Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 69
Văn bản gốc(Tây Tạng)
Trang 21 / 23 (50.000 ký tự/trang)
དང་ཆོས་ལ་སྐྱབས་སུ་སོང་བ་སྔ་མ་དང་མཐུན་དུ་ཟིན་ཀྱང་ དགེ་འདུན་ལ་མི་མཐུན་ཏེ། འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱེ་བྲག་ཏུ་སྐྱབས་སུ་སོང་བའི་ཕྱིར་དང་། དེ་ལས་གཞན་པ་སྐྱབས་སུ་མ་སོང་བ་རྣམས་ནི་གདོང་སྐྱབས་སུ་གཏང་བར་བྱ་བའི་ཕྱིར་རོ། །དེ་སྟེ་འདིར་སྔོན་སྐྱབས་སུ་སོང་ཟིན་པ་ཡང་བརྟན་པར་བྱ་བའི་ཕྱིར་ སླར་ཡང་འདིར་སྐྱབས་སུ་གཏང་བར་བྱའོ། །སྡིག་པ་མི་བྱ་བ་རྣམས་ཀྱང་བསྒོ་བར་བྱའོ་ཞེས་པ་ནི་སྔོན་ཆད་བྱས་པའི་སྡིག་པ་སྔར་བཤགས་པ་དང་ད་ལྟར་མི་བྱེད་ཅིང་ཕྱིས་མི་བྱ་བར་ཁས་བླང་བའི་ཕྱིར་རོ། །དེ་ལ་ད་ལྟར་མི་བྱེད་ཅིང་ཕྱིས་མི་བྱ་བར་ཁས་བླང་བ་ནི་རིགས་ན་སྔོན་བྱས་ ཟིན་པ་སླར་བཤགས་པ་ལ་དོན་ཅི་ཡོད་ཅེ་ན། སྡིག་པ་སྔོན་བྱས་པ་ལ་ཡོན་ཏན་དུ་མི་བལྟ་ཞིང་། འཆགས་ན་འཆི་འཕོ་བའི་ཚེ་སྡིག་པ་བྱས་པའི་དངོས་པོ་དེ་མངོན་དུ་མི་འགྱུར་བར་བྱ་བའི་ཕྱིར་རོ། །དེ་ལ་སྡིག་པ་བཤགས་པ་ཡང་གསུམ་ལ་སྐྱབས་སུ་འགྲོ་བའི་སྔོན་རོལ་དུ་བྱ་སྟེ་དེ་ཅིའི་ཕྱིར་ཞེ་ན། སྡིག་ པ་བཤགས་ཤིང་གཙང་མར་བྱས་པའི་ལུས་ཅན་དེ་སྐྱབས་སུ་གཏང་བའི་འོས་ཡིན་པའི་ཕྱིར་རོ། །དེ་ནས་དེ་དག་ལ་སྤོས་དང་མེ་ཏོག་ལ་སོགས་པ་སྦྱིན་ནོ་ཞེས་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གཟུང་ཟིན་པའི་འོག་ཏུ་བྱ་སྟེ་དེ་ཅིའི་ཕྱིར་ཞེ་ན། དེ་ལ་སྡིག་པ་བཤགས་ཤིང་ སྐྱབས་སུ་སོང་ལ་སྡོམ་པ་བཟུང་བས་སློབ་མ་དེ་སྣོད་དུ་གྱུར་ཅིང་སྦྱིན་པའི་གནས་ཡིན་པས་དྲི་དང་མེ་ཏོག་སྦྱིན་ནོ། །དེ་དག་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཡང་འཛིན་དུ་གཞུག་གོ་ཞེས་པ་ལ་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཐམས་ ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་མཚན་ཉིད་ཡིན་པས་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་ཐམས་ཅད་དུ་ཡང་དག་པ་ཉིད་ཀྱི་དངོས་པོ་སྒྲིབ་པ་མེད་ཅིང་ཐོགས་པ་མེད་པར་མཐོང་བས་ན་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་ཐོབ་ པར་བྱ་བའི་ཕྱིར། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བའི་སྡོམ་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱ་ལ་སྡོམ་པ་དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་གིས་ཞིབ་ཏུ་འོག་ནས་འཆད་དོ། །འཛིན་དུ་བཅུག་ནས་སྔགས་པ་ཡིས། །དེ་ནས་ སོ་ཤིང་དག་ཀྱང་སྦྱིན། །རྩེ་གཅིག་མཉམ་པར་གཞག་པ་དག །ཤར་རམ་བྱང་དུ་ཁ་བསྟན་ཏེ། །ཨུ་དུམྦ་ར་ཨ་ཤྭཏྠ། །ཤིན་ཏུ་བཟང་པོ་བསྲུང་བྱས་ཤིང་། །མེ་ཏོག་དྲི་ལ་སོགས་བསྐུས་པའི། །སོ་ཤིང་དག་ནི་འཆར་གཞུག་གོ །སེམས་ཅན་སྣོད་རུང་སྣོད་མི་རུང་། །བོར་བ་ཉིད་ ལས་བརྟག་པར་བྱ། །ཞེས་པ་ནི་གཙང་ཞིང་དག་པར་བྱ་བའི་ཕྱིར་དང་། འཇིག་རྟེན་པའི་ཚུལ་དུ་ཡང་སང་ལྟ་བུ་ནས་སྨྱུང་བར་འདུག་པར་བྱ་ན་དོ་ནུབ་སོ་ཤིང་བཅའ་བར་སྲིད་དེ། དེ་དག་དང་མཐུན་པར་བྱ་ཞིང་གཟུད་པའི་ཕྱིར་དང་། སོ་ཤིང་དེ་བོར་ནས་ཁ་གང་དུ་བལྟས་པ་ལས་སློབ་མ་རྣམས་གྲུབ་ པ་ལ་སོགས་པ་གང་གི་སྣོད་དུ་གྱུར་པའི་ལྟས་བལྟ་བའི་ཕྱིར་རོ། །རྩེ་གཅིག་མཉམ་པར་གཞག་པ་དག །ཤར་རམ་བྱང་དུ་ཁ་བསྟན་ཏེ། །ཞེས་བྱ་བ་དག་སོ་ཤིང་དག་ནི་འཆར་བཞུག་གོ། །སེམས་ཅན་སྣོད་རུང་སྣོད་མི་རུང་། །བོར་བ་ཉིད་ལས་བརྟག་པར་བྱ། །ཞེས་པ་ནི་ཁ་ཕྱོགས་སུ་ བལྟས་པ་ལས་སོ་ཤིང་གི་ཁ་བདག་ལ་བལྟས་པར་གྱུར་ན་གྲུབ་པ་མཆོག་མྱུར་དུ་འཐོབ་པའི་སྣོད་དུ་ཡང་འགྱུར་ཞིང་། སོ་ཤིང་གི་ཁ་ནུབ་ཕྱོགས་སུ་བལྟས་པའི་ཞར་གྱིས་དབང་དུ་བྱ་བའི་ལས་ཀྱང་འགྲུབ་པར་འགྱུར་རོ། །སོ་ཤིང་གི་རྩེ་མོ་ཤར་ཕྱོགས་སུ་བལྟས་ན་གྲུབ་པ་མཆོག་དང་རྒྱས་ པའི་ལས་ཀྱི་སྣོད་དུ་འགྱུར་རོ། །སོ་ཤིང་གི་ཁ་ལྷོ་ཕྱོགས་སུ་བལྟས་ན་མངོན་པར་སྤྱོད་པའི་ལས་གྲུབ་པའི་སྣོད་དུ་འགྱུར་རོ། །བདག་ཉིད་ཁ་བྱང་ཕྱོགས་སུ་བལྟས་ལ་སོ་ཤིང་གི་ཁ་བདག་ལ་བལྟས་ན་གྲུབ་པ་འབྲིང་པོ་མྱུར་དུ་འཐོབ་པའི་སྣོད་དུ་འགྱུར་རོ། །སོ་ཤིང་གི་ཁ་བྱང་ཕྱོགས་ སུ་བལྟས་ན་ཞི་བའི་ལས་འགྲུབ་པར་འགྱུར་ལ། བྱང་ཤར་གྱི་མཚམས་སུ་བལྟས་ན་ཞི་དང་རྒྱས་པ་གཉིས་ཀ་འགྲུབ་པར་འགྱུར་ཞིང་ཤར་ལྷོའི་མཚམས་སུ་བལྟས་ན་མངོན་པར་སྤྱོད་པ་འགྲུབ་ལ། ལྷོ་ནུབ་ཀྱི་མཚམས་སུ་བལྟས་ན་བསྐྲད་པ་དང་སྐམ་པ་ལ་སོགས་པའི་ལས་ འགྲུབ་ཅིང་ནུབ་བྱང་གི་མཚམས་སུ་བལྟས་ན་གནོད་སྦྱིན་མོ་ལ་སོགས་པ་འགྲུབ་པོ། །སོ་ཤིང་འོག་གཞི་ལ་ཟུགས་ཏེ་རྩེ་མོ་བར་སྣང་ལ་བལྟས་ན་བར་སྣང་ལ་འགྲོ་བ་འགྲུབ་པར་འགྱུར་ལ། གྱེན་དུ་བལྟས་ན་རིག་པ་འཛིན་པ་ལ་སོགས་པ་འགྲུབ་ཅིང་ཁ་ཐུར་དུ་བལྟས་ནས་འོག་ཏུ་འགྲོ་ བ་གྲུབ་པའི་སྣོད་དུ་འགྱུར་ཏེ་ཞིབ་ཏུ་ནི་གསང་བ་སྤྱིའི་རྒྱུད་ལ་སོགས་པར་བལྟའོ། །སོ་ཤིང་གི་ལྟས་བལྟ་བ་ཡང་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ལ་བལྟ་བར་བྱ་བ་ཡིན་གྱི། སློབ་མ་ཕལ་པ་རྣམས་ལ་ནི་སོ་ཤིང་གི་ལྟས་དེ་དག་དང་ལྡན་དུ་ཟིན་ཀྱང་གྲུབ་པ་ལ་ སོགས་པ་ལ་དེ་ལྟ་བུའི་ནན་ཏན་མི་བྱེད་པས་ལྟས་དེ་རྣམས་ཅི་ནས་ཀྱང་བརྟག་དགོས་པ་མ་ཡིན་ནོ། །དེ་ནས་ལག་པ་གཡོན་པ་ལ། །སྐུད་པ་མདུད་པ་གསུམ་ལྡན་པ། །བདག་ཉིད་མཉམ་པར་གཞག་པ་ཡིས། །ལེགས་པ་རུ་ནི་བཅིང་བར་བྱ། །ཞེས་པ་ནི་འཕགས་ པ་མི་གཡོ་བ་འམ། ཁམས་གསུམ་རྣམ་པར་རྒྱལ་བ་གང་ཡང་རུང་བའི་སྔགས་ཀྱིས་མདུད་པ་རེ་རེ་ཞིང་ལན་རེ་གདབ་སྟེ། སློབ་མ་དེ་རྣམས་བསྲུང་བའི་ཕྱིར་དཔུང་པ་གཡོན་པ་ལ་སློབ་དཔོན་ཉིད་ཀྱིས་བཅིང་ངོ་། །དེ་ལྟར་ཡོངས་སུ་གཟུང་ལྡན་པའི། །སློབ་མ་ཉེས་པ་མེད་རྣམས་ལ། །བསམ་པ་ བརྟན་པར་བྱ་བའི་ཕྱིར། །འདི་ལྟར་སྤྲོ་བ་བསྐྱེད་པར་བྱ། །ཞེས་པ་ནི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་གཟེངས་བསྟོད་ན་སློབ་མ་རྣམས་དགའ་ཞིང་སྤྲོ་བས་སེམས་བརྟན་པར་འགྱུར་རོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་ སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པ་སྟེ། དེ་ལྟར་ཁྱེད་ཀྱིས་སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ་དང་སྡོམ་པ་ བཟུང་བས་མཉམ་པ་མེད་པའི་རྙེད་པ་བླ་ན་མེད་པའི་བྱང་ཆུབ་དེ་ཡང་རྙེད་དོ་ཞེས་པ་སྟེ་དེ་ཅིའི་ཕྱིར་ཞེ་ན། རྒྱལ་བ་སྲས་དང་བཅས་པས་བསྟན་པ་འདི་ལ་ཁྱེད་རྣམས་ཡོངས་སུ་བཟུང་བའི་ཕྱིར་རོ། །དེ་བས་ན་ཁྱེད་རྣམས་དེ་རིང་ནི་ཐེག་པ་ཆེན་པོ་ལ་སྐྱེ་བཞིན་པ་ཡིན་ལ་སང་ནི་ཐེག་པ་ཆེན་པོ་ལ་སྐྱེ་ བར་འགྱུར་རོ་ཞེས་པའོ། །དེ་ལ་རྙེད་པ་མཉམ་མེད་ཅེས་པ་ནི་སྔགས་ཀྱི་ཚུལ་ལ་སྤྱོད་པ་དག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ཡང་མི་མཉམ་པ་ཡིན་ནམ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱོད་པར་འདྲ་ཡང་འདིར་སྔགས་ཀྱི་ བཟླས་པ་ལ་སོགས་པ་ལ་ཁྱད་པར་དུ་ལྷག་པར་སྤྱོད་པས་རྙེད་པ་མཉམ་པར་མེད་པ་སྟེ་རྙེད་ཅེས་པ་དེ་ལྟ་བུ་ཐོབ་ཅེས་པའོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །ཞེས་པ་ནི་སློབ་མ་རྣམས་ལ་བསྟོད་པའི་ཚིག་སྟེ། དེ་ལྟ་བུའི་མཐུ་ཆེན་པོ་ཞུགས་པས་བཙུན་པ་ཞེས་པའི་དོན་ཏོ། །རྒྱལ་ བ་སྲས་བཅས་པ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྲས་དང་བཅས་པ་སྟེ། གང་ཕྱིར་རྒྱལ་བ་ཀུན་གྱིས་ཁྱེད་རྣམས་ཞེས་སྦྲེལ་ལོ། །བསྟན་པ་འདི་ལ་ཀུན་ཡོངས་སུ་གཟུང་ཞེས་ཀྱང་སྦྱར་ཏེ། རྒྱལ་བ་སྲས་དང་བཅས་པས་སྔགས་སྤྱད་པའི་བསྟན་པ་འདིར་ ཡོངས་སུ་བཟུང་བས་ན་ཁྱེད་རྣམས་ཀྱིས་མཉམ་པ་མེད་པའི་རྙེད་པ་ཐོབ་པོ་ཞེས་པར་འབྲེལ་ལོ། །སྐྱེ་བཞིན་པ་ནི་ཐེག་པ་ཆེན་པོ་སྐྱེ་བཞིན་པ་སྟེ། དེ་བས་ན། དེ་ཕྱིར་དེ་རྣམས་ཐེག་ཆེན་ལ། །སངས་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པ་སྟེ་སང་ལྟ་བུ་དཀྱིལ་འཁོར་དུ་འཇུག་པའི་ཚེ་ཐེག་པ་ཆེན་པོའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་སྐྱེས་ཟིན་ཞེས་པའི་དོན་ཏོ། །གལ་ཏེ་རྨི་ལམ་དག་ཏུ། གཙུག་ལག་ཁང་དང་ཀུན་དགའ་བཟང་། །ཞེས་པ་ནས། བརྟུལ་ཞུགས་བཟང་པོ་ཁྱེད་རྣམས་ཀྱིས། །ནང་པར་ཐམས་ཅད་ང་ལ་ཟློས། །སློབ་མ་དེ་དག་རྣམས་ལ་ནི། །དེ་སྐད་བསྒོ་ནས་ཆོས་ཀྱང་བཤད། ། ཅེས་པའི་བར་དག་གིས་ནི་དེ་ལྟར་སྤྲོ་བ་བསྐྱེད་པ་ལ་སོགས་པ་བྱས་ནས་སློབ་མ་རྣམས་ལ་རྨི་ལམ་གྱི་ལྟས་འདི་རྣམས་བསྟན་ཏེ་འདི་རྣམས་ལས་གང་མཐོང་བ་དེ་སློབ་དཔོན་ལ་ཟློས་སུ་གཞུག་པ་སྟེ། རྨི་ལམ་གྱི་ལྟས་དེ་རྣམས་ཀྱང་ས་ལས་བྱུང་བ་དང་བར་སྣང་གི་དང་འཕགས་པའི་དང་རྣམ་པ་གསུམ་ སྟེ་རབ་དང་འབྲིང་དང་ཐ་མར་བལྟའོ། །གསུམ་པོ་དེ་རེ་རེ་ལ་ཡང་། རབ་དང་འབྲིང་དང་ཐ་མ་སྟེ་གསུམ་དུ་དབྱེ་བར་བྱའོ། །དེ་ལ་གཙུག་ལག་ཁང་ཞེས་པ་ནས་བྲམ་ཟེ་དང་ཞེས་པའི་བར་ནི་ས་ལས་བྱུང་བའོ། །སངས་རྒྱས་དང་ནི་རང་སངས་རྒྱས། །དེ་བཞིན་རྒྱལ་བའི་ཉན་ཐོས་དང་། བྱང་ ཆུབ་སེམས་དཔའ་བདག་ཉིད་ཆེ། །ཞེས་པ་ནི་འཕགས་པའིའོ། །གལ་ཏེ་འབྲས་བུ་ཐོབ་པ་དང་། །ཞེས་པ་ནས། བཀྲ་ཤིས་ཡིད་དུ་འོང་བའི་ཚིག །འདོད་པའི་འབྲས་བུ་འབྱུང་བར་གྲགས། །ཞེས་པའི་བར་ནི་བར་སྣང་ལས་བྱུང་བའི་ལྟས་སོ། །དེ་ལ་གཙུག་ལག་ཁང་ནས་ཡང་ཐོག་ ཅེས་པའི་བར་དུ་ཐ་མའོ། །རལ་གྲི་དང་ཡིད་བཞིན་ནོར་བུ་ནི་ས་ལས་བྱུང་བའི་རབ་པོ། །གདུགས་དང་མེ་ཏོག་སྣ་ཚོགས་དང་། །བུད་མེད་བཟང་མོ་གོས་དཀར་ཅན། །སྡུག་པའི་གཉེན་དང་བཤེས་དག་དང་། །གླེགས་བམ་དེ་བཞིན་བྲམ་ཟེ་དང་། །ཞེས་པ་ནི་ས་ལས་བྱུང་བའི་ལྟས་འབྲིང་ངོ་། ། སངས་རྒྱས་ནི་འཕགས་པའི་ལྟས་རབ་པོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ་དང་། རང་སངས་རྒྱས་ནི་འཕགས་པའི་འབྲིང་ངོ་། །ཉན་ཐོས་ནི་འཕགས་པའི་ཐ་མའོ། །འབྲས་བུ་ཐོབ་པ་ནི་བར་སྣང་གི་ཐ་མའོ། །མཚོ་དང་རྒྱ་མཚོ་ལ་བརྐྱལ་ཞིང་བརྒལ་བ་ནི་བར་སྣང་གི་ འབྲིང་ངོ་། །དེ་བཞིན་དུ་བཀྲ་ཤིས་ཡིད་དུ་འོང་བའི་ཚིག་འདོད་པའི་འབྲས་བུ་འབྱུང་བ་གང་ལས་ཐོས་ན་བར་སྣང་གི་རྨི་ལམ་གྱི་ལྟས་རབ་ཏུ་ཤེས་པར་བྱ་སྟེ། རྨི་ལམ་དེ་རྣམས་བལྟ་བ་ཡང་ཁྱད་པར་གྱི་སློབ་མ་རྣམས་གང་དུ་དཀྱིལ་འཁོར་བྲི་བའི་ས་དེའི་ཉེ་འཁོར་དུ་ཉལ་བར་རིགས་སོ། །ཐེག་པ་ཆེན་པོ་ ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཞེས་པ་ནས། ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་པའི་བར་གྱིས་ནི་སློབ་མ་དེ་རྣམས་སྤྲོ་བ་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ལ་སྐྱེ་བར་འགྱུར་རོ་ཞེས་བཤད་པའི་ཐེག་པ་ཆེན་པོ་ཉིད་རྒྱུ་དང་འབྲས་ བུའི་ཡོན་ཏན་གྱི་ཡང་འདིར་བཤད་དེ། དེ་ལྟ་བུའི་ཐེག་པ་ཁྱེད་ཀྱིས་ཐོབ་པ་ཡིན་ནོ་ཞེས་པ་བསྟན་ཏོ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོ་བའི་ལམ་སྟེ་དེ་ཡང་སྔགས་ཀྱི་ཚུལ་ལ་སྤྱོད་པའི་ལམ་མོ། །ལམ་མཆོག་ཅེས་པ་ནི་ཉན་ཐོས་དང་ རང་སངས་རྒྱས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལས་འཕགས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ལམ་ལས་ཅིའི་ཕྱིར་འཕགས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱོད་པར་འདྲ་ཡང་ལྷ་རྣམས་ མཉས་པར་བྱ་བའི་ཕྱིར་ཡན་ལག་བཞི་ལ་སོགས་པའི་སྔགས་བཟླས་པ་དང་མཆོད་པ་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་སྦྱིན་པ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་འཆད་པར་སྤྱོད་པས་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་མཆོག་གོ། །དཔལ་དང་ལྡན་ཞེས་པ་ནི་མངོན་པར་མཐོ་ བའི་མཚན་ཉིད་ལྷ་དང་མིའི་ལོངས་སྤྱོད་ཀྱི་བདེ་བ་དང་རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་པ་དང་། ངེས་པར་ལེགས་པའི་མཚན་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་རིམ་གྱིས་ཐོབ་པར་འགྱུར་བས་ན་དཔལ་དང་ལྡན་པའོ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ཞེས་པ་ནི་ སྔགས་སྤྱོད་པའི་ཚུལ་གྱི་ཐེག་པ་ཆེན་པོ་ནི་བླ་ན་མེད་པའི་བྱང་ཆུབ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པས་ན་ཆེར་འབྱུང་བ་ཞེས་བྱའོ། །གང་གི་ཕྱིར། ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར་བར་འོས་སོ་ཞེས་པ་སྟེ། དེ་ལྟར་ཐེག་པ་ཆེན་པོ་ལ་ཞུགས་ན་དེ་ཡི་འབྲས་བུ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་འཛིན་པ་སྤྲོས་པ་མེད་པར་གནས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངས་སུ་མ་ བཏང་བར་བསླབ་པ་འཛིན་པར་མི་བྱེད་དོ་ཞེས་པའི་བར་གྱིས་ནི་སྔར་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གསུངས་པ་དེ་ཉིད་ཞིབ་ཏུ་བཤད་པ་སྟེ། བཅོམ་ལྡན་འདས་དུས་གསུམ་དུ་སྒྲིབ་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྡོམ་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་གནས་ན་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་བར་བཤད་དུ་གསོལ་ཞེས་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་དེ་ལ་གནས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་ཏེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པར་ཐོབ་པར་འགྱུར་བ་དེ་ལྟ་བུ་ བཤད་དུ་གསོལ་ཞེས་པའོ། །དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ནི་བཤད་ཟིན་ཏོ། །ལུས་དང་ངག་དང་ཡིད་གཅིག་ཏུ་འཇུག་ཅིང་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་དུས་གཅིག་ཏུ་སྟོང་པ་ཉིད་ལ་འཇུག་པ་སྟེ། དེ་ལྟར་ལུས་དང་ངག་དང་ཡིད་གསུམ་སྟོང་པ་ཉིད་ཀྱི་རང་ བཞིན་དུ་གྱུར་ཅིང་དམིགས་སུ་མེད་པས་ཆགས་པར་བྱ་དང་ཆགས་པ་ཉིད་དང་ཆགས་པར་བྱེད་པ་ལ་སོགས་པ་ཡང་དམིགས་སུ་མེད་དེ། དེ་ལྟར་དམིགས་སུ་མེད་པ་ན་ལུས་དང་ངག་དང་ཡིད་རྣམས་སྡིག་པ་ལ་སོགས་པ་མི་བྱེད་པ་དེ་ནི་སྡོམ་པའོ། །ཆོས་ཐམས་ཅད་ལ་རྩོམ་པ་མེད་ཅེས་ པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་བར་བྱེད་པའི་རྒྱུ་ལུས་དང་ངག་དང་ཡིད་གསུམ་གྱིས་མི་བྱེད་པ་སྟེ། དེ་ལྟར་དེ་དག་སྐྱེད་པའི་རྒྱུ་མ་བྱས་པས་ན་སྡོམ་པ་ཡིན་ཏེ། དེ་དག་གིས་ནི་དོན་དམ་པའི་སྡོམ་པ་བསྟན་པའོ། །དེ་ཡང་གང་ཞེ་ན། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གིས་ལུས་ཡོངས་སུ་གཏོང་བ་གང་ཡིན་པའོ་ཞེས་པ་ནི་དུས་གསུམ་སྒྲིབ་པ་མེད་པའི་སྡོམ་པ་དེ་གཞན་མ་ཡིན་གྱི་བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་བ་ལུས་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་དབང་བ་ཡིན་གྱི་བདག་ལ་དབང་མེད་དོ། །དེ་ལྟར་བདག་ལ་དབང་མེད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དབང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་དོ། །དེ་བས་ན་གང་གིས་ལུས་ཕུལ་བ་དེས་ཀྱང་ཆོས་བཞིན་དུ་བྱ་དགོས་ ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་མི་སྤྱོད་པས་ན་སྡོམ་པ་ཞེས་བྱའོ། །དེ་བས་ན་དེ་ཅིའི་ཕྱིར་ཞེ་ན། གང་གིས་བདག་གི་ལུས་ཡོངས་སུ་གཏང་བ་དེས་ནི་དངོས་པོ་གསུམ་ཡོངས་སུ་བཏང་བ་ཡིན་ཏེ། དངོས་པོ་གསུམ་ཡོངས་སུ་གཏང་བ་དེ་ཡང་གང་ཞེ་ན་འདི་ལྟ་ སྟེ་ལུས་དང་ངག་དང་ཡིད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་གསུམ་གྱི་སྡོམ་པས་བསྡམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པ་ མི་བྱེད་དོ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཕུལ་བས་ལུས་དང་ངག་དང་ཡིད་གསུམ་ཆར་ཕུལ་བར་འགྱུར་ཏེ། ལུས་དང་ངག་དང་ཡིད་གསུམ་ལ་བདག་མི་དབང་ན་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་མི་སྤྱོད་པས་དེ་ཉིད་ སྡོམ་པ་སྟེ། ལུས་དང་ངག་དང་ཡིད་གསུམ་ལྷས་ལྷག་པའི་སྡོམ་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །མདོར་ན་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གི་ལུས་ཕུལ་བ་དེས་ལུས་དང་ངག་དང་ཡིད་གསུམ་ཆར་ཕུལ་བས་ན་གསུམ་པོ་དེ་དག་ གི་སྒོ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་པ་དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་བྱེད་པའི་རྒྱུར་འགྱུར་བར་བསྟན་པ་ཡིན་ནོ། །དེ་ནས་ཕྱིས་དེ་ཉིན་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་བྱས་ཏེ་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་ བརླབས་ལ་ཞེས་པ་ནས། དེ་ནས་སེམས་སྦྱང་བའི་ཕྱིར་སྤོས་ཆུ་གཙང་མ་བླུད་དོ་ཞེས་པའི་བར་གྱིས་ནང་པར་དཀྱིལ་འཁོར་འདྲི་བའི་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་བཤད་པ་སྟེ། ནང་པར་ཉི་མ་འཆར་ཀར་བརྟགས་ན་ལྷོ་བྱང་དང་ཤར་ནུབ་ལ་སོགས་པ་གསལ་བར་མངོན་ཏེ། དེ་བས་ ན་ནང་པར་ཁྲུས་ལ་སོགས་པ་བྱས་ནས་དཀྱིལ་འཁོར་བྲི་བའི་ས་དེའི་དབུས་སུ་ཞུགས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིད་ལ་བྱས་ནས་ཕྱག་བྱས་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་ཉིད་སྟོང་པར་བྱིན་གྱིས་བརླབས་ལ། ཆོས་ཀྱི་འཁོར་ལོའི་ ཕྱག་རྒྱ་བཅིངས་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པོ། །དེ་ནས་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅིངས་ནས་གོ་ཆ་བགོ་བ་དེ་ནི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་སྟེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སེམས་ཤིན་ཏུ་བརྟན་པ་རྡོ་རྗེ་དང་འདྲ་བ་ལ་བྱ་སྟེ། དེ་ཡང་གང་ཞེ་ན་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་ པའི་མཚན་ཉིད་བྱང་ཆུབ་ཀྱི་སྙིང་པོའི་སེམས་ཏེ། དེ་ཉིད་དཔལ་རྡོ་རྗེ་སེམས་དཔའི་བྱང་ཆུབ་སེམས་དཔའི་སྐུར་བྱིན་གྱིས་བརླབ་པའོ། །དེ་ལྟར་སློབ་དཔོན་དེ་རྡོ་རྗེ་སེམས་པའི་སྐུར་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་སའི་ལྷོ་བྱང་དང་ཤར་ནུབ་ལ་སོགས་པ་བརྟགས་ཏེ་གཏན་ལ་དབབ་པ་དང་ ལྷ་རྣམས་གང་དུ་འགོད་པའི་གནས་ཀྱང་ཡིད་ཀྱིས་གཏན་ལ་དབབ་པར་བྱའོ། །ཡང་བུམ་པ་སྤོས་ཆུས་བཀང་བ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་མངོན་པར་བསྔགས་ཏེ་སྒོ་དང་པོར་གཞག་ལ་མཁས་པས་སྐྱེ་བོ་ཀུན་ལ་དེས་བསང་གཏོར་བྱའོ་ཞེས་པ་ནི་གཞུང་ལས་འབྱུང་བའི་མཚན་ ཉིད་དང་ལྡན་པའི་བུམ་པ་སྤོས་ཆུས་བཀང་བ་ལ་རིན་པོ་ཆེ་དང་སྨན་དང་། འབྲུ་ལྔ་རྣམས་བླུགས་ཏེ་དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་སྟེ་སློབ་མ་རྣམས་ནང་དུ་འོང་བའི་ཚེ་བགེགས་བསལ་བའི་ཕྱིར་གཏོར་རོ། །ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བུམ་པ་དེ་ལ་གདབ་པ་དེ་ཡང་ སྙིང་པོའི་སྔགས་ཀྱིས་གདབ་ན་བརྒྱ་རྩ་བརྒྱད་དུ་གདབ་ལ། རྩ་བའི་སྔགས་ཀྱིས་གདབ་ན་བདུན་ནམ་ཉི་ཤུ་རྩ་གཅིག་གདབ་བོ། །དེ་ནས་སེམས་སྦྱང་བའི་ཕྱིར་སྤོས་ཆུ་གཙང་མ་བླུད་པ་ནི་སློབ་མ་རྣམས་ཀྱི་སྔགས་སྤྱོད་པ་དང་འགལ་བའི་ཁ་ཟས་ཟོས་པའི་རྣམ་པར་རྟོག་པ་མེད་ན་ཡང་སྤོས་ཀྱི་ ཆུ་གཙང་མ་དེ་བླུད་དོ། །གཙང་མ་ཞེས་པ་ནི་སྲོག་ཆགས་ཀྱི་ཡན་ལག་ལ་སོགས་པ་མེད་པའོ། །སྔགས་དང་འགལ་བའི་ཁ་ཟས་ཟོས་པའི་རྣམ་པར་རྟོག་པ་མེད་ན་ཡང་སྤོས་ཀྱི་ཆུ་གཙང་མ་འཐུངས་པས་བདག་གི་རྒྱུད་གཙང་མར་གྱུར་ཏོ་སྙམ་པའི་འདུ་ཤེས་སྐྱེ་སྟེ་མི་གཙང་བ་ལ་ སོགས་པའི་དོགས་པ་མེད་པར་འགྱུར་བའི་ཕྱིར་སྤོས་ཆུ་བླུད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རྟག་ཏུ་མཚན་མོ་བྲི་བར་བྱ། །ཞེས་པའི་བར་གྱིས་དུས་ཇི་ཙམ་ན་དཀྱིལ་འཁོར་དྲི་བ་ཞུས་ཤིང་བཤད་པ་ཡིན་ཏེ། དུས་དང་ཚོད་ཅེས་པ་ནི་དཀྱིལ་ འཁོར་འདྲི་བའི་དུས་ནམ་ཉིད་ཀྱི་ཚེ་ན་ཡིན་པ་དེ་བཤད་དུ་གསོལ་ཞེས་པའོ། །ཀུན་མཁྱེན་པ་ནི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའོ། །སྨྲ་བའི་མཆོག་གིས་བཀའ་སྩོལ་ཅིག །ཅེས་པ་ནི་སྨྲ་བ་ཐམས་ཅད་ཀྱི་མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དཀྱིལ་འཁོར་གྱི་ནི་སློབ་ དཔོན་དག །གསང་སྔགས་སྒྲུབ་ལ་འབད་པ་ན། །གང་གི་དུས་སུ་དཀྱིལ་འཁོར་དུ། །སེམས་དཔའ་ཆེན་པོར་བྱིན་རློབ་པའི། །ཞེས་པ་ནི་དཀྱིལ་འཁོར་གྱི་སློབ་དཔོན་དམ་ཚིག་གི་དཀྱིལ་འཁོར་འདྲི་བ་དང་། སྒྲུབ་པའི་དཀྱིལ་འཁོར་འདྲི་བ་ན་བྱང་ཆུབ་སེམས་དཔའ་རྣམས་དེར་གཤེགས་ནས་བྱིན་ གྱིས་རློབ་པར་འགྱུར་བའི་དུས་གང་ལགས་ཞེས་ཞུས་པ་སྟེ། སེམས་དཔའ་ཆེན་པོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་མི་བྱའི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ནི་དུས་ཐམས་ཅད་དུ་བྱིན་གྱིས་ རློབ་པས་ཞུ་མི་དགོས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་ལས་བཞེངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རྟོག་པ་སྔོན་དུ་བཏང་སྟེ་གཤེགས་པས་དུས་ཐམས་ཅད་དུ་བྱིན་གྱིས་མི་རློབ་པོ། །དེ་བས་ན་དཀྱིལ་འཁོར་འདྲི་བ་ལ་བྱང་ཆུབ་སེམས་དཔའ་རྣམས་གཤེགས་པར་འགྱུར་ བའི་དུས་གང་ཡིན་ཞེས་ཞུས་པའོ། །གཉིས་སུ་ན་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་ཞེས་ནམ་ཡང་མི་བརྗོད་དེ། བྱང་ཆུབ་སེམས་དཔའ་རྣམས་སེམས་དཔའ་ཆེན་པོ་ཞེས་བརྗོད་པར་གྲགས་སོ། །དེ་བས་ན་སེམས་དཔའ་ཆེན་པོ་ཞེས་པ་ནི་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ལ་བྱའོ། །དཀྱིལ་འཁོར་དོན་དུ་གཉེར་བ་ལ། །རྟག་ཏུ་མཚན་མོ་བྲི་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་འདྲི་བར་འདོད་པ་རྣམས་ཀྱིས་དུས་ཐམས་ཅད་དུ་དཀྱིལ་འཁོར་ཐམས་ཅད་མཚན་མོ་བྲིའོ་ཞེས་བཀའ་སྩལ་པ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་མཚན་ མོའི་དུས་དེར་གཤེགས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདིས་ནི་དམ་ཚིག་གི་དཀྱིལ་འཁོར་དང་སྒྲུབ་པའི་དཀྱིལ་འཁོར་གཉི་ག་ཡང་དུས་ཐམས་ཅད་དུ་མཚན་མོ་བྲི་བར་ཤེས་པར་བྱའོ། །དེ་ལ་གསང་བའི་རྒྱུད་ལ་སོགས་པར་སྒྲུབ་པའི་དཀྱིལ་འཁོར་མ་གཏོགས་པར་གཞན་ ཐམས་ཅད་མཚན་མོ་བྲིའོ་ཞེས་འབྱུང་སྟེ་དེ་བས་ན་སྒྲུབ་པའི་དཀྱིལ་འཁོར་ནི་ཉིན་པར་བྲི་བར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་ནི་ནམ་སྲོད་ནས་ནམ་ལངས་ཀྱི་བར་ཚན་རངས་པར་བསྒྲུབ་དགོས་ཏེ། དེ་བས་ན་སྒྲུབ་པའི་དཀྱིལ་འཁོར་མཚན་མོ་བྲི་བའི་སྐབས་མེད་དེ་ཉིན་པར་ བྲི་བར་གསུངས་སོ། །འདིར་ནི་གཉི་ག་ཡང་མཚན་མོ་བྲི་བར་གསུངས་པས་དམ་ཚིག་གི་དཀྱིལ་འཁོར་ནི་དེ་ཉིད་ཀྱི་མཚན་མོ་བྲི་བར་བྱ་ལ། སྒྲུབ་པའི་དཀྱིལ་འཁོར་ནི་རྒྱུད་འདི་ལས་མཚན་མོ་བྲི་བར་གསུངས་པས་གསང་བའི་རྒྱུད་ལས་འབྱུང་བ་ལྟར་ཉིན་པར་བྲིར་མེད་ལ། སྒྲུབ་པ་ཉིད་ཀྱི་ མཚན་མོ་ཡང་བྲི་བའི་སྐབས་མེད་དེ་ནུབ་དེ་ཉིད་ལ་བྲིས་ན་མཚན་མོའི་མེལ་ཚེ་ཐུན་འགའ་དཀྱིལ་འཁོར་བྲི་བ་ལ་ཟད་པས་སྒྲུབ་པ་མཚན་རངས་པར་མི་འགྱུར་རོ། །དེ་བས་ན་སྔ་དེ་ནུབ་མོ་དཀྱིལ་འཁོར་བྲིས་ལ་ཕྱི་དེ་ནུབ་མོ་བསྒྲུབ་པར་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོ་དག་ནུབ་གཅིག་ གིས་མི་རྫོགས་པ་ཡང་གཞུང་དེ་ལྟར་ཤེས་པར་བྱའོ། །ད་ནི་དཀྱིལ་འཁོར་བའི་དོན་དུ་སྲད་བུ་བྲེ་བ་ལ་སོགས་པ་བཤད་པར་བྱ་སྟེ། དཀྱིལ་འཁོར་བྲི་བ་དེ་ཡང་དོན་རྣམ་པ་དྲུག་གིས་ཡོངས་སུ་རྫོགས་པར་འགྱུར་རོ། །དྲུག་གང་ཞེ་ན། དཀྱིལ་འཁོར་གྱི་སྲད་བུ་བྲེ་བའི་ཏིང་ངེ་འཛིན་བཤད་ པ་དང་། སྲད་བུ་བྲེ་བ་བཤད་པ་དང་། དཀྱིལ་འཁོར་གྱི་ཚད་བཤད་པ་དང་། སྣམ་བུའི་རིམ་པ་དབྱེ་བ་དང་། སྒོ་ཁྱུད་དང་རྟ་བབས་རྣམས་རྣམ་པར་དབྱེ་བ་དང་། ལྷ་རྣམས་ཀྱི་གནས་ཀྱི་ངེས་པ་བཤད་པའོ། །དེ་ལ་སློབ་དཔོན་གྱིས་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་ཚོན་ སྣ་ལྔའི་སྲད་བུ་ཐོགས་ཏེ་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཞེས་པ་ནི་སྲད་བུ་བྲེ་བའི་ཏིང་ངེ་འཛིན་བཤད་པ་སྟེ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་ཞེས་པ་ནི་ཏིང་ངེ་འཛིན་ལ་འཇུག་པར་བྱེད་པ་ན་ཐོག་མར་སངས་རྒྱས་རྗེས་སུ་ དྲན་ཞིང་ཕྱག་བྱ་བར་རིགས་སོ། །ཚོན་སྣ་ལྔའི་སྲད་བུ་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་དུ་བསམ་པ་སྟེ་བདག་རྣམ་པར་སྣང་མཛད་ཀྱི་སྐུ་ཡེ་ཤེས་ལྔ་པོ་དེ་དག་དང་ལྡན་པར་བྱིན་གྱིས་བརླབ་པོ། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཞེས་པ་ནི་དཀྱིལ་འཁོར་ རྣམ་པ་གསུམ་ལ་ཏིང་ངེ་འཛིན་དུ་གནས་པ་ཡང་བྱེ་བྲག་རྣམ་པ་གསུམ་སྟེ། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ལ་སློབ་དཔོན་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ནས་སྲད་བུ་བྲེ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལས་རྣམས་བྱའོ། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ལ་ཆོས་ཀྱི་ སྐུར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ལས་རྣམས་བྱའོ། །གསང་བའི་དཀྱིལ་འཁོར་ལ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལྔ་དང་ལྡན་པའི་སྐུར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ལས་རྣམས་བྱ་སྟེ། དེ་དག་ཀྱང་ཞིབ་ཏུ་ནི་བསྡུས་པའི་དོན་ལས་བཤད་ཅིང་རྒྱུད་ཉིད་ལས་ཀྱང་སོ་ སོའི་སྐབས་སུ་འཆད་དོ། །ཚོན་སྣ་ལྔའི་སྐུད་པ་རྣམས་ཡེ་ཤེས་ལྔར་བསམ་པ་ནི་འོག་ནས་རྡུལ་ཚོན་སྣ་ལྔ་ལ་སངས་རྒྱས་ལྔར་བསམ་པ་དང་སྦྱར་རོ། །ཤར་དུ་སྲད་བུ་བྲེ་བ་ནི། །ལྟེ་བའི་ཐད་ཀར་བཟུང་ནས་སུ། །བར་སྣང་ལ་ནི་གཟུང་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་སུ། །བྱང་ཕྱོགས་ སུ་ནི་བྲེ་བར་བྱ། །ཞེས་པ་ནི་ཐོག་མར་སློབ་དཔོན་དེ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་གནས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འགྲེངས་ལ་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་དམིགས་པའི་ཚུལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་གྱི་འཁོར་ལོ་དང་བཅས་པ་མངོན་དུ་ བསམས་ཏེ་སྲད་བུའི་ཐོག་མ་གྲོགས་ཀྱིས་འཛིན་དུ་བཅུག་ལ་ཤར་ཕྱོགས་སུ་བརྐྱང་ངོ་། །དེ་བཞིན་དུ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་བརྐྱང་སྟེ་དེ་ནི་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བསམ་པའོ། །དེ་ལྟར་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་སེམས་ཀྱིས་བསམས་ནས་ཕྱིས་ས་ལ་ དཀྱིལ་འཁོར་བྲི་བ་ན་རང་བཞིན་གྱི་དཀྱིལ་འཁོར་དེའི་གཟུགས་བརྙན་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་ནམ་མཁའ་ལ་དཀྱིལ་འཁོར་སེམས་ཀྱིས་བསམས་པ་ལ་སྲད་བུ་བྲེ་ཅི་དགོས་ཤེ་ན། ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བསམ་པའི་མཚན་མར་བརྟག་པའི་ཕྱིར་རོ། །དེ་ནས་སྲད་བུ་གཉིས་པ་ ནི། རང་གིས་བླངས་ནས་ཞེས་པ་ནི་སྲད་བུ་དང་པོ་དེ་དཀྱིལ་འཁོར་སྔ་མའི་དམན་མ་ཡིན་པས་བྲེར་མི་རུང་བའི་ཕྱིར་ཚོན་སྣ་ལྔའི་སྐུད་པ་གཞན་ཞིག་བླངས་ནས་དཀྱིལ་འཁོར་ཕྱི་མ་བྲི་བའི་དོན་ཏོ། །དེ་ཉིད་དུ། དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །ཤར་ཕྱོགས་བལྟས་ཏེ་བྲེ་བར་བྱ། །ཞེས་པ་ནི་དཀྱིལ་ འཁོར་མི་འཁྲུལ་བར་གཏན་ལ་དབབ་པའི་ཕྱིར་དབུས་ནས་རྒྱ་གྲམ་དུ་ཐིག་བཏབ་སྟེ་དཀྱིལ་འཁོར་གྱི་དབུས་སུ་བབ་པར་ཕུར་བུས་བཙུགས་ལ་དེ་ནས་སྲད་བུ་དེ་བལྟ་བ་སྟེ་དབུས་ཀྱི་ཕུར་བུ་ལ་བརྟོད་ལ་གྲྭ་བཞི་གཏན་ལ་དབབ་པར་བྱའོ། །དེ་ལྟར་གཏན་ལ་ཕབ་ནས་གྲྭ་བཞིའི་མཚན་མར་ཡང་ཕུར་བུ་བཞི་ གཟུགས་སྲད་བུ་ཡང་མདུད་པ་མི་བོར་བར་སྐུད་པ་ལ་སོགས་པའི་མཚན་མ་གདགས་པར་བྱའོ། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བྱས་ནས་ཞེས་པའོ། །དེ་ནས་ལྷོ་ཕྱོགས་སོང་ནས་ནི། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །ཞེས་པ་ཡང་རྒྱ་གྲམ་ཉིད་ གདབ་པ་ལ་བྱའོ། །བློ་ཅན་དེ་ནས་སླར་ལོག་ནས། །བདེན་བྲལ་ཕྱོགས་སུ་གནས་ནས་ནི། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །ཞེས་པ་ནི་སློབ་དཔོན་དེ་ལྷོ་ནུབ་ཀྱི་མཚམས་སུ་འདུག་ནས་ཁ་བྱང་ཕྱོགས་སུ་བལྟས་ཏེ་ནུབ་ཀྱི་ངོས་སུ་ཐིག་གདབ་པར་བྱའོ། །དེ་ནས་གཡས་སུ་བསྒྱུར་བར་བྱ། །བསྒྱུར་ ཏེ་དེ་རུ་འདུག་ནས་ནི། །ལྷོ་ཕྱོགས་སུ་ནི་བྲེ་བར་བྱ། །ཞེས་པ་ནི་སློབ་དཔོན་ལྷོ་ནུབ་ཀྱི་མཚམས་དེ་ཉིད་དུ་འདུག་ཅིང་ཁ་བྱང་ཕྱོགས་སུ་བལྟས་པ་ལས་ཁ་ཤར་ཕྱོགས་སུ་བསྒྱུར་ཏེ་སྲད་བུ་འཛིན་པའི་གྲོགས་པོ་དཀྱིལ་འཁོར་བསྐོར་ནས་ཤར་ལྷོའི་མཚམས་སུ་སོང་སྟེ་ལྷོ་ཕྱོགས་ཀྱི་ངོས་སུ་ཐིག་ གདབ་པར་བྱའོ། །དེ་ནས་གནས་དེ་བཏང་ནས་སུ། །མེ་ཡི་ཕྱོགས་སུ་གནས་ནས་ནི། །སྔགས་པ་གསང་སྔགས་ཆོ་གར་གནས། །ཤར་དུ་སྲད་བུ་བྲེ་བར་བྱ། །ཞེས་པ་ནི་སློབ་དཔོན་དེས་ལྷོ་ནུབ་ཀྱི་མཚམས་དེ་བོར་ནས་ཤར་ལྷོ་མཚམས་སུ་འདུག་སྟེ་ཤར་ཕྱོགས་ཀྱི་ངོས་ཐིག་གདབ་པར་ བྱའོ། །སྔགས་པ་གསང་སྔགས་ཆོ་གར་གནས། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཞེས་པའི་དོན་ཏོ། །དེ་ནས་དེ་བཞིན་དབང་ལྡན་ཕྱོགས། །སོང་ནས་ནུབ་ཏུ་ཁ་བལྟས་ཏེ། །རླུང་གི་ཕྱོགས་ཀྱི་བར་དུ་ནི། །བྱང་གི་ཕྱོགས་སུ་བྲེ་བར་བྱ། །ཞེས་པ་ནི་ སློབ་དཔོན་བྱང་ཤར་གྱི་མཚམས་སུ་འདུག་ནས་བྱང་ཕྱོགས་ཀྱི་ངོས་ཐིག་གདབ་པར་བྱའོ། །སྔགས་པ་ཡིས་ནི་དེ་ལྟ་བུར། །ཀུན་ནས་གྲྭ་བཞི་ལྷམ་པར་བྱ། །ཞེས་པ་ནི་དེ་ལྟར་གོང་དུ་གསུངས་པའི་མཚན་ཉིད་ཀྱིས་དཀྱིལ་འཁོར་དེ་ཀུན་ནས་གྲུ་བཞིར་བྱའོ་ཞེས་པའོ། །དེ་ལྟར་དཀྱིལ་འཁོར་གྱི་ ཐིག་གདབ་པ་ན་ཐོག་མར་ནུབ་ཕྱོགས་དང་དེ་ནས་ལྷོ་ཕྱོགས་དང་། དེའི་འོག་ཏུ་ཤར་ཕྱོགས་དང་དེ་ནས་བྱང་ཕྱོགས་སུ་བྱ་བ་ཅི་ལས་ཡིན་ཞེ་ན། ནུབ་ཕྱོགས་ཀྱི་ངོས་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བརྟགས་ལ། ལྷོ་ཕྱོགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བརྟགས་ཤིང་ཤར་ཕྱོགས་ནི་མེ་ལོང་ལྟ་ བུའི་ཡེ་ཤེས་སུ་བརྟགས་ལ་བྱང་ཕྱོགས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སུ་བརྟགས་ཏེ་དེ་བས་ན་ཐོག་མར་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་ལ་དེ་རྫོགས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞིང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མེ་ལོང་ལྟ་བུའི་ཡེ་ཤེས་རྫོགས་པར་འགྱུར་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལས་ལུས་དང་ལོངས་སྤྱོད་དང་གནས་ཀྱི་མཚན་ཉིད་བྱ་བ་སྒྲུབ་པའི་ཡེ་ཤེས་འབྱུང་སྟེ་དེ་བས་ན་རིམ་པ་དེ་ལྟར་སྨོས་སོ། །ཡེ་ཤེས་བཞིའི་དམིགས་པའི་ཡུལ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དེ་བས་ན་སྲད་བུ་རྒྱ་གྲམ་དུ་བྲེས་པའི་རི་མོ་ངོས་བཞི་ནས་ རེ་རེ་འབྱུང་བ་ནི་ཆོས་ཀྱི་དབྱིངས་ལ་འདུ་བའོ། །རྒྱ་གྲམ་གཅིག་ཏུ་འདུས་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དོ། །དེ་ལྟར་ཐིག་བཏབ་སྟེ་ས་བཅད་ནས་ཚོན་སྣ་གཅིག་པའི་སྐུད་པ་གཅིག་ཆལ་ལ་བསྒྲེས་ཏེ་ངོས་ཀྱི་རི་མོ་མ་བྱི་བར་གསལ་བར་བྱ་བའི་ཕྱིར་གདབ་པོ། དེ་ནས་དབུས་སུ་ཞུགས་ ནས་སུ། །དེ་ལ་ཆ་ནི་གསུམ་དུ་བཏག །ཅེས་པ་ནི་སློབ་དཔོན་དཀྱིལ་འཁོར་དེའི་ནང་དུ་ཞུགས་ནས་སྣམ་བུ་གསུམ་དུ་བཅད་དེ། སྣམ་བུ་གསུམ་པ་དེ་ལས་ཆ་བཞིར་བགོས་ཏེ་ཆ་རེ་རེ་ཡང་ངོས་རེ་རེར་སྦྱར་བའོ། །དེ་བཞིན་དུ་སྣམ་བུ་གཉིས་ལ་ཡང་ཤེས་པར་བྱའོ། །སྣམ་བུ་གསུམ་ དུ་བྱ་བ་ནི། །ས་རྣམས་ཐམས་ཅད་ཀུན་དུ་ཡང་། །ཆ་གསུམ་དག་ཏུ་བརྟགས་ནས་ནི། །ཞེས་པས་དེ་ལྟར་དཀྱིལ་འཁོར་དེ་ཁོ་ར་ཁོར་ཡུག་ཏུ་རིམ་པ་གསུམ་དུ་བྱའོ་ཞེས་པའོ། །ཆ་རྣམས་ཀྱང་ནི་རེ་རེ་ལ། །ཆ་གསུམ་དུ་ནི་རབ་ཏུ་བརྟག །ཅེས་པ་ནི་སྣམ་བུ་གསུམ་པ་རེ་རེ་ལ་ཡང་ཆ་གསུམ་ དུ་བགོས་པ་ལ་ཆ་གཅིག་ནི་བསྐོར་བའི་སྣམ་བུར་བཞག་ཆ་གཉིས་ནི་ལྷ་རྣམས་ཀྱི་གནས་སུ་བྱ་བ་སྟེ་དེ་བས་ན། ཆ་གཅིག་གིས་ནི་བསྐོར་བ་ཡིས། །འཁོར་སར་བྱས་ཏེ་ལྷག་པ་ཡི། །ཆ་གཉིས་པོ་ནི་ལྷ་ཉིད་ཀྱི། །གནས་སུ་ངེས་པར་བྱ་བ་ཡིན། །ཞེས་གསུངས་པ་ཡིན་ཏེ་དེ་དག་ནི་སྣམ་ བུའི་དབྱེ་བའོ། །བློ་དང་ལྡན་པས་ཕྱོགས་བཞི་རུ། །སོ་སོའི་ཕྱོགས་ཆར་སྒོ་ཁྱུད་ནི། །སྡོམ་བརྩོན་ཅན་གྱིས་ནན་ཏན་དུ། །ལྷ་རྣམས་གཙོ་བོའི་གནས་སུ་བྱ། །ཞེས་པ་ནི་སྒོ་ཁྱུད་རྣམས་རྣམ་པར་དབྱེ་བ་སྟེ་སྒོ་ཁྱུད་དེ་རྣམས་ཀྱི་ཚད་ཀྱང་དཀྱིལ་འཁོར་སྣམ་བུའི་དགུ་ཆ་གཅིག་ཏུ་བརྟག་གོ། ། ནང་གི་སྙིང་པོའི་དཀྱིལ་འཁོར་གྱི་སྒོ་ཁྱུད་རྣམས་ལས་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་ཆོས་ཀྱི་སྐུའི་ཕྱག་རྒྱ་གཞག་པར་བྱའོ། །བྱང་ཕྱོགས་ཀྱི་ནང་དུ་སྤྱན་རས་གཟིགས་ཀྱི་དབང་པོ་བཞག་ལ་ལྷོ་ཕྱོགས་ཀྱི་ནང་དུ་ཕྱག་ན་རྡོ་རྗེ་གཞག་གོ། །དེའི་ཕྱི་རིམ་གྱི་སྒོ་ཁྱུད་རྣམས་ལས་ཤར་ཕྱོགས་ཀྱི་སྒོ་ ཁྱུད་ཀྱི་ནང་དུ་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་བཞག་ཅིང་ལྷོ་ཕྱོགས་ཀྱི་ནང་དུ་གཤིན་རྗེ་བཞག་ལ་བྱང་ཕྱོགས་ཀྱི་ནང་དུ་དབང་པོ་བཞག་སྟེ་གཤིན་རྗེ་དང་དབང་པོ་ལ་སོགས་པ་དེ་རྣམས་ཀྱང་དཀྱིལ་འཁོར་བར་མའི་སྣམ་བུ་ལ་སྒོ་ཁྱུད་ཀྱི་ནང་དུ་འདུག་པ་ཡང་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ཉིད་དུ་རིག་པར་བྱ་སྟེ། གཤིན་རྗེ་ལ་སོགས་པས་འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེའི་གཟུགས་གཙོ་བོར་བྱས་ནས་སྒོ་ཁྱུད་ན་གནས་སོ། །དབང་པོ་ཡང་ལྷ་རྣམས་ཀྱི་རྒྱལ་པོ་སྟེ་གཙོ་བོར་བྱ་ཞིང་སྒོ་ཁྱུད་ན་གནས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་མི་རྣམས་ཀྱི་ གཙོ་བོར་གྱུར་ཅིང་སྒོ་ཁྱུད་ན་བཞུགས་སོ། །སྙིང་པོའི་དཀྱིལ་འཁོར་གཞུགས་པའི་གཙོ་བོ་རྣམས་ནི་ཡེ་ཤེས་བཞིའི་རང་བཞིན་དུ་ཤེས་པར་བྱ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་མཚན་ཉིད་དབུས་ན་བཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆོས་ ཀྱི་སྐུའི་ཕྱག་རྒྱ་ཤར་ན་གནས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཕྱོགས་ན་གནས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཕྱག་ན་རྡོ་རྗེ་ལྷོ་ཕྱོགས་ན་གནས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ རིག་པར་བྱའོ། །དཀྱིལ་འཁོར་གྱི་སྣམ་བུ་གསུམ་པ་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་ན་འཕགས་པ་འཇམ་དབྱངས་གཙོ་བོའི་གཟུགས་སུ་བཞུགས་སོ། །ལྷོ་ཕྱོགས་ཀྱི་སྒོ་ཁྱུད་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བཞུགས་ཏེ། དེ་བཞིན་དུ་ནུབ་དང་བྱང་ན་ ཡང་ནམ་མཁའི་སྙིང་པོ་དང་སའི་སྙིང་པོ་དག་གཙོ་བོའི་གཟུགས་ཀྱིས་སྒོ་ཁྱུད་ན་བཞུགས་པར་ཤེས་པར་བྱའོ། །དེ་ལྟར་རིམ་པར་ལེགས་ཕྱེ་བ། །འདི་དག་ཐམས་ཅད་བྱས་ནས་ནི། །ཞེས་པ་གང་དུ་སྨོས་པ་ལྟར་དཀྱིལ་འཁོར་གྱི་སྣམ་བུ་བགོ་བ་དང་། སྒོ་ཁྱུད་རྣམས་རྣམ་པར་དབྱེ་ བ་དང་སྒོ་ཁྱུད་རྣམས་སུ་ལྷ་གཙོ་བོ་རྣམས། ཤིན་དུ་བྱེ་བྲག་ཕྱེད་པས་དགོད། །ཅེས་པའོ། །དབུས་སུ་པདྨ་དཀར་པོ་མཆོག །དེ་ནི་སྙིང་པོ་ཞེས་སུ་བསྒྲགས། །དཀྱིལ་འཁོར་སྙིང་རྗེ་འབྱུང་བ་ཀུན། །དེས་ནི་སྙིང་པོ་ཅན་དུ་བྱས། །ཞེས་པ་ནི་དབུས་ཀྱི་པདྨ་དཀར་པོ་ནི་བཅོམ་ལྡན་ འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བྱ་སྟེ། དཀར་བ་ནི་ཚོགས་དེ་ཉིད་རྣམ་པར་དག་པའོ། །སྙིང་པོ་ནི་འབྱུང་བའི་གནས་ཏེ་བསོད་ནམས་ཀྱི་ཚོགས་དེ་བཅོམ་ལྡན་འདས་ཀྱི་སྙིང་རྗེ་ཆེན་པོའི་བདག་ཉིད་འབྱུང་བའི་གནས་ཡིན་ལ། སྙིང་རྗེ་ཆེན་པོ་དེ་ལས་དཀྱིལ་ འཁོར་འདི་འབྱུང་སྟེ། དེས་ནི་སྙིང་པོ་ཅན་དུ་བྱས། །ཞེས་པའོ། །དེ་ཡི་ཚད་ཀྱང་སོར་བཅུ་དྲུག །ཡན་ཆད་དུ་ནི་བཤད་པ་ཡིན། །ཞེས་པ་ནི་དབུས་ཀྱི་པདྨའི་ཚད་སོར་བཅུ་དྲུག་སྟེ། ཡན་ཆད་དུ་ཞེས་པ་ནི་དེ་ལས་ལྷག་པར་བྱས་ཀྱང་རུང་ཞེས་པའོ། །དེའི་དགོས་པ་ཡང་ འདི་ལྟ་སྟེ། བཅུ་དྲུག་ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡིན་ལ། ཡན་ཆད་དུ་ནི་ཞེས་པ་དེ་དག་ལས་ལྷག་པ་ཀུན་དུ་བཟང་པོའི་ས་ལ་སོགས་པ་དང་ལྡན་པ་ཞེས་པ་སྟེ་མདོར་ན་པདྨ་དེ་བཅོམ་ལྡན་འདས་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་གྱི་མཚོན་ པར་བྱེད་པ་ལྟ་བུར་བལྟ་བར་བྱའོ། །འདབ་མ་བརྒྱད་པ་ལེགས་པར་རྫོགས། །ཞེས་པ་ནི་བསོད་ནམས་ཀྱི་ཚོགས་དེ་ཡེ་ཤེས་བརྒྱད་དང་ལྡན་པས་འདབ་མ་བརྒྱད་དུ་གསུངས་སོ། །དེ་ལ་ཡེ་ཤེས་བརྒྱད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་ པའི་ཡེ་ཤེས་དང་བྱ་བ་གྲུབ་པའི་ཡེ་ཤེས་ནི་སྒོ་ལྔའི་རྣམ་པར་ཤེས་པ་ལྔར་འགྱུར་བས་རྣམ་པ་ལྔར་ཕྱེ་སྟེ་ཡེ་ཤེས་རྣམ་པ་དེ་བརྒྱད་དང་ལྡན་པས་འདབ་མ་བརྒྱད་དུ་གྱེས་པའོ། །ཡེ་ཤེས་རྣམས་ཀྱང་ཆོས་ཐམས་ཅད་དམིགས་སུ་མེད་པའི་རང་བཞིན་དུ་རྟོགས་པ་སྟེ་དེ་ལྟར་ཐམས་ཅད་ དམིགས་སུ་མེད་པར་རྟོགས་པས་སྦྱིན་པར་བྱ་བ་དང་སྦྱིན་པའི་དངོས་པོ་དང་སྦྱིན་པར་བྱེད་པ་གསུམ་ཆར་ཡང་དམིགས་སུ་མེད་པར་རྟོགས་སོ། །དེ་བས་ན་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ནི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་འཁོར་གསུམ་ཡོངས་སུ་དག་པའི་རང་བཞིན་དུ་ ཤེས་པར་བྱའོ། །ཟེ་བར་ལྡན་ལ་ཤིན་ཏུ་བཟང་། །ཞེས་པ་ཟེ་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུའི་ཡོན་ཏན་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚན་མར་བརྟགས་པ་ཡིན་ལ་བསོད་ནམས་ཀྱི་ཚོགས་དེ་ཡོན་ ཏན་དེ་རྣམས་དང་ལྡན་པའོ། །འདབ་མའི་བར་ནི་ཐམས་ཅད་དུ། །ཀུན་ནས་རྡོ་རྗེ་བྲི་བར་བྱ། །ཞེས་པ་ནི་རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ་གོང་དུ་བཤད་པའི་ཡེ་ཤེས་བརྒྱད་པོ་དེ་དང་ལྡན་པ་ཞེས་བྱའོ། །དེ་ཡི་སྙིང་པོའི་དབུས་སུ་ནི། །རྒྱལ་མཆོག་གཙོ་བོ་ཞེས་པ་བཅོམ་ལྡན་འདས་ མངོན་པར་བྱང་ཆུབ་པའི་རང་བཞིན་པདྨའི་སྙིང་པོའི་སྟེང་དུ་བྲི་བའོ། །རྒྱལ་མཆོག་གཙོ་བོ་ཞེས་པ་ནི་བདུད་རྣམས་ལས་རྒྱལ་བ་སྟེ་དེ་རྣམས་ཀྱི་ནང་ན་ཡང་མཆོག་ཅེས་བྱའོ། །གསེར་གྱི་མདོག །འབར་བཅས་ཐོར་ཚུགས་དབུ་རྒྱན་ཅན། །འོད་ཟེར་དག་གིས་ཀུན་ནས་བསྐོར། །མགོན་ པོ་ནད་དང་བྲལ་བ་ནི། །ཏིང་ངེ་འཛིན་དུ་གནས་པར་བྲི། །ཞེས་པ་ལ་འབར་བཅས་ནི་འབར་ཞིང་སྲེག་པའི་རང་བཞིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲེག་པའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པའོ། །གསེར་གྱི་མདོག་ནི་རྒྱས་པའི་རང་བཞིན་ནོ། །ཐོར་ཚུགས་ནི་འོག་མིན་གྱི་ གནས་ན་བཞུགས་པ་ཡིན་ཏེ་འོག་མིན་གྱི་ལྷ་རྣམས་ནི་ཐོར་ཚུགས་དང་བཅས་པ་ཡིན་ལ། དེ་དག་དང་མཐུན་པར་བྱ་བའི་ཕྱིར་ཐོར་ཚུགས་དང་ལྡན་པའོ། །དབུ་རྒྱན་ཅན་ཞེས་པ་ནི་ཆོས་ཀྱི་རྒྱལ་པོའམ་དབང་པོར་དབང་བསྐུར་བས་རིན་པོ་ཆེའི་ཅོད་པན་ གསོལ་བའོ། །འོད་ཟེར་དག་གིས་ཀུན་ནས་བསྐོར། །ཞེས་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་འོད་དང་འོད་ཀྱི་དཀྱིལ་འཁོར་འཕྲོ་བ་རྣམས་ཀྱིས་བསྐོར་ཞེས་པའོ། །ནད་དང་བྲལ་བ་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གདོན་དང་བྲལ་བའོ། ཏིང་ངེ་འཛིན་ དུ་གནས་པ་ཞེས་པ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལས་མི་གཡོ་ཞིང་རྩེ་གཅིག་ཏུ་གནས་ལ་གཟུགས་ཀྱང་ཏིང་ངེ་འཛིན་གྱི་ཚུལ་དུ་གནས་པའོ། །དེ་ཡི་ཤར་དུ་བློ་ལྡན་གྱིས། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་ནི། །གྲུ་གསུམ་ཐམས་ཅད་དཀར་པོ་ཉིད། །པདྨའི་སྟེང་གནས་ཁོར་ ཡུག་ཏུ། །འོད་ཟེར་དཀར་པོས་ཡོངས་བསྐོར་བ། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤར་ཕྱོགས་སུ་སྔོན་མངོན་པར་སངས་རྒྱས་པ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཕྱག་རྒྱ་གྲུ་གསུམ་པའི་མཚན་ཉིད་དུ་བྲི་སྟེ་ཤར་ཕྱོགས་སུ་ གཞག་པ་ནི་རྒྱ་གར་གྱི་སྐད་དུ་ཤར་ལ་པཱུརྦ་ཞེས་བྱ་བ་ལ། འདས་པ་ལ་ཡང་པཱུརྦ་ཞེས་བྱ་སྟེ་དེ་བས་ན་སྔོན་འདས་པའོ་ཞེས་གླེང་བའི་ཕྱིར་ཤར་ཕྱོགས་སུ་གཞག་གོ། །པདྨའི་སྟེང་དུ་གྲུ་གསུམ་བྲི་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་ རྫོགས་པའི་མཚན་ཉིད་དོ། །ཕྱག་རྒྱ་དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་དགོད་པ་དང་གྲྭ་གཉིས་ནས་འོད་གཉིས་འབྱུང་བར་བྱའོ་ཞེས་གསང་བའི་དཀྱིལ་འཁོར་ནས་འབྱུང་བ་ལ་རྡོ་རྗེ་རྩེ་ལྔ་པ་དགོད་པ་ནི་ཡེ་ཤེས་ལྔའི་མཚན་མའོ། །འོད་གཉིས་འབྱུང་བ་བྱ་བ་ནི་ཕྱག་རྒྱ་དེ་ཆོས་སྐུའི་མཚན་ཉིད་དོ། །ཆོས་ ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་འབྱུང་བའོ། །པདྨ་ནི་སྔར་བཤད་ལ་དཀར་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པ་སྟེ་པདྨོ་ཉིད་ལ་བྱའོ། །འོད་ཟེར་གྱིས་བསྐོར་བ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །ཐམས་ཅད་དཀར་པོ་ཉིད་ཅེས་པ་ནི་ཕྱག་ རྒྱ་དེ་ཉིད་དཀར་པོར་བྱ་སྟེ་ཡོངས་སུ་དག་པའི་ཕྱིར་རོ། །དེའི་བྱང་དུ་མཁས་རྣམས་ཀྱིས། །སྐྱོབ་པ་དག་ནི་ཀུན་གྱི་ཡུམ། །གསེར་གྱི་མདོག་ཅན་འབར་དང་བཅས། །ན་བཟའ་དག་ནི་དཀར་པོ་མནབས། །ཀུན་དུ་རྣམ་པར་སྣང་མཛད་པ། །ཏིང་ངེ་འཛིན་དུ་གནས་པར་བྲི། །ཞེས་པ་ནི་ ཕྱག་རྒྱ་གྲུ་གསུམ་པའི་བྱང་ཕྱོགས་སུ་བཅོམ་ལྡན་འདས་ནམ་མཁའི་སྤྱན་བྲི་བ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མངོན་པར་བྱང་ཆུབ་པ་དང་ལྡན་པའི་ཤེས་རབ་པོ། །སྐྱོབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཤེས་རབ་དེ་ལས་བྱུང་བས་ན་དེ་སྐྱོབ་པ་རྣམས་ཀྱི་ཡུམ་མོ། ། འབར་དང་བཅས་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པའི་རང་བཞིན་གྱི་འབར་བ་དང་བཅས་པའོ། །གསེར་མདོག་ཅན་ནི་རྒྱས་པའི་རང་བཞིན་ནོ། །ན་བཟའ་དཀར་པོ་མནབས་པ་ནི་ན་བཟའ་ནི་གཡོགས་པར་བྱེད་པ་སྟེ་དེ་ཉིད་དག་པས་དཀར་པོའོ། །དེ་བས་ན་ཤེས་བྱ་དང་ཉོན་ མོངས་པའི་སྒྲིབ་པའི་གཡོགས་མ་དག་པའི་མཚན་མ་ནི་ན་བཟའ་དཀར་པོའོ། །ཀུན་དུ་རྣམ་པར་སྣང་མཛད་པ་ནི་ཤིན་ཏུ་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཁྱབ་པའོ། །ཏིང་ངེ་འཛིན་དུ་གནས་ཞེས་པ་ནི་གཡོ་བ་མེད་པའི་གཟུགས་སུ་གནས་པའོ། ། མགོན་པོ་ཡི་ནི་བྱང་ཕྱོགས་སུ། །སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་སྟན་ལ་འདུག །དུང་དང་ཀུན་ད་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །བཞིན་ནི་བག་ཙམ་འཛུམ་པར་བྲི། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡས་རོལ་ བྱང་ཕྱོགས་ཀྱི་ངོས་སུ་པདྨའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བྲི་བ་སྟེ་སྤྱན་རས་གཟིགས་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར་གཟིགས་པ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གཟིགས་པའོ། ། དཔའ་བོ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་ཆོམ་རྐུན་འཇོམས་པ་ལ་དཔའ་བའོ། །པདྨ་དཀར་པོའི་སྟན་ལ་འདུག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་རང་བཞིན་ནོ། །རྣལ་འབྱོར་གྱི་རྒྱུད་ལས་པདྨ་དམར་པོར་གསུངས་ལ། འདིར་དཀར་པོར་གསུངས་པ་དེ་ ཡང་རྣལ་འབྱོར་གྱི་རྒྱུད་ནི་ཐབས་གཙོ་བོར་གྱུར་པ་སྟེ། ཐབས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བར་བྱ་བའི་དོན་ལ་ཞེན་པར་བསྟན་པའི་ཕྱིར་དམར་པོར་བསྟན་པའོ། །རྒྱུད་འདི་ནི་ཤེས་རབ་གཙོ་བོར་གྱུར་པའི་སྒོ་ནས་ཤེས་རབ་ཀྱིས་ཆོས་ཐམས་ཅད་ ཤིན་ཏུ་དག་པར་རྟོགས་པའི་མཚོན་བྱེད་དུ་དཀར་པོར་བསྟན་ཏོ། །དུང་དང་ཀུན་ད་ཟླ་བ་འདྲ། །ཞེས་པ་ནི་སྐུའི་ཁ་དོག་དུང་དང་མེ་ཏོག་ཀུན་ད་དང་ཟླ་བ་ལྟར་དཀར་བར་ཤེས་པར་བྱའོ། །དབུ་ལ་འོད་དཔག་མེད་བཞུགས་པ། །ཞེས་པ་ནི་སྣང་བ་མཐའ་ཡས་ནི་སོ་སོར་རྟོག་པའི་ཡེ་ཤེས་ ཀྱི་རང་བཞིན་ཡིན་པས་དེའི་མཚན་མར་བསྟན་པའོ། །གཉིས་སུ་ནི་རྣལ་འབྱོར་གྱི་རྒྱུད་ལས་རིགས་སོ་སོ་ལས་དབང་བསྐུར་བ་སོ་སོ་སྟེ། པདྨའི་རིགས་ལ་སྣང་བ་མཐའ་ཡས་ཀྱིས་དབང་བསྐུར་བའི་ཕྱིར་རོ། །བཞིན་ནི་བག་ཙམ་འཛུམ་པ་ཞེས་པ་ནི་ཏིང་ངེ་འཛིན་ལ་མི་གནས་པར་ སེམས་ཅན་ཆོས་བཤད་པ་ལ་སོགས་པའི་ཕྱིར་དུ་འཛུམ་ཞིང་ཞལ་མ་བཙུམས་པའི་དོན་ཏོ། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ཞིང་འཇིགས་པ་སེལ་བ་སྟེ། །སྔོ་བསངས་མ་ལ་སྣ་ཚོགས་གཟུགས། །བུད་མེད་དར་ལ་བབ་པའི་ཚད། །ཐལ་སྦྱར་ མེ་ཏོག་ཨུཏྤལ་ཐོགས། །འོད་ཟེར་དག་གིས་ཀུན་བསྐོར་ཞིང་། །གོས་ནི་དཀར་པོ་གྱོན་པར་བྲི། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་དབང་པོས་སེམས་ཅན་གྱི་ཁམས་ལ་གཟིགས་ནས་བདག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་ཐམས་ཅད་མཐའ་ཡས་པའི་སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་ཏེ་བསྒྲལ་ཀྱང་སེམས་ཅན་དེ་དག་མ་ལུས་པར་འཁོར་བ་ལས་རྒལ་བར་མ་གྱུར་པ་གཟིགས་ནས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་བྱུང་བའི་སྤྱན་ཆབ་ལས་སྒྲོལ་མའི་ལྷ་མོ་མང་པོ་བྱུང་ནས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་གཟུགས་སུ་གྱུར་པ་ སྟེ་དེ་བས་ན་ལྷ་མོ་སྒྲོལ་མའོ། །གཞན་རྣམ་པ་དུ་མ་ཡང་རྒྱུད་གཞན་ལས་ཤེས་པར་བྱའོ། །གྲགས་ཆེན་ནི་ཡོན་ཏན་གྱི་ཚིག་གོ། །དགེ་ཞིང་འཇིགས་པ་སེལ་བ་ཞེས་པ་ནི་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་འཇིགས་པ་བརྒྱད་སེལ་བར་བྱེད་པའོ། །སྔོ་བསངས་ནི་ཁ་དོག་དཀར་ པོ་དང་སྔོན་པོ་དང་སེར་པོ་ལ་སོགས་པ་བསྡུས་པ་ལས་ལྗང་གུར་འགྱུར་ཏེ་ཁ་དོག་དཀར་པོ་དང་སེར་པོ་དང་སྔོན་པོ་ལ་སོགས་པ་ནི་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་ཀྱི་ལས་ཀྱི་མཚན་མ་སྟེ་དེ་དག་གཅིག་ཏུ་བསྡུས་པ་ནི་ལས་ཐམས་ཅད་བྱེད་པའོ། །སྣ་ཚོགས་གཟུགས་ཞེས་པ་ནི་སེམས་ཅན་ རྣམ་པ་མང་པོའི་དོན་དུ་རེས་འགའ་ནི་ཕོའི་གཟུགས་དང་། རེས་འགའ་ནི་མོའི་གཟུགས་ལ་སོགས་པ་རྣམ་པ་དུ་མར་འགྱུར་བའི་ཕྱིར་རོ། །བུད་མེད་དར་ལ་བབ་པའི་ཚད། །ཅེས་པ་ནི་གཞོན་ཏེ་ཡོན་ཏན་རྫོགས་པ་ཡང་མ་ཡིན། ཡོན་ཏན་རྣམས་ལས་འདས་པའི་བྱང་ཆུབ་ཀྱི་ མྱ་ངན་ལས་འདས་པར་འགྱུར་བའི་ཚུལ་གྱིས་རྒས་པ་ཡང་མ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་མཚན་ཉིད་ཀྱི་ཚད་ལ་བབ་པའོ། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །ཞེས་པ་ནི་རྣམ་པར་ཐར་པའི་སྒོ་སྣ་ཚོགས་འཛིན་པ་སྟེ་དེ་བས་ན་ཨུཏྤལའི་འདབ་མ་རལ་ གྲི་ལྟ་བུ་ནི་ཤེས་རབ་ཀྱི་རྣམ་པར་ཐར་པའི་སྒོ་ལྟ་བུར་ཤེས་པར་བྱའོ། །འོད་ཟེར་དག་གིས་ཀུན་བསྐོར་ཞིང་། །ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །གོས་ནི་དཀར་པོ་གྱོན་པ་ནི་ངོ་ཚ་དང་ལྡན་པའི་མཚན་མ་སྟེ། ཇི་ལྟར་གོས་ཀྱིས་གཡོགས་ཤིང་མི་སྣང་བར་བྱ་བ་བཞིན་དུ་ ངོ་ཚ་བ་ཡང་འཆབ་ཅིང་སྦ་བའི་མཚན་མ་སྟེ་ངོ་ཚ་དེ་དང་ལྡན་པའོ། །དཀར་པོ་ནི་ངོ་ཚ་ཉིད་རྣམ་པར་དག་པའི་མཚན་མའོ། །ཅིའི་ཕྱིར་ངོ་ཚ་དང་ལྡན་ཞེ་ན། ངོ་ཚ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་དེ་ལྟར་ནི་འོག་ནས་འཆད་དོ། །གཡོན་དུ་ལྷ་མོ་ཁྲོ་གཉེར་ཅན། །སྔགས་ཟློའི་ཕྲེང་བ་ལག་ ན་དབྱངས། །མིག་གསུམ་པ་ལ་ཐོར་ཚུགས་ཅན། །ཁ་དོག་མདོག་ནི་དཀར་མོ་ལ། །འོད་ཟེར་དཀར་པོ་སེར་པོ་དང་། །དམར་པོ་རྣམས་ཀྱིས་བསྐོར་བར་བྲི། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་གཡོན་རོལ་དུ་ཁྲོ་གཉེར་མ་བྲི་བ་སྟེ། ཁྲོ་གཉེར་མ་ཞེས་པ་ནི་རྒྱུའི་མིང་འབྲས་བུ་ལ་བཏགས་ པའི་མཚན་ཏེ། སྤྱན་རས་གཟིགས་ཀྱི་དབང་པོའི་སྨིན་མཚམས་ཀྱི་ནང་ནས་ལྷ་མོ་དེ་བྱུང་སྟེ་ཁྲོ་གཉེར་གྱི་རྒྱུ་ལས་བྱུང་བས་ན་ཁྲོ་གཉེར་མ་ཞེས་བྱའོ། །ལྷ་མོ་ཁྲོ་བོའི་བདག་ཉིད་འབའ་ཞིག་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ལྡན་པར་བསྟན་པ་སྟེ། སྔགས་ཀྱི་ནོར་བུ་ནི་ཕ་རོལ་ ཏུ་ཕྱིན་པའི་མཚན་མའོ། །མིག་གསུམ་པ་ནི་ཁྲོ་བོའི་བདག་ཉིད་དོ། །ཐོར་ཚུགས་ཅན་ནི་འོག་མིན་གྱི་ལྷ་རྣམས་དང་རིགས་མཐུན་པའོ། །ཁ་དོག་མདོག་ནི་དཀར་མོ་ལ། །ཞེས་པ་ནི་ཡོངས་སུ་དག་པའི་མཚན་ཉིད་དོ། །འོད་ཟེར་དཀར་པོ་སེར་པོ་དང་། །དམར་པོ་རྣམས་ ཀྱིས་བསྐོར་བ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བ་དང་ལྡན་པ་སྟེ་འོད་ཉིད་དཀར་པོ་དང་སེར་པོ་དང་དམར་པོའི་ཁ་དོག་དེ་རྣམས་དང་ལྡན་པ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་མཚན་མའོ། །ཁྲོ་གཉེར་ཅན་དང་ཉེ་བར་ནི། །མཐུ་ཆེན་ལག་ན་པདྨ་ཐོགས། །བརྩེ་བ་ཆེན་པོ་གོས་དཀར་ གྱོན། །འོད་ཟེར་དག་གིས་བསྐོར་བ་ཡི། །དཔའ་བོ་ཡང་དག་བྲི་བྱ་སྟེ། །དེ་ཡི་པདྨ་ཁ་མ་བྱེ། །ཞེས་པ་ནི་ཁྲོ་གཉེར་མ་དང་ཉེ་བར་འཕགས་པ་མཐུ་ཆེན་ཐོབ་བྲི་བ་སྟེ། ཁྲོ་གཉེར་མ་དང་ཉེ་བར་བྲི་བ་ནི་མཐུ་ཆེན་དེ་དཔུང་བྱ་བའི་ཕྱིར་རོ། །ལག་ན་པདྨ་ཐོགས་ཞེས་པ་དང་། །དེ་ཡི་པདྨ་ཁ་མ་བྱེ། །ཞེས་པ་ནི་ དེའི་ཕྱག་རྒྱ་པདྨའོ། །བརྩེ་བ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །པདྨ་ཁ་མ་བྱེ་བ་ནི་སྤྱན་རས་གཟིགས་ཀྱི་དབང་པོ་དང་ཁྱད་པར་བསྟན་པའོ། །གོས་དཀར་གྱོན་པ་ནི་ཡོངས་སུ་དག་པའི་མཚན་ཉིད་དོ། །འོད་ཟེར་དག་གིས་བསྐོར་བ་ཡི། །ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བ་དང་ལྡན་པའོ། །དཔའ་བོ་ནི་ སུས་ཀྱང་ཟིལ་གྱིས་མི་ནོན་པའོ། །དེ་ཡི་དྲུང་དུ་བློ་ཅན་གྱིས། །རིག་སྔགས་ལྷ་མོ་དྲགས་ལྡན་མ། །གསེར་གྱི་ཁ་དོག་ལྟ་བུ་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ལག་པ་གཡོན་པས་པྲི་ཡང་ཀུའི། །སྙེ་མ་ཡིད་འོང་མཛེས་པར་བྲི། །ཞེས་པ་ནི་མཐུ་ཆེན་ཐོབ་ཀྱི་དྲུང་དུ་ལྷ་མོ་གྲགས་འཛིན་ཞེས་བྱ་བ་བྲི་ བ་སྟེ། དེ་ལ་གྲགས་འཛིན་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་གྲགས་པ་རྣམས་འཛིན་པའོ། །དེའི་གསེར་གྱི་ཁ་དོག་ལྟ་བུ་ནི་མཚན་ཉིད་དོ། །ལག་པ་གཡོན་པས་པྲི་ཡང་ཀུའི། །སྙེ་མ་ཡིད་འོང་འཛིན་པ་ཞེས་པ་ནི་ལྷ་མོ་དེའི་ཕྱག་རྒྱའོ། །སྒྲོལ་མ་ཡི་ནི་ཉེ་འཁོར་དུ། །བློ་དང་ལྡན་པ་གོས་དཀར་མོ། །ཞེས་ བྱ་བ་ནི་གོས་དཀར་མོའམ་དཀར་བར་གནས་པ་ཞེས་བྱ་བའི་ལྷ་མོ་དེར་བྲི་བ་སྟེ་དཀར་བར་གནས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གནས་པའོ། །སྒྲོལ་མའི་ཉེ་འཁོར་དུ་བྲི་བའི་ལྷ་མོ་སྒྲོལ་མ་དེ་སེམས་ཅན་རྣམས་སྒྲོལ་ཞིང་ལས་ཐམས་ཅད་བྱེད་པ་འབའ་ཞིག་མ་ཡིན་གྱི། ཆོས་ཀྱི་དབྱིངས་ རྣམ་པར་དག་པ་ལ་བསྙེན་པར་བྱེད་པར་བསྟན་པའི་ཕྱིར་རོ། །ཐོར་ཚུགས་ཅན་ལ་གོས་དཀར་གྱོན། །ལག་ན་པདྨ་ཐོགས་པར་བྲི། །ཞེས་པ་ནི་གོས་དཀར་པོ་ནི་ཡོངས་སུ་དག་པའི་མཚན་མའོ། །ལག་ན་པདྨ་ནི་ཕྱག་རྒྱ་པདྨ་ཐོགས་པའོ། །ཐོར་ཚུགས་ནི་སྔར་བཤད་པ་བཞིན་ནོ། །བློ་དང་ལྡན་པས་ ཞེས་པ་ནི་སྔགས་པ་བློ་དང་ལྡན་པས་དེ་ལྟར་བྲི་ཞེས་པའོ། །དེ་ཡི་འོག་ཏུ་སྔགས་པ་ཡིས། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཁ་དོག་ཉི་མ་འཆར་ཀ་བཞིན། །པདྨ་དཀར་པོས་རྣམ་པར་བརྒྱན། །འབར་བའི་ཕྲེང་ཅན་མི་བཟད་ཅིང་། །སྤུ་དག་སེང་གེ་ལྟར་འདུག་པ། །སྤྱན་རས་གཟིགས་དབང་ བློ་ལྡན་གྱི། །རྟ་མགྲིན་ཅན་ཞེས་གྲགས་པ་བྲི། །ཞེས་པ་ནི་ལྷ་མོ་གོས་དཀར་མོའི་འོག་ལོགས་སུ་འཕགས་པ་རྟ་མགྲིན་བྲི་བར་བྱ་སྟེ། རིག་སྔགས་རྒྱལ་པོ་ནི་པདྨའི་རིག་པའི་རྒྱལ་པོའོ། །སྟོབས་པོ་ཆེ་ནི་མཐུ་ཆེ་བའི་ཡོན་ཏན་ཅན་ནོ། །ཁ་དོག་ཉི་མ་འཆར་ཀ་བཞིན། །ཞེས་པ་ནི་སྐུ་མདོག་དམར་ པོར་བསྟན་པའོ། །པདྨ་དཀར་པོས་རྣམ་པར་བརྒྱན། །ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དཀར་བས་བརྒྱན་པའོ། །འབར་བའི་ཕྲེང་ཅན་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པར་བྱེད་པའི་ཡེ་ཤེས་ཅན་ཏེ་དེས་བསྲེགས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཐོབ་ པར་འགྱུར་བ་སྟེ། དེ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ལྷ་མོ་གོས་དཀར་མོའི་འོག་མ་ཟད་དུ་བྲི་བ་ནི་དེའི་བར་ཆད་མེད་པའི་ལམ་གྱི་རང་བཞིན་དུ་ཤེས་པར་བྱའོ། །མི་བཟང་བ་ཞེས་པ་ནི་ཁྲོ་བས་འཇིགས་པའི་གཟུགས་སོ། །སྤུ་དག་སེང་གེ་ལྟར་འདུག་པ། །ཞེས་པ་ནི་སེང་ གེ་ལྟར་འདུག་པ་ཞེས་པ་ནི་སེང་གེ་ལྟར་སུས་ཀྱང་ཟིལ་གྱིས་མི་ནོན་པའི་མཚན་མའོ། །རྟ་མགྲིན་ཅན་ཞེས་གྲགས་པ་ནི་ཆོས་ལ་འབིགས་པའི་ཡེ་ཤེས་མྱུར་ཞིང་མགྱོགས་པ་རྟ་དང་འདྲ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་པ་རྟ་དང་འདྲ་བའི་ཕྱིར་རྟ་མགྲིན་ཞེས་བྱའོ། །སྤྱན་ རས་གཟིགས་དབང་བློ་ལྡན་གྱིས། །ཞེས་པ་ནི་དེ་དག་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བར་ཤེས་པར་བྱ་སྟེ་དེ་དག་ནི་པདྨའི་རིགས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་དུ་བྲིས་པ་སྟེ། རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་ནི་མཐའ་ཡས་ཏེ་བྲིར་ཡང་མི་ལང་བས་དཀྱིལ་ འཁོར་འདི་དག་ཐམས་ཅད་ནི་རང་བཞིན་གྱི་དཀྱིལ་འཁོར་སྡུད་པའི་སྒོར་གྱུར་པར་ཤེས་པར་བྱའོ། །སངས་རྒྱས་རྣམས་ཀྱི་ལྷོ་ཕྱོགས་སུ། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་ཀྱི། །ཕྱག་རྒྱ་ཡིད་བཞིན་ནོར་བུ་ཞེས། །གྲགས་པ་བསྐལ་པ་ཆེན་པོ་ཅན། །རེ་བ་ ཐམས་ཅད་རྫོགས་བྱེད་པ། །པདྨ་དཀར་ལ་འདུག་པར་བྲི། །ཞེས་པ་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་གྲུ་གསུམ་པའི་ལྷོ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་འདྲ་བ་བྲི་སྟེ། བྱང་ཆུབ་སེམས་དཔའ་རྣམས་བྲིས་ན་གྲངས་མེད་མཐའ་མེད་པས་དེ་ རྣམས་སྡུད་པའི་སྒོར་གྱུར་པའི་ཕྱག་རྒྱ་ཐམས་ཅད་བྲི་བར་ཤེས་པར་བྱའོ། །སྐལ་བ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ལ་བྱའོ། །གཉིས་སུ་ན་བསྙེན་པ་ཆེན་པོ་ཞེས་ཀྱང་བྱ་སྟེ་སེམས་ཅན་མང་པོས་བསྙེན་པའི་ཕྱིར་རོ། །རེ་བ་ཐམས་ཅད་རྫོགས་བྱེད་པ། །ཞེས་པ་ནི་ སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དོན་བྱེད་པས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཕྱིར་ཡིད་བཞིན་ནོར་བུ་ཞེས་གྲགས་སོ། །ཡང་ན་ཕྱག་རྒྱ་ཉིད་ཡིད་བཞིན་ནོར་བུ་ལྟ་བུར་བྲི་ཞེས་པའོ། །པདྨ་དཀར་ལ་འདུག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ རྣམ་པར་དཀར་བ་ལས་བྱུང་བའོ། །མགོན་པོ་རྣམ་སྣང་མཛད་ཆེན་གྱིས། །ལྷོ་ཡི་ཕྱོགས་སུ་རྡོ་རྗེ་འཛིན། །རེ་བ་ཐམས་ཅད་སྐོང་བྱེད་པ། །མདོག་ནི་པྲི་ཡང་ཀུ་ལྟ་བུར། །ལྗང་སེར་རམ་ནི་མརྒད་ལྟར། །སྔོ་བསངས་མགོན་པོ་དབུ་རྒྱན་ཅན། །སེམས་དཔའ་ཆེན་པོ་རྒྱན་ཀུན་གྱིས། །རྣམ་ པར་བརྒྱན་ཞིང་མཐའ་ཡས་པར། །འཇུག་པ་རྒྱ་ཆེན་རྡོ་རྗེར་བཅས། །འོད་ཟེར་དག་གིས་བསྐོར་བར་བྲི། །ཞེས་པ་ནི་ཕྱག་རྒྱ་རྡོ་རྗེའི་ཁྱད་པར་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལྷོ་ཕྱོགས་སུ་བྲི་སྟེ་དེ་ཡང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །བཅོམ་ལྡན་འདས་ཀྱི་གཡོན་ ཕྱོགས་སུ་བྲི་བ་ནི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ་འགྱིང་བའི་ཚུལ་དུ་གནས་པས་བཅོམ་ལྡན་འདས་ཞི་བ་དང་རྗེས་སུ་མཐུན་པའི་ཕྱིར་གཡོན་དུ་བྲི་བ་ཡིན་ནོ། །རེ་བ་ཐམས་ཅད་སྐོང་བྱེད་པ། །ཞེས་པ་ནི་སེམས་ཅན་གྱི་དོན་བྱེད་པ་ལ་ནན་ཏན་བྱེད་པས་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་ སུ་རྫོགས་པར་བྱེད་པའོ། །མཐའ་ཡས་འཇུག་པ་རྒྱ་ཆེན་ཞེས་པ་ནི་སེམས་ཅན་གྱི་དོན་དུ་མཐའ་ཡས་པར་རྒྱུ་བ་སྟེ་དེ་ཡང་རྒྱ་ཆེ་བའི་རྒྱུའོ། །རྡོ་རྗེར་བཅས་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བའོ། །འོད་གཟེར་དག་གིས་བསྐོར་བ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །དེ་ཡི་གཡས་སུ་ ལྷ་མོའི་མིང་། །མཱ་མ་ཀཱི་ཞེས་བྱ་བ་དེ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ལག་ན་རྡོ་རྗེ་ཐོགས་པར་བྲི། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་ཡུམ་བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །མཱ་མ་ཀ་ཞེས་པ་ལ་མཱ་མ་ཀ་ནི་ཕྱག་ན་རྡོ་རྗེའོ། །མཱ་མ་ཀཱི་མོ་ཡིན་པས་ མཱ་མ་ཀཱི་ཞེས་བྱའོ། །ཕྱག་ན་རྡོ་རྗེ་ཇི་ལྟར་མཱ་མ་ཀ་ཡིན་ཞེ་ན། གདུག་པ་དང་མ་རུངས་པ་རྣམས་གདུག་པའི་བྱ་བ་བྱེད་པ་ན་མ་བྱེད་མ་བྱེད་ཅེས་འགོག་པ་སྟེ་མ་བྱེད་པ་ཞེས་བྱའོ། །མ་བྱེད་པ་དེའི་ཡུམ་ཡིན་པས་ན་མ་བྱེད་མ་ཞེས་བྱའོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་ཞེས་པ་ནི་རྒྱན་རྣམས་ལ་རྡོ་རྗེའི་མཚན་ མས་བཏབ་པ་སྟེ་རྡོ་རྗེ་རིགས་ཀྱི་མཚན་མའོ། །རྡོ་རྗེ་ཐོགས་པ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱག་རྒྱ་རྡོ་རྗེ་རྩེ་གསུམ་པ་འཆང་བའོ། །དེ་ཡི་འོག་ཏུ་ལྷ་མོ་ནི། །རྡོ་རྗེ་རྩེ་མོ་སྟོབས་ཆེན་དེ། །ཕོ་ཉ་རྣམས་ཀྱིས་ཡོངས་བསྐོར་ཞིང་། །བཞིན་ནི་བག་ཙམ་འཛུམ་པར་བྲི། །ཞེས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དེའི་བར་ཆད་མེད་པའི་ལམ་གྱི་རང་བཞིན་ཡིན་པས་དེའི་འོག་ཏུ་བྲི་བ་སྟེ་རྡོ་རྗེ་རྩེ་མོ་ཞེས་པ་ནི་ཆོས་ཉིད་ལ་འབིགས་པར་བྱེད་པའི་ངང་ཚུལ་ཅན་ནོ། །སྟོབས་ཆེན་ཞེས་པ་ནི་དེའི་ཡོན་ཏན་ནོ། །ཕོ་ཉ་རྣམས་ཀྱིས་ཡོངས་བསྐོར་ཞིང་། །ཞེས་པ་ནི་བར་ཆད་མེད་པའི་ལམ་གྱི་ཡན་ལག་ རྣམས་དང་ལྡན་པའོ། །ཡང་ན་རྒྱལ་པོའི་འཁོར་ཡིན་པས་ན་མངག་གཞུག་ལ་སོགས་པ་སྲིད་པའི་ཕྱིར་རོ། །བཞིན་བག་ཙམ་འཛུམ་པ་ནི་ཏིང་ངེ་འཛིན་ལ་མ་བཞུགས་པར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །གཡོན་རོལ་དུ་ནི་སྔགས་པ་ཡིས། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ། །ལག་ན་ རྡོ་རྗེ་ལུ་གུ་རྒྱུད། །རང་གི་ཕོ་ཉ་རྣམས་ཀྱིས་བསྐོར། །པྲི་ཡང་ཀུ་ལྟར་ལྗང་སེར་མདོག །རྡོ་རྗེའི་མཚན་མས་ལེགས་མཚན་བྲི། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་གཡོན་དུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་པ་ནི་བྲི་བ་སྟེ། ལུ་གུ་རྒྱུད་མ་ནི་འཕགས་པའི་ལམ་གྱི་རང་བཞིན་ཡིན་ལ། །སེམས་ཅན་རྣམས་ལམ་དེར་ འདྲེན་ཅིང་འཛུད་པར་བྱེད་པའི་མཚན་མ་ཅན་ནོ། །ཡང་ན་རྒྱལ་པོའི་འཁོར་གྱི་ཕུལ་ཡིན་པས་གདུག་པ་དང་མ་རུངས་པ་རྣམས་གཟུང་ཞིང་འདོགས་པའི་མཚན་ཉིད་དོ། །རང་གི་ཕོ་ཉ་རྣམས་ཀྱིས་བསྐོར། །ཞེས་པ་ནི་རྡོ་རྗེ་ལུ་གུ་རྒྱུད་མ་དེ་ཉིད་ཀྱི་འཁོར་མངག་གཞུག་པ་ལ་སོགས་ པ་རྣམས་ཀྱིས་བསྐོར་བའོ། །རྡོ་རྗེ་མཚན་མས་ལེགས་མཚན་བྲི། །ཞེས་པ་ནི་རྒྱན་རྣམས་ལ་རྡོ་རྗེའི་མཚན་མས་བཏབ་པའོ། །ལག་ན་རྡོ་རྗེའི་འོག་ལོགས་སུ། །ཞེས་པ་ནས། ཁྲོ་བོ་ཆེན་པོ་འདི་འདྲ་བ། །པདྨའི་སྟེང་དུ་འདུག་པ་བྲི། །ཞེས་པའི་བར་གྱིས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཕྱག་ན་རྡོ་རྗེའི་ བར་ཆད་མེད་པའི་ལམ་གྱི་མཚན་ཉིད་དུ་གྱུར་པ་ཁྲོ་བོ་ཟླ་གཙོ་ཞེས་བྱ་བའི་ཁྱད་པར་ཏེ་འོག་ལོགས་སུ་བྲི་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྦྱོར་བ་བར་ཆད་མེད་པའི་ལམ་གྱི་རང་བཞིན་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སར་མ་ཕྱིན་པའི་ཕྱིར་འོག་ཏུ་བྲིའོ། །དེ་ནི་ཟླ་བ་ཐིག་ལེ་འམ་ཟླ་གཙོ་ཞེས་བྱ་སྟེ་ཟླ་བ་ལྟར་ ཡོངས་སུ་དག་ཅིང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཚིམ་པར་བྱེད་པའི་རང་བཞིན་ནོ། །ཐིག་ལེ་ནི་ཐིག་ལེའི་མཚན་མ་དང་ལྡན་པའོ། །ཡང་ན་རྒྱ་གར་སྐད་དུ་ཏི་ལ་ཀ་ཞེས་པ་གཙོ་བོའི་རྣམ་པ་ལ་བྱའོ། །བགེགས་ཆེན་དགྲ་ནི་ཞི་བྱེད་པ། །ཞེས་པ་ནི་ལྷ་དང་གནོད་སྦྱིན་ལས་གྱུར་པའི་བགེགས་ རྣམས་དང་མི་ལ་སོགས་པའི་དགྲ་སེལ་བར་བྱེད་པའོ། །ཁྲོ་བོ་འཇིག་རྟེན་གསུམ་དུ་གྲགས། །ཞེས་པ་ནི་ཡོན་ཏན་གྱིས་འཇིག་རྟེན་གསུམ་དུ་གྲགས་པའོ། །མིག་གསུམ་པ་ནི་ཡེ་ཤེས་ཀྱི་སྤྱན་ལྷག་པར་མངའ་བའམ། ཁྲོ་བའི་མཚན་མའོ། །མཆེ་བ་བཞི་པ་ནི་སྟོང་པ་ཉིད་དང་མཚན་ མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་དང་ལྡན་པའོ། །ཁ་དོག་དབྱར་གྱི་སྤྲིན་འདྲ་བ། །ཞེས་པ་ནི་དབྱར་གྱི་སྤྲིན་ལ་རླུང་དང་ཆར་པར་བཅས་པའི་བག་གནས་པས་དེ་དང་འདྲ་བར་ལས་ཐམས་ཅད་བྱེད་པའི་མཚན་མའོ། །རབ་ཏུ་དགོད་པའི་སྒྲ་ ཡང་འབྱིན། །ཞེས་པ་ནི་གད་མོའི་སྒྲས་ཐམས་ཅད་འགེངས་ཤིང་གནོད་པར་འགྱུར་བའི་སྒྲ་འབྱིན་པའོ། །རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་པ་ནི་རྒྱན་རྣམས་ལ་རྡོ་རྗེའི་མཚན་མས་བཏབ་པའོ། །འཁོར་ནི་མཐའ་ཡས་ཁྲོ་བོ་ཡི། །དབང་ཕྱུག་རྣམས་ཀྱིས་ཡོངས་བསྐོར་བ། ། ཞེས་པ་ནི་འཁོར་ཕལ་པ་དང་ཁྲོ་བོ་གྲངས་མེད་པས་བསྐོར་བའོ། །ལག་པ་སྟོང་ཕྲག་བརྒྱ་དག་ནི། །ཞེས་པ་ལམ་གྱི་ཡན་ལག་བརྒྱ་སྟོང་དུ་མས་སེམས་ཅན་རྣམས་འཕགས་པའི་ལམ་ལ་འཛུད་པའམ། ཡན་ལག་དེ་རྣམས་ཀྱིས་ལམ་གྱི་སྒྲིབ་པ་མང་པོ་སེལ་བའི་མཚན་མའོ། །མཚོན་ཆ་ སྣ་ཚོགས་ཐོགས་ཤིང་གདེངས། །ཞེས་པ་ནི་ལམ་གྱི་ཡན་ལག་གི་ཡོན་ཏན་དེ་རྣམས་རྡོ་རྗེ་ལ་སོགས་པའི་མཚོན་ཆར་གྱུར་པའོ། །ཁྲོ་བོ་ཆེན་པོ་འདི་འདྲ་བ། །པདྨའི་སྟེང་དུ་འདུག་པ་བྲི། །ཞེས་པ་ནི་གོང་དུ་སྨོས་པའི་ཚུལ་དུ་བྲི་བ་སྟེ་འཁོར་དང་ཡན་ལག་མང་པོ་རྣམས་ནི་ཡིད་ཀྱིས་བསམ་ པར་བྱ་སྟེ་ཉུང་ཟད་ཅི་འོས་ཤིག་བྲི་བར་བྱའོ། །དེ་ཡི་ནུབ་ཏུ་སོང་ནས་ནི། །རྡོ་རྗེ་འཛིན་པ་མང་པོ་དག །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །ཁ་དོག་སྣ་ཚོགས་སྟོབས་པོ་ཆེ། །འོད་གཟེར་དག་གིས་ཡོངས་བསྐོར་བ། །སེམས་ཅན་ཀུན་དོན་བྱེད་པ་བྲི། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་ འཁོར་རྡོ་རྗེ་འཛིན་པ་རྣམས་བྲི་བ་སྟེ་མིང་དང་ཆ་ལུགས་དག་ནི་གསང་བའི་དཀྱིལ་འཁོར་ལས་འབྱུང་བ་དང་སྦྱར་བར་བྱའོ། །གསང་སྔགས་མགོན་པོའི་འོག་ལོགས་སུ། །བདེན་བྲལ་གྱི་ནི་ཕྱོགས་ཀྱི་ཆར། །མི་གཡོ་ཞེས་བྱ་ལག་ན་ནི། །རལ་གྲི་ཞགས་པ་ལེགས་པར་ཐོགས། །ཟུར་ ཕུད་སྤྱི་བོའི་གཡོན་དུ་འཆང་། །རབ་ཏུ་བརྒྱན་ཞིང་མིག་གཅིག་ཡོ། །རང་གི་འོད་ཀྱི་ནང་ན་གནས། །ཁྲོ་དང་བཅས་པ་བྲག་ལ་འདུག །བཞིན་ནི་ཁྲོ་གཉེར་རབ་ཏུ་བསྙེར། །བྱིས་པའི་གཟུགས་ཅན་མཁྲང་བག་བྲི། །ཞེས་པའི་བར་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མཉམ་པ་ ཉིད་ཀྱི་ཡེ་ཤེས་ཀྱི་བར་ཆད་མེད་པའི་ལམ་དུ་གྱུར་པ་བཅོམ་ལྡན་འདས་ཀྱི་འོག་མ་ཟད་དུ་འཕགས་པ་མི་གཡོ་མགོན་བྲི་བའི་བྱེ་བྲག་གསུངས་པ་སྟེ། ལག་ན་རལ་གྲི་ཐོགས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་གཅོད་པའི་ཤེས་རབ་ཀྱི་མཚན་ཉིད་དོ། །ཞགས་པ་ནི་ལམ་གྱི་མཚན་ཉིད་དེ་ ལམ་དེར་སེམས་ཅན་ཐམས་ཅད་འདྲེན་ཅིང་འཛུད་པའོ། །མིག་གཅིག་ཡོ་བ་ནི་བར་ཆད་མེད་པའི་ལམ་གྱི་རང་བཞིན་ཡིན་པས་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་མ་རྟོགས་ཤིང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མ་རྫོགས་པའི་མཚན་མའོ། །རང་གི་འོད་ཀྱི་ནང་ན་གནས། །ཞེས་པ་ནི་ སྒྲིབ་པ་སེལ་བའི་ཡེ་ཤེས་དང་ལྡན་པའོ། །མཁྲང་བག་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ལམ་གྱི་རང་བཞིན་ཡིན་པས་བརྟན་ཞིང་མི་འགྱུར་བའོ། །གཞོན་ནུའི་གཟུགས་ནི་བར་ཆད་མེད་པའི་ལམ་ལ་དང་པོར་ཞུགས་པས་ལམ་རྒྱས་པའི་མཚན་མ་སྟེ་དེ་བས་ན་བར་ཆད་ མེད་པའི་ལམ་རྒྱས་པའི་མཚན་ཉིད་ཁམས་གསུམ་རྣམ་པར་རྒྱལ་བ་རླུང་གི་ཕྱོགས་སུ་གཞག་གོ། །བྲིས་ནས་བློ་ལྡན་རླུང་ཕྱོགས་སུ། །ཞེས་པ་ནས། ཟད་པའི་དུས་དང་འདྲར་གནས་པ། །ནན་ཏན་དུ་ནི་བྲི་བར་བྱ། །ཞེས་པའི་བར་གྱིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མཉམ་པ་ཉིད་ཀྱི་ཡེ་ ཤེས་ཀྱི་བར་ཆད་མེད་པའི་ལམ་རྫོགས་པའི་རང་བཞིན་ཁམས་གསུམ་རྣམ་པར་རྒྱལ་བ་བྲི་བའི་བྱེ་བྲག་གསུངས་པ་སྟེ། ཟད་པའི་དུས་དང་འདྲར་གནས་ཞེས་པ་ནི་ཟད་པའི་ཚེ་ཉི་མ་དང་ཟླ་བ་མེད་པས་དེ་མུན་ནག་ཏུ་གྱུར་ཏེ་ཁྲོ་བོ་དེའི་ཁ་དོག་མུན་པ་དང་འདྲ་བ་ནག་པོར་བྲི་ཞེས་པའི་དོན་ཏོ། །དེ་ལྟར་ནང་དུ་བྲི་བ་ ནི། །རྒྱས་དང་བཅས་པར་བཤད་པ་ཡིན། །ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་དུ་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་རང་བཞིན་གྱི་དཀྱིལ་འཁོར་རྣམས་སྡུད་པར་བྱེད་པ་ཡེ་ཤེས་ལྔའི་མཚན་མ་རྣམས་འཁོར་དང་བཅས་པར་བཤད་ཅེས་པའོ། །ད་ནི་དཀྱིལ་འཁོར་གཉིས་པའི་སྣམ་བུ་ལ་སྐུ་མི་ཟད་ པའི་རྒྱན་སྡུད་པར་བྱེད་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་དང་། དབང་པོ་དང་གཤིན་རྗེ་ལ་སོགས་པའི་ཚུལ་དུ་བསྟན་པ་རྣམས་འཁོར་དང་བཅས་པར་བྲི་བ་བཤད་པར་བྱ་སྟེ། དེ་ནས་སྔགས་པ་ཕྱིར་བྱུང་ནས། །ངེས་པར་གཉིས་པའི་ཆ་དག་ལ། །ཤར་གྱི་ཕྱོགས་ཀྱི་ནང་དུ་ནི། །ཆ་ནི་གཉིས་སུ་ ཕྱེ་བ་ལ། །སྒོ་ཁྱུད་ཀྱི་ནི་ནང་རོལ་དུ། །སྔགས་པས་རྒྱལ་བ་ཤཱཀྱ་ཐུབ། །གསེར་གྱི་ཁ་དོག་འབར་དང་བཅས། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །མགོན་པོ་ན་བཟའ་ངུར་སྨྲིག་མནབས། །ཁྱབ་བདག་བསྟན་པའི་དོན་མཛད་པ། །པདྨ་དཀར་པོའི་གདན་ལ་བཞུགས། །ཆོས་འཆད་ ཚུལ་དུ་བཞུགས་པར་བྲི། །ཞེས་པ་ནི་དཀྱིལ་འཁོར་རིམ་པ་གཉིས་པའི་ཤར་གྱི་ངོས་ཆ་གཉིས་སུ་བགོས་པའི་དབུས་སུ་བབ་པའི་སྒོ་ཁྱུད་ཀྱི་ནང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྲི་སྟེ། ཤཱཀྱ་ཐུབ་པ་ཞེས་པ་ནི་ཤཱཀྱའི་རིགས་ལས་བྱུང་ཞིང་ལུས་དང་ངག་དང་ཡིད་གསུམ་ཐུབ་པའི་ངང་ཚུལ་ཅན་ ནོ། །ཤར་ཕྱོགས་སུ་བྲི་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པས་སྔར་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པར་བསྟན་པའོ། །གསེར་གྱི་ཁ་དོག་ནི་རྒྱས་པའི་མཚན་མ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་རང་བཞིན་གྱི་ཕྱིར་རོ། །འབར་དང་བཅས་པ་ནི་ཀུན་དུ་སངས་རྒྱས་ པས་སྒྲིབ་པ་སྲེག་པའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པའོ། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །ཞེས་པ་ནི་སྤྱི་གཙུག་པ་ལྟར་མི་མངོན་པ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་གཞུང་ལས་གྲགས་པ་དག་གོ། །ན་བཟའ་ངུར་སྨྲིག་མནབས་པ་ནི་འཁོར་བ་ལ་མ་ཆགས་པ་དང་སྙིང་རྗེའི་དབང་ གིས་སེམས་ཅན་ལ་ཆགས་པར་བསྟན་པ་སྟེ་ཆོས་གོས་ཚོན་ཅན་གྱིས་ནི་སྙིང་རྗེས་སེམས་ཅན་ལ་ཆགས་པར་བསྟན་པ་ཡིན་ལ། དམར་པོ་འབའ་ཞིག་པར་མི་གསལ་བར་ངུར་སྨྲིག་ཏུ་གྱུར་པ་ནི་འཁོར་བ་ལ་མ་ཆགས་པར་བསྟན་པའོ། །ཁྱབ་བདག་བསྟན་པའི་དོན་མཛད་པ། །ཞེས་པ་ནི་ འཁོར་རྣམས་ལ་སློབ་ཅིང་སྟོན་པའི་དོན་བྱེད་པའོ། །པདྨ་དཀར་པོའི་གདན་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པའི་མཚན་མ་སྟེ་སྔ་མ་བཞིན་ནོ། །ཆོས་འཆད་ཚུལ་དུ་བཞུགས་པ་ནི་གཞུང་ལས་གྲགས་པའོ། །དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་ པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་པ་ནི་སངས་རྒྱས་ཀྱི་ཡུམ་གྱི་གཟུགས་སུ་གྱུར་པ་ནི་ཤཱཀྱ་ཐུབ་པའི་གཡས་རོལ་གྱི་བྱང་ཕྱོགས་ལོགས་སུ་བྲི་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་ཤེས་རབ་དེ་ལས་བྱུང་བའི་ ཕྱིར་སངས་རྒྱས་ཀྱི་ཡུམ་ཞེས་བྱའོ། །སངས་རྒྱས་སྤྱན་ཞེས་པ་ནི་གཟིགས་པའི་རང་བཞིན་ཡིན་པས་ཤེས་རབ་ལ་བྱའོ། །ཅུང་ཟད་འཛུམ་པའི་ཞལ་ཞེས་པ་ཅུང་ཟད་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དག་པའོ། །ཅུང་ཟད་འཛུམ་པ་ནི་ཆོས་སྟོན་པའི་མཚན་མའོ། །འོད་ཀྱི་དཀྱིལ་འཁོར་ འདོམ་གང་བ་ནི་ཀུན་དུ་སངས་རྒྱས་པ་ལ་ཤེས་བྱ་དང་ཉོན་མོངས་པ་སྲེག་པའི་ཡེ་ཤེས་དང་ལྡན་པའོ། །མཚུངས་མེད་ནི་རྣམ་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཚད་འདི་ཙམ་མོ་ཞེས་གཟུང་ཞིང་གཞལ་དུ་མེད་པའོ། །དེ་ཡི་གཡས་སུ་ལྷ་མོ་ནི། །རིག་སྔགས་མཛོད་སྤུ་ཞེས་གྲགས་པ། ། པདྨའི་སྟེང་ན་འདུག་པ་སྟེ། །དུང་ཟླ་ཀུན་ད་ལྟ་བུའི་མདོག །ལག་ན་ཡིད་བཞིན་ནོར་བུ་ཐོགས། །རེ་བ་ཀུན་རྫོགས་བྱེད་པ་བྲི། །ཞེས་པ་ནི་སངས་རྒྱས་སྤྱན་གྱི་གཡས་རོལ་བྱང་ཕྱོགས་སུ་མཛོད་སྤུ་ཞེས་བྱ་བའི་རིག་མ་བྲི་བ་སྟེ། སངས་རྒྱས་ཀྱི་སྨིན་མཚམས་ན་སྐྱེས་བུ་ ཆེན་པོའི་མཚན་ཐིག་ལེ་འདྲ་བ་དེ་ཏིང་ངེ་འཛིན་གྱི་གཟུགས་སུ་གྱུར་པའི་ལྷ་མོ་ནི་མཛོད་སྤུ་ཞེས་བྱའོ། །དེ་ནས་སྔགས་པས་གཡོན་རོལ་དུ། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །ཞེས་པ་ནས། གནས་ནི་ལྔ་རྣམས་ཉིད་དུ་ནི། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །ཞེས་པའི་བར་གྱིས་ནི་བཅོམ་ལྡན་ འདས་ཀྱི་གཡོན་རོལ་ལྷོ་ཕྱོགས་སུ་གཙུག་ཏོར་ལྔ་བྲི་བ་སྟེ། གཙུག་ཏོར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་བྱུང་བ་རྒྱུས་འབྲས་བུ་ལ་བཏགས་པའོ། །འདི་རྣམས་ཀྱི་ཕྱག་རྒྱ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་ལས་ཞིབ་ཏུ་སྨོས་པས་འདིར་མ་བཤད་དོ། །དེའི་བྱང་དུ་སོང་ནས་ སུ། །ཞེས་པ་ནས། དེ་དག་ཐམས་ཅད་ལེགས་པར་བྲི། །ཞེས་པའི་བར་གྱིས་ནི་གཙུག་ཏོར་ལྔའི་གཡོན་རོལ་ལྷོ་ཕྱོགས་སུ་གཟུགས་ཁམས་ཀྱི་ལྷ་རྣམས་ལ་སྐུ་མི་ཟད་པའི་རྒྱན་གྱིས་ཁྱབ་པར་མཛད་པའི་སྒོར་གྱུར་པ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་བྲི་བ་སྟེ། གཞུང་ལས་བྱང་ཕྱོགས་ སུ་སྨོས་ན་ཅིའི་ཕྱིར་ལྷོ་ཕྱོགས་སུ་བྲི་ཞེ་ན། གཙུག་ཏོར་ལྔའི་བྱང་ཕྱོགས་ན་ཤཱཀྱ་ཐུབ་པ་ལ་སོགས་པ་བཞུགས་པས་བྲི་བའི་སྐབས་མེད་དེ་ལྷོ་ཕྱོགས་སུ་བྲི་བར་མངོན་ནོ། །གཉིས་སུ་ན་ཨུཏྟ་ར་ནི་བྱང་དང་གཡོན་ལ་འཇུག་པ་སྐད་ཀྱི་གཞུང་དང་ཡང་མཐུན་ནོ། །མཛོད་སྤུ་ཡི་ནི་གཡས་ལོགས་སུ། ། གཙུག་ཏོར་ཆེན་པོ་ཆེར་འབྱུང་བ། །དེ་བཞིན་གྱེན་དུ་འབྱུང་ཉིད་དང་། །སྒྲ་དབྱངས་མཐའ་ཡས་པ་ཡང་སྟེ། །གཙུག་ཏོར་གསུམ་པོ་ཁོ་ན་ནི། །བསྒྲིམས་ཏེ་ཡང་དག་བྲི་བར་བྱ། །ཞེས་པ་ནི་མཛོད་སྤུའི་གཡས་རོལ་བྱང་ཕྱོགས་སུ་གཙུག་ཏོར་གསུམ་རྣམས་བྲིའོ། །དཀར་པོ་སེར་སྐྱ་སེར་ པོར་བྱ། །ཞེས་པ་ནི་གཙུག་ཏོར་གསུམ་པོ་དེ་དག་ཉིད་ཀྱི་ཁ་དོག་སྟེ། སེར་སྐྱ་ནི་ཡུངས་ཀར་གྱི་ཁ་དོག་ལྟ་བུའོ། །སེར་པོ་ནི་གསེར་གྱི་ཁ་དོག་ལྟ་བུའོ། །མཐུ་ཆེན་གཙུག་ཏོར་ལྔ་པོ་ཡི། །གསུམ་པོ་ལས་གཞན་བྱ་བ་ནི། །དཀར་པོ་དམར་པོ་སེར་པོའོ། །ཞེས་པ་གཙུག་ཏོར་གསུམ་པོ་ ལས་གཞན་པ་གཙུག་ཏོར་ལྔ་པོ་སྔར་བཤད་པ་རྣམས་ཁ་དོག་གསུམ་དུ་བྱ་ལ། ཁ་དོག་གསུམ་ཡང་དཀར་པོ་དང་དམར་པོ་དང་སེར་པོའོ། །གཙུག་ཏོར་ལྔ་ལས་གཙུག་ཏོར་གསུམ་ནི་ཁ་དོག་གསུམ་དང་སྦྱར་ལ་གཙུག་ཏོར་གཉིས་ནི་ཁ་དོག་དེ་དག་ཉིད་ལས་དཀར་པོ་དང་དམར་པོ་གཉིས་དང་སྦྱར་རོ། །དེ་ དག་སྨོན་ལམ་སྟོབས་ཅན་ཏེ། ཞེས་པ་ནི་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨོན་ལམ་གྱི་སྟོབས་ཀྱིས་བྱུང་བའོ་ཞེས་པའོ། །དེ་ནས་སྔགས་པས་མེ་ལོགས་སུ། །མེ་ནི་དྲང་སྲོང་ཆེ་རྣམས་དང་། །ཞེས་པ་ནས། བགྲང་ཕྲེང་གུནྡྷེ་ཐོགས་པར་བྲི། །ཞེས་པའི་བར་གྱིས་ནི་ཤར་ལྷོའི་ མཚམས་སུ་མེའི་དྲང་སྲོང་འཁོར་མེའི་དྲང་སྲོང་རྣམས་དང་བཅས་པ་བྲི་བའི་བྱེ་བྲག་སྟེ་དེ་རྣམས་ཀྱང་སྐུ་མི་ཟད་པའི་རྒྱན་ཉིད་མེའི་དྲང་སྲོང་ལ་སོགས་པ་གདུལ་བའི་ཕྱིར་མེའི་གཟུགས་སུ་གྱུར་པའོ། །དེ་ནས་ལྷོ་ཡི་ཕྱོགས་ཀྱི་ཆར། །གཤིན་རྗེ་གཙོ་བོའི་ལག་པ་ན། །དབྱུག་པ་ཐོགས་ཤིང་མ་ཧེ་ཞོན། ། ཁ་དོག་དབྱར་གྱི་ཆར་སྤྲིན་འདྲ། །མ་མོ་རྣམས་དང་དུས་མཚན་དང་། །འཆི་བདག་རྣམས་ཀྱིས་བསྐོར་བ་བྲི། །ཞེས་པ་ནི་སྐུ་མི་ཟད་པའི་རྒྱན་དེ་ཉིད་གཤིན་རྗེ་ལ་སོགས་པའི་དུལ་བའི་ཡི་དགས་ཀྱི་རྒྱལ་པོ་གཤིན་རྗེའི་གཟུགས་སུ་གྱུར་པ་དེ་དེ་ཡང་ལྷོ་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་བྲིའོ། །མ་ཧེ་ཞོན་ པ་ནི་དེའི་ཐེག་པ་སྟེ་འཇིག་རྟེན་པའི་ཐེག་པ་ཡིན་པས་ན་མ་ཧེ་ལྟར་དཀར་པོ་མ་ཡིན་པའོ། །དབྱུག་པ་ཐོགས་པ་ནི་ཤེས་རབ་ཀྱི་མཚན་མ་སྟེ་དབྱུག་པ་ཟླུམ་པོ་བཅད་པའི་རང་བཞིན་མ་ཡིན་པ་ནི་འཁོར་བའི་རྒྱུད་ཀྱི་ལས་ལེགས་ཉེས་ཀྱི་འབྲས་བུ་ལ་སོགས་པ་སྟོན་ཅིང་འཆད་པས་འཁོར་བའི་རྒྱུད་གཅོད་པ་ མ་ཡིན་པའོ། །བདེན་བྲལ་ཕྱོགས་སུ་བདེན་བྲལ་ནི། །ལག་ན་རལ་གྲི་ཐོགས་པར་བྲི། །ཞེས་པ་ནི་ལྷོ་ནུབ་ཀྱི་མཚམས་སུ་སྲིན་པོ་རྣམས་གདུལ་བའི་ཕྱིར་སྐུ་མི་ཟད་པའི་རྒྱན་དེ་ཉིད་སྲིན་པོའི་རྒྱལ་པོ་བདེན་བྲལ་གྱི་གཟུགས་སུ་གྱུར་པའོ། །དེ་ནས་ཀྱང་ནི་བློ་ལྡན་པ། །མྱུར་དུ་བྱང་གི་ཕྱོགས་སོང་སྟེ། ། ལྷ་ཡི་རྒྱལ་པོ་རི་རབ་ལ། །འདུག་ཅིང་ལྷ་རྣམས་ཀྱིས་བསྐོར་བ། །ལག་ན་རྡོ་རྗེ་ཅོད་པན་ཅན། །རྒྱན་ཀུན་གྱིས་ནི་བརྒྱན་པར་བྲི། །ཞེས་པ་ནི་འདོད་པའི་ལྷ་རྣམས་གདུལ་བའི་ཕྱིར་སྐུ་མི་ཟད་པའི་རྒྱན་དེ་ཉིད་ལྷ་རྣམས་ཀྱི་རྒྱལ་པོ་དབང་པོའི་གཟུགས་སུ་གྱུར་པ་སྟེ་དེ་ཡང་བྱང་ཕྱོགས་ཀྱི་ངོས་སྒོ་ཁྱུད་ ཀྱི་ནང་དུ་བྲིའོ། །དེ་ཡང་རི་རབ་ཀྱི་རྩེ་མོ་ལ་གནས་ཤིང་འཁོར་ལྷ་རྣམས་ཀྱིས་བསྐོར་བ་བྲི་སྟེ་ཅོད་པན་ནི་རྒྱལ་པོའི་ཚུལ་འཛིན་པས་སོ། །རྡོ་རྗེ་ནི་དེའི་ཡེ་ཤེས་ཀྱི་མཚན་མ་སྟེ་གཉིས་སུ་ན་ལག་ཆའོ། །དེ་ནས་དེ་ཡི་ཤར་དུ་ནི། །ཆུ་ལྷ་ལག་ན་ཞགས་ཐོགས་བྲི། །ཞེས་པ་ནི་ཤར་ ཕྱོགས་སུ་ཆུའི་དབང་