་ལ་ སོགས་པའི་ཉེས་པ་རྣམས་དང་སྡིག་པའི་ལས་རྣམ་པར་སྤངས་པ། དེ་ཚེ་དེ་ནི་དག་གྱུར་པ། །ཐུབ་པ་རྫོགས་པའི་སངས་རྒྱས་བཞིན། །དེས་ནི་ལས་རྣམས་ཐམས་ཅད་ནུས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་གསུངས་སོ། །འདིར་ཕྱི་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་ བར་གྱུར་ཞེས་བྱ་བའི་དགོངས་པ་ནི། རྣལ་འབྱོར་པས་རྣལ་འབྱོར་གྱི་གནས་ཇི་སྐད་དུ་བཤད་པ་ཇི་སྲིད་དུ་མཉམ་པར་གཞག་པའི་གནས་སྐབས་ན། དེའི་རྣམ་པ་ཡིད་ལ་སྣང་བ་ཁོ་ནར་གྱུར་པ་དེ་སྲིད་དུ་གོམས་པར་བྱས་ནས་ཕྱི་དང་ནང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་པར་སྣང་བ་ཉོན་མོངས་པ་ཅན་ དང་། ཉོན་མོངས་པ་ཅན་མ་ཡིན་པ་ལ་མི་བལྟའོ་སྙམ་པ་འདི་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པ་མཉམ་པར་གཞག་པའི་གནས་སྐབས་སུ། རྣལ་འབྱོར་གྱི་བདག་ཉིད་ལ་ཡོད་པའི་སྣང་བའི་ཡིད་གྲུབ་པའི་ཕྱིར་ཁྱད་པར་དུ་ཅི་རིགས་པར་ཡང་ཨ་ཞེས་བྱ་བ་ལ་སོགས་པ་དཔའ་བོ་ཆེན་པོ་ཏིང་ངེ་འཛིན་ བྱིན་གྱིས་རློབ་པར་གྱུར་པ་འདི་དག་གིས་ལམ་བསྒོམས་པ་དང་། བཟླས་བརྗོད་གོམས་པ་ལས་བྱུང་བ་གཞན་དག་ཀྱང་བཤད། དེ་ནས་གཞན་སྔགས་རྣལ་འབྱོར་ལ། །གཞོལ་ཞིང་ཆོ་ག་ཤེས་པ་ཡིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བ་ཞེས་བྱ་བའི་ལས་བྱའོ། །སྙིང་རྗེར་གྱུར་པའི་ སེམས་ཀྱིས་སུ། །འཇིག་རྟེན་སྡུག་བསྔལ་ལ་དམིགས་ནས། །མགོན་པོ་དེ་ཡི་བདག་ཉིད་ཀྱི། །ལུས་ནི་ཐམས་ཅད་ཉིད་དུ་ཡང་། །གངས་དང་བ་ཡི་འོ་མ་ལྟར། །དཀར་བའི་རྒྱུན་གྱི་ཡོངས་སུ་དགང་། །དེ་ཚེ་ངེས་པ་བསྐྱེད་ནས་སུ། །ཡན་ལག་རྣམས་ནི་ཐམས་ཅད་ཀྱི། །བ་སྤུའི་བུ་ག་ཀུན་ ནས་ཀྱང་། །ཤིན་ཏུ་དྲི་མེད་ཆུ་རྒྱུན་འབྱུང་། །ཆུ་ཡིས་ས་ནི་མ་ལུས་པ། །འདི་དག་ཡོངས་སུ་དགང་བར་བྱ། །གང་གིས་ཆུ་དེ་འཐུངས་པའམ། །ལག་པས་ཀྱང་ནི་རེག་ཀྱང་རུང་། །དེ་ཀུན་ངེས་པར་བྱང་ཆུབ་ཏུ། །འགྱུར་ཏེ་འདི་ལ་ཐོགས་པ་མེད། །ཅེས་གང་གསུངས་པ་ཡིན་ནོ། །འདི་ལ་ དགོས་པ་ནི་སྔར་བཤད་པའི་ཆུའི་དཀྱིལ་འཁོར་གྱི་རྣལ་འབྱོར་ཐམས་ཅད་མངོན་དུ་བྱས་ལ། དེ་ལས་བྱུང་བའི་རྒྱུན་གྱིས་རང་གི་ལུས་ཐམས་ཅད་ཡོངས་སུ་གང་བར་བྱས་ནས། བ་སྤུའི་ཁུང་བུ་དག་ནས་ཆུའི་རྒྱུན་ཕྱུང་སྟེ། སྲིད་པའི་རྩེ་མོའི་བར་མཐའ་དག་ཀུན་དག་པར་བྱའོ་ སྙམ་པ་འདི་ཡིན་ནོ། །དེ་བཞིན་དུ་ར་ཞེས་བྱ་བའི་ལས་ཀྱང་བསྟན་པའི་ཕྱིར། ཡན་ལག་ཀུན་དུ་ར་ཞེས་པ། །འབར་བའི་ཕྲེང་བ་ཞི་བས་འཁྲིགས། །ཀུན་དུ་རྣམ་པར་འཕྲོ་བ་ནི། །ཤིན་ཏུ་མཉམ་པར་གཞག་པས་བསམ། །དེ་ཚེ་རྣལ་འབྱོར་པ་ཡིས་ཕྱིར། །འབར་བ་ཀུན་དུ་སྣང་བྱེད་པ། ། བཏང་ན་ར་ཡི་རྣམ་སྤྲུལ་པས། །སྔགས་པས་འདོད་པ་བཞིན་དུ་བྱེད། །ཅེས་གསུངས་པ་འདིའི་དོན་ནི། རྣལ་འབྱོར་གྱི་གནས་ཅན་གྱི་གང་གི་གནས་སུ་ར་ཞེས་བྱ་བ་མེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ། དེའི་འབར་བ་ཞི་བས་རང་གི་ལུས་ཀྱི་ནང་ཀུན་དུ་བཀང་སྟེ། དེ་ན་ དེ་དག་ཕྱི་རོལ་དུ་ཕྱུང་སྟེ་སྣང་བར་བྱའོ་སྙམ་པ་འདི་ཡིན་ནོ། །དཔའ་བོ་ཆེན་པོའི་སྙིང་པོ་འདི་དག་གི་ལས་དེ་ལ་སོགས་པ་བཟླས་བརྗོད་དང་བསྒོམས་པ་ལས་བྱུང་བ་གཞན་དང་གཞན་དག་ཀྱང་དཔའ་བོ་ཆེན་པོའི་རིམ་པར་ཕྱེ་བའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །དངོས་གྲུབ་དང་ལས་འདི་དག་ནི་ རྣལ་འབྱོར་པའི་རང་གི་སེམས་ཀྱི་དབང་ལ་སྣང་བའི་དབང་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གྲུབ་པར་རིག་པར་བྱའོ། །དེ་ལ་ལས་དང་དངོས་གྲུབ་ཇི་སྐད་བཤད་པ་འདི་དག་རང་གི་སེམས་ལ་སྣང་བའི་དབང་གིས་འགྲུབ་པའི་དབང་དུ་མཛད་ནས། གསང་བའི་བདག་པོ་དངོས་གྲུབ་ ཀྱི་གོ་འཕང་དེ་ལྟ་བུ་ལ་སོགས་པ་དག་ནི་ཡིད་ལས་འབྱུང་བ་ཡིན་ནོ། །གསང་བའི་བདག་པོ་རྣམ་པར་བསམས་པ་ཙམ་ཁོ་ནས། དངོས་པོ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་འདུ་བྱེད་རྣམ་པ་སྣ་ཚོགས་ཐམས་ཅད་པའི་ས་བོན་གྱི་བྱ་བ་ཚིག་ཏུ་བརྗོད་པ་ཙམ་ལས་བྱུང་བ་ལ་ལྟོས་ཞེས་གསུངས་ ཏེ། དེ་ལ་གཟུགས་ཅན་མ་ཡིན་པ་རྣམས་ཀྱིས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིའོ། །འདུ་བྱེད་རྣམ་པ་ཐ་དད་པ་སྣ་ཚོགས་རྣམས་ཞེས་བྱ་བ་ནི། དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས་པར་སྣང་བའི་མཚན་ཉིད་དག་ཡིན་ནོ། །ལས་ཐམས་ཅད་ཀྱི་ས་བོན་ གྱི་བྱ་བའི་ཚིག་ཏུ་བརྗོད་པ་ཙམ་ལས་ཞེས་བྱ་བ་དེ་ལ་ས་བོན་གྱི་བྱ་བ་ནི་དཔའ་བོ་ཆེན་པོའི་སྙིང་པོ་ནི་ས་བོན་རྣམས་ཀྱི་བྱ་བའི་རང་གི་དཀྱིལ་འཁོར་བསམ་པ་ཡིན་ནོ། །ཚིག་ཏུ་བརྗོད་པ་ཙམ་ལས་ཞེས་བྱ་བ་ནི། སྙིང་པོ་དེ་དག་ཉིད་བཟླས་བརྗོད་ཀྱི་སྦྱོར་བའི་སྒོ་ནས་ཤེས་པར་བྱ་དགོས་པ་ཡིན་ནོ། ། དེ་བཞིན་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཀྱང་རྣལ་འབྱོར་པ་འདི་དག་གིས་ལས་དང་དངོས་གྲུབ་འགྲུབ་པར་རིག་པར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལྷུན་གྱིས་གྲུབ་པ་ཁོ་ནར་གསང་སྔགས་ཀྱི་སྤྱད་པ་སྤྱོད་ཅིང་དངོས་གྲུབ་ཀྱི་བྱ་བ་ལ་ཞུགས་ པ་རྣམས་ལ། རྟག་ཏུ་རིག་སྔགས་དང་གསང་སྔགས་དང་ལྷ་ལ་སོགས་པ་སྣང་ལ། སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པར་ཉེ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་དེའི་བྱིན་གྱི་རླབས་དང་། དམ་པ་སྩོལ་བའི་དབང་གིས་ཀྱང་དངོས་གྲུབ་དང་ལས་རྣམས་འགྲུབ་པར་ ཁོང་དུ་ཆུད་པར་བྱ་སྟེ། ཇི་སྐད་དུ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དང་རྗེས་སུ་མཐུན་པར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ་དང་། སེམས་ཅན་ཐམས་ཅད་ཡང་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དང་། གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་ན་གཟུགས་བརྙན་ལྟ་བུར་བཞུགས་སོ། །དེ་བཞིན་གཤེགས་པ་དེ་ནི་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་ཡུལ་ལས་ཡང་དག་པར་འདས་པ། དུས་དང་ཡུལ་དང་བྱ་བ་དང་། ལས་དང་ཆོས་དང་ཆོས་མ་ཡིན་པ་རྣམ་པར་སྤངས་ཀྱང་། གསང་སྔགས་སྤྱོད་པ་ལས་བྱུང་ བའི། །ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ། །དེ་བས་ཀུན་མཁྱེན་དངོས་གྲུབ་དང་། །གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ། །ཞེས་གང་གསུངས་པ་ལྟ་བུ་ཡིན་ནོ། །གཞན་ཡང་རྒྱུད་འདི་ལས་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་སྤྱོད་པའི་སྦྱོར་བ་སྔོན་དུ་བསྙེན་པའི་ཆོ་ག་ཕྱིའི་བཟླས་བརྗོད་ ཡན་ལག་བཞི་པ་ལ་སོགས་པ་སྦྱོར་བའི་སྒོ་ནས་འབུམ་དང་ཟླ་བ་ལ་སོགས་པའི་གྲངས་སུ་གསུངས་པ་ནས། དེ་བཞིན་གཤེགས་པའི་སྙིང་པོ་བཞི་སྔོན་དུ་བསྙེན་པ་ནང་གི་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་ཐབས་ཀྱིས་འབུམ་དང་ཟླ་བར་སོ་སོར་ངེས་པར་བསྟན་པའི་བར་དང་། དེ་བཞིན་དུ་ དཔའ་བོ་ཆེན་པོའི་སྙིང་པོའི་ཡི་གེ་རྣམས་ཀྱི་སྔོན་དུ་བསྙེན་པའི་རྣལ་འབྱོར་གྱི་གནས་ཇི་སྐད་བཤད་པ་སྒྲུབ་པ་སྔོན་དུ་འགྲོ་བ་ཅན་ཟླ་བ་ལ་སོགས་པ་སོ་སོར་ངེས་པར་བཤད་པ་གང་ཡིན་པ་འདི་ཐམས་ཅད་ནི་སྒྲུབ་པ་པོ་རྒྱུད་ཡོངས་སུ་དག་པའི་དབང་དུ་མཛད་པར་མངོན་ཏེ། བཅོམ་ ལྡན་འདས་ཀྱིས། གསང་སྔགས་གྲངས་ནི་སུམ་འབུམ་དུ། །ཕལ་ཆེར་ངས་ནི་བཤད་པ་དག །ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལ། །བཟླས་བརྗོད་གྲངས་འདི་བསྟན་པ་ལས། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །འདིར་སྒྲུབ་པ་པོ་ཡང་ འདི་ལྟ་སྟེ། མཐོང་བ་དང་མ་མཐོང་བའི་ཚེ་ལ་ལས་དགེ་བ་དང་མི་དགེ་བ་གསང་སྔགས་ཀྱི་དངོས་གྲུབ་དང་འགལ་བ་སྐྱེད་པའི་བག་ཆགས་མེད་པ་དང་། དེ་བཞིན་དུ་སྒྲུབ་པ་པོའི་རྒྱུད་ལ་ལས་དགེ་བའི་ས་བོན་གསང་སྔགས་ཀྱི་དངོས་གྲུབ་དང་མཐུན་པ་འདས་པའི་ཚེ་རབས་དང་། འདས་པ་མ་ཡིན་ པ་ལས་བྱས་པ་སྔ་ནས་ཡོད་པ་དང་། སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པ་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཇི་སྐད་དུ་བཤད་པ་དག་བསླབས་པ་ཉིད་ཀྱི་ཡོན་ཏན་དང་ལྡན་པ་དང་། རྣམ་པ་གསུམ་གྱིས་དག་པ་ཡིན་པར་མངོན་ནོ། །རྒྱུད་འདི་གསུམ་དང་ལྡན་པའི་ སྒྲུབ་པ་པོ་ནི། རྒྱུ་གསུམ་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་འབྱུང་བར་མངོན་ཏེ། འདི་ལྟ་སྟེ། དུས་དཔག་ཏུ་མེད་པའི་བཟླས་བརྗོད་དང་། བསམ་གཏན་ལ་སོགས་པ་ཇི་ལྟར་འདོད་པའི་དངོས་གྲུབ་དང་མཐུན་པའི་མཚན་མ་བྱུང་བ་དང་། དེ་བཞིན་དུ་ཇི་ལྟར་འདོད་པའི་དངོས་གྲུབ་དང་འགལ་ བའི་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་རྣམ་པར་སྨིན་པ་མྱོང་བ་དང་། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གོམས་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རེག་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སོགས་པའི་སྒོ་ ནས་དངོས་སུ་མི་མངོན་པར་ཤེས་པ་ལ་སོགས་པ་ཡིད་ལས་བྱུང་བའི་དངོས་གྲུབ་རྣམས་འབྱུང་བ་ཁོ་ནར་བཤད་དེ། དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་གང་གསུངས་པ་ཡིན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་ནི་མཚན་མ་དང་བཅས་ པའི་དངོས་གྲུབ་ཀྱང་བསྟན་ཏེ། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་མཉེས་པར་བྱེད་པའི་ལས་དགེ་བ་བསམ་གཏན་དང་། སྦྱིན་སྲེག་ལ་སོགས་པས་ཀུན་ནས་བསླང་བའི་དངོས་གྲུབ་འཐོབ་ པའི་དུས་ངེས་པ་ཡང་བསྟན་ཏོ། །དེ་ལ་གསང་སྔགས་མཉེས་པར་བྱེད་པའི་ལས་དགེ་བ་ཁ་ཅིག་གི་འབྲས་བུ་ནི་སྲིད་པ་གཞན་དུ་མངོན་པར་འགྲུབ་པ་ཉིད་དོ། །ཁ་ཅིག་ནི་བསམ་པ་དང་སྦྱོར་བའི་དབང་གིས་ཚེ་འདི་ཉིད་ལ་རྣམ་པར་སྨིན་པར་འགྱུར་ཏེ། དེ་བསྟན་པའི་ཕྱིར། རྒྱུད་ལས་རྒྱུད་དུ་གྱུར་པ་ ཡི། །ལས་ནི་ཇི་སྲིད་མ་ཉམས་ཤིང་། །རྣམ་སྨིན་རྣམ་པར་མ་སྨིན་ཏེ། །དངོས་གྲུབ་དག་ནི་དུས་སུ་འདོད། །ཅེས་གསུངས་སོ། །འདིར་རྒྱུད་ལས་ཞེས་བྱ་བ་ནི། གསང་སྔགས་མཉེས་པར་བྱེད་པས་ལས་དགེ་བ་སྒྲུབ་པའི་སྐྱེས་བུའི་སེམས་ཀྱི་རྒྱུད་ལས་ཞེས་བྱ་བར་དགོངས་པ་ཡིན་ནོ། །རྒྱུད་དུ་ གྱུར་པ་ཞེས་བྱ་བ་ནི་རིག་སྔགས་འཆང་བ་ལ་སོགས་པའི་དངོས་གྲུབ་ཀྱི་ཁྱད་པར་གྱི་རྒྱུར་གྱུར་པའི་རྒྱུད་དོ། །དུས་ཇི་སྲིད་ཅིག་ཅི་ཞིག་དེའི་ཅི་ཞིག་སྙམ་པ་ལ། ལས་ནི་ཇི་སྲིད་མ་ཉམས་ཤིང་། །ཞེས་བྱ་བ་གསུངས་ཏེ། ཇི་སྲིད་ཅེས་བྱ་བ་ནི་དུས་སོ། །ལས་ཞེས་བྱ་བ་ནི་གསང་སྔགས་མཉེས་པར་བྱེད་ པའི་ལས་དེ་ཞེས་བཤད་པ་ཡིན་ནོ། །མ་ཉམས་ཤིང་ཞེས་བྱ་བ་ནི་གསང་སྔགས་མཉེས་པར་བྱེད་པའི་ལས་བྱས་པ་དེ་ཚེ་རབས་བརྒྱུད་པ་དག་ཏུ་ཡང་འབྲས་བུ་རབ་ཏུ་འབྱིན་པས་ཟད་པར་མ་གྱུར་ནའོ། །ལས་དེའི་འབྲས་བུ་ཡང་ཉམས་སུ་མྱོང་བར་མ་གྱུར་ན་ཞེས་བྱ་བ་བསྟན་པའི་ཕྱིར། རྣམ་སྨིན་རྣམ་ པར་མ་སྨིན་ཞེས་བྱ་བ་གསུངས་སོ། །དུས་འདི་གཉིས་སུ་དངོས་གྲུབ་དག་ཏུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཏེ། དངོས་གྲུབ་དག་ནི་དུས་སུ་འདོད། །ཅེས་བྱ་བ་གསུངས་སོ། །དེས་ན་དགོངས་པ་ནི་བདག་གང་གི་ཚེ་གསང་སྔགས་མཉེས་པར་བྱེད་པའི་ལས་དེའི་རྣམ་པར་སྨིན་པ་ཚེ་རབས་བརྒྱུད་པ་དག་ ཏུ་ཡང་ཉམས་སུ་མྱོང་བར་མ་གྱུར་ན། དེའི་ཚེ་ཚོགས་པ་ཡོད་ན་དེའི་འབྲས་བུ་རབ་ཏུ་འབྱིན་པའི་དུས་སུ་འགྱུར་རོ་སྙམ་པ་འདི་ཡིན་པར་ཤེས་པར་བྱའོ། །ཚེ་འདིའམ་ཚེ་རབས་གཞན་དུ་འབྲས་བུ་མྱོང་བ་གང་ཡིན་པའི་དེའི་འབྲས་བུ་ནི་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མཐོང་བའི་ཆོས་ལ་མངོན་པར་ གྱུར་པའི་ལས་ཀྱི་འབྲས་བུ་རབ་ཏུ་འབྱིན་པར་གྱུར་པའི་དུས་བསྟན་པའི་ཕྱིར། མདོར་ན་གང་ཚེ་དུས་གཅིག་ཏུ། །ལས་དང་སྐྱེ་བ་འཕངས་གྱུར་པ། །དེ་ཚེའང་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་འཐོབ། །ཅེས་གསུངས་ཏེ། དེས་ན་དགོངས་པ་ནི་གང་གི་ ཚེ་ཚེ་རབས་གང་ཁོ་ན་ལ་གསང་སྔགས་མཉེས་པར་བྱེད་པས་ལས་དགེ་བ་བསགས་པར་གྱུར་པའི་ཚེ་རབས་ཁོ་ན་ལས་ཀྱི་འབྲས་བུ་གསང་སྔགས་ཀྱི་དངོས་གྲུབ་ཀྱི་མཚན་ཉིད་དེ་སྒྲུབ་པ་པོའི་རྒྱུད་ལས་འབྱུང་བར་འགྱུར་ན། དེའི་ཚེ་དུས་གཅིག་ཁོ་ནར་ལས་དང་སྐྱེ་བ་འཕངས་པར་བྱ་བར་གྱུར་ཏོ་ སྙམ་པ་འདི་ཡིན་ཏེ། འདི་ནི་སྒྲུབ་པ་པོ་རྣམས་སྔོན་དུ་བསྙེན་པ་བྱེད་པའི་ཚེ། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྦྱོར་བའི་སྤྱོད་པ་བཤད་པ་ཡིན་ནོ། །ད་ནི་སྔོན་དུ་བསྙེན་པ་བྱས་ཟིན་པའི་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་སྤྱོད་པའི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ཡང་ ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་གང་ཡིན་པ་སྟེ། ཇི་སྐད་དུ་གསང་སྔགས་སྒྲུབ་པའི་དཀྱིལ་འཁོར་གྱི་མཚན་ཉིད། ཀུན་དུ་གྲུ་བཞི་ལྷམ་པ་སྟེ། །སྒོ་གཅིག་པ་ལ་མུ་རན་ཅན། ། ཐམས་ཅད་ཁ་དོག་སེར་པོ་ཡིས། །རྡོ་རྗེའི་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་སྦྲེལ་བའི་ཚུལ་གྱིས་སུ། །རྡོ་རྗེ་ཕན་ཚུན་འབྲེལ་པར་བྱ། །ཞེས་བྱ་བའི་དཀྱིལ་འཁོར་གྱི་མཚན་ཉིད་འདི་རྒྱས་པར་གསུངས་ནས། དེ་ནི་བསྲུང་བྱས་དེར་འདུག་སྟེ། །སྦྱངས་པའི་རྫས་ནི་བླངས་ནས་སུ། །ནང་གི་ བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན། །ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཕྱིའི་སྒྲུབ་པའི་དཀྱིལ་ འཁོར་འདི་ནི་ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་མཚན་ཉིད་དག་ཁོ་ན་བསྒྲུབ་པར་བྱ་བའི་ཕ