Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 69
Văn bản gốc(Tây Tạng)
Trang 23 / 23 (50.000 ký tự/trang)
་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ་རྡུལ་ཕྲ་མོ་རྣམས་གཅིག་ འཕུངས་པའི་དངོས་པོ་དམིགས་སུ་མེད་ཅེས་པའོ། །འཆི་འཕོ་ཐམས་ཅད་དང་བྲལ་བའི་ཕྱིར་ཙ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་འཆི་འཕོ་ལ་རྒྱ་གར་སྐད་དུ་ཙྱུ་ཏི་ཞེས་བྱ་སྟེ། ཡི་གེ་ཙ་ནི་ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་ཡིན་པས་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་འཆི་འཕོ་ཡང་དམིགས་ སུ་མེད་ཅེས་པའོ། །གྲིབ་མ་དང་མཚུངས་པའི་ཕྱིར་ཚ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་གྲིབ་མ་ལ་ཚ་ཡ་ཞེས་བྱ་སྟེ། ཚ་དེ་ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ་དེ་ལ་གྲིབ་མ་དེ་ལུས་ལས་གཞན་ཡིན་ན་ནི་ལུས་མེད་ཀྱང་གྲིབ་མ་འབྱུང་བར་རིགས་ལ། ལུས་ལས་གཞན་མ་ཡིན་ན་གྲིབ་མ་ལོགས་ ཤིག་ཏུ་འབྱུང་བ་ཡང་མི་རིགས་པ་ལས་དེ་ལྟ་བུ་འབྱུང་བས་ན་ཡང་དག་པ་མ་ཡིན་ཏེ་འཁྲུལ་པའམ་སྒྱུ་མ་ལྟ་བུའོ། །འཁྲུལ་པ་འམ་སྒྱུ་མ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱང་གྲིབ་མ་དེ་དང་འདྲ་བས་སྟོང་པ་ཉིད་དོ་ཞེས་པའོ། །སྐྱེ་བ་དམིགས་སུ་མེད་པའི་ཕྱིར་ཛ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་སྐྱེ་བ་ལ་ཛཱ་ ཏི་ཞེས་བྱ་སྟེ་སྐྱེ་བར་བྱ་བའམ་སྐྱེ་བཞིན་པའི་དངོས་པོ་མེད་པས་སྐྱེ་བ་དམིགས་སུ་མེད་པའོ་ཞེས་པའོ། །དྲི་མ་དམིགས་སུ་མེད་པའི་ཕྱིར་ཛྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་དྲི་མ་ལ་ཛྷ་མ་ར་ཞེས་བྱ་སྟེ་དྲི་མར་གྱུར་པའི་ཆོས་རྣམས་དམིགས་སུ་མེད་པའོ། །ང་རྒྱལ་དམིགས་སུ་མེད་པའི་ཕྱིར་ཊ་ནི་ཆོས་ཐམས་ཅད་ ཀྱི་སྒོའོ་ཞེས་པ་ནི་ང་རྒྱལ་ལ་ཌ་ཀཱ་རཱ་ཞེས་བྱ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་པས་ང་རྒྱལ་གྱི་དངོས་པོ་མེད་ཅེས་པའོ། །བསྐྱེད་པ་དམིགས་སུ་མེད་པའི་ཕྱིར་ཐ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་བསྐྱེད་པ་ལ་བི་ཊཱ་བ་ན་ཞེས་བྱ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་པས་བསྐྱེད་པའི་དངོས་པོ་དམིགས་སུ་མེད་ པའོ། །འཁྲུག་པ་དམིགས་སུ་མེད་པའི་ཕྱིར་ཌ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་འཁྲུག་པ་ལ་ཌ་མ་ར་ཞེས་བྱ་སྟེ། འཁྲུག་པར་བྱ་བའི་དངོས་པོ་རྣམས་མེད་པས་འཁྲུག་པར་བྱེད་པའི་དངོས་པོ་ཡང་དམིགས་སུ་མེད་པའོ་ཞེས་པའོ། །སླུ་བ་དམིགས་སུ་མེད་པའི་ཕྱིར་ཌྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ ནི་སླུ་བ་ལ་ཌྷཾ་ག་ཞེས་བྱ་སྟེ་ཆོས་རྣམས་སྟོང་པ་ཉིད་ཡིན་པས་སླུ་བའི་དངོས་པོ་མེད་པའོ། །དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར་ཏ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་དེ་བཞིན་ཉིད་ལ་ཏ་ཐ་ཏཱ་ཞེས་བྱ་སྟེ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། སྟོང་པ་ཉིད་ཅེས་པ་ནི་གཅིག་གི་རྣམ་གྲངས་ཏེ་ དེ་བཞིན་ཉིད་ཀྱི་རང་བཞིན་དུ་དམིགས་སུ་མེད་པའོ། །གནས་དམིགས་སུ་མེད་པའི་ཕྱིར་ཐ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་གནས་ལ་སྠཱ་ན་ཞེས་བྱ་སྟེ་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་གྱི་གནས་སམ་ཆོས་རྣམས་སྐད་ཅིག་པའི་མཚན་ཉིད་ཡིན་པས་མི་གནས་པའི་ཕྱིར་གནས་དམིགས་སུ་མེད་ ཅེས་པའོ། །འདུལ་བ་དམིགས་སུ་མེད་པའི་ཕྱིར་ད་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་འདུལ་བ་ལ་དམན་ཞེས་བྱ་བ་སྟེ་འདུལ་བའི་དངོས་པོའམ་གདུལ་བར་བྱ་བ་དམིགས་སུ་མེད་ཅེས་པའོ། །ཁམས་དམིགས་སུ་མེད་པའི་ཕྱིར་དྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ཁམས་ལ་དྷཱ་ཏུ་ཞེས་བྱ་སྟེ། འདོད་ པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ལ་སོགས་པ་དམིགས་སུ་མེད་ཅེས་པའོ། །དོན་དམ་པའི་བདེན་པ་དམིགས་སུ་མེད་པའི་ཕྱིར་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་དོན་དམ་པ་ལ་པ་ར་མཱརྠ་ཞེས་བྱ་སྟེ། ཡི་གེ་པ་ནི་དེ་དོན་དམ་པའི་རང་བཞིན་དུ་ཡང་དམིགས་སུ་ མེད་པར་བསྟན་པའོ། །དབུ་བ་དང་འདྲ་བར་སྙིང་པོ་མེད་པའི་ཕྱིར་ཕ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་དབུ་བ་ལ་ཕེ་ཎ་ཞེས་བྱ་སྟེ་ཕུང་པོ་ལ་སོགས་པའི་ཆོས་རྣམས་དབུ་བ་དང་འདྲ་བར་སྙིང་པོ་མེད་པར་བཤིག་པ་དེ་ཡང་སྙིང་པོ་མེད་པར་ཡི་གེ་ཕའི་སྒོ་ནས་བསྟན་ཏོ། །ངག་གི་ལམ་དང་བྲལ་བའི་ ཕྱིར་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ངག་གི་ལམ་ལ་བཱཀྦ་ཐ་ཞེས་བྱ་སྟེ་རྣམ་པར་མ་བརྟགས་མ་དཔྱད་པར་ཚིག་ཏུ་མི་སྨྲའི། བརྟག་པར་བྱ་བ་དང་རྟོག་པར་བྱེད་པས་ཚིག་ཏུ་སྨྲ་བ་ཡང་དམིགས་སུ་མེད་པ་ཡིག་བའི་སྒོ་ནས་བསྟན་པའོ། །སྲིད་པ་ཐམས་ཅད་དམིགས་སུ་མེད་པའི་ ཕྱིར་བྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་སྲིད་པ་ལ་བྷ་བ་ཞེས་བྱ་སྟེ། དེ་ཡང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་འབྱུང་བས་ན་སྲིད་པ་ཞེས་བྱ་སྟེ་ཕུང་པོ་ལྔ་ཉིད་ལ་བྱའོ། །ཕུང་པོ་ལྔ་པོ་དེ་དག་དམིགས་སུ་མེད་པར་ཡི་གེ་བྷའི་སྒོ་ནས་སྟོན་ཏོ། །འཆི་བ་དམིགས་ སུ་མེད་པའི་ཕྱིར་མ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་འཆི་བ་ལ་པ་ར་ཎ་ཞེས་བྱ་སྟེ་ཆོས་རྣམས་མ་སྐྱེས་པར་འཆི་བ་ཡང་དམིགས་སུ་མེད་པར་ཡི་གེ་མའི་སྒོ་ནས་བསྟན་ཏོ། །ཐེག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཡ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་ཐེག་པ་ལ་ཡཱ་ན་ཞེས་བྱ་སྟེ་ཆོས་ རྣམས་ཀྱི་དོན་ཤེས་ན་ཆོས་ཀྱང་གཟིངས་དང་འདྲ་བར་བོར་བས་ན་ཆོས་རྣམས་སྟོང་པར་རྟོགས་པས་ན་ཐེག་པ་གང་ལ་ཞུགས་ཏེ་རྟོགས་པའི་ཐེག་པ་དེ་ཉིད་ཀྱང་དམིགས་སུ་མེད་པར་ཡི་གེ་ཡའི་སྒོ་ནས་བསྟན་ཏོ། །རྡུལ་ཐམས་ཅད་དང་བྲལ་བའི་ཕྱིར་ར་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་རྡུལ་ ལ་ར་ཛ་ཞེས་བྱ་སྟེ་རྡུལ་ཞེས་བྱ་བརྡུལ་ཕྲ་མོ་རྣམས་ལ་ཡང་བྱ་ལ་ཉོན་མོངས་པ་རྣམས་ལ་ཡང་བྱ་སྟེ་དེ་གཉིས་གང་ཡང་རུང་བ་དམིགས་སུ་མེད་པར་ཡི་གེ་རའི་སྒོ་ནས་བསྟན་པའོ། །མཚན་ཉིད་དམིགས་སུ་མེད་པའི་ཕྱིར་ལ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་མཚན་ཉིད་ལ་ལཀྵ་ཎ་ཞེས་བྱ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་ལ་སོགས་པ་དམིགས་སུ་མེད་པར་ཡི་གེ་ལའི་སྒོ་ནས་བསྟན་ཏོ། །རང་བཞིན་གྱིས་ཞི་བའི་ཕྱིར་ཤ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་རང་བཞིན་གྱིས་ཞི་བ་ལ་པྲ་ཀྲིཏ་ཤཱནྟི་ན་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དང་རང་བཞིན་གྱིས་ཞི་བར་ཡི་གེ་ ཤའི་སྒོ་ནས་བསྟན་ཏོ། །རང་བཞིན་གྱི་བེམས་པོའི་ཕྱིར་ཥ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་བེམས་པོ་ལ་ཥཊ་ཞེས་བྱ་སྟེ་མིག་དང་རྣ་བ་ལ་སོགས་པའི་དབང་པོས་ཟིན་པའི་ཆོས་རྣམས་ནི་ཡང་དག་པར་ན་ཟིན་པ་ཡིན་ཏེ་མིག་ལ་སོགས་པའི་དབང་པོ་རྣམས་བླུན་པས་ཚད་མ་མ་ཡིན་པའི་ཕྱིར་དེ་ དག་གིས་ཟིན་པའི་ཆོས་རྣམས་ཡོད་པ་མ་ཡིན་པར་ཥའི་སྒོ་ནས་སྟོན་པའོ། །ཥ་ཌའི་སྒོར་བཏང་བ་ནི་ཌ་དང་ཥ་གཉིས་གནས་གཅིག་ནས་བྱུང་བ་དང་ཌའི་ལས་བྱེད་པའི་ཕྱིར་རོ། །བདེན་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ས་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་བདེན་པ་ལ་ས་ཏྱ་ཞེས་བྱ་སྟེ་ཀུན་རྫོབ་ དང་དོན་དམ་པའི་བདེན་པ་དམིགས་སུ་མེད་པར་ཡི་གེ་སའི་སྒོ་ནས་བསྟན་ཏོ། །རྒྱུ་དམིགས་སུ་མེད་པའི་ཕྱིར་ཧ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི་རྒྱུ་ལ་ཧེ་ཏུ་ཞེས་བྱ་སྟེ་ཆོས་ཐམས་ཅད་ཀྱི་རྒྱུ་དམིགས་སུ་མེད་པར་ཡི་གེ་ཧའི་སྒོ་ནས་བསྟན་པ་སྟེ་མདོར་ན་ཡི་གེ་དེ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ འཛིན་རྣམས་ཀྱི་སྒོ་སྟོན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་ང་དང་ཉ་དང་ཎ་དང་ན་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བསྒྱུར་བ་སྟེ་ཞེས་པ་ནི་ཡི་གེ་དེ་རྣམས་ལ་ཀླད་ཀོར་གྱི་འཁོར་བཏགས་པས་སྟོང་པ་ཉིད་ཀྱི་མཚན་མ་ཡིན་པའི་ཕྱིར་ང་ནི་ཀ་ལ་སོགས་པའི་འཁོར་ཀུན་དབང་ངོ་། །ཉ་ནི་ ཙ་ལ་སོགས་པའི་འཁོར་ཀུན་དུ་གཏོགས་སོ། །ཎ་ནི་ཌ་ལ་སོགས་པའི་འཁོར་ཀུན་དུ་གཏོགས་སོ། །ན་ནི་ཏ་ལ་སོགས་པའི་འཁོར་ཀུན་དུ་གཏོགས་སོ། །དེ་བཞིན་དུ་ཡི་གེ་དེ་རྣམས་ཡ་ར་ལ་སོགས་པའི་སྟོང་པར་གཏོགས་ཏེ་སྟོང་པ་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མཐུ་ཐམས་ཅད་དང་ ལྡན་ལ། ཀུན་རྫོབ་ཏུ་སྒྲུབ་པའི་དགོས་པ་རྣམས་ཀྱང་མྱུར་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན་མཐུ་ཐམས་ཅད་དང་ལྡན་པ་རབ་ཏུ་མྱུར་བར་དགོས་པའི་དོན་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གསང་པ་པའི་བདག་པོའོ། །གསང་སྔགས་ཀྱི་ཚུལ་ དེ་འཛིན་གྱི་སྒོ་འདི་ནི་ཞེས་པ་ནས། སྔགས་པས་ཡིད་ལ་སེམས་ན་ནི། །འཆི་འཕོ་མེད་པའི་གནས་འཐོབ་བོ། །ཞེས་པའི་བར་གྱིས་སྔགས་ཀྱི་ཚུལ་ཀ་ལ་སོགས་པའི་ཡིག་འབྲུ་དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པར་བཤད་པ་རྣམས་ཀྱི་རྗེས་སུ་བསྔགས་པ་དང་ རང་བཞིན་བསྟན་པ་སྟེ། དེ་ཡང་འཇུག་པའི་ཡོན་ཏན་དང་གནས་པའི་ཡོན་ཏན་དང་སྡང་བའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཞེས་པ་ནི་དེ་བཞིན་ གཤེགས་པའི་རྒྱུའི་ཡོན་ཏན་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ལས་གྱུར་པའོ་ཞེས་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་ཞེས་པ་ནི་འཇུག་པའི་རང་བཞིན་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་པ་ནི་ཡི་ གེ་ཨ་དང་ཀ་ལ་སོགས་པ་དེ་བཞིན་ཉིད་ལ་དམིགས་ནས་འཇུག་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པའི་ཆོ་ག་རྣམས་དང་ལྡན་པ་ཞེས་པའོ། །གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་ཞེས་པ་ནི་ཕྱིན་ཅི་མ་ལོག་པས་རིགས་པ་དང་ལུང་གིས་སུན་ཕྱིན་པའོ། །དུས་གསུམ་དུས་ལས་ཤིན་དུ་འདས། ། མཁའ་ལྟར་དྲི་མ་མེད་པ་སྟེ། །བསམ་ཡས་སེམས་ཀྱི་ས་ལ་གནས། །ཞེས་པ་ནི་གནས་པའི་རང་བཞིན་དེ་དུས་གསུམ་ལས་ཤིན་ཏུ་འདས་པ་ནི་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་དེ་ཡང་ཕུང་པོ་ལྔ་ལ་བྱ་བས་ན། ཕུང་པོ་ལྔ་ལས་ཤིན་ཏུ་འདས། །ཞེས་པའོ། །མཁའ་ལྟར་ དྲི་མ་མེད་པ་སྟེ། །ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་དྲི་མ་རྣམས་དང་བྲལ་བ་ཞེས་པའོ། །བསམ་ཡས་སེམས་ཀྱི་ས་ལ་གནས། །ཞེས་པ་ནི་བསམ་པ་མེད་པ་ལས་སེམས་ཀྱི་ས་ལ་གནས་པ་སྟེ་སོ་སོ་རང་གིས་རིག་པའི་རང་བཞིན་ཞེས་པའོ། །ལས་དང་བྱ་བ་དག་ལས་བྱུང་། །སྤྱད་ པའི་ས་ནི་རྗེས་ཐོབ་ནས། །བསམ་ཡས་འབྲས་བུ་སྦྱིན་པར་བྱེད། །ཅེས་པ་ནི་ལངས་པའི་རང་བཞིན་ཏེ། ལས་དང་བྱ་བ་དག་ལས་བྱུང་། །ཞེས་པ་ནི་སྟོང་པ་ཉིད་ལས་ལངས་ནས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ཀུན་དུ་བཟླས་པའི་ཡན་ལག་བཞི་ལ་སོགས་པ་ལུས་དང་ངག་གི་ལས་ རྣམས་ཀྱང་སྟོན་ཞེས་པའོ། །སྤྱད་པའི་ས་ནི་རྗེས་ཐོབ་ནས། །བསམ་ཡས་འབྲས་བུ་སྦྱིན་པར་བྱེད། །ཅེས་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་རྣམས་བག་ཀྱིས་སྤྱད་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བསམ་གྱིས་མི་ཁྱབ་པ་སྦྱིན་པར་བྱེད་དོ་ཞེས་པའོ། །འདི་ནི་དེ་ ཉིད་དམ་པ་སྟེ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྟན། །ཞེས་པ་ནི་གོང་དུ་བཤད་པ་རྣམས་བསྡུས་པའི་ཚིག་སྟེ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྟན། །ཞེས་པའོ། །གསང་སྔགས་ཆོ་ག་འདི་ཤེས་ན། །སྔགས་པ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་ནི་སྔགས་ཀྱི་རང་བཞིན་སྟོང་པ་ ཉིད་བྱང་ཆུབ་ཀྱི་སེམས་སྒོམ་པ་ཞེས་པ་དང་སྔགས་ཀྱི་ཡི་གེ་ལས་ལྷའི་གཟུགས་སུ་སྦྱར་ཞིང་ཡན་ལག་བཞི་པའི་བཟླས་པ་ལ་སོགས་པའི་ཆོ་ག་ཤེས་ན་གྲུབ་པ་ཐོབ་པར་འགྱུར་ཞེས་པའོ། །སྒྲ་ཞེས་བྱ་བ་དེ་ཉིད་མཆོག །གསང་སྔགས་རྣམས་ཀྱི་གསང་སྔགས་མཚན། །སྔགས་པས་ཡིད་ལ་སེམས་ ན་ནི། །འཆི་འཕོ་མེད་པའི་གནས་འཐོབ་པོ། །ཞེས་པ་ནི་སྔགས་ཀྱི་ཡི་གེའི་སྒྲའི་སྒོ་ནས་བསྟན་པའི་དོན་དེ་བཟླས་པ་ལ་སོགས་པ་ལ་མི་ལྟོས་པར་བསྒོམས་པས་མྱ་ངན་ལས་འདས་པ་འཆི་འཕོ་མེད་པའི་གནས་འཐོབ་ཅེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཐུན་མོང་མ་ལགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་པའི་བར་གྱིས་གོང་དུ་བཤད་པའི་དོན་རྣམས་ཕྱག་ན་རྡོ་རྗེས་གོ་བར་བསྟན་པ་དང་། མ་འོངས་པའི་འགྲོ་བ་རྣམས་སྤྲོ་བ་སྐྱེད་པ་དང་། དཀྱིལ་འཁོར་གྱི་ཡོ་བྱད་བཤད་པའི་ལྷག་མ་རྣམས་བཤད་པར་ གསོལ་བའོ། །བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་མཚན་ཉིད་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་བཅོམ་ལྡན་འདས་ངོ་མཚར་ལགས་སོ་ཞེས་པ་ནི་ཡི་གེ་ཀ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་དག་གི་དོན་བསམ་དུ་མེད་པ་དེ་བདག་གིས་གོ་སྟེ་ངོ་མཚར་ ཆེའོ་ཞེས་པའོ། །དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་ཏེ་ཞེས་པ་ནི་ཉན་ཐོས་གང་ཟག་ལ་བདག་མེད་པར་རྟོགས་པ་ཙམ་དང་རང་སངས་རྒྱས་རྒྱུ་དང་འབྲས་བུ་བཤིག་ནས་ངག་དགག་པ་ཙམ་ཡིན་པས་དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཅན་མ་ཡིན་ཞེས་ པའོ། །གང་དག་གསང་སྔགས་ཀྱི་ཚུལ་འདི་ལ་དད་པའི་སེམས་ཅན་དེ་དག་ཀྱང་ཐུན་མོང་མ་ལགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་པ་རྣམས་ནི་མ་འོངས་པའི་འགྲོ་བ་རྣམས་སྤྲོ་བ་སྐྱེད་པའོ། །བཅོམ་ལྡན་འདས་གཞན་ཡང་དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ཆོ་ག་བཤད་དུ་གསོལ་ཞེས་པ་ནི་དཀྱིལ་ འཁོར་བྲིས་ཟིན་ནས་མཆོད་པ་ལ་སོགས་པ་བྱ་བར་རིགས་ཏེ། དེ་བས་ན་མཆོད་པའི་ཏིང་ངེ་འཛིན་དང་ཡིད་ཀྱི་མཆོད་པ་དང་ཐལ་མོ་སྦྱར་བའི་མཆོད་པ་དང་། བྱམས་པ་དང་སྙིང་རྗེའི་མཆོད་པ་དང་། འཇིག་རྟེན་གྱི་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་སྟེ། མཆོད་པ་རྣམ་པ་བཞི་པོ་དེ་དང་དཀྱིལ་འཁོར་ བསྲུང་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་བཞུགས་སུ་གསོལ་བ་རྣམས་བཤད་དུ་གསོལ་ཞེས་པའོ། །དེ་རྣམས་ལས་ཀྱང་ལ་ལ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་། ལ་ལ་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་། ལ་ལ་ནི་གསང་བ་པའི་དཀྱིལ་འཁོར་ལས་འབྱུང་སྟེ། འདི་ནས་མི་འབྱུང་བ་འོག་མ་གཉིས་ཀྱི་སྐབས་ནས་འབྱུང་བ་དེ་ཡང་སྐབས་འདིར་སྦྱར་བར་བྱ་ལ། འདི་ནས་འབྱུང་ལ་འོག་མ་གཉིས་ཀྱི་ནང་ནས་མི་འབྱུང་བ་དེ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་དག་གི་རིམ་པ་ཡང་ལྷ་རྣམས་དཀྱིལ་འཁོར་དུ་བྱིན་ གྱིས་བརླབ་པ་ལ་སྤྱན་དྲང་མི་དགོས་པའི་རིགས་པ་ལ་སོགས་པ་བསྡུས་པའི་དོན་གྱི་ནང་དུ་བཤད་པས་འདིར་མ་སྨོས་སོ། །དེ་ནས་སྔགས་པ་དེ་ཡིས་སུ། །ཞེས་པ་ནས། སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་དབུལ་བར་རབ་ཏུ་བསྒྲགས། །ཞེས་པའི་བར་གྱིས་དྲི་ལ་སོགས་པ་ཕྱིའི་ མཆོད་པ་རྣམས་བཤད་པ་སྟེ་ཕྱིའི་མཆོད་པ་དེ་རྣམས་ཀྱང་སྔགས་པ་དམིགས་པ་ཅན་གྱིས་ཚུལ་བཞིན་མ་བྱས་ན་འཕགས་པའི་ལྷ་རྣམས་འཁྲུག་པར་མི་འགྱུར་ན་ཡང་དེའི་འཁོར་ཕལ་པ་རྣམས་འཁྲུགས་པར་འགྱུར་ཏེ་འཕྲལ་དུ་གནོད་མི་བྱེད་ཀྱང་ཇི་ལྟར་བསམས་པའི་དོན་རྣམས་འགྲུབ་པར་མི་བྱེད་ ཅིང་ཕན་འདོགས་པར་མི་འགྱུར་རོ་ཞེས་རྒྱུད་གཞན་ལས་འབྱུང་བས་མཆོད་པ་དེ་རྣམས་ནན་ཏན་དུ་བྱའོ། །སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས་ཀྱང་གཙོ་བོར་ཡིད་ཀྱི་མཆོད་པ་བྱ་སྟེ། སློབ་མ་དམིགས་པ་ཅན་རྣམས་ཀྱི་ཡིད་དང་སྦྱར་བའི་ཕྱིར་ཕྱིའི་མཆོད་པ་འདི་རྣམས་ཀྱང་མ་ཆགས་པ་ བཞིན་དུ་བྱའོ། །མཆོད་པའི་ཏིང་ངེ་འཛིན་དང་ཡིད་ཀྱི་མཆོད་པ་དེ་དག་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་གསང་བའི་དཀྱིལ་འཁོར་དག་ཏུ་བལྟའོ། །མེ་ཏོག་སེར་པོ་དཀར་པོ་དམར། །ཡིད་དུ་འོང་བས་ནན་ཏན་དུ། །ལྷ་རྣམས་ལ་ནི་མཆོད་པར་བྱ། །ཞེས་པ་ནས། ཡིད་དུ་འོང་ ཞིང་བལྟ་ན་སྡུག །བཀྲ་ཤིས་པ་ལ་སྔགས་པ་ཡིས། །མཁས་པས་ནན་ཏན་མཆོད་པར་བྱ། །ཞེས་པའི་བར་གྱིས་མེ་ཏོག་གི་མཆོད་པ་རྣམས་བཤད་དེ། མེ་ཏོག་སེར་པོ་དཀར་པོ་དམར། །ཞེས་པ་ནི་མེ་ཏོག་གི་རིགས་སྤྱིར་སྨོས་པ་ཡིན་ལ། པདྨའམ་ཡང་ན་ཨུཏྤ་ལ། །ཞེས་པ་ལ་སོགས་པ་ ནི་སྤྱིར་སྨོས་པ་དེ་དག་ཉིད་ལས་སོ་སོའི་མིང་སྨོས་པའོ། །ཡིད་དུ་འོང་ཞིང་ནི་དྲི་ཞིམ་པའོ། །བལྟ་ན་སྡུག་ཅེས་པ་ནི་ཁ་དོག་དང་དབྱིབས་མཛེས་པའོ། །བཀྲ་ཤིས་པ་ནི་ལྷ་རྣམས་མཆོད་པ་དང་མི་འགལ་བ་སྟེ་འདིར་ནི་མདོ་ཙམ་དུ་སྨོས་ཀྱི་མིང་གིས་སྨོས་པ་ལས་གཞན་པ་ཡང་ཡིད་དུ་འོང་ཞིང་བཀྲ་ཤིས་ པས་མཆོད་པར་བྱའོ། །ཙནྡན་ཏ་ཀ་ར་ཞེས་པ་ནས། །སྣ་ཚོགས་ཡིད་དུ་འོང་བ་འབུལ། །ཞེས་པའི་བར་གྱིས་དྲི་ཆབ་ཀྱི་མཆོད་པ་རྣམས་ཏེ་ཡིད་འོང་ཞེས་པ་ནི་འདིར་མིང་གིས་སྨོས་པ་ལས་གཞན་ཡང་ཡིད་དུ་འོང་བ་དྲི་ཞིམ་པའི་དྲིའི་རིགས་རྣམས་གང་ཡང་རུང་བ་དབུལ་ལོ་ཞེས་པ་སྟེ་དེ་རྣམས་ལས་ཀྱང་ ལ་ལ་ནི་གཅིག་པུ་སྦྱར། ལ་ལ་ནི་བསྡུས་ཏེ་སྦྱར་བར་ཤེས་པར་བྱའོ། །དྲིའི་མཆོད་པ་དབུལ་བའི་སྔོན་དུ་ཡང་མེ་ཏོག་གི་མཆོད་པ་རྣམས་དབུལ་བར་བྱའོ། །ཨ་ག་རུའམ་སྒྲོན་ཤིང་ངམ། །ཞེས་པ་ནས། གཞན་ཡང་བདུག་སྤོས་སྣ་ཚོགས་པ། །བཀྲ་ཤིས་འཇིག་རྟེན་རྣམ་པར་གྲགས། །ཡིད་འོང་ སྔགས་པས་ཆོ་ག་བཞིན། །ལྷ་རྣམས་ལ་ནི་འབུལ་བར་བྱ། །ཞེས་པའི་བར་གྱིས་བདུག་པའི་མཆོད་པ་རྣམས་བཤད་དེ། དེ་རྣམས་ཀྱང་ལ་ལ་ནི་གཅིག་པུ་སྦྱར། ལ་ལ་ནི་བསྡུས་ཏེ་སྦྱར་བར་ཤེས་པར་བྱའོ། །གཞན་ཡང་བདུག་སྤོས་སྣ་ཚོགས་པ། །བཀྲ་ཤིས་འཇིག་རྟེན་རྣམ་པར་གྲགས། །ཡིད་འོང་ སྔགས་པས་ཆོ་ག་བཞིན། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་པ་ནི་འདིར་མིང་གིས་སྨོས་པ་ལས་གཞན་ཡང་འཇིག་རྟེན་དུ་གྲགས་པའི་བདུག་པ་སྣ་ཚོགས་པ་ལྷ་རྣམས་མཆོད་པ་དང་མི་འགལ་ཞིང་རུང་བ་ཡང་དབུལ་བར་བྱ་ཞེས་པའོ། །དེ་ནས་གཞན་ཡང་སེམས་དཔའ་ཆེ། །ལྷ་བཤོས་ལས་ཀྱི་ ཆོ་ག་ཉོན། །ཞེས་པ་ནས། ཞོ་དང་འོ་མ་རྒྱས་པར་དབུལ། །ཞེས་པའི་བར་གྱིས་ལྷ་བཤོས་ཀྱི་མཆོད་པ་རྣམས་བཤད་པ་སྟེ། དེ་རྣམས་ཀྱང་ཟས་དང་བཟའ་བ་དང་བཅའ་བ་དང་བཏུང་བའི་དངོས་པོར་ཤེས་པར་བྱ་སྟེ། དེ་ལ་ཟས་ནི་འོ་ཐུག་དང་འབྲས་ཆན་ལ་སོགས་པའོ། །བཟའ་བ་ནི་ལ་དུ་ལ་ སོགས་པའོ། །བཅའ་བ་ནི་ཤིང་ཐོག་ལ་སོགས་པའོ། །བཏུང་བ་ནི་ཞོ་དང་འོ་མ་ལ་སོགས་པའོ། །རྒྱས་པར་ཞེས་པ་ནི་དེ་རྣམས་བཟང་ཞིང་མང་དུ་དབུལ་བའོ། །མར་མེ་རྣམ་པ་སྣ་ཚོགས་པ། །ཞེས་པ་ནས། རབ་ཏུ་བཀང་སྟེ་དབུལ་བར་བྱ། །ཞེས་པའི་བར་གྱིས་མར་མེའི་མཆོད་པ་བཤད་པ་སྟེ་ གཙང་ཞིང་ཞེས་པ་ནི་ཉ་ཚིལ་ལ་སོགས་པ་མི་གཙང་བ་མེད་པ་དང་རས་ཀྱི་སྡོང་བུ་དྲི་མ་མེད་པ་ཞེས་པའོ། །ཕྱོགས་སུ་གདུགས་དང་བ་དན་རྣམས། །ཁ་དོག་སྣ་ཚོགས་རབ་ཏུ་བསྒྲགས། །ཞེས་པ་ནི་དཀྱིལ་འཁོར་གྱི་ཕྱིའི་སྒོ་ཁར་གདུགས་དཀར་པོ་གཅིག་གཞག་གོ། །ངོས་བཞི་ དང་གྲྭ་བཞིའི་ཕྱོགས་སོ་སོར་ཁ་དོག་དང་མཐུན་པའི་བ་དན་རྣམས་བསྒྲེང་བར་བྱའོ་ཞེས་པའོ། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་བུ་དང་བཅས་རབ་ཏུ་དབུལ། །ཞེས་པ་ནི་ཕྱིའི་སྒོ་ཁར་ནི་ཤིང་ལ་སོགས་པ་ལས་བྱས་པའི་རྟ་བབས་བཟང་པོ་དྲིལ་བུ་དག་གིས་བརྒྱན་པ་ཞེས་པའོ། །དེ་ནས་བུམ་པ་ བརྒྱད་དམ་ནི། །ཞེས་པ་ནས། མགྲིན་པ་རས་ཀྱིས་བཅིངས་པ་རྣམས། །མཁས་པས་རྣམ་པར་དགོད་པར་བྱ། །ཞེས་པའི་བར་གྱིས་བུམ་པ་རྣམས་དབུལ་བ་སྟེ། ནག་པོ་ལ་སོགས་པའི་སྐྱོན་མེད་ཅིང་གཞུང་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་རྣམས་དབུལ་ལོ། །དེ་རྣམས་གསང་བ་སྤྱིའི་རྒྱུད་ ལས་འབྱུང་བ་བཞིན་དུ་ལྷ་རྣམས་སོ་སོ་ལ་བསྔོས་པར་མི་བྱ་བར་སྤྱིར་དགོད་པ་ནི་བྱང་ཆུབ་སེམས་དཔའི་སྔགས་ཀྱིས་བཏབ་སྟེ་སློབ་མ་རྣམས་དབང་བསྐུར་བའི་ཚེ་བླུགས་པར་བྱ་བའི་ཕྱིར་རོ། །ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་དབུལ། །ཞེས་པ་ནི་དཀྱིལ་འཁོར་རིམ་པ་གསུམ་ཆར་གྱི་ སྒོ་ཁྱུད་རྣམས་ཀྱི་ནང་ན་བཞུགས་པའི་གཙོ་བོ་རྣམས་དང་དབུས་ན་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རས་ཟུང་རེ་རེ་དབུལ་ལོ་ཞེས་པའོ། །ཐམས་ཅད་ལ་ཟུང་རེ་མི་འབྱོར་ན་སྤྱིར་ཟུང་གཅིག་དབུལ་བར་ཤེས་པར་བྱའོ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་དབུལ་བར་ རབ་ཏུ་བསྒྲགས། །ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཕལ་པ་རྣམས་ལ་ཡ་རེ་རེ་དབུལ་ཞེས་པ་སྟེ། ཐམས་ཅད་ལ་ཡ་རེ་མ་འབྱོར་ན་སྤྱིར་ཡ་གཅིག་དབུལ་བར་ཤེས་པར་བྱའོ། །དེ་རྣམས་ཀྱང་བུམ་པའི་མགྲིན་པ་དཀྲི་བ་མ་གཏོགས་པའི་རས་གཞན་ཡིན་པར་ཤེས་པར་བྱའོ། །སློབ་མ་དཀྱིལ་འཁོར་ དྲུང་བཀུག་སྟེ། །སྔགས་པས་ཆུ་ཡི་བསང་གཏོར་བྱས། །ཞེས་པ་ནས། སློབ་མ་སྡིག་དང་བྲལ་བ་ཀུན། །དེ་ལྟར་ལེགས་པར་བཙུད་ནས་ནི། །ཞེས་པའི་བར་གྱིས་སློབ་མ་རྣམས་དཀྱིལ་འཁོར་དུ་གཟུད་པའི་ཆོ་ག་བཤད་དེ། དེ་ཡང་སྔར་མཆོད་པའི་ཚེ་སློབ་དཔོན་ལས་ཀྱི་རྡོ་རྗེ་སེམས་ དཔར་བསྒྱུར་བ་ལས་སློབ་མ་དཀྱིལ་འཁོར་དུ་འཛུད་པའི་ཚེ་འོག་ནས་འབྱུང་བའི་སློབ་དཔོན་གྱི་ཏིང་ངེ་འཛིན་དུ་བསྒྱུར་ཏེ། ཐོག་མ་ཉིད་དུ་དཀྱིལ་འཁོར་གྱི་ཕྱིར་རའི་སྒོར་སློབ་མ་རྣམས་ཀྱི་བགེགས་བསལ་བའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བས་བསྔགས་པའི་བུམ་པའི་ཆུས་གཏོར་ཏེ། སློབ་ མ་རྣམས་ཀྱི་གདོང་གཡོགས་ཀྱི་རས་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ནས་དམ་ཚིག་གསུམ་གྱི་སྔགས་ལན་གསུམ་བཟླས་པས་སློབ་མའི་གདོང་གཡོགས་པར་བྱའོ། །དེ་ནས་སློབ་མའི་ལག་པར་དྲི་དང་མེ་ཏོག་བྱིན་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ ཀྱིས་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་རློབ་པོ། །དེ་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་སྔགས་དང་རྡོ་རྗེ་གོ་ཆའི་སྔགས་ཀྱིས་སློབ་མ་དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རྃ་ཁ་དོག་དཀར་པོ་ཀླད་ཀོར་དང་བཅས་པ་འབར་བ་ཅན་བསམས་ཏེ། དེ་ནས་དམ་ཚིག་ གསུམ་གྱི་ཕྱག་རྒྱ་བཅིངས་ནས་དེའི་སྔགས་ཟློས་སུ་བཅུག་ལ་མེ་ཏོག་འདོར་དུ་གཞུག་གོ། །དེ་ནས་མེ་ཏོག་གང་དུ་བབ་པའི་ལྷ་དེ་སྔགས་པས་སློབ་མ་དེ་ལ་སྦྱིན་ཏེ། དེ་ནས་དཀྱིལ་འཁོར་ལན་གསུམ་དུ་བསྐོར་དུ་གཞུག་གོ། །དེ་རྣམས་ནི་དཀྱིལ་འཁོར་དུ་གཟུད་པའི་ཆོ་གའི་རིམ་པ་མདོར་བཤད་ པའོ། །ཡན་ལག་སོ་སོར་བཤད་པ་ནི། བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །ཅེས་པ་སྨོན་པ་བྱང་ཆུབ་ཀྱི་སེམས་འཛིན་དུ་གཞུག་པའོ། །དེ་བཞིན་གཤེགས་པ་དྲན་བྱས་ནས། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ་ཞེས་སྨྲ་བར་བྱའོ། ། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་པའོ། །དེ་ནས་ རྒྱལ་བའི་རིགས་དགེ་ལ། །ཐམས་ཅད་རབ་ཏུ་བསྐྱེད་པར་འགྱུར། །ཞེས་པ་ནི་དེ་ལྟར་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ས་བོན་བཏབ་པའི་སྒོ་ནས་རྒྱལ་བའི་རིགས་དགེ་བར་སྐྱེ་བར་འགྱུར་རོ། །རྒྱལ་བའི་རིགས་ཞེས་པ་ནི་ཐབས་དང་ཤེས་རབ་དང་ ལྡན་པ་སྟེ། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་དེ་ལས་བྱུང་བས་ན་དེ་ནི་རྒྱལ་བའི་རིགས་ཞེས་བྱའོ། །ཆོས་ཀྱི་དབྱིངས་ ལས་བྱུང་བ་ཡི། །ཕྱག་རྒྱ་དེ་དག་རྣམས་ལ་བཅིང་། །ཞེས་པ་ནི་འཇུག་པའི་བྱང་ཆུབ་ཀྱི་སེམས་དང་གནས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དེས་སློབ་མ་དེ་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པོ། །ཆོས་ཀྱི་འཁོར་ལོ་འང་བཅིངས་ནས་ནི། །རྡོ་རྗེ་ སེམས་དཔར་བྱིན་གྱིས་བརླབ། །ཅེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་ནས་སླར་ཀུན་རྫོབ་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ཆོས་ཀྱི་འཁོར་ལོའི་སྔགས་དང་ཕྱག་རྒྱས་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་རོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་རང་གི་སེམས་རྡོ་རྗེ་དང་ འདྲ་བར་བརྟན་པ་ཅིས་ཀྱང་ཟིལ་གྱིས་མི་ནོན་པ་སྟེ། དེ་ཡང་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་བཞུགས་པ་ཟླ་བའི་དཀྱིལ་འཁོར་ཡང་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དབུ་རྒྱན་དང་ལྡན་ཞིང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུའོ། །དེའི་སྙིང་གར་ཡང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ཡེ་ཤེས་ ལྔའི་རང་བཞིན་ཅན་བསམ་པར་བྱའོ། །དེ་ནས་སངས་རྒྱས་ཀུན་གྱི་ནི། །དམ་ཚིག་སྡོམ་བརྩོན་ཅན་གྱིས་བཅིང་། །དེ་ནས་སྔགས་ཀྱི་ཆོ་ག་བཞིན། །རས་ལ་ལན་གསུམ་གདབ་པར་བྱ། །ཞེས་པ་ནི་སློབ་དཔོན་གྱིས་གདོང་དགབ་པའི་རས་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་དང་སྔགས་ཀྱིས་གདབ་སྟེ། དེ་ཡང་སྐབས་འདིར་བཤད་མོད་ཀྱི་ལས་འདི་རྣམས་དང་པོར་ཤེས་པར་བྱའོ། །དེ་དག་གི་ནི་གདོང་ཡང་དགབ། །ཅེས་པ་ནི་དམ་ཚིག་གིས་བཏབ་པའི་རས་དེས་སློབ་མ་དེ་རྣམས་ཀྱི་གདོང་དགབ་པར་བྱ་སྟེ། གདོང་དགབ་པ་དེ་ཡང་དེ་དག་སྔར་ཐ་མལ་གྱི་མིག་ཏུ་འདུག་པ་ལས་དམ་ཚིག་གི་སྔགས་དང་ ཕྱག་རྒྱས་བྱིན་གྱིས་བརླབས་པས་བཀག་ནས་ཡེ་ཤེས་ཀྱི་མིག་ཏུ་བསྒྱུར་བར་གྱུར་ཏེ་ཡེ་ཤེས་ཀྱི་མིག་དེ་ཕྱེ་ནས་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་དཀྱིལ་འཁོར་དེ་བསྟན་པའི་ཕྱིར་རོ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ། །ཞེས་པ་ནི་སྙིང་རྗེ་དང་ལྡན་པས་བྱ་བ་ཡིན་གྱིས་དེ་ཁེ་དང་བཀུར་ སྟིའི་ཕྱིར་མ་ཡིན་ནོ་ཞེས་པའོ། །དམ་ཚིག་ལན་གསུམ་བཟླས་ནས་ནི། །ཞེས་པ་ནི་མེ་ཏོག་འདོར་དུ་གཞུག་ཅེས་པ་དང་སྦྱར་ཏེ་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་པ་སྔགས་ཀྱང་ལན་གསུམ་བཟླས་ཏེ་མེ་ཏོག་འདོར་དུ་གཞུག་གོ། །དམ་ཚིག་གསུམ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་དང་གསུང་མི་ཟད་པ་ དང་ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་དཀྱིལ་འཁོར་ཏེ། དེའི་བྱིན་གྱི་རླབས་སུ་གྱུར་པ་ནི་དམ་ཚིག་གི་སྔགས་དང་ཕྱག་རྒྱ་སྟེ། ཕྱག་རྒྱ་བཅིངས་ཤིང་དེའི་སྔགས་ལན་གསུམ་བཟླས་ན་སྐུ་ལ་སོགས་པ་མི་ཟད་པའི་རྡོ་རྗེའི་རྒྱན་དེ་མཐོང་བར་འགྱུར་རོ། །དེ་བས་ན་སྔགས་པ་རྟག་ཏུ་ ཟློས་པ་ལ་སོགས་པ་བྱེད་པའི་ཚེ་ཡང་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིང་བ་དེའི་ཕྱིར་དུ་ཡིན་ལ། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ་སྔགས་ལན་གསུམ་དུ་བཟླས་ན་དམ་ཚིག་ཉམས་པ་ལ་སོགས་པ་སླར་འཚོ་བར་འགྱུར་རོ། །སྤྱི་བོར་ཡི་གེ་ར་ཞེས་པ། །ཀླད་ཀྱི་འཁོར་བཅས་བརྗིད་དང་ལྡན། །འབར་ བའི་ཕྲེང་བ་རྣམ་པར་འཕྲོ། །ཟླ་བ་འཆར་ཀ་ལྟ་བུ་ཡི། །ཁ་དོག་དཀར་པོ་གཞག་པར་བྱ། །ཞེས་པ་ནི་སློབ་མའི་སྤྱི་བོར་ཡི་གེ་ར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསམ་སྟེ་ར་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་རང་བཞིན་ནོ། །ཀླད་ཀོར་གཞག་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །འབར་ བའི་ཕྲེང་བ་དང་བཅས་པ་ནི་རྒྱུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཟླ་བ་འཆར་ཀ་ལྟ་བུ་ནི་ཟླ་བ་འཆར་བའི་ཚེ་རང་བཞིན་དཀར་བ་ལ་ཅུང་ཟད་རྩ་དམར་བར་བསྟན་པ་སྟེ། དཀར་བ་ནི་རང་བཞིན་གྱིས་དག་པའོ། །རྩ་དམར་བ་ནི་སེམས་ཅན་གྱི་དོན་ལ་ཆགས་པའོ། །སྐྱོབ་པ་ཀུན་གྱི་སྤྱན་ སྔར་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག །མེ་ཏོག་གང་ལ་བབ་པ་དེ། །སྔགས་པས་དེ་ལ་སྦྱིན་པར་བྱ། །ཞེས་པ་ནི་སྔོན་དཀྱིལ་འཁོར་དུ་མ་ཞུགས་ཤིང་ལྷ་མ་མནོས་པའམ། དཀྱིལ་འཁོར་དུ་ཞུགས་ཤིང་ལྷམ་མནོས་སམ། ལྷ་མནོས་ཏེ་བཏང་བ་རྣམས་གདོད་ལྷ་མནོས་ པར་བྱ་ན་མེ་ཏོག་གདོད་དེ་ལྟར་དོར་བར་བྱ་ལ། དེ་ལྟར་ལྷ་མནོས་ཟིན་ཏེ་གདོད་ནོད་མི་དགོས་ན་གདོང་གཡོགས་བཀྲོལ་ལ་མེ་ཏོག་དེ་དག་གི་ལྷའམ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དབུལ་བར་བྱ་སྟེ། དེ་དག་ཀྱང་ཞིབ་ཏུ་ནི་བསྡུས་པའི་དོན་དུ་བཤད་ཟིན་ཏོ། །མེ་ཏོག་དོར་ ནས་ལྷ་གང་ལ་བབ་པ་དེའི་ཆ་བརྟག་པ་ཡང་གསང་བ་སྤྱིའི་རྒྱུད་ཀྱི་ནང་དུ་བལྟ་བར་བྱའོ། །དཀྱིལ་འཁོར་དང་པོའི་སྒོ་དྲུང་དུ། །སྒོ་ཁྱུད་ཀྱི་ནི་དབུས་ཀྱི་ཆ། །དཀྱིལ་འཁོར་གྱི་ནི་སྒོ་གཉིས་ཀྱི། །བར་དུ་སློབ་མ་གཟུང་བར་བྱ། །དེར་གནས་པ་ལ་ཆོ་ག་ཀུན། །རིམ་པ་བཞིན་དུ་ལེགས་པར་བྱ། །ཞེས་ པ་ནི་དཀྱིལ་འཁོར་གསུམ་པའི་སྒོ་ཁྱུད་ཀྱི་དབུས་སུ་སློབ་མ་དེར་གཟུང་དེ་དེར་གནས་ནས་གོང་དུ་སྨོས་པའི་ལས་ཐམས་ཅད་བྱ་སྟེ། སྒོ་ཁར་སློབ་མ་ལ་ཆུས་གདབ་པ་འབའ་ཞིག་མ་གཏོགས་སོ། །དཀྱིལ་འཁོར་གྱི་ནང་དུ་མ་ཞུགས་པར་སྒོ་གནས་ལས་དེ་རྣམས་བྱ་བ་དང་ལྷ་རྣམས་ལ་མེ་ཏོག་འདོར་ བ་ཡང་སྒོ་གནས་བོར་བ་ན་ནང་དུ་འབབ་པར་འགྱུར་གྱི། ནང་དུ་ཞུགས་ཏེ་བོར་ན་ལྷ་ཁ་ཅིག་རྒྱབ་ཏུ་ལས་པར་འགྱུར་ལ། བདག་དབུས་སུ་ཞུགས་ཏེ་བོར་ན་མེ་ཏོག་ཕྱི་རོལ་དུ་བབ་པར་འགྱུར་བའི་ཕྱིར་རོ། །གཉིས་སུ་ན་གོང་དུ། སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །ཞེས་ཀྱང་འབྱུང་བས་བདག་ནང་དུ་ཞུགས་ནས་ ཁ་ཅིག་གི་སྤྱན་སྔར་ཡང་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཁ་ཅིག་ལ་རྒྱབ་ཀྱིས་བལྟ་བ་མི་རིགས་པའི་ཕྱིར་རོ། །གསུམ་དུ་ན་འདི་ནི་ཆོས་ཀྱི་རྒྱལ་པོའི་འཁོར་ཡིན་པས་ཐོག་མ་ནས་ནང་དུ་ཞུགས་ན་ཀོ་ལོང་དུ་འགྱུར་ཏེ་རྒྱལ་ཆོས་དང་འགལ་བའི་ཕྱིར་རོ། །སློབ་ མ་སྡིག་དང་བྲལ་བ་ཀུན། །དེ་ལྟར་ལེགས་པར་བཙུད་ནས་ནི། །དེ་དག་ཞི་བར་བྱ་བའི་ཕྱིར། །ཞེས་པ་ནས། སྦྱིན་སྲེག་རྗེས་ལ་སྔགས་པ་ཡིས། །ཞེས་པའི་བར་གྱིས་དཀྱིལ་འཁོར་དུ་བཙུད་པའི་སློབ་མ་དེ་དག་ཞི་བར་བྱ་བའི་སྦྱིན་སྲེག་བྱ་སྟེ་སློབ་མ་རྣམས་དཀྱིལ་འཁོར་དུ་ཞུགས་པས་ སྡིག་པ་རྣམས་བྱང་ཞིང་རྒྱུད་དག་པ་དེས་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པ་ལ་སྦྱིན་སྲེག་གི་སྒོ་ནས་ཡོན་ཕུལ་ན་བསོད་ནམས་འཕེལ་ཏེ་སྡིག་པ་འབྱང་བས་ཞི་བར་འགྱུར་རོ། །དེའི་རིམ་པ་ཡང་ཐོག་མར་སྙིང་པོའི་དཀྱིལ་འཁོར་གྱི་མདུན་རོལ། དཀྱིལ་འཁོར་བར་མའི་སྒོའི་ཕྱི་རིམ། གསུམ་པའི་ནང་རོལ་དུ་མེ་ཐབ་ཁྲུ་གང་བ་བྱའོ། །དེ་སྟེ་དཀྱིལ་འཁོར་ཆུང་ནས་ནང་དུ་མི་ཤོང་ན་དཀྱིལ་འཁོར་གྱི་ཕྱི་རིམ་གྱི་སྒོ་གར་བྱའོ། །ཁང་ཐོག་ལ་སོགས་པར་བརྐོར་མི་རུང་ན་ཚོན་དམར་པོས་ཐབ་བྲི་བར་བྱ་ལ། དེ་ནས་ཐབ་དེའི་ཐ་མར་ལྷོ་ཕྱོགས་ནས་བརྩམས་ཏེ་ཀུ་ཤ་གཡས་སྐོར་དུ་དགྲམ་ཞིང་ གཅིག་གི་རྩ་བས་གཅིག་གི་རྩེ་མོ་ནོན་པར་བྱས་ཏེ་བསྐོར་རོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བཏབ་པའི་དྲིའི་ཆུ་གཏོར་ལ། དེ་ནས་ཐབ་དེར་འཇིག་རྟེན་པའི་མི་མྲྀ་ཏ་ཞེས་བྱ་བ་ལས་ཐམས་ཅད་བྱེད་པ་མགྲིན་པ་རིང་ལ་སྤུ་ཅན་ཁ་དོག་ཁམ་པར་འདུག་པ་མེ་ཏོག་གཅིག་ ཐབ་དེར་བོར་ལ་མེ་དེ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མེ་ལྷ་དེ་ལ་ཞལ་བསིལ་དང་གང་བའི་སྦྱིན་སྲེག་གཞུང་ལས་འབྱུང་བ་བཞིན་དུ་བྱིན་ནས་དེ་ཉིད་དུ་འབར་བའི་རང་བཞིན་དུ་བཞག་ལ། དེ་ནས་ཐབ་དེར་མེ་ཏོག་གཅིག་བོར་ནས་འཇིག་རྟེན་ལས་འདས་པའི་ཞི་བའི་མེར་བྱིན་གྱིས་བརླབས་ཏེ། ཞལ་ བསིལ་དང་གང་བའི་སྦྱིན་སྲེག་ལ་སོགས་པ་སྔ་མ་བཞིན་དུ་བྱས་ནས་སློབ་མ་རེ་རེའི་ཕྱིར་ཡང་སྦྱིན་སྲེག་ལན་ཉི་ཤུ་རྩ་གཅིག་རེ་སློབ་མའི་ལག་པ་གཡས་པའི་མཐེ་བོང་ནས་སློབ་དཔོན་གྱི་ལག་པ་གཡོན་པས་བཟུང་སྟེ་བྱའོ། །འདི་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བཤད་པར་བྱ་སྟེ་སྡིག་ དང་བྲལ་བ་ཀུན་ཞེས་པ་ནི་སློབ་མ་དེ་རྣམས་དཀྱིལ་འཁོར་དུ་གཞུག་པར་རྩོམ་པ་ན་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་དང་། དཀྱིལ་འཁོར་དུ་འཇུག་པ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཞུགས་ནས་ཀྱང་ཕྱིས་སྔགས་ཀྱི་སྤྱད་པ་སྤྱོད་པ་ན་སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་ག་དགེ་སྟེ་སྡིག་པ་ དང་བྲལ་བའོ། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །ཞེས་པ་ནི་སྦྱིན་སྲེག་གི་ཆོ་ག་གཞུང་ལས་ཇི་སྐད་གསུངས་པ་བཞིན་དུ་བྱ་བ་སྟེ་འོག་ནས་འབྱུང་བར་བལྟའོ། །སྙིང་པོའི་དཀྱིལ་འཁོར་གྱི་ནི་མདུན། །དཀྱིལ་འཁོར་གཉིས་པའི་རྒྱབ་རོལ་གྱི། །དཀྱིལ་འཁོར་གྱི་ནི་དབུས་ཀྱི་ཆར། །མ་གཡེངས་པ་ཡི་ སེམས་ཀྱིས་བྱ། །མེ་ཐབ་ཁྲུ་གང་ཙམ་གྱི་ནི། །ཚད་དུ་རབ་ཏུ་བསྒྲགས་པ་ཡིན། །ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །འདིར་ཁྲུ་གང་པ་འབའ་ཞིག་གསུངས་ཀྱི་ཟླུམ་པོའམ་གྲུ་བཞིར་བྱ་བ་མ་སྨོས་ཀྱང་ཞི་བ་དང་རྒྱས་པའི་ཐབ་ཇི་ལྟར་གྲགས་པ་ལ་བྱ་སྟེ། སྐབས་འདིར་ནི་ཞི་བའི་ལས་ཡིན་ པས་ཟླུམ་པོར་འོས་སོ། །ཡང་ན་ཞི་བ་དང་རྒྱས་པ་གཉིས་ཀའི་བཞི་མཐུན་ན་གྲུ་བཞི་ཡང་ཉེས་པ་མེད་དོ། །ཁ་རན་སོ་བཞིའི་ཚད་དུ་བྱ། །ཞེས་པ་ནི་ཐབ་གྲུ་བཞིའི་ནི་ཁ་རན་ཡང་གྲུ་བཞིར་བྱ་ལ། ཐབ་ཟླུམ་པོ་ལ་ཁ་རན་ཡང་ཟླུམ་པོར་བྱའོ། །དབུས་སུ་རྡོ་རྗེ་རབ་ཏུ་བརྟག །ཅེས་པ་ནི་ ཡེ་ཤེས་ལྔའི་ཕྱག་རྒྱར་གྱུར་པ་རྡོ་རྗེ་རྩེ་ལྔ་པ་བྲིའོ། །དེ་ནས་སྔགས་པའི་གཡས་ལོགས་སུ། །སྦྱིན་སྲེག་གི་ནི་ཡོ་བྱད་གཞག །གཡོན་གྱི་ཕྱོགས་སུ་སློབ་མ་རྣམས། །ཞེས་པ་ནི་བསྲེག་པར་བྱ་བའི་རྫས་རྣམས་སྔགས་པའི་གཡས་སུ་གཞག་གོ། །གཡོན་དུ་སློབ་མ་བཀོད་པ་ན་སློབ་དཔོན་སློབ་ མའི་གཡས་སུ་འབབ་སྟེ། སློབ་དཔོན་དེས་སློབ་མ་ལ་ཕན་འདོགས་པ་དང་རྗེས་སུ་མཐུན་པར་བསྟན་པའོ། །ཙོག་ཙོག་པོར་ནི་འཁོད་དུ་གཞུག །ཅེས་པ་ནི་ཆོ་གའི་ལས་རྣམས་མ་ཟིན་གྱི་བར་དུ་བག་ཕབ་སྟེ་མི་འདུག་པའམ་གུས་པ་བསྟན་པའོ། །སྡོམ་བརྩོན་བདག་ཉིད་ས་སྟེང་དུ། །ཀུ་ཤ་ བཏིང་བའི་སྟན་ལ་འདུག །ཅེས་པ་ནི་སློབ་དཔོན་རྩྭ་ཀུ་ཤ་སྟེང་དུ་འདུག་པའོ། །ཡང་ན་ཚོན་རྩི་དམར་པོ་མཆོག །ཅེས་པ་ནས། ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱ། །ཞེས་པའི་བར་ནི་གོ་རིམས་བཞིན་དུ་གོང་དུ་བཤད་ཟིན་ལ། ཡིད་ནི་མཉམ་པར་བཞག་ནས་སུ། །ཞེས་པ་ནི་ཞི་བའི་ལས་ལ་ བྱམས་པའི་ངང་ཚུལ་བྱའོ། །སྦྱིན་སྲེག་རྗེས་ལ་སྔགས་པ་ཡིས། །སློབ་མ་རྣམས་ལ་ཡོན་བསླང་བ། །ཞེས་པ་ནས། སངས་རྒྱས་བསྔགས་པའི་དགེ་འདུན་ལ། །ཅི་ནུས་པར་ནི་མཆོད་བསྟོད་བྱ། །ཞེས་པའི་བར་ནི་སྡིག་པ་དང་བྲལ་བའི་སློབ་མ་དེ་དག་སློབ་དཔོན་གྱིས་བསོད་ནམས་ཀྱི་ ཞིང་དམ་པ་ལ་སྦྱིན་པ་བྱེད་དུ་གཞུག་སྟེ། མཆོག་ཏུ་ཕན་འདོགས་པའི་སློབ་དཔོན་དེ་ལ་སློབ་མ་རྣམས་ཀྱིས་གུས་པར་ཡོན་ཕུལ་ན་བསོད་ནམས་མཆོག་ཏུ་འགྱུར་བའི་ཕྱིར་གསེར་དང་དངུལ་དང་རིན་པོ་ཆེ་ལ་སོགས་པ་དབུལ་བར་བྱའོ་ཞེས་བསྐུལ་མ་བཏབ་བོ། །དེ་ལྟར་སློབ་དཔོན་ལ་ཡོན་ ཕུལ་ནས་ཀྱང་འཕགས་པའི་དགེ་འདུན་ནི་སྦྱིན་པའི་གནས་དམ་པ་ཡིན་པས་འཕགས་པའི་དགེ་འདུན་ལ་ཡོན་འབུལ་བ་དང་ཆོས་སྟོན་གསོལ་བར་བྱ་བ་ཡང་། འདི་ནི་བསོད་ནམས་ཞིང་ཡིན་ཞེས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྐྱོབ་པ་རྣམས་ནི་ནན་གྱིས་གསུངས། །ཞེས་བྱ་བ་ལ་སོགས་ པས་བསྟན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དབང་བསྐུར་བ། །སྔོན་གྱི་སངས་རྒྱས་ཀྱིས་བཤད་པ། །རྒྱས་པ་རུ་ནི་བཤད་པར་བྱ། །ཡིད་གཅིག་བསྡུས་ཏེ་ལེགས་ པར་ཉོན། །ཞེས་པ་ནས། རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྣམ་པ་ཀུན་དུ་སྲུང་། །ཞེས་པའི་བར་གྱིས་སློབ་མ་རྣམས་དབང་བསྐུར་བའི་སྐབས་འཆད་དེ། དེ་ལ་མངོན་པར་དབང་བསྐུར་བ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་མི་ཟད་པའི་རྒྱན་རང་བཞིན་ གྱི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པར་གྱུར་པའི་སྤྱན་སྔར་རིན་པོ་ཆེ་ལ་སོགས་པའི་བུམ་པས་ཆུ་བླུགས་པ་སྟེ་མངོན་པར་བླུགས་ཞེས་པའི་ཚིག་གི་དོན་ཏོ། །དེ་ཡང་རྣམ་པ་གསུམ་དུ་བརྟག་པར་བྱ་སྟེ། དབང་བསྐུར་བའི་མིང་ཇི་ལྟ་བུ་ཡིན་པ་དང་། སུ་ལ་དབང་བསྐུར་བ་དང་། ཅིའི་ཕྱིར་དབང་ བསྐུར་བའོ། །དེ་ལ་དབང་བསྐུར་བའི་མིང་ཇི་ལྟ་བུ་ཡིན་པ་ནི་སྤྱིར་དབང་བསྐུར་བའི་རྣམ་པ་མང་སྟེ། སྔགས་པ་ཉིད་དུ་བྱ་བའི་ཕྱིར་རིག་པ་སྦྱིན་པ་དང་། ལས་ཀྱི་དབང་བསྐུར་བ་ནི་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་ཀྱི་ལས་བྱ་བའི་ཕྱིར་དང་། གདོན་བསལ་བ་ལ་སོགས་པ་བྱ་བའི་ཕྱིར་དབང་ བསྐུར་བའོ། །དེ་དག་ལས་སྐབས་འདིར་ནི་སློབ་དཔོན་དུ་དབང་བསྐུར་བ་ཞེས་བྱ་སྟེ་དེ་ནི་མིང་ངོ་། །སུ་ལ་དབང་བསྐུར་བ་ནི་སློབ་མ་ཕལ་པ་ཐམས་ཅད་ལ་དབང་བསྐུར་བར་བྱ་བ་མ་ཡིན་གྱི་དམ་ཚིག་ཅན་ལྔའི་སྐབས་ནས། དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་། །ལས་དང་བྱ་བ་ལ་ཡང་སྦྱར། ། ཞེས་སྔགས་ཀྱི་རྒྱུད་རྣམས་ཐོས་ཤིང་དཀྱིལ་འཁོར་ལ་སོགས་པ་འདྲི་བར་ནུས་པ་ཁྱད་པར་ཅན་གྱི་སློབ་མ་དང་། ཡོངས་སུ་གྲུབ་པའི་སློབ་མ་རྣམས་ལ་དབང་བསྐུར་ཏེ། སུ་ལ་དབང་བསྐུར་བ་ཞེས་པ་ནི་དེ་རྣམས་ལ་དབང་བསྐུར་བའོ། །ཅིའི་ཕྱིར་དབང་བསྐུར་ཞེས་པ་ནི་ཆོས་ཀྱི་མིག་མི་ འཚུབ་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་ན་ཡང་འཇིག་རྟེན་གྱི་གཙུག་ལག་ལུང་བསྟན་པ་དང་རྟོག་པ་དང་། སྨན་ལ་སོགས་པ་རྣམས་ཀྱང་སློབ་མས་རྫོགས་པར་ལོབས་ནས་སློབ་དཔོན་གྱིས་དབང་བསྐུར་བའི་ཆོ་ག་འཇིག་རྟེན་པ་རྣམས་ལ་ཇི་ལྟར་སྲིད་པ་བཞིན་དུ་བྱས་ན་བཤད་པ་ལ་སོགས་པ་བྱ་བར་ སློབ་མ་ལ་ལུང་སྦྱིན་པ་སྲིད་དོ། །དེ་དག་ཀྱང་སོ་སོའི་གཙུག་ལག་རྫོགས་པར་མི་ཤེས་ཤིང་དབང་མ་བསྐུར་བར་བཤད་པ་ལ་སོགས་པ་བྱས་ན་གཙུག་ལག་དེ་དག་ཇི་ལྟ་བ་བཞིན་དུ་བཤད་མི་ནུས་པས་དེ་དག་གིས་མི་འཚུབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་འདིར་ ཡང་སློབ་མ་རྣམས་རྒྱུད་ལ་སོགས་པ་རྫོགས་པར་ཤེས་པར་བྱ་སྟེ། དེ་དག་ཉིད་སློབ་དཔོན་གྱི་མདོ་མངོན་སུམ་དུ་བཟླས་ནས་རྒྱུད་བཤད་པ་དང་དཀྱིལ་འཁོར་བྲི་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་པར་སློབ་དཔོན་ཉིད་ཡིད་ཆེས་ཏེ། སེམས་ཅན་གྱི་དོན་བྱེད་ནུས་པར་གྱུར་པ་རྣམས་ལ་དབང་བསྐུར་ན་ ཆོས་ཀྱི་མིག་མི་འཚུབ་པར་འགྱུར་བའི་ཕྱིར་རོ། །གཉིས་སུ་ན་དེ་ལྟར་མངོན་པར་འདུས་བྱས་པའི་སློབ་མ་དེ་སློབ་དཔོན་དུ་གྱུར་ན་འཇིག་རྟེན་པ་རྣམས་ཀྱང་ཁུངས་དེ་ལྟ་བུ་ལས་བྱུང་བའི་སློབ་དཔོན་དེ་ལ་ཡིད་ཆེས་ཤིང་བཙུན་པར་བྱེད་དོ། །རིམ་པ་འདི་ལྟ་བུས་དབང་མ་བསྐུར་ལ་རྒྱུད་ལ་སོགས་པ་མི་ཤེས་ པར་བཙན་ཐབས་སུ་སྔགས་ཀྱི་རྒྱུད་ལ་སོགས་པ་འཆད་ཅིང་དཀྱིལ་འཁོར་འདྲི་ན་ཇི་ལྟ་བ་ཉིད་དུ་མི་ཤེས་ཏེ། དོན་ལོག་པར་འགྱུར་བས་སྔགས་ཀྱི་ལྷ་ལ་སོགས་པས་ཀྱང་བྱིན་གྱིས་མི་རློབ་པའི་ཕྱིར་ཅི་བསམས་པའི་དོན་མི་འགྲུབ་ལ། གདུལ་བའི་འགྲོ་བ་རྣམས་ཡིད་མི་ཆེས་ཤིང་མི་ཕྱོགས་པས་ ཆོས་ཀྱི་མིག་འཚུབ་པར་འགྱུར་རོ། །ཅིའི་ཕྱིར་དབང་བསྐུར་བ་ཞེས་པ་ནི་དེའི་ཕྱིར་རོ། །དེ་ལ་དབང་བསྐུར་བ་ཡང་ཇི་ལྟར་འཇིག་རྟེན་གྱི་རྒྱལ་པོ་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བཀའ་ཁྲིམས་སྟོན་པ། མངོན་པར་མཐོ་བའི་འབྲས་བུ་སྦྱིན་པར་བྱེད་པ་དེ་ཇི་ལྟར་རྒྱལ་ཐབས་སུ་དབང་བསྐུར་བར་བྱ་བ་དེ་ བཞིན་བྱ་བ་སྟེ། འདིར་ཡང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་སྦྱིན་པར་བྱེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕྱིར་ཏེ། དེ་ཡང་རིམ་པ་འདི་ལྟར་བྱའོ། །ཐོག་མར་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོས་བཅད་དེ་དེར་དབང་བསྐུར་བའི་དཀྱིལ་འཁོར་རིམ་པ་གཅིག་པ་སྒོ་གཅིག་ པ་བྲིས་ལ། དེའི་ནང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་རྡོ་རྗེ་འཛིན་པ་བྲི་ཞིང་པདྨའི་འདབ་མ་བརྒྱད་པོ་ལ་ཡང་བྱང་ཆུབ་སེམས་དཔའ་བཞི་དང་ཕྱག་བརྙན་བཞི་སྟེ་བརྒྱད་བྲིའོ། །པདྨའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རཾ་བྲིས་ལ་དེར་སློབ་མ་བཞག་སྟེ། དྲི་དང་མེ་ཏོག་ལ་ སོགས་པའི་མཆོད་པ་དང་། བཀྲ་ཤིས་པའི་ཚིགས་སུ་བཅད་པ་དང་། གླེང་གཞི་རྒྱ་ཆེན་པོ་སྙན་པ་རྣམས་བསྒྲགས་ཤིང་ཀུན་དུ་བཟང་པོ་ལ་སོགས་པའི་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་བཞིའི་བུམ་པ་དཀྱིལ་འཁོར་ཆེན་པོ་ལན་རེ་བསྐོར་ནས་སློབ་མ་དེའི་སྤྱི་བོ་ནས་བླུགས་སོ། །དེའི་ འོག་ཏུ་འདིར་དངོས་སུ་མ་སྨོས་ཀྱང་དེ་བཞིན་གཤེགས་པའི་གཙུག་ཏོར་དང་སྤྱན་དང་ལྗགས་དང་གོ་ཆ་རྣམས་ཀྱི་ཕྱག་རྒྱ་དང་། སྔགས་ཀྱིས་ཀྱང་སློབ་མ་དེ་ལ་པདྨའི་སྟེང་ན་འདུག་པ་ཉིད་ནས་རིམ་པ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནས་དེ་བསླབ་སྟེ་དཀྱིལ་འཁོར་དེའི་ཉེ་འཁོར་དུ་ དྲི་བཟང་པོ་གཅིག་བཞག་སྟེ་གོས་གསར་པ་བརྗེས་ནས་གོས་གསར་པ་ཕྲུགས་ཅིག་གོན་ནས་ཁྲིའི་སྟེང་དུ་བཞག་གོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། སློབ་དཔོན་ཉིད་མིག་དབྱེ་བའི་ཐུར་མ་ཐོགས་ནས་མདུན་དུ་འདུག་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུ་ཁྱོད་ཀྱིས་མི་ཤེས་ པའི་རབ་རིབ་རྣམས་བསལ་ཏོ་ཞེས་པ་ལ་སོགས་པའི་ཚིག་བརྗོད་དོ། །དེ་ནས་མེ་ལོང་ཐོགས་ལ་ཆོས་རྣམས་གཟུགས་བརྙན་དང་འདྲ་བར་རང་བཞིན་མེད་པའི་སྟོང་པ་ཉིད་ཀྱི་ཚུལ་དུ་སྒོམས་ཤིག་ཅེས་པའི་ཚིག་བརྗོད་དོ། །དེ་ནས་དེ་ལྟར་བདག་གི་དོན་ཡོངས་སུ་རྫོགས་ནས་གཞན་གྱི་དོན་ཕུན་སུམ་ ཚོགས་པར་བྱ་བའི་ཕྱིར་རྐང་པའི་འོག་ཏུ་གསེར་གྱི་འཁོར་ལོ་བཞག་སྟེ། ཆོས་ཀྱི་འཁོར་ལོ་སྐོར་ཅིག་ཅེས་བསྒྲག་གོ །དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་སངས་རྒྱས་ཀྱི་གསུང་མཆོག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པར་བསྐོར་བར་བྱ་སྟེ། གསུང་མཆོག་དེའི་ཕྱག་རྒྱར་གྱུར་པ་དུང་བཟང་པོ་ ཅིག་ལག་པ་གཡས་པར་བྱིན་ལ། ཁྱོད་ཀྱིས་ཆོས་ཀྱི་དུང་བུས་ཤིག །ཅེས་བརྗོད་དོ། །དེ་ལྟར་སེམས་ཅན་གྱི་དོན་བྱས་ནས་སངས་རྒྱས་རྣམས་ལ་བྱས་པ་གཟོ་བ་ལ་སོགས་པའི་ཚིག་དེའི་འོག་ཏུ་བརྗོད་པར་བྱ་སྟེ། དེ་རྣམས་ནི་ལས་སུ་བྱ་བའི་རིམ་པ་བསྡུས་ཏེ་བཤད་པའོ། །ཡན་ལག་ གི་དོན་བཤད་པར་བྱ་སྟེ། སེམས་དཔའ་ཆེན་པོ་དབང་བསྐུར་བ། །རྒྱས་པ་རུ་ནི་བཤད་པར་བྱས། །ཡིད་གཅིག་བསྡུས་ཏེ་ལེགས་པར་ཉོན། །ཞེས་པ་ལ་དབང་བསྐུར་བའི་ཚིག་གི་དོན་གོང་དུ་བཤད་ཟིན་ལ། རྒྱས་པ་རུ་ནི་བཤད་པར་བྱས། །ཞེས་པ་ནི་དབང་བསྐུར་བའི་ཆོ་ག་ འོག་ནས་འབྱུང་བ་རྣམས་དང་ལྡན་པར་འཆད་པས་ཤེས་པའོ། །སྔོན་གྱི་སངས་རྒྱས་ཀྱིས་བཤད་ཅེས་པ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་པས་བྱ་བ་གཅིག་ཏུ་བསྟན་པའོ། །གསང་བ་པའི་བདག་པོ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོ་ བོར་ནས་ཕྱི་རོལ་གྱི་ས་ལ་དཀྱིལ་འཁོར་གཉིས་པ་གྲུ་བཞི་ལ་སྒོ་གཅིག་པ་བྲི་བར་བྱའོ་ཞེས་པ་ལ་དོན་གཞན་ནི་སྔར་བཤད་ཟིན་ཏེ། འདིར་དངོས་སུ་མ་སྨོས་ཀྱང་སྤྱིའི་མཚན་ཉིད་ལྟར་བྱས་ན་ནང་གི་དཀྱིལ་འཁོར་གྱིས་ཤར་ཕྱོགས་སུ་གཞོལ་ན་དབང་བསྐུར་བའི་དཀྱིལ་འཁོར་བྱང་ཕྱོགས་སུ་བྲི་བར་བྱ། ནང་གི་དཀྱིལ་འཁོར་བྱང་ཕྱོགས་སུ་གཞོལ་ན་དབང་བསྐུར་བའི་དཀྱིལ་འཁོར་ནུབ་ཕྱོགས་སུ་བྲི་བར་བྱ་སྟེ། འདིར་ནི་ནང་གི་དཀྱིལ་འཁོར་གྱི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་བྲི་བ་མཐའ་གཅིག་ཏུ་གསུངས་པས་ནང་གི་དཀྱིལ་འཁོར་ལ་དབང་བསྐུར་བའི་ཆུ་མི་འབྱུང་བར་བྱ་བའི་ཕྱིར་ནང་གི་དཀྱིལ་ འཁོར་གྱི་ས་བྱང་ཕྱོགས་སུ་གཞོལ་བར་བྱའོ། །འོན་ཏེ་ཤར་ཕྱོགས་སུ་གཞོལ་ན་ཡང་བར་ས་རྒལ་གྱིས་བཅད་པར་བྱའོ། །གྲྭ་བཞིར་རྡོ་རྗེ་འཛིན་སྔར་བཞིན་དགོད་དེ་ཞེས་པ་ནི། རྡོ་རྗེ་འཛིན་པ་དེ་རྣམས་དང་འོག་ནས་བྱང་ཆུབ་སེམས་དཔའ་བཞི་དང་ཕྱག་བརྙན་བཞི་འབྱུང་བ་རྣམས་ཀྱང་ དེ་བཞིན་གཤེགས་པའི་ཡོན་ཏན་ལས་གྱུར་པ་སྟེ་དེ་རྣམ་པར་རྟོག་པ་མེད་པའི་ཕྱིར་སྤྲོས་པ་མེད་པར་གནས་པ་ཞེས་པའོ། །ནམ་མཁའ་དྲི་མ་མེད་པ་ནི་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ནམ་མཁའ་དང་འདྲ་བ་སྟེ་ཤེས་བྱ་དང་ཉོན་མོངས་པའི་དྲི་མ་སྤངས་པའོ། །དྲི་མ་མེད་པའི་མིག་ནི་གཟུང་བ་དང་འཛིན་ པའམ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཤེས་རབ་ཅན་ཞེས་པའོ། །གོས་སྣ་ཚོགས་གྱོན་པ་ནི་ངོ་ཚ་བ་སྒྲིབ་པར་བྱེད་པས་གོས་ཏེ། གང་ཞིག་ངོ་ཚ་བ་ཡོད་ན་མི་བྱེད་པ་དང་། བྱ་བའི་རིགས་པ་རྣམས་བྱེད་པ་དང་། དམ་པ་རྣམས་ཀྱིས་བསྔགས་པ་སྟེ་དེ་ ལྟ་བུའི་ངོ་ཚ་དང་ལྡན་པ་ཞེས་པའོ། །དབུས་སུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་གཞག་པ་སྟེ་ཞེས་པ་ནི། ཡེ་ཤེས་བརྒྱད་ཀྱི་ཕྱག་རྒྱར་གྱུར་པའོ། །ཟེ་བ་ནི་ཡོན་ཏན་རྣམས་སོ། །འདབ་མ་བཞི་ལ་བྱང་ཆུབ་སེམས་དཔའ་གྲོགས་སུ་གྱུར་པ་སྔོན་ གྱི་སྨོན་ལམ་གྱི་མཐུ་ཅན་དུ་གྱུར་པ་བཞི་བྲི་བར་བྱ་སྟེ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་དེ་རྣམས་དེ་བཞིན་ཉིད་ཀྱི་ཡོན་ཏན་ལས་གྱུར་པ་སྟེ་གཉིས་ནི་རང་གི་དོན་ཕུན་སུམ་ཚོགས་པ། གཉིས་ནི་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པའི་རང་བཞིན་ཏེ་སྨོན་ལམ་གྱི་དབང་གིས་ཆོས་ ཀྱི་རྒྱལ་པོར་དབང་སྐུར་བ་དེའི་པདྨའི་གདན་གྱི་གནས་སུ་གྱུར་པའོ། །དེ་ལ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་པ་ལ་གཟུངས་ནི་ཤེས་རབ་སྟེ་དེའི་རྒྱལ་པོར་གྱུར་པའོ། །དྲན་པ་དང་ཤེས་བཞིན་ཅན་ནི་ཤེས་རབ་དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་སེམས་ཅན་ རྣམས་ལ་རྒྱུན་མི་འཆད་དོ། །ཕན་པ་ནི་ལྷག་པའི་བསམ་པ་ཅན་རྣམས་ལ་ཕན་པར་སེམས་པའོ། །སྙིང་རྗེ་ཅན་ནི་སྙིང་རྗེའི་དབང་གིས་སེམས་ཅན་རྣམས་ལ་ཕན་པར་སེམས་པ་སྟེ་དེ་གཉིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་ལ། སྔ་མ་གཉིས་ནི་རང་གི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ནོ། །འདབ་མ་གཞན་རྣམས་ལ་ནི་ཕྱག་བརྙན་བཞི་བྲི་སྟེ་ཞེས་པ་ཡང་དེ་བཞིན་ཉིད་ཡོན་ཏན་དུ་ཤེས་པར་བྱ་སྟེ་སྨོན་ལམ་གྱི་དབང་གིས་གྱུར་པ་ནི་གོང་མ་བཞིན་ནོ། །སེམས་ཅན་གྱི་ཁྱད་པར་ལ་སྤྱོད་པ་ནི་གཞན་གྱི་སེམས་ཤེས་པའི་རང་ བཞིན་ནོ། །འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ནི། སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པར་ཤེས་པའོ། །མ་ཆགས་པ་དང་རྣམ་པར་གྲོལ་བ་ཞེས་པ་ནི་འབྲས་བུའི་ཡོན་ཏན་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཆགས་པ་མེད་པ་ཡིན་ལ་ཆགས་པ་མེད་པས་ན་རྣམ་པར་གྲོལ་བའོ། ། གོང་མ་གཉིས་ནི་རྒྱུའི་རང་བཞིན་ནོ། །དབུས་སུ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་གཟུགས་གཞག་གོ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡི་གེར་ཁ་དོག་དཀར་པོ་པདྨའི་སྙིང་པོ་ལ་གཞག་གོ། །རིན་པོ་ཆེའི་བུམ་པ་བཞི་ཞེས་པ་ནི། གསེར་དང་། དངུལ་དང་། པདྨ་རཱ་ག་དང་། མ་ར་ཀ་ཏིའི་བུམ་པ་གསེར་དང་། དངུལ་ལ་སོགས་པ་དེ་དག་གིས་བརྒྱན་པའི་བུམ་པ་བྱའོ། །དེ་ལྟར་ཡང་མ་འབྱོར་ན། དེ་རྣམས་ཀྱི་ཁ་དོག་དང་མཐུན་པའི་སའི་བུམ་པ་བྱ་སྟེ། དེ་དག་ལ་སོགས་པའི་ཡོ་བྱད་རྣམས་ འབྱོར་བཞིན་དུ་ཇི་སྐད་དུ་འབྱུང་བ་བཞིན་མ་སྦྱར་ན། འཇུངས་པའི་སེམས་དང་ལྡན་ཏེ་སེམས་མ་དག་པས་ལྷ་རྣམས་ཀྱང་བྱིན་གྱིས་མི་རློབ་ཅེས་གཞུང་ལས་འབྱུང་ངོ་། །སྙིང་ནས་མེད་ཀྱང་མི་འབྱོར་དུ་མི་རུང་སྙམ་ནས་མི་སྤོབས་ཏེ་མི་བྱེད་ དམ། འཚོ་བའི་ཡོ་བྱད་དང་། ནད་ཀྱི་རྐྱེན་སྨན་གྱི་ཟོང་ཡང་མི་འཇོག་པར་བྱེད་ན། ཡང་དགོངས་པའམ་ཆོ་ག་མི་ཤེས་པ་ཡིན་ལ། འཚོ་བའི་ཡོ་བྱད་དང་། ནད་ཀྱི་རྐྱེན་སྨན་གྱི་ཟོང་དུ་སྙད་བཏགས་ནས་ལྷག་པར་ཡོད་པ་གཏོང་མི་ཕོད་ན་གོང་དུ་སྨོས་པ་དང་འདྲ་སྟེ། མདོར་ན་སེམས་ལ་སྒྱུ་མེད་པའི་གཙང་སྦྲ་ཤེས་པར་བྱའོ། །ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡང་སློབ་མ་དེ་ངན་སོང་སྤང་བར་བསྟན་པའི་ཕྱིར་ཐོག་མ་ཉིད་དུ་ངན་སོང་ཐམས་ཅད་སྤོང་བའི་བྱང་ཆུབ་སེམས་དཔའི་སྔགས་ ཀྱིས་བཏབ་པའི་བུམ་པས་བཀྲུའོ། །ངན་སོང་སྤངས་ནས་ཤེས་བྱ་དང་། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་གྱུར་ཅིག་པའི་དོན་དུ། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྔགས་ཀྱིས་བཏབ་ལ་བཀྲུའོ། །དེ་ནས་ཀུན་དུ་བཟང་པོའི་ས་ཐོབ་པར་གྱུར་ཅིག་ པའི་དོན་དུ་ཀུན་དུ་བཟང་པོའི་སྔགས་ཀྱིས་བཏབ་པའི་བུམ་པས་བཀྲུའོ། །དེ་ནས་ཆོས་ཀྱི་རྒྱལ་ཚབ་ཏུ་གྱུར་ཅིག་པའི་དོན་དུ་བྱམས་པའི་སྔགས་ཀྱིས་བཏབ་པའི་བུམ་པས་བཀྲུའོ། །པདྨ་དམ་པ་དེ་ལ་ནི། །སྔགས་པ་དག་གིས་དེ་བཞག་ནས། །ཞེས་པ་ནས། སྤོས་དང་ མེ་ཏོག་བཟང་པོ་ཡིས། །དེ་ལ་ཡང་ནི་མཆོད་པར་བྱ། །ཞེས་པའི་བར་དུ་དོན་གཞན་ནི་གོང་དུ་བཤད་ཟིན་ལ། སློབ་མ་དེ་དབང་བསྐུར་བར་བྱ་བའི་ཚེ། འདིར་དངོས་སུ་མ་གསུངས་ཀྱང་དཀྱིལ་འཁོར་དུ་འཇུག་པའི་ཚེ་ན་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ཏེ། དེ་ལས་ གཞན་པའི་སྐུར་བསྒྱུར་བ་མ་གསུངས་པས་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ཏེ་དབང་བསྐུར་བར་བྱའོ། །དབང་བསྐུར་བའི་ཚེ་པདྨའི་གདན་ལ་བཞག་པ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འདུག་ཐབས་སུ་བཞག་སྟེ། རྐང་པ་གཡོན་པ་ཁྲིའི་སྟེང་དུ་བཞག་ལ་གཡས་པ་ས་ལ་ གཞག་ཅིང་། ལག་པ་གཡོན་པ་ཁྲི་ལ་བརྟེན་ལ། གཡས་པ་པུས་མོ་ལ་བཞག་སྟེ་གདོང་ཡང་མི་མཐོ་མི་དམའ་བར་དྲང་པོར་བལྟ་བར་བྱའོ། །དེ་ནས་གསེར་གྱི་ཐུར་མ་ནི། །ཞེས་པ་ནས། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་པའི་བར་དུ་རིམ་པ་ གཞན་ནི་གོང་དུ་བཤད་ལ། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་པ་ནི། སྔོན་ཐོས་པ་དང་བསམས་པའི་ཤེས་རབ་ཀྱིས་རྒྱུད་ལ་སོགས་པ་མི་ཤེས་པ་རྒྱལ་བའི་ལུང་སློབ་དཔོན་གྱིས་བཤད་པས་མི་ཤེས་པ་བསལ་ཏོ་ཞེས་པའོ། །སྔོན་ གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་བཞིན། །ཞེས་པ་ནི། དཔེ་སྟེ། དེ་ལྟར་མིག་གི་སྨན་པའི་རྒྱལ་པོས་འཇིག་རྟེན་པ་རྣམས་ཀྱི་མིག་གི་རབ་རིབ་བསལ་ཏེ་གཟུགས་ལ་སོགས་པའི་རང་དངོས་ཇི་ལྟ་བ་ཉིད་དུ་འདུག་པ་མི་མཐོང་ བ་ལས་མཐོང་བར་བྱས་པ་བཞིན་དུ། རྒྱལ་བ་རྣམས་ཀྱིས་ཀྱང་བུ་ཁྱོད་ཀྱི་མ་རིག་པ་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་འདུག་པ་མི་ཤེས་པ་ལས་ཤེས་པར་བྱའོ་ཞེས་པའོ། །དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་གཟུགས་བརྙན་དང་འདྲ་སྟེ། བལྟར་ཡང་སྣང་ལ་ཡང་དག་པར་བརྟགས་ན་དངོས་པོ་ཡོད་པ་མ་ཡིན་པའོ། །དང་ཞིང་ཞེས་པ་ ནི། འདི་ལྟར་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཕུང་པོའི་རང་བཞིན་དུ་དམིགས་སུ་མེད་པས་དང་བ་ཞེས་པའོ། །དག་པ་ཞེས་པ་ནི། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའོ། །རྙོག་པ་མེད་པའི་སྒྲིབ་པ་དང་དེ་དག་གི་བག་ཆགས་ཀྱང་ མེད་ཅེས་པའོ། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ཅེས་པ་ནི། དེ་ལྟ་བུའི་སྟོང་པའི་རང་བཞིན་ལ་རྣམ་པར་ཤེས་པ་དྲུག་གིས་གཟུང་དུ་མེད་ཅིང་ཚིག་གིས་བརྗོད་པ་ལས་འདས་པའོ། །རྒྱུ་དང་ལས་ལས་བྱུང་བ་སྟེ། ཞེས་པ་ནི། ཕུང་ པོ་ལ་སོགས་པའི་ཆོས་རྣམས་རང་བཞིན་གྱིས་ཡོད་པའི་རང་བཞིན་མ་ཡིན་གྱི། རྒྱུ་དང་ལས་ལས་བྱུང་བས་ན་གཟུགས་བརྙན་དང་འདྲ་སྟེ། ཡོད་པ་མ་ཡིན་པས་བརྗོད་དུ་མེད་པ་ལ་སོགས་པའི་ཚིག་གོང་མ་རྣམས་དང་སྦྱར་རོ། །ངོ་བོ་ཉིད་མེད་ གནས་མེད་པ། །དེ་ལྟར་ཆོས་འདི་ཤེས་ནས་སུ། །ཞེས་པ་ནི། གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པའོ། །རྒྱུ་དང་རྐྱེན་ལས་བྱུང་བས་སྐད་ཅིག་མའི་ཆར་མི་གནས་པར་ཤེས་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་དེ་ལྟར་ཤེས་ནས་དེ་ལྟ་བུའི་ཚུལ་དུ་སྒོམ་ པའི་ཤེས་རབ་ཀྱིས་སྒོམས་ཤིག་ཅེས་པའོ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་པ་ནས། ཆོས་ཀྱི་དུང་ནི་བླ་མེད་པ། །ཞེས་པའི་བར་ནི། དེ་ལྟར་བདག་གི་དོན་ཕུན་སུམ་ཚོགས་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱོས་ཤིག་ཅེས་པ་སྟེ་གོང་དུ་ བཤད་ཟིན་ཏོ། །སངས་རྒྱས་སྲས་སུ་སྐྱེ་ཞེས་པ་ནི། ཁྱོད་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་སྐྱེས་སོ་ཞེས་པའོ། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོག་པ་མེད་པའི་སེམས་ཀྱིས་ཁྱོད། །ཅེས་པ་ནི། ཆོས་ཀྱི་འཁོར་ལོ་བསྐོར་ ཞིང་སེམས་ཅན་གྱི་དོན་བྱ་བ་དེ་ལྟར་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་དང་ཡིད་གཉིས་མི་སྐྱེ་བ་དང་། འཁོར་རྣམས་ལ་བག་ཚ་བ་མེད་པར་འཇིག་རྟེན་པ་རྣམས་ལ་གསང་སྔགས་སྤྱད་པའི་ཚུལ་གྱི་ཆོས་རབ་ཏུ་སྒྲོགས་ཤིག་ཅེས་པའོ། །དེ་ལྟར་བྱས་ན་སངས་ རྒྱས་ལ། །ཕན་ཐོགས་བྱས་པ་གཟོ་ཞེས་བྱ། །ཞེས་པ་ནི། དེ་ལྟར་སེམས་ཅན་གྱི་དོན་བྱས་ན་སངས་རྒྱས་རྣམས་ཀྱི་བྱ་བ་བྱས་པས་བྱས་པ་དྲན་ཞིང་སངས་རྒྱས་ལ་ལན་ལྡོན་པར་བཤད་དོ་ཞེས་པའོ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྣམ་པ་ཀུན་དུ་ སྲུང་། །ཞེས་པ་ནི། དབང་བསྐུར་བའི་དཀྱིལ་འཁོར་གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་བཀོད་པ་དང་། པདྨའི་འདབ་མ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ལས་བྱས་པ་དོན་ཡོད་དོ་སྙམ་ནས་སྲུང་བར་བྱེད་དོ་ཞེས་པའོ། །དེ་ནས་སློབ་མ་དེ་ བསླངས་ལ། །སྔགས་པ་སྙིང་རྗེར་གྱུར་པ་ཡི། །ཞེས་པ་ནས། །ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །དེ་དག་ཐམས་ཅད་ཁས་བླང་ངོ་། །ཞེས་པའི་བར་གྱིས་སློབ་མ་ལ་དམ་ཚིག་བསྟན་པ་སྟེ། དེ་ཡང་སྔོན་དམ་ཚིག་མནོས་པ་དང་མ་མནོས་པ་གཉིས་ཀ་ལ་བསྟན་ནོ། ། དེ་ལ་སློབ་དཔོན་དམ་ཚིག་བཞི་དང་ལྔ་དག་ཏུ་ལྡན་ལ། ལས་དང་བྱ་བ་དག་ལ་སྦྱར་བ་རྒྱུད་ལ་སོགས་པ་དང་དམ་ཚིག་ཤེས་ཤིང་མནོས་ཟིན་པ་ལ་བསྟན་ཅི་དགོས་ཤེ་ན། འཇིག་རྟེན་ན་རྒྱལ་པོ་རྣམས་ཀྱང་རྒྱལ་ཆོས་སུ་བྱ་བ་རྣམས་སྔ་ནས་ཀྱང་ཤེས་ཤིང་སྲུང་མོད་ ཀྱི། ནམ་རྒྱལ་པོར་དབང་བསྐུར་བའི་ཚེ་ན། ཡང་སློབ་དཔོན་ལ་སོགས་པས་བསྟན་ཞིང་གསོལ་བར་བྱེད་དོ། །དེ་བཞིན་དུ་འདིར་ཡང་སྔ་ནས་ཀྱང་དམ་ཚིག་འདི་རྣམས་སྲུང་མོད་ཀྱི། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཆོས་ཀྱིས་བསྟན་པར་བྱའོ། ། གཉིས་སུ་ན་ཡང་དང་ཡང་དུ་བསྟན་ན་བརྟན་པར་འགྱུར་བའི་ཕྱིར་རོ། །དེ་ནས་སློབ་མ་དེ་བསླངས་ལ། །སྔགས་པ་སྙིང་རྗེར་གྱུར་པ་ཡི། །ཡིད་ཀྱིས་ནང་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་པར་བྱ། །ཞེས་པ་ནི། མེ་ལོང་དང་འཁོར་ལོ་ལ་སོགས་ པ་བསྟན་པའི་གནས་དེ་ནས་སློབ་མ་དེ་བསླང་སྟེ་སློབ་དཔོན་གྱིས་སློབ་མའི་གདུགས་བཟུང་ནས་དཀྱིལ་འཁོར་དང་པོའི་སྒོ་ཁྱུད་ཀྱི་ནང་དུ་ཁྲིད་དེ་སྒོ་ཁྱུད་ཀྱི་ནང་དེར་བཞག་ནས་འོག་ནས་འབྱུང་བའི་དམ་ཚིག་རྣམས་བསྟན་པར་བྱ་ཞེས་པའོ། །དེ་རིང་ཕན་ཆད་བུ་ཁྱོད་ ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ང་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཞེས་པ་ནི། དམ་པའི་ཆོས་བཏང་བ་ཡང་རྣམ་པ་གསུམ་གྱིས་འགྱུར་ཏེ། ཐེག་པ་ཆེན་པོ་ལས་ལོག་པར་ལྟ་བ་དང་། ཆོས་ སྨྲ་བ་ལ་མངོན་དུ་དབང་ཟ་ཞིང་སྐུར་པ་འདེབས་པ་དང་། ཉིན་རེ་ཞིང་དམ་པའི་ཆོས་ཉན་པ་དང་། སེམས་པ་དང་། སྒོམ་པ་དང་། འདྲི་བ་དང་། ཀློག་པ་དང་། མཆོད་པ་ལ་སོགས་པའི་བྱ་བ་ལས་གང་ཡང་རུང་བ་ཞིག་མ་བྱས་ན་ དམ་པའི་ཆོས་གཏང་བ་ཞེས་བྱ་སྟེ། དེ་རྣམས་ཁྱོད་ཀྱིས་སྲོག་གི་ཕྱིར་ཡང་མི་གཏོང་ངོ་ཞེས་པའོ། །དེ་ནས་གཞན་ཡང་བྱང་ཆུབ་ཀྱི་སེམས་གཏང་བར་མི་བྱའོ་ཞེས་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པ་ བཞི་ལས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་སེམས་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟག་ཏུ་བསྒོམ་པར་བྱའོ་ཞེས་པའི་འཇུག་པའི་སེམས་མི་གཏོང་བ་ལ་བྱའོ། །ཁྱོད་ཀྱིས་སེར་ སྣ་མི་བྱའོ་ཞེས་སྦྱར་ཏེ་ཆོས་དང་ནོར་བདག་ལ་བདོག་ཅིང་གཞན་ལ་བྱིན་པར་རིགས་པ་ལས་མི་སྦྱིན་པར་མི་བྱའོ། །གང་སེམས་ཅན་ལ་གནོད་པ་མི་བྱའོ་ཞེས་ཏེ། ལུས་དང་། ངག་དང་། ཡིད་གསུམ་གྱི་སྒོ་ནས་སེམས་ཅན་རྣམས་ ལ་འཕྲལ་གྱི་གནོད་པ་དང་ཡུན་གྱི་གནོད་པ་མི་བྱ་ཞེས་པའོ། །སློབ་མས་བླ་མའི་རྐང་པ་ལ། །དད་ཅིང་གུས་པར་ཕྱག་བྱས་ནས། །ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །དེ་དག་ཐམས་ཅད་ཁས་བླང་ངོ་། །ཞེས་པ་ནི། གོང་དུ་སློབ་ དཔོན་གྱིས་དམ་ཚིག་བསྒོ་བ་དེ་རྣམས་ལུས་དང་། ངག་དང་། ཡིད་གསུམ་གྱི་སྒོ་ནས་སྒྱུ་མེད་པར་ཁས་བླང་ངོ་ཞེས་པ་སྟེ་ལུས་ཀྱིས། སློབ་མས་བླ་མའི་རྐང་པ་ལ། །དད་ཅིང་གུས་པར་ཕྱག་བྱས་ནས། །ཞེས་པའོ། །ངག་གིས། དེ་ དག་ཐམས་ཅད་ཁས་བླང་ངོ་། །ཞེས་པ་སྟེ་བཀའ་སྩལ་པ་བཞིན་དུ་བགྱིའོ་ཞེས་སྨྲ་བར་བྱའོ། །སེམས་ཀྱིས། ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །ཞེས་པ་སྟེ་སློབ་དཔོན་གྱི་ངོ་ཙམ་ཁས་བླང་བ་མ་ཡིན་གྱི། སེམས་ཐག་པ་ ནས་སོ་ཞེས་པའོ། །དེ་ཡན་ཆད་ཀྱིས་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་རྫོགས་སོ།། །།