Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 62
Văn bản gốc(Tây Tạng)
Trang 20 / 24 (50.000 ký tự/trang)
འི་ཚངས་ཐིག་དང་ཟུར་ཐིག་གི་ནང་ལ་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་ གཅིག་སྤངས་པར་རྡུལ་ཚོན་གྱི་སའི་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་གཉིས་ནང་གི་བརྒྱད་ཆ་གཅིག་གིས་སྒོའི་ཚད་དོ། །དེའི་དོན་དུ་ཐིག་བཞི་གདབ་པར་བྱའོ། །སྒོའི་བཞི་ཆ་གཅིག་ནི་ཆ་ཆུང་གི་ཚད་དོ། །སྒོའི་ཐིག་ལས་ཕྱི་རོལ་གྱི་ལོགས་གཉིས་སུ་སོ་སོར་རེ་རེ་ཞིང་ཆ་ ཆུང་རེ་སྤངས་པར་ཐིག་དྲུག་དྲུག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་ཀྱི་ནང་དུ་རྩ་བའི་ཐིག་བཞི་གདབ་པར་བྱའོ། །རྡུལ་ཚོན་གྱི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་སྟེགས་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་ རིན་པོ་ཆེའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་དྲ་བ་དང་དྲ་བ་ཕྱེད་པའི་སའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་མདའ་ཡབ་ཀྱི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་གྲུ་བཞི་པ་ རྡོ་རྗེའི་ཕྲེང་བའི་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་ནི་ནང་དུ་ཟླུམ་པོའི་ཐིག་གཅིག་གོ །དེའི་ནང་དུ་དཀྱིལ་འཁོར་ལྔ་ཆ་ཆུང་བཅུ་པའི་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །འདི་ནི་ནང་གི་དཀྱིལ་འཁོར་སྟེགས་བུ་དང་བཅས་པར་གྱུར་པས་ཐིག་བདུན་ཅུར་འགྱུར་རོ། །དེ་བཞིན་ དུ་ཡང་གསུངས་ཏེ། གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་ཡིས་ནི་ཡོངས་སུ་བསྐོར། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཕྱི་ཡི་དཀྱིལ་འཁོར་ཉིད་ལས་གཞན། །རྟ་བབས་དང་ནི་བྲལ་བའོ། །ད་ནི་ཕྱིའི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། རྡོ་རྗེ་ ཕྲེང་བའི་ཐིག་ལས་ཕྱི་རོལ་དུ་ལྷའི་སྣམ་བུའི་ཐིག་བཞིར་རིག་པར་བྱའོ། །དེའི་ཕྱི་རོལ་གྱི་ནང་སྒོའི་ཉིས་འགྱུར་སྤངས་པར་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་ཡོངས་སུ་བཅད་པའི་འཁོར་ལོའི་བརྒྱད་ཆའི་ཆ་གཅིག་གིས་སྒོའི་ཚད་དོ། །དེའི་ཕྱིར་ཐིག་བཞི་གདབ་པར་བྱའོ། ། དེའི་ཕྱི་རོལ་དུ་ལོགས་གཉིས་དག་ཏུ་སོ་སོར་རེ་རེ་ཞིང་ཆ་ཆུང་རེ་རེ་སྤངས་པར་ཐིག་དྲུག་དྲུག་གདབ་པར་བྱའོ། །དེ་ནས་གྲུ་བཞི་པའི་དཀྱིལ་འཁོར་ལས་རྩ་བའི་ཐིག་ལས་ཕྱི་རོལ་དུ་ཀུན་ནས་སྒོའི་བཞི་ཆའི་ཚད་ཀྱི་རྡུལ་ཚོན་གྱིས་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོའི་ཕྱེད་ཀྱི་ཚད་ ཀྱི་སྟེགས་བུའི་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་རིན་པོ་ཆེའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྟེགས་བུའི་ཚད་ཀྱིས་དྲ་བ་དྲ་ཕྱེད་ཀྱིས་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་རིན་ཆེན་ ཤར་བུའི་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོ་གསུམ་གྱི་དཔངས་ཀྱིས་རྟ་བབས་སོ། །དེའི་སྟེང་དུ་སྟེགས་བུའི་ཚད་ཀྱིས་རི་དྭགས་དང་འཁོར་ལོའོ། །དེའི་སྟེང་དུ་ཆ་ཆུང་གཅིག་གི་རྩེ་མོའོ། །དེའི་རྩེ་མོར་ཟླུམ་པོའི་ཐིག་གོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་ གེ་སར་གྱི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གསུམ་གྱིས་པདྨའི་འདབ་མའི་ཐིག་ཟླུམ་པོའི་ཐིག་གོ། །དེའི་ཕྱི་རོལ་དུ་ཐིག་གསུམ་གྱིས་པདྨའི་འདབ་མའི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་སྟེགས་བུའི་ཚད་ཀྱིས་རྡོ་རྗེ་ཕྲེང་བའི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་སྒོའི་ཚད་ ཀྱིས་འབར་བའི་ཕྲེང་བའི་ཐིག་ཟླུམ་པོའོ་ཞེས་པས་ཕྱིའི་དཀྱིལ་འཁོར་ལ་ཟུར་ཐིག་དང་ཚངས་ཐིག་དང་ལྷན་ཅིག་གི་དྲུག་ཅུ་རྩ་ལྔར་འགྱུར་རོ། །ཆ་ཆུང་རྣམས་ནི་དགུ་བཅུ་རྩ་བརྒྱད་དོ། །ནང་དུ་སྟེགས་བུ་དང་བཅས་པའི་ཕྱོགས་ལ་ལྷའི་སྣམ་བུའི་ཐིག་དང་བྲལ་བའོ། །དེ་ནས་ཀ་བའི་སྟེང་དུ་རྟ་ བབས་ཀྱི་སྣམ་བུའི་ཕྲེད་དུ་ཕྱེད་དང་བཅས་པའི་ཆ་ཆུང་ཉི་ཤུ་རྩ་གཉིས་སོ། །དེའི་སུམ་ཆའི་ཆ་གཅིག་གི་ཡོན་ཏན་དོ་ཤལ་ལོ། །ཆོས་ཀྱི་འཁོར་ལོའི་འོག་ཏུ་སྣམ་བུའི་ཆ་ཆུང་ལྔ་པ་དེ་ལ་གནས་པའི་རི་དྭགས་དང་རི་དྭགས་མོ་དག་གོ། །དེ་དག་གི་བར་ཇི་ལྟ་བར་མཛེས་པར་ བྱའོ། །ལྷའི་སྣམ་བུའི་ཐིག་ལས་ཕྱི་རོལ་དུ་གླང་པོ་ཆེའི་མགོ་བོར་སེང་གེའི་ལག་པ་གདེངས་པའོ། །འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གྲུ་བཞི་པའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་དྲུག་པའི་འཇིག་རྟེན་སྐྱོང་བའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ་ཞེས་པ་ནི་ཐིག་གི་ཆོ་ གའོ།། །།ད་ནི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ཇི་ལྟར་རིགས་པའི་དཀར་པོ་ལ་སོགས་པའི་རྡུལ་ཚོན་གྱིས་བྲིས་པའི་པདྨ་འདབ་མ་བརྒྱད་པའི་ཟི་འབྲུ་ལ་ལས་ཐམས་ཅད་པའི་བུམ་པ་གཞག་པར་བྱའོ། །དེའི་མདུན་དུ་འདབ་མ་རང་རང་གི་ཁ་དོག་གིས་མཚན་པའོ། ། ཚོན་སྣ་ལྔས་ཁ་བསྒྱུར་བའི་ཐིག་སྐུད་གཞག་པར་བྱའོ། །ལྷོའི་འདབ་མ་ལ་རྡོ་རྗེ་གཞག་པར་བྱའོ། །བྱང་གི་འདབ་མ་ལ་དྲིལ་བུ་གཞག་པར་བྱའོ། །ནུབ་ཀྱི་འདབ་མ་ལ་དུང་ངོ་། །མེ་ལ་སོགས་པའི་མཚམས་ཀྱི་འདབ་མ་ལ་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་རྡུལ་ཚོན་གྱི་ སྣོད་རྣམས་སོ། །བུམ་པའི་སྟེང་དུ་རྡུལ་ཚོན་དཀར་པོའི་སྣོད་གཞག་པར་བྱའོ། །དེ་ལ་རང་རང་གི་སྔགས་ཀྱིས་ལྷག་པར་གནས་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ལས་ཐམས་ཅད་པའི་སྔགས་དང་། ཨོཾ་བཛྲ་མྲྀ་ཏོ་ད་ཀ་ཧཱུཾ། ཞེས་པའི་སྔགས་འདི་དག་གིས་སོ་སོ་ལ་ ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་བུམ་པ་ལྷག་པར་གནས་པར་བྱའོ། །འདིར་ཡང་སྔོན་དུ་གསུངས་པའི་བསྒོམས་པ་དང་བུམ་པའི་ཉེར་སྤྱོད་རྣམས་དང་། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དྲིལ་བུ་ དཀྲོལ་བར་བྱའོ། །དེ་ནས་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཨཿཞེས་པ་འདི་རྣམས་ཀྱི་རང་རང་གི་ས་བོན་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པའི་ཐིག་སྐུད་རྣམས་ལ་དགོད་དོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་རྡོ་རྗེ་བཅིངས་པ་ལ་བརྟེན་ནས་ལན་བརྒྱ་རྩ་བརྒྱད་ཀྱིས་ཐིག་སྐུད་བྱིན་ གྱིས་བརླབ་པར་བྱའོ། །མཆོད་ཡོན་ལྔ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དཀར་པོ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། སྔགས་འདི་དག་གིས་སོ་སོ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བརྗོད་ནས་རྡོ་རྗེ་ལྷག་པར་གནས་པར་བྱའོ། །མཆོད་ཡོན་ལྔ་ལ་སོགས་པ་སྔོན་མ་བཞིན་ནོ། །རྡོ་རྗེ་ལྷག་པར་གནས་པའོ། །དེ་བཞིན་དུ་ཨ་ཡིག་ལས་བྱུང་བའི་དྲིལ་བུ་ཁ་དོག་དཀར་པོ་རྣམ་པར་ བསྒོམས་ཏེ། ཨོཾ་ཀརྨྨ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྚེ་ཨཿཨཿསྔགས་འདི་དག་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དྲིལ་བུ་ལྷག་པར་གནས་པའོ། །དེ་ནས་བཾ་ཡིག་ལས་བྱུང་བའི་དུང་ཁ་དོག་དཀར་པོ་རྣམ་པར་བསམས་ཏེ། ཨོཾ་རཏྣ་བཛྲ་ཏྲཱཾ། ཨོཾ་དྷརྨྨ་བཛྲ་ཧྲཱིཿསྔགས་ འདི་དག་གི་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དུང་ལྷག་པར་གནས་པའོ། །དེ་ནས་ཇི་ལྟར་འབྱོར་པའི་རིན་པོ་ཆེ་ལས་བྱུང་བའམ་རྩ་བ་ལས་བྱུང་བའམ་འབྲུ་ལས་བྱུང་བའམ་མེ་ཏོག་ལས་བྱུང་བ་རྣམས་ལ། རེ་རེ་ཞིང་དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་ པོ་དང་ལྗང་གུའི་ཚོགས་རྣམས་ལ་བཾ་ཡཾ་ལཾ་རཾ་ཧཾ་ཞེས་པའི་ས་བོན་རྫོགས་པ་ལས་བྷྲཱུཾ་ཧཱུཾ་ཨཱཾ་ཛྲཱྀཾ་ཁཾ་རྣམས་ལས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་ངོ་བོར་བསྒོམས་ནས་བྲུཾ་ཡིག་ལ་སོགས་པ་གྲུབ་པའི་ཡེ་ཤེས་ཀྱི་ཚོན་ལ་ནམ་མཁའ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ ཀར་བཞུགས་ཏེ་རོ་གཅིག་ཏུ་གྱུར་པར་རྣམ་པར་བསྒོམ་མོ། །ཨོཾ་བྲུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །རྡུལ་ཚོན་དཀར་པོའིའོ། །དེ་བཞིན་དུ་ཨོཾ་ཧཱུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་ནག་པོའིའོ། །དེ་བཞིན་དུ་ཨོཾ་ཨཱཾ་བཛྲ་ཙི་ཏྲ་ ས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་སེར་པོའིའོ། །དེ་བཞིན་དུ་ཨོཾ་ཛྲྀཾ་བཛྲ་ཙི་ཏྲ་ས་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་དམར་པོའིའོ། །དེ་བཞིན་དུ་ཨོཾ་ཁཾ་བཛྲ་ཙི་ཏྲ་ས་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་ལྗང་གུའིའོ། །དེ་བཞིན་དུ་ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པས་རྡུལ་ཚོན་གཞན་རྣམས་ལའོ། །རྡོ་རྗེ་ཉི་མའི་ཁྲོ་ བོའི་དམ་ཚིག་གི་ཕྱག་རྒྱའི་མཐིལ་ལས་ཡང་ཧྲིཿཡིག་ལས་ཀྱང་སོ་སོ་རེ་རེ་ཞིང་རྡུལ་ཚོན་འབར་བར་བྱས་ཏེ། ལག་པ་གཉིས་རབ་ཏུ་བརྐྱང་ནས་མཐེ་བོ་གཉིས་སྐྱིལ་ཀྲུང་བྱས་ནས་མཛུབ་མོ་གཉིས་ཁ་མཚམས་སྦྱར་ནས་ལྷག་མ་རྣམས་འབར་བའི་རྣམ་པས་ཉི་མའི་དཀྱིལ་འཁོར་དུ་ བྱའོ། །རྡོ་རྗེ་ཉི་མ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའོ། །མཆོད་ཡོན་ལྔ་ལ་སོགས་པ་སྔོན་མ་བཞིན་བྱའོ་ཞེས་པ་ནི་རྡུལ་ཚོན་ལྷག་པར་གནས་པའོ།། །།དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པས་བསང་གཏོར་བྱས་ལ་བར་དུ་གཅོད་པ་མེད་པའི་ས་ཕྱོགས་སུ་བཞུགས་ ནས་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱས་ཐམས་ཅད་བསྲུང་ཞིང་བརྟན་པར་བྱས་ལ་རྡོ་རྗེ་གོ་ཆས་གོ་ཆར་བྱའོ་ཞེས་སོ། །དེའི་རྗེས་ལ་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་དང་། སྒྲུབ་པ་པོ་ཕྱི་མ་ཡང་ལས་ཀྱི་ངོ་བོར་རྣམ་པར་བསམས་ཏེ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་ནི་དཔེར་བརྗོད་པའོ། ། ཨོཾ་བཛྲ་ཀརྨྨ་ཀཾ་ཧཱུཾ་ཞེས་པ་ཡང་ངོ་། །རབ་ཏུ་འབར་བའི་མཆེ་བའི་ལྕགས་ཀྱུས་ཁུག་ཅིག་ཅེས་པ་ནི་སྒྲུབ་པ་པོ་ཕྱི་མའིའོ། །རང་ཉིད་ཀྱི་མིག་གཉིས་ལ་མ་དང་ཊའི་ཡི་གེ་དག་བཀོད་ནས་མིག་གཡས་པ་དང་གཡོན་པ་དག་ཉི་མ་དང་ཟླ་བར་བསྐྱེད་ནས་རྡོ་རྗེའི་ལྟ་བས་བརྟན་པར་བྱའོ། ། ཨོཾ་ཨཱཿཨ་ཨཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཐིག་སྐུད་བྱིན་གྱིས་བརླབས་ལ་འཁོར་ལོའི་དབང་ཕྱུག་བདེན་བྲལ་དུ་གནས་ཏེ། །དབང་ལྡན་གྱི་ཕྱོགས་སུ་སྒྲུབ་པ་པོ་ཕྱི་མ་གནས་ནས་ཕན་ཚུན་དུ་བརྐྱང་ནས་ཐིག་སྐུད་བསྒྲིལ་བར་བྱའོ། །སྔགས་ནི། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཱཿསརྦ་ དྷརྨྨཿསྥ་རཱ་ནུ་པྲ་བིཥྚཿསརྦ་དྷརྨྨཿཨ་ཏྱནྟཱ་ནུ་པྲ་བིཥྚཿསརྦ་དྷརྨྨཿཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པས་ཐིག་སྐུད་བསྒྲིལ་བར་བྱའོ། །དེའི་རྗེས་ལ་སྒྲུབ་པ་པོ་ཕྱི་མ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་ཀྱི་རང་གི་མཚམས་སུ་གནས་ནས་ལྷ་ལ་སོགས་པ་རྣམས་ལ་གཏོར་མ་ཆེན་པོ་དབུལ་བར་ བྱའོ། །འཁོར་ལོའི་དབང་ཕྱུག་དཀྱིལ་འཁོར་ལ་ཞལ་མངོན་པར་ཕྱོགས་པས་བཞུགས་ཏེ་ལྷ་ལྷག་པར་གནས་པར་བྱའོ། །དེ་ལ་འདིར་གཏོར་མའི་ཆོ་ག །ཡཾ་ཡིག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ནག་པོའོ། །དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོའོ། །དེའི་སྟེང་ དུ་ཧཱུཾ་ཡིག་གསུམ་ལས་ཡང་དག་པར་བྱུང་བའི་ཐབ་ཀྱི་སྟེང་དུ་ཨཿཡིག་ལས་བྱུང་བའི་ཟས་ཀྱི་སྣོད་དཀར་པོ་ཆེན་པོ་དེ་ལས་འབྲས་ཆན་ལ་སོགས་པས་ཡོངས་སུ་གང་བ་ལ། བྷྲཱུཾ་ཧཱུཾ་ཨཱཾ་ཛྲཱྀཾ་ཁཾ་ལཱཾ་མཱཾ་པཱཾ་ཏཱཾ་གི་ཡི་གེ་རྣམས་ལས་བྱུང་བའི་སྒྲོན་མ་ལྔའི་གཟུགས་རབ་ཏུ་འབར་བའི་བདུད་རྩི་ལྔར་ བྱིན་གྱིས་བརླབ་པར་བྱའོ། །རླུང་གིས་མེ་རབ་ཏུ་འབར་ཞིང་མེའི་དྲོད་ཀྱིས་རྣམ་པར་ཞུ་ནས་ཡི་གེ་ལ་སོགས་པ་རྣམས་ཉི་མ་གསར་བའི་ཁ་དོག་ལྟ་བུ་ཁུ་བའི་གཟུགས་སུ་ཁོལ་ཏེ། །དེའི་རླངས་པ་ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་ཞུ་བ་ལས་བདུད་རྩིར་ གྱུར་ཏེ་དངུལ་ཆུ་དང་མཚུངས་པ་ཤིན་ཏུ་འབར་བར་རྣམ་པར་བསྒོམས་ནས། །དེའི་སྟེང་དུ་ཨོཾ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡང་རྣམ་པར་བསྒོམས་ཏེ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུར་སོང་སྟེ་ལྷ་དང་ལྷ་ མོ་རྣམས་གདན་དྲངས་ཏེ་འོ་མའི་རྒྱ་མཚོ་བདུན་ལས་བདུད་རྩི་རྣམས་བླངས་ཏེ་དེ་ལ་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་ཡི་གེ་གསུམ་གྱིས་རྡོ་རྗེ་དང་ཟླ་བའི་དཀྱིལ་འཁོར་ལ་ཡང་དེ་ལ་དེ་བཞིན་དུ་རྣམ་པར་ཐིམ་པར་བལྟས་ཏེ། །ཡི་གེ་གསུམ་གྱིས་ལན་གསུམ་དུ་བྱིན་གྱིས་བརླབས་ ཏེ་དེ་ཡེ་ཤེས་བདུད་རྩིར་བསྒྲུབས་ནས་འཆད་པར་འགྱུར་བའི་རིམ་པས་དམ་ཚིག་པ་གདན་དྲངས་བ་དང་གཤེགས་པའི་ཕྱག་རྒྱས་བལྟས་ནས་པི་ཝང་ལ་སོགས་པ་རོལ་མོ་བཅུའི་སྒྲ་བྱས་ནས་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་མཆོད་ནས་ལྷའི་དབང་པོ་ལ་སོགས་པའི་འཇིག་ རྟེན་སྐྱོང་བ་རྣམས་དཔུང་པ་བཟང་པོའི་རྒྱུད་ཀྱི་ཚིགས་སུ་བཅད་པ་ཡོངས་སུ་བརྗོད་པས་གཏོར་མ་ཆེན་པོ་དབུལ་བར་བྱའོ། །དེ་ལ་དེ་བཞིན་དུ་ཡང་སྙིང་པོ་ལྔའི་རྒྱུན་སྦྲེང་བར་བྱའོ། །དེ་ལ་ཁམས་ལ་མངོན་པར་ཆགས་པའི་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར་འོ་མའི་རྒྱུན་ནོ། །དེ་བཞིན་ དུ་སྐྱེ་མཆེད་ལ་མངོན་པར་ཞེན་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་རྐང་མར་གྱི་རྒྱུན་ནོ། །དེ་བཞིན་དུ་ཕུང་པོ་ལ་མངོན་པར་ཞེན་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་དྲི་བཟངས་ཀྱི་རྒྱུན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་མངོན་པར་ཆགས་པའི་ལྷ་རྣམས་ཚིམ་པར་བྱ་བའི་ ཕྱིར་ཆང་གི་རྒྱུན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་སེམས་སུ་འགྱུར་བའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་ཁྲག་གི་རྒྱུན་ནོ། །དེ་ནས་གཤེགས་པར་བྱ་སྟེ། དུང་དང་རྔ་ལ་སོགས་པའི་རོལ་མོའི་སྒྲ་སྔོན་དུ་འགྲོ་བས་གཡས་སྐོར་དུ་རིམ་གྱིས་གཏོར་མ་ཆེན་པོ་རབ་ཏུ་དབུལ་ བར་བྱའོ་ཞེས་པ་ནི་གཏོར་མའི་ཆོ་གའོ། །ད་ནི་འདིར་ལྷ་ལྷག་པར་གནས་པའོ། །དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བརྟགས་ནས་དཀྱིལ་འཁོར་གྱི་གནས་ཐམས་ཅད་དུ་དྲི་བཟངས་ཀྱིས་ཉེ་བར་བྱུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྔའི་གནས་རྣམས་སུ་ཙནྡན་གྱིས་གྲུ་བཞི་པ་བྱས་ནས་ མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཎྜལ་བྱའོ། །ལྷའི་གནས་ལྷག་མ་རྣམས་སུ་ཟླུམ་པོར་བྱའོ། །དེ་ལ་ཡང་ལྷ་ལྔ་བཅུ་རྩ་གསུམ་གྱི་རྣམ་པར་བསྒོམས་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་ བྱས་ནས། རང་རང་གི་སྔགས་ཀྱིས་ལན་བདུན་ཡོངས་སུ་བཟླས་པའི་མེ་ཏོག་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཉེར་སྤྱོད་ལྔས་ཀྱང་ཡང་དག་པར་མཆོད་ནས་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱ་སྟེ། དེའི་རྗེས་ལ་སྔོན་མ་བཞིན་དུ་ལྕེ་རྡོ་རྗེར་རྣམ་པར་བསམས་ལ། ཨོཾ་པདྨ་ ས་ར་སྭ་ཏི་སཱཏྱ་མཱ་བར་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱིཿར་ཧྲཱིཿཞེས་པས་ལྕེ་རྡོ་རྗེར་བྱིན་གྱིས་བརླབས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་དཀྱིལ་འཁོར་གྱི་དབང་ཕྱུག་གི་སངས་རྒྱས་ལ་སོགས་པ་རྣམས་ལ་གསོལ་བ་གདབ་པར་བྱའོ། །མགོན་པོ་ཆེན་པོ་རྡོ་ རྗེ་དབྱིངས། །རིགས་པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་རྣམས་ནི་བཞེད་པ་མཐུན། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ལ་བཅོམ་ལྡན་བདག་གུས་ལ། །ཁྱེད་ཀྱིས་བཀའ་དྲིན་ གནང་བར་མཛོད། །སངས་རྒྱས་འགྲོ་མགོན་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སངས་རྒྱས་བསྟན་ལ་མངོན་དགའ་བའི། ། གང་ཞིག་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་གེ་བདག །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་ཤིང་ཉེར་སྤྱད་པས། །འགྲོ་རྣམས་དག་ཕྱིར་བདག་གིས་བྲི། །བདག་གི་སློབ་མ་དམ་པ་ཡི། །རྗེས་སུ་བརྩེ་བ་ཡོངས་ བཟུང་ལ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ལ། །ཉེ་བར་གནས་པར་མཛད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་ལན་གསུམ་དུ་ལྷག་པར་གནས་པར་བྱའོ། །དེ་ནས་དྲིའི་མཎྜལ་ལ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་ལ་སོགས་པ་རྣམས་ནམ་ མཁའི་ཕྱོགས་སུ་གདེགས་པར་བྱའོ། །འདི་ནི་ལྷ་ལྷག་པར་གནས་པའོ། །དེ་ནས་དྲི་ཡིས་ཉེ་བར་བྱུགས་པའི་ཐིག་སྐུད་གསེར་གྱི་སྣོད་ལ་སོགས་པར་གཞུག་ལ་དྲི་བཟངས་ལ་སོགས་པས་ཉེ་བར་བྱུགས་ཏེ། དྲི་དང་མེ་ཏོག་བདུག་སྤོས་དང་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་ཡང་ དག་པར་མཆོད་ནས་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་། །བྷྲཱུཾ་ཧཱུཾ་ཨཱཾ་ཧྲཱིཿཁཾ་ཞེས་པའི་ཡི་གེ་རྣམས་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་བསྐྱེད་ནས་ནམ་མཁའ་ལས་བྱོན་ཞིང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་འདུས་པར་གྱུར་ནས། དེ་བཞིན་གཤེགས་པ་ རྣམས་ཀྱི་ཐུགས་ཀར་བྷྲཱུཾ་ཡིག་ལ་སོགས་པ་ལས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཀྱི་རང་བཞིན་དུ་བལྟས་ལ། ཨོཾ་ཨཱཿཤ་སྭ་ཏ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཊ་ཎཱ་ཡ་ཧཱུྃ། ཞེས་པ་འདིས་རྣམ་པར་སྣང་མཛད་ཆེན་པོ་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་ ཨཱཿབཛྲ་སཏྭ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པས་མི་བསྐྱོད་པ་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་ཨཱཿརཏྣ་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཊ་ཎཱ་ཡ་ཧཱུཾ། ཞེས་པས་འདིས་རིན་ཆེན་འབྱུང་ལྡན་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་ ཨཱཿདྷརྨ་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པས་འོད་དཔག་མེད་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་ཨཱཿཀརྨྨ་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པས་དོན་ཡོད་གྲུབ་པ་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་ མཚན་ཡོངས་སུ་བརྗོད་པས། རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། ཇི་སྲིད་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཛ་ཡིག་སེར་པོ་ལས་ཟླ་བ་དང་ཉི་མའི་རང་བཞིན་མིག་གཉིས་ལ། ཨོཾ་དཱིཔྟ་དྲྀཥྚྱ་ཀུ་ཤི་ཛཱཿ། ཞེས་ བརྗོད་ནས་མྱུར་དུ་རབ་ཏུ་བསྐྱོད་པའི་མིག་གི་རྫི་མས་སྤྱན་མ་ལ་སོགས་པ་རྣམས་ལྕགས་ཀྱུས་བཀུག་ཅིང་། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བསྐུལ་ཞིང་གདན་དྲངས་ནས། རང་རང་གི་སྐུ་མདོག་གི་ཐིག་རྣམས་ལ་ནང་དུ་ཐིམ་པར་བསམས་ ནས། མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་དང་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བཙལ་བར་བྱའོ། །དེའི་རྗེས་སུ་ལངས་ནས་ཡིད་ཀྱིས་དེ་ཉིད་རྡོ་རྗེའི་དབྱིངས་སོ་ཞེས་ཚིག་ཏུ་བརྗོད་ནས་བདག་ཉིད་རྣམ་པར་སྣང་མཛད་ དུ་གྱུར་པར་བསམ་མོ། །ལས་ཀྱི་རྡོ་རྗེ་ཞེས་བརྗོད་ཅིང་སྒྲུབ་པ་པོས་ཕྱི་མ་ཡང་རྡོ་རྗེ་ལས་ཀྱི་ངོ་བོར་རྣམ་པར་བསམས་ལ། དེ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བར་བཟུང་ལ། སྒྲུབ་པ་པོ་ཕྱི་མས་ཀྱང་དེ་བཞིན་དུ་ཐིག་སྐུད་བཟུང་ནས་ཛྫཿཛྫཿཛྫཿཞེས་ཛྫཿ ཡིག་གིས་བཀུག་ནས་དེ་བཞིན་དུ་དེ་ཉིད་ལ་ཞལ་མངོན་པར་ཕྱོགས་པས་གནས་ཏེ། ནུབ་ཀྱི་ཕྱོགས་སུ་གནས་ནས་ཤར་ཕྱོགས་སུ་ཞལ་མངོན་པར་ཕྱོགས་པ་དང་། ལྷོ་ཕྱོགས་སུ་གནས་ནས་བྱང་དུ་ཞལ་མངོན་པར་ཕྱོགས་པས་ཚངས་པའི་ཐིག་གཉིས་ལྟེ་བ་ནས་བཟུང་ལ་ནམ་ མཁའ་ལ་གདབ་པར་བྱའོ། །རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོ་དང་མཛུབ་མོ་དག་གིས་ཐིག་སྐུད་བཟུང་ནས་སེ་གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་ངོ་། །ཨོཾ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མཱ་ཏི་ཀྲ་མ་ཧཱུཾ་ཨོཾ་ཧཱུཾ་སྭཱ་ཨ་ཧ་ཞེས་བརྗོད་པར་བྱའོ། །ཐིག་གི་སྒྲ་དེས་ཀྱང་ ནམ་མཁའ་ཐམས་ཅད་ཁྱབ་ནས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་བར་བྱའོ། །དེ་རྣམས་ཀྱང་བྱོན་ནས་ཐིག་སྐུད་ཀྱི་ནང་དུ་ཐིམ་པར་བསམ་མོ། །འདིའི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། །དུས་ཡིན་དེ་ཕྱིར་འདིར་གཤེགས་ཤིག །ཅེས་བྱ་བ་ནི་བརྡའི་དོན་ཏོ། ། ཐམས་ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པ་པོའི་ཕྱི་མ་ཡང་གཡས་སྐོར་དུ་འགྲོ་བར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱའོ། །ནམ་མཁའ་ལ་ཐིག་གཉིས་དང་ས་གཞི་ལ་ཚངས་པའི་ཐིག་གཉིས་དག་སྨད་ལ་གདབ་པར་བྱའོ། །དེ་ནས་མེའི་མཚམས་སུ་གནས་ནས་བྱང་དུ་ ཞལ་ཕྱོགས་པས་ཤར་གྱི་ལོགས་ཐིག་གོ། །རླུང་དུ་གནས་ནས་ཞལ་ལྷོར་ཕྱོགས་པས་ནུབ་ཀྱི་ལོགས་ཐིག་གོ། །སླར་ཡང་དེ་ལ་ནུབ་ཏུ་གནས་ནས་ཞལ་ཤར་དུ་ཕྱོགས་པས་བྱང་གི་ལོགས་ཐིག་གོ །སླར་ཡང་མེར་གནས་ཤིང་ཞལ་ནུབ་ཏུ་ཕྱོགས་པས་ལྷོའི་ལོགས་ཐིག་གདབ་ པར་བྱའོ། །དེ་བཞིན་དུ་དེའི་ཕྱིའི་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ཀྱི་ཆར་གནས་ནས་བྱང་དུ་ཞལ་མངོན་པར་ཕྱོགས་ཏེ་དཀྱིལ་འཁོར་གྱི་ཤར་གྱི་ཐིག་གདབ་པར་བྱའོ། །རླུང་དུ་གནས་ནས་ཞལ་ལྷོར་ཕྱོགས་ཏེ་ནུབ་ཀྱི་ཐིག་གོ། །དེ་ཉིད་ལ་གནས་ནས་བྱང་གི་ ཐིག་གོ། །སླར་ཡང་མེར་གནས་ནས་ལྷོའི་ཐིག་གོ། །འདིས་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་བཞིན་ཉིད་དུ་དེའི་ཕྱི་རོལ་གྱི་ཕྱོགས་ཀྱི་ཐིག་བཞི་གདབ་པར་བྱའོ། །སླར་ཡང་མེའི་མཚམས་སུ་གནས་ནས་རླུང་གི་མཚམས་ཇི་སྲིད་པ་དང་བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམས་ཇི་སྲིད་ པ་སྟེ། ཟུར་གྱི་ཐིག་གཉིས་གདབ་པར་བྱའོ། །མཚན་མ་མིན་པས་གྲུབ་མི་འགྱུར། །ཐིག་ནི་ཆད་པས་བླ་མ་འཆི། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་པས་ནི་སློབ་མ་འཁྲུལ། །ཞེས་ཤེས་པར་བྱས་ལ་ཕྱིར་བཅོས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་ལྕགས་ཀྱི་ ཕུར་པ་སོར་བཞི་པའི་ཚད་འོག་རྩེ་གཅིག་པ་ལ་སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་བྱུང་བའི་ཕུར་བུར་རྣམ་པར་བསམས་ལ། །ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་བརྡུང་བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །ཕུར་བུ་བརྡུང་བའི་སྔགས་ འདིའོ། །ཨོཾ་བཛྲཱནྟ་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་བི་གྷྣཱཾ་ཀཱ་ཡ་བཱག་ཙིཏྟཾ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་ཀཱི་ལ་ཡཱ་ཀོ་ཊ་ཡ་ཧཱུཾ་ཕཊ། དེ་ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་སྐོར་དུ་ཟླུམ་པོའི་ཐིག་རྣམས་བྲི་བར་བྱའོ། །དེ་ནས་ཐིག་རྣམས་ཀྱི་མཐར་གཏོར་མ་དང་མཆོད་ པ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་གཤེགས་པར་བྱ་སྟེ་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བཞུགས་ཤིང་ཚོན་སྐུད་སྣ་ལྔ་པ་གནས་ཇི་ལྟ་བར་གཞག་པར་བྱའོ་ཞེས་པ་ནི་ཐིག་གདབ་པའི་ཆོ་གའོ།། །།དེ་ནས་ལྟེ་ བའི་གནས་ཀྱི་ཕུར་བུ་ཧཱུཾ་ཡིག་བཞིས་བཏོན་ཏེ་རང་གི་ལག་པར་གནས་པའི་རྡོ་རྗེའི་ནང་དུ་བསྒོམས་ཏེ་ཁུང་བུ་ཚོན་སྣ་ལྔས་དགང་བར་བྱའོ། །ཡང་དག་པར་སོ་སོར་དབྱི་བ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྐུའི་ཐར་པའི་སྒོའི་རྣམ་པར་འཆིང་བར་གྱུར་པའི་སྒྲིབ་པ་རྣམས་དབྱི་ བར་བྱའོ་ཞེས་སོ། །ལྷག་པར་གྲོལ་བ་ནི་ཧའི་ཡི་གེས་མིག་གཡོན་པ་དང་ཅིག་ཤོས་དག་ཟླ་བ་ཉི་མར་བསྐྱེད་ནས་ཁྲོ་བོའི་ལྟ་སྟངས་ཀྱིས་ཡོངས་སུ་བལྟས་ནས་ཧྲཱིཿཧྲཱིཿཞེས་བརྗོད་ནས་ཕྱག་རྒྱ་བསྡུས་ནས་དབྱི་བར་བྱའོ། །སྒོ་བཞི་རྣམས་སུ་སོ་སོར་སྒོའི་དབུས་སུ་གནས་པའི་རེ་ཁཱ་བཞི་ རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་སྒོ་ཁྱུད་ཀྱི་ནང་དུ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་འགྲམ་ལ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་རྡུལ་ཚོན་གྱི་སར་གནས་པའི་རེ་ཁཱ་ཉི་ཤུ་རྩ་བརྒྱད་རྣམས་དབྱིའོ། །རྩ་བའི་ཐིག་ལས་ཕྱི་རོལ་གྱི་ རྡོ་རྗེ་ཕྲེང་བའི་ཟླུམ་པོའི་ཐིག་གི་ནང་དུ་སོ་སོར་རེ་ཁཱ་བཞི་རྣམས་དབྱིའོ། །དཀྱིལ་འཁོར་རྣམས་སོ་སོར་རེ་ཁཱ་དྲུག་དྲུག་དང་གཙོ་བོའི་གནས་ལ་རེ་ཁཱ་བཅུ་གཉིས་རྣམས་དབྱིའོ། །རྡོ་རྗེ་ཕྲེང་བའི་གནས་ལ་གང་ཇི་སྲིད་པའི་རེ་ཁཱ་དེ་རྣམས་ཐམས་ཅད་དབྱི་བར་བྱའོ། །སྟེགས་ བུ་དང་བཅས་པའི་ཕྱོགས་ལ་ཕྱི་རོལ་གྱི་དཀྱིལ་འཁོར་བཞིན་དུའོ། །ད་ནི་ཕྱིའི་དཀྱིལ་འཁོར་ལ་དབྱི་བ་རྣམས་བརྗོད་པར་བྱ་སྟེ། འདིར་ཡང་སྒོ་བཞི་རྣམས་སུ་སོ་སོར་སྒོའི་དབུས་སུ་གནས་པའི་རེ་ཁཱ་བཞི་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་སྒོ་ཁྱུད་ཀྱི་ནང་དུ་གནས་ པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་འགྲམ་དག་ལ་གནས་པའི་རེ་ཁཱ་གཉིས་པ་དག་དབྱིའོ། །དེ་བཞིན་དུ་སོ་སོར་རྡུལ་ཚོན་གྱི་སར་གནས་པའི་སུམ་ཅུ་སོ་བཞི་སུམ་ཅུ་སོ་བཞིའི་རེ་ཁཱ་རྣམས་དབྱིའོ། །དེ་བཞིན་དུ་ཀ་བ་བརྒྱད་རྣམས་ལ་སོ་སོར་ཐིག་བཞི་རྣམས་དབྱི་བར་ བྱའོ། །དེ་བཞིན་དུ་གླང་པོ་དང་སེང་གེའི་གནས་ལ་སོ་སོར་གནས་པའི་ཐིག་བཞི་རྣམས་དབྱིའོ། །དེ་བཞིན་དུ་ལོགས་ཀྱི་ཀ་བ་དག་གི་བར་དུ་གནས་པའི་སོ་སོར་ཐིག་ལྔ་ལྔ་དབྱི་བར་བྱའོ། །དེ་བཞིན་དུ་སྟེགས་བུའི་གནས་ལ་གནས་པའི་སོ་སོར་ཐིག་གཉིས་གཉིས་དབྱིའོ། ། དེ་བཞིན་དུ་རིན་ཆེན་ཕ་གུ་ལ་གནས་པའི་སོ་སོར་ཐིག་གསུམ་གསུམ་རྣམས་དབྱིའོ། །དེ་བཞིན་དུ་དྲ་བ་དྲ་ཕྱེད་ཀྱི་ས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་བཞི་བཞི་རྣམས་དབྱིའོ། །དེ་བཞིན་དུ་རིན་ཆེན་ཤར་བུའི་ས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་ལྔ་ལྔ་རྣམས་དབྱིའོ། །དེ་བཞིན་དུ་ མདའ་ཡབ་ཀྱི་ས་གཞིལ་གནས་པའི་སོ་སོར་རེ་ཁཱ་དྲུག་དྲུག་རྣམས་དབྱིའོ། །ཀུན་བསྡུས་པས་ལྷའི་སྣམ་བུ་རྣམས་ལ་ཐིག་དྲུག་ཅུ་རྩ་བཞི་རྣམས་དབྱི་བར་བྱའོ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་གྱི་ཐིག་རྣམས་དབྱི་བའི་ཆོ་གའོ། །ཐིག་གདབ་པ་དང་རྡུལ་ཚོན་དགྱེ་བ་ལ་ཡང་རྡུལ་ཚོན་ སྦྱང་བ་ནི་གཞུང་གཞན་གྱིས་བཤད་པའི་ཕྱིར་འདིར་མི་བརྗོད་དོ། །ད་ནི་རྒྱུད་དུ་གསུངས་པའི་ཐིག་བཤད་པར་བྱ་སྟེ། སྲད་བུ་གསར་ཞིང་ཤིན་ཏུ་མཛེས། །ཚད་དང་ངེས་པར་ལྡན་པ་ཡིས། །ཇི་ལྟར་ནུས་བཞིན་དཀྱིལ་འཁོར་ལ། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །ཟུར་བཞི་ པ་དང་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དཔྱངས་མེ་ཏོག་ཕྲེང་བས་བརྒྱན། །ཟུར་བཞི་ཆ་རྣམས་ཐམས་ཅད་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་ལ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའི། །དཀྱིལ་འཁོར་ཕྱི་ཐིག་གདབ་པར་ བྱའོ། །དེ་ཡི་འཁོར་ལོ་སོ་སོར་གསལ། །རབ་ཞུགས་ནང་གི་ཕོ་བྲང་ལ། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཕྱོགས་ཀུན་མཉམ་པ་ཉིད་འབབ་པའི། །མཁས་པས་དཀྱིལ་འཁོར་ཐིག་གདབ་པོ། །ཤར་ནུབ་བྱང་དུ་གདོང་ཕྱོགས་ནས། །དཀྱིལ་ འཁོར་ལ་ནི་ཐིག་བརྒྱད་དོ། །ཕྱི་ཡི་དཀྱིལ་འཁོར་དང་བཅས་པའི། །ནང་གི་དཀྱིལ་འཁོར་ཕོ་བྲང་ཕྱེད། །གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་དང་ནི་བཅས་པས་འདོད། །རྡོ་རྗེའི་ཐིག་ནི་ཡོངས་བསྐོར་བའི། །རྟ་བབས་དང་ནི་བྲལ་བ་གཞན། །དཀྱིལ་འཁོར་ལྔ་ཡིས་ བརྒྱན་པ་ཡིས། །མཁས་པས་སྲད་བུས་ཐིག་གདབ་པོ། །ཞེས་སོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་གདན་དྲངས་པ་ལ་སོགས་པ་རང་རང་གི་ཕྱག་རྒྱས་རབ་ཏུ་བརྟེན་ནས་རང་རང་གི་ཕྱོགས་ན་བཞུགས་པའི་དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ལ་ ཕྱིའི་གཏོར་མ་དབུལ་བར་བྱའོ། །དེ་ནས་དྲིལ་བུའི་སྒྲ་ཡིས་རྡོ་རྗེ་གླུ་མ་རྣམས་ཀྱིས་མཚན་མ་ངན་པ་རྣམས་བསལ་བར་བྱ་སྟེ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་རྣམས་རྣམ་གྲོལ་བ། །རང་འབྱུང་རྣམ་པར་སྣང་མཛད་རྒྱལ། །དེ་བཞིན་གཤེགས་པ་ ཀུན་གྱི་གནས། །ཉེས་པ་ཀུན་དང་རྣམ་ཕྲལ་བའི། །འཁོར་ལོའི་ནང་དུ་ཡང་དག་བཞུགས། །ཞེས་བརྗོད་ནས་ཆོས་ཀྱི་དབྱིངས་སུ་མོས་པར་བྱས་ལ། ནང་གི་དཀྱིལ་འཁོར་དུ་གནས་པས་རྡོ་རྗེས་མཚན་པའི་ལག་པ་གཡས་དང་གཡོན་གྱི་རྡོ་རྗེ་ཁུ་ཚུར་གྱིས། །ཨོཾ་བཛྲ་ ཙི་ཏྲ་ཡཾ་ཡ་རཾ་ག་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ནས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་ཤར་དུ་ཞལ་ཕྱོགས་པས་གཡས་སྐོར་གྱིས་རྡུལ་ཚོན་དགྱེ་བར་བྱའོ། །སྦོམས་པ་ཡིས་ནི་ནད་དུ་འགྱུར། །ཕྲ་མོས་ནོར་རྣམས་རྣམ་པར་ཉམས། །ཡོན་པོ་ཡིས་ནི་རྣམ་པར་འགྲས། །ཆད་ པས་བླ་མ་སློབ་མ་འཆི། །གཡས་སྐོར་མིན་པས་བཏབ་གྱུར་ན། །རྡུལ་ཚོན་རྣམས་ནི་ཕུར་བུར་འགྱུར། །ཕན་ཚུན་དུ་ནི་རྣམ་འདྲེས་པས། །རིགས་ནི་རྣམ་པར་འཆད་པར་འགྱུར། །ཞེས་བྱ་བ་ལ་སོགས་པའི་སྐྱོན་རྣམས་དང་བྲལ་བས་རྡོ་རྗེའི་རེ་ཁཱ་དགེ་བ་རྣམས་བྱའོ། །ནག་པོ་དང་ སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་ཞེས་པ་རྣམས་ཕྱི་ནས་རིམ་བཞིན་དུ་སྟེ། རྣམ་པར་སྣང་མཛད་ཀྱི་གཙོ་བོ་ལའོ། །གང་གི་ཚེ་མི་བསྐྱོད་པས་གཙོ་བོ་བྱེད་པ་དེའི་ཚེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་གཙོ་བོ་ལ་དཀར་པོ་དང་ ནག་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་རྣམས་སོ། །འོད་དཔག་མེད་ཀྱི་གཙོ་བོ་ལ་དཀར་པོ་དང་སེར་པོ་དང་ནག་པོ་དང་ལྗང་གུ་དང་དམར་པོ་རྣམས་སོ། །དོན་ཡོད་གྲུབ་པའི་གཙོ་བོ་ལ་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུ་རྣམས་སོ། །དེ་བཞིན་དུ་ཡང་རྒྱུན་དུ། ནག་པོ་རྡོ་ རྗེའི་རང་བཞིན་རྩེ། །གསེར་གྱི་མདོག་ཏུ་འབབ་པ་གཞན། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་དམར་པོ་མིན་པ་གཞན། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །འདིར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཤར་དུ་ནག་པོ་ཆེན་པོ་སྟེ། །ལྷོ་རུ་སེར་པོ་ཡང་དག་ལྡན། དམར་ པོ་ནུབ་ཀྱི་ཆ་ལ་སྟེ། །བཙོད་ཁ་བྱང་དུ་ཡང་དག་ལྡན། །དབུས་ཀྱི་ས་གཞིའི་ཆ་ལ་ནི། །ཤེལ་གྱི་མདོག་ནི་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཛིན་པས། །མཉམ་གཞག་ནས་ནི་ཡང་དག་བྲི། །རྡོ་རྗེ་ཀ་བའི་སྟེང་གནས་པའི། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པའོ། །ཞེས་གསུངས་སོ། །རྡུལ་ཚོན་འགོངས་ པ་དང་ཐིག་འགོངས་པའི་ཉེས་པ་ཡོངས་སུ་གཞོམ་པའི་ཕྱིར་སྔགས་བརྗོད་པར་བྱའོ། །ཨོཾ་བཛྲ་བེེ་གཱ་ཀྲ་མ་ཧཱུཾ། དེ་བཞིན་དུ་ཡང་གསུངས་ཏེ། ཡིད་ཀྱིས་རེ་ཁཱ་ཡོངས་སུ་གདབ། །དེ་ནས་རྡོ་རྗེའི་ཐིག་སྐུད་ལའང་། འབྱུང་བ་དང་ནི་འཇུག་པ་ཡི། །དམ་ཚིག་ཉམས་པ་མེད་པས་སོ། །ཞེས་སོ། ། ལྷ་ལྔ་བཅུ་རྩ་གསུམ་གྱི་གདན་སྣ་ཚོགས་པདྨ་ལྔ་བཅུ་རྩ་གསུམ་གདབ་པར་བྱའོ། །དེ་རྣམས་ཀྱི་ཟེའུ་འབྲུ་རྣམས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཚན་མ་དགོད་པར་བྱའོ། །དེ་ལ་རྣམ་པར་སྣང་མཛད་ཆེན་པོའི་རྡོ་རྗེ་དཀར་པོ་རྩེ་ལྔ་པའོ། །དེའི་མདུན་དུ་སེམས་མ་རྡོ་རྗེ་མའི་རྡོ་རྗེ་དམར་པོ་རྩེ་ ལྔ་པའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ལོགས་སུ་རིན་ཆེན་རྡོ་རྗེ་མའི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ཆོས་ཀྱི་རྡོ་རྗེ་མའི་པདྨ་འདབ་མ་བཅུ་དྲུག་པ་དཀར་དམར་ཏེ། འདབ་མ་བརྒྱད་རྣམས་འོག་ཏུ་རྣམ་པར་རྒྱས་ཤིང་སྟེང་ དུ་ཡང་ནང་ནས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཁ་འབུས་པ་རྣམས་ནི་འདབ་མ་བརྒྱད་པ་ཉིད་དོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་ལས་ཀྱི་རྡོ་རྗེ་མའི་རྩེ་མོ་བཅུ་གཉིས་པ་ཁ་དོག་ལྔ་པའི་སྣ་ཚོགས་རྡོ་རྗེའིའོ། །དབུས་ཀྱི་ཁ་དོག་དཀར་པོའོ། །མདུན་གྱི་ནག་པོའོ། །གཡས་ཀྱི་སེར་པོའོ། །རྒྱབ་ཀྱི་ དམར་པོའོ། །གཡོན་གྱི་མར་ཀ་ཏའི་ཁ་དོག་ལྟ་བུའོ། །ཞེས་སོ། །ཤར་གྱི་དཀྱིལ་འཁོར་ལ་མི་བསྐྱོད་པའི་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་དཀར་པོའོ། །རྡོ་རྗེ་རྒྱལ་པོའི་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །རྡོ་རྗེ་ཆགས་པའི་མདའ་འགེངས་པའོ། །རྡོ་རྗེ་ལེགས་པའི་རྡོ་རྗེ་དང་ བཅས་པའི་ལག་པ་གཉིས་ཀྱིས་ལེགས་པར་བྱེད་པ་རབ་ཏུ་སྦྱིན་པའོ། །ལྷོའི་དཀྱིལ་འཁོར་ལ་རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །རྡོ་རྗེ་རིན་ཆེན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གཟི་བརྗིད་ཀྱི་ཉི་མའོ། །རྡོ་རྗེ་ཏོག་གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་ མཚན་ནོ། །རྡོ་རྗེ་བཞད་པའི་རྡོ་རྗེས་མཚན་པའི་སོའི་ཕྲེང་བའོ། །ནུབ་ཀྱི་དཀྱིལ་འཁོར་ལ་འོད་དཔག་མེད་ཀྱི་རྡོ་རྗེས་མཚན་པའི་པདྨའོ། །རྡོ་རྗེ་ཆོས་ཀྱི་གདོང་དང་བཅས་པའི་པདྨའོ། །རྡོ་རྗེ་རྣོན་པོའི་རལ་གྲི་དང་པུསྟིའོ། །རྡོ་རྗེ་རྒྱུའི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའོ། །རྡོ་རྗེ་སྨྲ་ བའི་ཆོས་ཀྱི་དུང་ངོ་། །བྱང་གི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་ལས་ཀྱི་དེ་ཉིད་དང་བཅས་པའོ། །རྡོ་རྗེ་བསྲུང་བའི་རྡོ་རྗེ་ལས་བྱས་པའི་གོ་ཆའོ། །རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེས་མཚན་པའི་མཆེ་བ་བཟུང་ངོ་། །རྡོ་རྗེ་འཆིང་བའི་རྡོ་རྗེ་ཁུ་ཚུར་དག་གིས་བཟུང་ བའི་རྡོ་རྗེ་རྩེ་ལྔ་པ་སེར་པོའོ། །མེ་ལ་སོགས་པའི་མཚམས་རྣམས་ལ་རྡོ་རྗེ་སྒེག་མོའི་རྡོ་རྗེ་གཉིས་སོ། །རྡོ་རྗེ་ཕྲེང་བ་མའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གླུ་མའི་པི་ཝང་ངོ་། །རྡོ་རྗེ་གར་མའི་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལག་པ་གཉིས་སོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལའོ། །ཕྱིའི་ དཀྱིལ་འཁོར་གྱི་མཚམས་རྣམས་ལ་མེ་ལ་སོགས་པ་རྣམས་སོ། །རྡོ་རྗེ་བདུག་སྤོས་མའི་སྤོས་ཕོར་རོ། །རྡོ་རྗེ་མེ་ཏོག་མའི་མེ་ཏོག་གི་ཟ་མ་ཏོག་གོ། རྡོ་རྗེ་སྣང་གསལ་མའི་མར་མེའི་སྡོང་པོའོ། །རྡོ་རྗེ་དྲི་ཆབ་མའི་དྲིའི་དུང་སེར་པོའོ། །ཤར་ལ་སོགས་པའི་སྒོའི་ལོགས་གཉིས་སུ་ བྱམས་པའི་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་གོ། །མཐོང་བ་དོན་ཡོད་ཀྱི་སྤྱན་དང་བཅས་པའི་ཆུ་སྐྱེས་སོ། །ངན་སོང་ཀུན་འཇོམས་ཀྱི་ལྕགས་ཀྱུའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་དབྱུག་པའོ། །སྤོས་ཀྱི་གླང་པོའི་དུང་ངོ་། །དཔའ་བར་འགྲོ་བའི་རལ་གྲིའོ། ། ནམ་མཁའ་མཛོད་ཀྱི་པདྨ་ལ་གནས་པའི་དམ་པའི་ཆོས་ཀྱི་སྒྲོན་མའོ། །ཡེ་ཤེས་ཏོག་གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །བདུད་རྩི་འོད་ཀྱི་བུམ་པའོ། །ཟླ་འོད་ཀྱི་དྲ་བའོ། །བཟང་སྐྱོང་གི་འབར་བ་དང་བཅས་པའི་རིན་པོ་ཆེའོ། །དྲ་བ་ཅན་གྱི་འོད་ཟེར་རྡོ་རྗེའི་གུར་རོ། །རྡོ་རྗེའི་སྙིང་པོའི་རྡོ་རྗེ་ མཐིང་ག་དང་བཅས་པའི་ཨུཏྤ་ལའོ། །བློ་གྲོས་མི་ཟད་པའི་བུམ་པ་བཟང་པོའོ། །སྤོབས་པ་བརྩེགས་པའི་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །ཀུན་དུ་བཟང་པོའི་རིན་པོ་ཆེའི་སྙེ་མའོ། །ཤར་ལ་སོགས་པའི་སྒོ་བཞིའི་དབུས་སུ་ཤར་དུ་རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུའོ། ། རྡོ་རྗེ་ཞགས་པའི་ཞགས་པའོ། །རྡོ་རྗེ་རྒྱས་པའི་ལྕགས་སྒྲོག་གོ། །རྡོ་རྗེ་འབེབས་པའི་རྡོ་རྗེས་མཚན་པའི་དྲིལ་བུའོ་ཞེས་པ་ནི་ལྷ་རྣམས་ཀྱི་མཚན་མ་དགོད་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་བའི་རྣམ་ལྔ་དང་། རྡོ་རྗེ་གནོད་སྦྱིན་ ཡོངས་སུ་བཟླས་པའི་བདུད་རྩི་ལྔ་དང་། རྡོ་རྗེ་བསྲུང་བ་ཡོངས་སུ་བཟླས་པའི་དྲི་བཟངས་ཀྱི་ཆུས་དཀྱིལ་འཁོར་གྱི་ཕྱི་རྣམས་བསང་གཏོར་བྱ་སྟེ། ལས་ཐམས་ཅད་ཡོངས་སུ་བཟླས་པའི་འབྲུ་ཐམས་ཅད་ཀྱིས་ཡོངས་སུ་གང་བ་དང་། རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་པའི་མེ་ ཏོག་སིལ་མ་ཡོངས་སུ་བཀྲམ་སྟེ། རྡུལ་ཚོན་ལྷག་མ་རྣམས་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་སུ་གསོལ་ནས་རྡུལ་ཚོན་གྱི་སྣོད་རྣམས་ཀྱང་དབེན་པར་གཞག་པར་བྱའོ་ཞེས་པ་ནི་རྡུལ་ཚོན་དགྱེ་བའི་ཆོ་གའོ།། །།དེ་ནས་སྔོན་བཞིན་དུ་གཏོར་མ་ཆེན་པོ་ཕྱི་ རོལ་དུ་ཕུལ་ནས་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རིམ་པས་བུམ་པ་ལྷག་པར་གནས་པར་བྱས་ནས་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རིམ་པ་དེ་ཉིད་ཀྱིས་བུམ་པ་དགོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཀྱིས་བྲི་བར་བྱ་བའི་དཀྱིལ་འཁོར་ལ་སྐད་ཅིག་ གིས་གསུངས་པའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པ་ལ་སོགས་པ་བསྒོམས་ཏེ། དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགས་ནས་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་ དག་པར་མཆོད་ཅིང་བསྟོད་པ་ཡང་བྱ་སྟེ། དམ་ཚིག་གི་འཁོར་ལོ་རབ་ཏུ་བཞུགས་པར་བསམ་མོ། །འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་། དེ་ལས་གཞན་དཀྱིལ་འཁོར་ལ་སོ་སོའི་རྣམས་ཀྱིས་ལན་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡི་གེ་བརྒྱ་པ་ཡང་བརྗོད་ནས་ཉེར་ སྤྱོད་ལྔ་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྒེག་མོ་ལ་སོགས་པ་བརྒྱད་ཀྱི་ཆོ་གས་ཀྱང་གཏོར་མ་དང་ཞལ་ཟས་དབུལ་ཞིང་དཀྱིལ་འཁོར་ལྷག་པར་གནས་པར་བྱའོ། །ཐིག་འདེབས་པ་ནས་བརྩམས་ཏེ་ཇི་སྲིད་མེའི་ལྷ་ལྷག་པར་གནས་པའི་མཐར་ཐུག་པ་ཉི་མ་སོ་སོ་ལ་ཐུན་མཚམས་གསུམ་དུ་ ཏིང་ངེ་འཛིན་བསྒོམས་པས་མཆོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམ་པའི་ཆོས་ཀློག་པ་དང་ཕྱི་རོལ་གྱི་གཏོར་མ་ཡང་དབུལ་བར་བྱའོ། །མཚན་མོ་ཚོགས་ཀྱི་འཁོར་ལོ་བྱའོ། གཏོར་མ་དབུལ་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱིར་བྱུང་བ་དང་། སླར་ཡང་རབ་ཏུ་ འཇུག་པར་བྱ་བའི་ཕྱིར། །ལག་པ་གཡས་པ་གན་རྐྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བསྐུམ་སྟེ་མངོན་པར་གདོང་གི་ཕྱོགས་སུ་གཟུང་བར་བྱའོ། །དེའི་པུས་མོའི་ནང་དུ་ལག་པ་དག་བྱས་ཏེ་ཙོག་པུར་འདུག་ནས་མི་སྨྲ་བས་ལག་པའི་མཐིལ་གྱི་ཆ་ཡིས་ཁ་ལ་མིག་ཏུ་ཡོངས་སུ་རེག་ ཅིང་ལན་གཉིས་སམ་གསུམ་དུ་རྣ་བའི་བུ་ག་དང་མིག་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་བོ་རྣམས་ལ་ཡང་ལས་ཐམས་ཅད་པའི་བུམ་པའི་ཆུས་རེག་ཅིང་ཉེ་རེག་ཀྱང་ཉི་མ་སོ་སོ་ལ་བྱའོ། །དེ་བཞིན་དུ་ཉི་མ་སོ་སོ་ལ་དཀྱིལ་འཁོར་ལ་བཅོམ་ལྡན་འདས་ངེས་པར་བརྟག་པ་ལ་མེ་ཏོག་ལ་སོགས་ པས་མཆོད་པར་བྱའོ། །ཨོཾ་བཛྲོ་དྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་སྒོ་རྣམས་དབྱེ་བར་བསམས་ནས། ཨོཾ་ས་མ་ཡ་པྲ་བི་ཤ་ཡ་མི་ཞེས་བརྗོད་པས་མེ་ཏོག་གི་ཕྲེང་བ་གར་གྱིས་བཟུང་སྟེ་རང་གི་སྤྱི་བོར་བཅིངས་ཏེ་འཁོར་ལོ་ལ་ཕྱག་འཚལ་ནས་སེམས་ཅན་ཐམས་ ཅད་ལ་དངོས་གྲུབ་ཐམས་ཅད་ཀྱིས་བཀའ་དྲིན་མཛད་དུ་གསོལ་ལོ་ཞེས་ཞུ་བ་བྱ་ཞིང་བསྒོམ་པ་དང་བཟླས་པ་ཡང་བྱའོ། །དེའི་རྗེས་ལ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །འགའ་ཞིག་གསང་སྔགས་དངོས་གྲུབ་ཕྱིར། །འདིར་ནི་དཀྱིལ་འཁོར་ལ་འཇུག་བྱ། །གཞན་ཡང་བསོད་ ནམས་འདོད་དེ་ལས། །འཇིག་རྟེན་ཕ་རོལ་དོན་གཉེར་གཞན། །འཇིག་རྟེན་ཕ་རོལ་ཉེར་བསྟན་ཕྱིར། །སླར་ཡང་དད་པར་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་འབྲས་ཉིད་ལ་ལྟོས་མི་བྱ། །འདི་ཉིད་ལ་ནི་ལྟོས་ལྡན་ན། །དེ་ཉིད་ཕ་རོལ་འཇིག་རྟེན་མིན། །ཕ་རོལ་ དོན་གཉེར་སྐྱེས་བུ་ལ། །དེ་ཉིད་དུ་ཡང་འབྲས་བུ་རྒྱས། །ཞེས་པའི་རྗེས་སུ་སློབ་མས་མཉན་ཞིང་དེ་ཉིད་བཤད་པར་བྱའོ། །སྲིད་པའི་མཚོ་ལས་བདག་སྒྲོལ་བ། །དགའ་ཆེན་སྟོན་པ་ཁྱོད་གཅིག་པོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་ དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་དུ་གཞུག་གོ། །སློབ་མ་གཅིག་གཙོ་བོར་ བྱས་ནས། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་ བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་རྣམས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་ འདི་གྱིས་ཤིག །ཅེས་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་སློབ་མས་བརྗོད་དོ། །དེ་ནས་སློབ་མའི་སྙིང་གར་ས་མ་ཡ་ཨཿཞེས་ བརྗོད་ནས་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ། དེའི་སྙིང་གའི་རྡོ་རྗེ་ལ་རབ་ཏུ་ཞུགས་ཏེ། སཱུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿབཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ནས་དེའི་སྤྱི་བོར་དྲི་བཟངས་ཀྱི་ཆུས་གཡོ་བཞིན་པའི་ལག་པ་བཀོད་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པར་ བྱའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏྲཱཾ་ཡིག་ལས་རྡོ་རྗེ་རིན་ཆེན། མགྲིན་པར་ཧྲཱིཿཡིག་ལས་རྡོ་རྗེ་པདྨ། སྤྱི་བོར་ཀཾ་ཡིག་ལས་སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་དྷརྨྨ་ཧྲཱིཿཨོཾ་བཛྲ་ཀརྨྨ་ཀཾ། ཞེས་བརྗོད་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུར་བསྐྱེད་ནས་དེ་ རྣམས་ཀྱི་ཕྱག་ཏུ་རྡོ་རྗེ་གསུངས་མས་དྲི་སྦྱིན་པར་བྱའོ། །མེ་ཏོག་མས་མེ་ཏོག་བདུག་སྤོས་མས་བདུག་པར་བྱའོ། །མར་མེ་མས་མར་མེས་སྣང་བར་བྱའོ། །དེའི་རྗེས་ལ་སོར་བཅུ་གཉིས་པའི་ཚད་ཀྱིས་འོ་མ་ཅན་གྱི་ཤིང་དྲིའི་ཆུས་བཀྲུས་ལ་རྩེ་མོ་ལ་མེ་ཏོག་བཅིངས་ལ། ཨོཾ་བཛྲ་ཧཱ་ས་ཧཾ་ལན་བདུན་ ཡོངས་སུ་བསྔགས་ལ་སོ་ཤིང་དཀར་པོ་སློབ་མ་ལ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་གདོང་ཤར་དུ་ཕྱོགས་ཏེ་སྟེང་དུ་བལྟས་ནས་རྩེ་མོ་འཆོས་ཏེ་བ་ལང་གི་ཀོ་བ་ཙམ་དུ་ལྟེ་བར་བྱུགས་པའི་ས་གཞི་ལ་དོར་བར་བྱའོ། །སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ་འབྲས་བུ་བཤད་པར་བྱའོ། །དེ་ལ་སློབ་མ་ལ་ མངོན་པར་ཕྱོགས་ཏེ་ལྷུང་ན་མཆོག་གི་དངོས་གྲུབ་པོ། །ལྷོ་ཕྱོགས་སུ་ལྷུང་ན་ཞི་བ་འགྲུབ་པོ། །ནུབ་ཕྱོགས་སུ་ལྷུང་ན་རྒྱས་པ་འགྲུབ་པོ། །བྱང་ཕྱོགས་སུ་ལྷུང་ན་དབང་གི་ལས་འགྲུབ་པོ། །སྟེང་དུ་ཕྱོགས་ན་ནམ་མཁའ་ལ་སྤྱོད་པའོ། །འོག་ཏུ་ཕྱོགས་ན་འོག་གི་དངོས་གྲུབ་པོ། །མཚམས་སུ་ལྷུང་ན་ དངོས་གྲུབ་ཕྲན་ཚེགས་སོ། །དེའི་རྗེས་སུ་རྡོ་རྗེ་གནོད་སྦྱིན་མངོན་པར་བསྔགས་པའི་ཆུ་ཁྱོར་བ་གསུམ་བྱིན་ནས། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨྨ་པཱ་པ་ནི་ཙཱ་སཾ་ཤོདྷ་ཡ་བི་ཀལྤཱ་མ་པ་ན་ཡ་ཧཱུཾ། ཞེས་པ་འདིས་ཞལ་བསང་བར་བྱའོ། །དེ་ནས་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པ་འདིས་མངོན་པར་བསྔགས་ནས་སྲད་བུ་སུམ་ བསྒྲིལ་ལ་མདུད་པ་གསུམ་བྱ་སྟེ་དཔུང་པ་གཡོན་པ་ལ་བཅིང་བར་བྱའོ། །ཆོས་རྒྱ་ཆེན་པོ་བསྟན་ནས་ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །བདག་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ ཀྱི། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང་། །བདག་ཉིད་ཆེན་པོ་སྐྱེད་བྱེད་པས། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ཞིག་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པ་ཉིད་དུ་ འགྱུར། །རང་འབྱུང་སྐལ་བ་ཆེན་པོ་སྟེ། །འཇིག་རྟེན་ཀུན་གྱི་བསམ་པ་དང་། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་པ་ཐམས་ཅད་ཀྱིས། །ཡིད་ཀྱི་གནས་ལ་མི་རྟོག་པས། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྤྲོས་པ་རྣམས་ཀྱི་སྤྲོས་པ་ཡིས། །ལས་དང་བྱ་སོགས་ དང་བྲལ་བ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཐེག་མཆོག་འདི་ནི་གཙོ་བོ་སྟེ། །དེ་སྙེད་ཚུལ་ལ་གནས་པར་གྱིས། །ཞེས་པའི་ཆོས་ཉན་དུ་གཞུག་པར་བྱའོ། །འབྱུང་བ་རྙེད་པར་དཀའ་བ་ཡང་བཤད་པར་བྱའོ། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །གང་གི་ཚེ་ན་འབྱུང་འགྱུར་ བ། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང་། །གསང་སྔགས་སྤྱོད་ཚུལ་བལྟ་བ་ནི། །དེ་བས་ཀྱང་ནི་དཀོན་པར་འགྱུར། །སེམས་ཅན་དོན་རྣམས་མཉམ་མེད་པ། །གང་གིས་བྱེད་ནུས་མྱ་ངན་འདའ། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་ བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་རྣམས་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །དེ་ནས་དྷཱིཿཡིག་ལས་ཀུ་ཤ་མ་ཉམས་པའི་ཆུན་པོ་གཅིག་སྔས་ཀྱི་དོན་དུ་ཨོཾ་བཛྲ་ཏཱིཀྵྞ་ངྷཱཾ་ཞེས་པས་ལན་བདུན་མངོན་པར་བསྔགས་ནས་སོ། །གདན་གྱི་སྟེང་དུ་ཀུ་ཤ་ཧ་ཡིག་གིས་ བོན་ལས་བསྐྱེད་པའི་ཀུ་ཤ་ལ་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པའི་སྔགས་འདིས་ལན་བདུན་བཟླས་ནས་གདན་གྱི་དོན་དུ་སྦྱིན་པར་བྱའོ། །འདི་བཞིན་དུ་བརྗོད་པར་བྱའོ། །ཞལ་བཟང་པོ་རྣམས་བཞེངས་ནས་མཐོ་རིས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་བཞིན་དུ་རྨི་ལམ་དུ་ཡང་ མཐོང་བཞིན་བསྟན་དུ་གསོལ་ལོ། །སློབ་མ་ལྷག་པར་གནས་པའོ།། །།དེ་ནས་ནང་པར་སྔ་བར་དགེ་བ་དང་མི་དགེ་བའི་རྨི་ལམ་དྲི་བར་བྱའོ། །མི་དགེ་བའི་རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ལྷག་པར་མོས་པར་བྱའོ། །ཨོཾ་བཛྲ་ ཡཀྵ་ཧཱུཾ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་བླ་མའི་ཞབས་ལ་ཕྱག་འཚལ་ཏེ། མེ་ཏོག་གི་སྙིམ་པ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱ་སྟེ། སྲིད་པའི་མཚོ་ལས་བདག་སྒྲོལ་བ། །དགའ་ཆེན་སྟོན་པ་ཁྱོད་གཅིག་པོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་ པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་གྱི། །གཟུགས་བརྙན་གསལ་ལ་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་པས་བདེན་པའི་བྱིན་གྱི་རླབས་བྱས་ནས་དཀྱིལ་ འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཡོན་ཕུལ་ནས་སློབ་མ་རྣམས་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ། །ཨོཾ་བཛྲ་རཀྵ་ཧཾ་ཞེས་པ་འདིས་ཡོངས་སུ་བཟླས་པའི་གོས་དམར་པོས་སྨད་གཡོགས་དང་སྟོད་གཡོགས་བྱས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཨཿཨ་ཁཾ་བཱི་ར་ཧཱུཾ། ཞེས་པ་འདིས་མིག་རས་བཅིངས་ནས། མེ་ཏོག་ཕྲེང་བ་འཛིན་དུ་བཅུག་སྟེ་དྲི་བར་བྱའོ། །ཀྱེ་ཁྱེད་དགའ་བ་ཅི་ལ་དགྱེས། །དེས་ལན་གདབ་པར་བྱ་སྟེ། སྐལ་བཟངས་བདག་ནི་བདེ་བ་ཆེན་པོ་ལ་ཞེས་སོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ ཡོངས་སུ་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། སྙིང་གར་རྡོ་རྗེ་བཞག་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷ་བཛྲ་ཡ་ཐཱ་སུ་ཁཾ་ས་མ་ཡ་སྟྭཾ་ཞེས་པ་འདིས་སེམས་དཔའི་རྡོ་རྗེ་བཅིང་བར་བྱའོ། །དེ་ནས་མཛུབ་མོ་གུང་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས་ དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་རྣམས་བྱའོ། །ས་མ་ཡ་ཧཱུཾ་ཞེས་པ་འདིར་རང་གི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་བྱ་སྟེ། ཨོཾ་བཛྲཱཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཨཿཞེས་པས་ ཤར་གྱི་སྒོ་ནས་དེ་བཞིན་དུ་གཞུག་ཅིང་འདི་བཞིན་དུ་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་ནས་ངས་ཁྱེད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཡེ་ཤེས་གང་གིས་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་ འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདིར་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ནས་དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་སེམས་དཔའ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་ཉིད་སྟེང་དུ་གདོང་ཕྱོགས་ པས་བཅིངས་ཏེ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་འགེམས་སོ། །ང་ཡིས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ཏེ་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །སླར་ཡང་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། འདི་བཞིན་དུ་བརྗོད་པར་བྱ་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། ། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བདུད་རྩི་ལྔ་པདྨའི་སྣོད་དུ་གནས་པ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་བསམས་ནས། ཨོཾ་ཨཿཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་བཛྲ་མྲྀ་ཏོ་ད་ཀ་ཋཿཞེས་བརྗོད་ནས་སློབ་མ་ལ་སྦྱིན་པར་བྱའོ། །སློབ་མས་ཀྱང་དམ་བཅས་པ་འདི་བརྟོན་པར་བྱའོ། །སློབ་དཔོན་གྱིས་ཀྱང་འདི་བཞིན་དུ་བརྗོད་པར་བྱ་སྟེ། དེ་ རིང་ནས་བརྩམས་ཏེ་ཁྱེད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་པའི་མནའ་བྱའོ། །སློབ་མས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་ནས་དེ་ནས་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྣམ་པར་བསམ་པར་བྱའོ། །དེའི་རྗེས་སུ་ཨཿཡིག་ལས་འོད་ཟེར་གྱི་ ཕྲེང་བ་དང་ལྡན་པ་རང་གི་སྙིང་གར་རྣམ་པར་བསམས་ཏེ། ཧཱུཾ་ཡིག་ལས་སློབ་མ་ཡང་རྡོ་རྗེ་སེམས་དཔའི་གཟུགས་སུ་རྣམ་པར་བསམ་པར་བྱའོ། །ཧཱུཾ་ཏྲཱཾ་ཧྲཱིཿཀཾ་ཞེས་པས་སྙིང་ག་དང་མཛོད་སྤུ་དང་། ལྕེ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་ རྡོ་རྗེས་མཚན་པ་བསམ་པར་བྱའོ། །སྒོ་འབྱེད་པའི་ཕྱག་རྒྱས་རང་གི་སྙིང་ག་ཕྱེ་ནས་སློབ་མའི་སྙིང་གར་ཡང་དེ་ནས་རང་གི་ཁ་ལས་བབས་ཏེ། རྡོ་རྗེ་ལས་ཨཿཡིག་ལས་འཐོན་ཏེ་སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་སངས་རྒྱས་རྣམས་རབ་ཏུ་ཞུགས་ཏེ་ལུས་ ཐམས་ཅད་གང་བར་བསམ་པར་བྱའོ། །འདི་བཞིན་དུ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་ནས། དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་ཅན་ གྱིས་སངས་རྒྱས་ཉིད་བརྗོད་པར་བྱའོ། །འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔར་ཤེས་པར་བྱ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །འདི་ཉིད་ཀྱང་ནི་འབབ་པར་ཤོག །ཨོཾ་བཛྲཱ་བེ་ཤ་ཨཿཞེས་པས་ངེས་པར་དབབ་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཧེ་བཛྲ་སཏྭ། ཧེ་བཛྲ་རཏྣ། ཧེ་བཛྲ་དྷརྨ། ཧེ་བཛྲ་ཀརྨྨ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གདན་དྲང་བར་བྱའོ། །དེ་ནས་རྡོ་རྗེ་ཆོས་ཀྱི་སྐུར་སློབ་མ་བསྒོམས་ཏེ། དེའི་ལྕེ་ ལ་ཨཿཡིག་དམར་པོ་ལས་སྐྱེས་པའི་རྡོ་རྗེ་དམར་པོ་བསམ་པར་བྱ་ཞིང་རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་བསྐུལ་བས་དགེ་བ་དང་མི་དགེ་བ་སྨྲ་བར་བྱེད་དོ། །དེ་ནས་དེ་ཡིས་བབས་པ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ནས་བདེན་པའི་བྱིན་རླབས་ འདི་བྱའོ། །དགའ་བ་ཡི་ནི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་ཞུགས་པ་ནི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་རུང་། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་ལྟར་ དཀྱིལ་འཁོར་འགྱུར་བར་ཤོག །ཅེས་བརྗོད་ནས། དེ་ནས་ཁྱོད་ཀྱི་མིག་སྔར་ཇི་ལྟར་སྣང་ཞེས་དྲི་བར་བྱའོ། །དེས་སྨྲས་པ་ལས་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུ་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་སྣང་བ་ལས། ཞི་བ་དང་རྒྱས་པ་དང་དབང་དང་མངོན་ སྤྱོད་དང་དངོས་གྲུབ་ཐམས་ཅད་ཀྱི་སྐལ་བ་གོ་རིམས་བཞིན་དུ་བསྟན་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཟུང་ནས་འཕང་བར་བྱའོ། །པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པར་བྱའོ། །དེ་ནས་དེས་འཕངས་པའི་མེ་ཏོག་གི་ཕྲེང་བ་དེའི་མགོ་ལ་བཅིང་བར་བྱའོ། །ཨོཾ་པྲ་ཏི་ གྲྀཧྣ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་སོ། །དེ་ནས་སློབ་མའི་མིག་དག་ལ་ཨོཾ་ཡིག་འབར་བ་དང་བཅས་པ་བསམས་ཏེ་གདོང་གཡོགས་བསལ་བར་བྱའོ། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱེད་ཀྱི་མིག་ནི་དབྱེ་བར་མཛད། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ ཅད་མིག་ནི་འབྱེད་པར་མཛད། །ཅེས་པས་གདོང་གཡོགས་བསལ་བར་བྱའོ། །ཀྱེའི་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ནས་སོ་སོའི་ཞིང་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ནས་བརྩམས་ཏེ་རྣམ་པར་སྣང་མཛད་ཆེན་པོའི་མཐར་ཐུག་པར་བསྟན་ པར་བྱའོ། །དེ་ལ་ལྷ་རྣམས་ཀྱི་མཚན་མའི་དམ་ཚིག་ལ་ཡང་དད་པ་དང་དང་བས་མེ་ཏོག་གི་ཕྲེང་བ་ཕོག་པ་དེའི་རྣལ་འབྱོར་ཡང་སྦྱིན་པར་བྱའོ། །ཡང་ན་སློབ་མའི་སྐལ་བ་གང་ཡོད་པ་དེའི་རྣལ་འབྱོར་སྦྱིན་པར་བྱའོ་ཞེས་པ་ནི་སློབ་མ་གཞུག་པའི་ཆོ་གའོ། །དེ་ནས་ཤར་གྱི་སྒོ་ལ་སོགས་པ་རྣམས་ སུ་དཀྱིལ་འཁོར་ལ་ཡང་ཕྱག་བཙལ་བར་བྱའོ། །དེ་ནས་ཤར་གྱི་སྒོར་རང་གི་ཐུགས་ཀར་མེ་ཏོག་གི་སྙིམ་པ་སྦྱར་ལ་ལུས་ཀྱིས་ཕྱག་བཙལ་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བནྡྷ་ནཾ་ཀ་རོ་མི་སརྦ་ཏ་ཐཱ་ག་ཏཱཥྩཱ་དྷི་ཏིཥྛ་སྭཱ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ནཱ་ ཡཱཏྨཱ་ནཱཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭཱ་དྷི་ཏིཥྛ་མཱཾ། ལྷོའི་སྒོར་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས་དཔྲལ་བ་སལ་བཏུད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཥི་ཀ་ཡཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣཱ་བྷི་ཥིཉྩ་མཱཾ། དེ་ནས་རྡོ་རྗེའི་ཐལ་མོ་སྤྱི་བོར་བཟུང་ནས་ཞལ་ས་ལ་ བཏུད་དེ་ནུབ་ཀྱི་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བརྟན་ཡཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱི། དེ་བཞིན་དུ་བྱང་དུ་མགོ་སྙིང་གར་བཏུད་ནས་ཐལ་མོ་སྦྱར་ཏེ་ས་ལ་རེག་ནས་ཕྱག་བཙལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎི་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་ མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་སྭ་མཱཾ། ཞེས་བརྗོད་ནས་ཕྱག་ལྔ་བཙལ་བར་བྱའོ། །དེའི་ཚེ་ཡང་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དེ་བཞིན་ཉིད་དུ་བྱིན་གྱིས་རློབ་པར་བསྒོམ་པར་བྱའོ། །ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་འདི་དེ་ཉིད་ལ་ ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕུན་སུམ་ཚོགས་ཀུན་མངོན་གྱུར་ཏེ། །ཁྱོད་ཀྱི་དངོས་གྲུབ་སྦྱོར་ཉིད་ཀྱང་། །དམ་ཚིག་བསྲུང་བས་དངོས་གྲུབ་འགྱུར། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། ། དེ་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་སྡིག་པ་སོ་སོ་ཡང་བཤགས་པར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་དང་ནོར་བུ་དང་པདྨ་དང་ལས་ཀྱི་རིགས་ལ་ཞུགས་པའི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང་ལྷ་རྣམས་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་མིང་འདི་ཞེས་བགྱི་བ་མདུན་དུ་བགྱིས་ནས། རྡོ་རྗེ་དང་། ནོར་བུ་ དང་། པདྨ་དང་། ལས་ཀྱི་རིགས་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང་ལྷ་ཐམས་ཅད་ཀྱི་མདུན་དུ་སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་མཐའ་ཡས་པའི་འདས་པ་དང་ མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་ ངོ་། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་ གསོལ་བ་འདེབས་སོ་ཞེས་པ་ནི་སྡིག་པ་བཤགས་པ་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་བདག་ཉིད་དབུལ་ལོ། །དུས་ཐམས་ཅད་དུ་བདག་སོ་སོ་ནས་གཟུང་དུ་གསོལ། མགོན་པོ་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་དམ་ཚིག་ཆེན་པོའི་ དངོས་གྲུབ་རྣམས་བདག་ལ་སྩལ་དུ་གསོལ་ལོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བར་གྱུར་ཅིག །འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་བདེ་བ་དང་བཅས་ཤིང་བདེ་བ་དང་བཅས་པའི་ཡིད་ཀྱིས་མིའི་མཆོག་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག །བདག་ཀྱང་དགེ་བའི་རྩ་བ་འདི་ཡི་མྱུར་དུ་སངས་རྒྱས་ནས་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་འཇིག་ རྟེན་དུ་ཆོས་སྟོན་པར་གྱུར་ནས་སྡུག་བསྔལ་མང་པོས་མནར་བའི་སེམས་ཅན་རྣམས་སྒྲོལ་བར་གྱུར་ཅིག །བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །བདག་ཉིད་དབུལ་བ་ལ་སོགས་པའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་རྣམ་གསུམ་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་སོ་སོར་བརྟན་པར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་ གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམས་ཏེ་བདག་གིས་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་བདག་གིས་སོ་སོར་གཟུང་། །སློབ་དཔོན་དག་ཀྱང་བདག་གིས་གཟུང་། །རིན་ཆེན་རིགས་མཆོག་ཆེན་ པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཉིན་རེར་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་བདག་གིས་སྦྱིན། །པདྨའི་རིགས་ཆེན་དག་པ་ལ། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་བདག་གིས་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ ཐམས་ཅད་ཡང་དག་ལྡན། །དེ་ཉིད་སོ་སོར་བདག་གིས་གཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་དཔའ་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སྡོམ་པ་མ་ལུས་བཟུང་བགྱིས་ནས། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་ བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་སྡོམ་པ་བཟུང་བ་སློབ་མས་བརྗོད་པར་བྱའོ། །དེ་ནས་སློབ་མས་འདི་ཉིད་ཀྱིས་གསོལ་བ་གདབ་པར་བྱ་སྟེ། མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་ལས་རྣམས་དང་། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། ། དམ་པ་བདག་ལ་སྩལ་དུ་གསོལ། །དེ་ནས་སློབ་མ་མི་བསྐྱོད་པའི་སྐུར་བསྒོམས་ནས་རྡོ་རྗེ་གནས་པའི་བུམ་པ་རྣམས་སེམས་མ་རྡོ་རྗེ་ལ་སོགས་པ་འཛིན་པ་ལྷག་པར་གྲོལ་བ་རྡོ་རྗེ་ཁུ་ཚུར་གྱིས་ཆུའི་དབང་བསྐུར་བ་འདིས་འཛིན་པ་ལས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་ གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱ་བྷི་ཥིཉྩ་ཧཱུཾ་ཞེས་པས་ཆུའི་དབང་བསྐུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་སྐུར་བསྒོམས་ནས། ཨོཾ་སརྦ་བུདྡྷ་ཙཱུ་ཌ་མ་ཎི་མ་ཧཱ་མུ་ཀུ་ཊ་ཏྲཱཾ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ བཟུང་བའི་བུམ་པའི་ཆུས། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་བཛྲི་ཎི་ཨ་བྷི་ཥིཉྩ་ཧཱུཾ། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །ཨོཾ་བཛྲ་བཛྲི་ཎི་ཧཱུཾ། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་མཐིང་ག་ས་གནོན་གྱི་ཕྱག་རྒྱས་བཞུགས་ པའོ། །ཨོཾ་རཏྣ་བཛྲ་ཎི་ཏྲཾ་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་དྷརྨ་བཛྲི་ཎི་ཧྲཱིཿ། མགོ་བོའི་རྒྱབ་ཏུ་འོད་དཔག་མེད་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་ཀརྨྨ་བཛྲི་ཎི་ཨཿ། རྣ་བ་ གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ་ཞེས་པ་ནི། དབུ་རྒྱན་གྱི་དབང་བསྐུར་པ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སློབ་མ་འོད་དཔག་ཏུ་མེད་པའི་སྐུར་བསམས་ནས། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡིས། །བདག་ གིས་དེ་རིང་ཁྱོད་དབང་བསྐུར། །དེ་འདིར་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །ཐུགས་ཀའི་དང་པོར་རྡོ་རྗེས་རེག་ནས་ལག་ཏུ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སློབ་མ་དོན་ཡོད་གྲུབ་པའི་སྐུར་བསམས་ ནས། ཨོཾ་བཛྲཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་སོ། །ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱའོ་ཞེས་པ་ནི་དྲིལ་བུའི་དབང་བསྐུར་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སློབ་མ་རྣམ་པར་སྣང་མཛད་དུ་བསམས་ནས། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ ནཱ་མཱ་བྷི་ཥེ་ཀ་ཏཿ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་འོག་ས་སྟེངས་མཐོ་རིས་རྣམས་སོ། །ཨོཾ་མགོ་བོར་རྡོ་རྗེ་དང་དྲིལ་བུ་གཟུང་བར་བྱའོ་ཞེས་པ་ནི་མིང་གི་དབང་བསྐུར་བ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དབང་ལྔ་བསྐུར་ བས་སྔགས་ཀྱི་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ལ་རིག་མའི་དབང་ཞེས་བརྗོད་པར་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་སེམས་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ། །སླར་ཡང་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་གདབ་པར་ བྱ་སྟེ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་གྱུར་པ་ཡི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །རྡོ་རྗེའི་གཏེར་གྱིས་བདག་ལ་སྩོལ། །སློབ་མ་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བསྒོམས་ཏེ། ཧཱུཾ་ཛ་བཛྲཾ། དེང་འདིར་སངས་རྒྱས་ཐམས་ཅད་ ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མ་བདག་པོའི་བདག ། བཅོམ་ལྡན་འདས་དང་པོའི་མཆོག་གི་སྐྱེས་བུའོ། །ཨ་ཡིག་ལས་སྐྱེས་པའི་དྲིལ་བུ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧྲཱིཿཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་ནས་སློབ་མས་དྲིལ་བུ་གཟུང་པར་བྱའོ། །དེ་རིང་སངས་རྒྱས་ཐམས་ཅད་ཀྱི། ། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་ཤེས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པ་ཡི་ནི་སྲིད་པར་བྱ། །ཞེས་ པ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །འཁྱུད་པའི་ཚུལ་དུའོ་བྱའོ། །པདྨ་དཀྱིལ་འཁོར་ཞེས་སུ་བརྗོད། །ཡིད་ཀྱི་ དཀྱིལ་འཁོར་མཆོག་ཏུ་ནི། །ཡེ་ཤེས་གཞལ་ཡས་ཁང་པ་ཞེས། །ཐུགས་ནི་ཡང་དག་མཐོང་བར་བརྩེགས། །ཕུང་པོ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་རྣམས་རབ་ཏུ་གྲགས། །ཞེས་པ་ནི་དཀྱིལ་འཁོར་གྱི་དེ་ཉིད་དོ། །དེ་ནས་ཆོས་ཀྱི་འཁོར་ལོ་ རྐང་པ་དག་གི་དབུས་སུ་བཞག་ནས་ལག་པ་གཡས་སུ་དུང་བྱིན་ནས་འདི་ཉིད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ལྷན་ཅིག་པའོ། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །ཀུན་ནས་ཡོངས་སུ་ བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །འཇིག་རྟེན་དུ་ནི་རྟག་ཏུ་སྟོན། །དེ་ཉིད། བྱས་གཟོ་སངས་རྒྱས་ཐམས་ཅད་ཀྱིས། །ཉེ་བར་ཕན་པ་ ཉིད་དུ་གསུངས། །རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས། །ཁྱེད་ཀྱང་ཀུན་ནས་ཀུན་དུ་གསུངས། །སླར་ཡང་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསམས་ནས། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་དུ་ཐམས་ཅད་ནས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་དུ་སློབ་མ་མི་བསྐྱོད་པའི་སྐུར་བསམས་ནས། གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་འཁོར་ལོ་དང་། རིན་པོ་ཆེའི་འཁོར་ལོ་དང་། པདྨའི་འཁོར་ལོ་དང་སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་པའི་ཚིགས་སུ་བཅད་པ་ལྔས་སློབ་ མ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ལས་བྱུང་བ་གང་གྱུར་ཀུན། །སངས་རྒྱས་ཀུན་དངོས་བདག་ཉིད་པས། །རྡོ་རྗེ་མིང་གི་དབང་བསྐུར་བའི། །དེ་བཞིན་གཤེགས་པས་ལུང་བསྟན་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་ རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱེད་འདིར་ལུང་བསྟན་བགྱི། །ཀྱེའི་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཁྱོད་ཀྱི་དམ་ཚིག་འགྲུབ་སྟེ། ཨོཾ་བྷུར་བྷུ་བ་སྭཿ། དེ་ལ་འདིར་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་ བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བྱས་ཤིང་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱའོ། །དེ་ནས་ཡང་དེ་ཉིད་སློབ་མ་རྣམས་ལ་བསྟན་པར་བྱའོ། །གང་འདི་དག་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་རྣམ་པ་ལ་ལུང་བསྟན་པར་བྱའོ། །དེའི་རྡོ་རྗེ་སེམས་དཔའ་ ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ཏེ་དེ་ནི་རྡོ་རྗེ་འཛིན་པ་དང་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ། དམ་ཚིག་གིས་སློབ་དཔོན་མཚུངས་པར་མགྲིན་གཅིག་ཏུ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ། །འདི་ལྟར་འདི་ཉིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བ་མཆོག་གི་དངོས་གྲུབ་ཀྱི་གནས་འདི་ཡང་སྔགས་ཀྱི་སྟོབས་ཀྱིས་ཞེས་དེ་དད་པར་བྱའོ་ཞེས་པ་ནི་ལུང་བསྟན་པའོ། །དེ་ནས་དབུགས་ དབྱུང་བ་ནི་སྦྱིན་པར་བྱའོ། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཧཿ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱེད་ ལ་མེད། །ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱེད་འདས། །རྡོ་རྗེ་དམ་པའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་གིས་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་ནི་ཐེ་ཚོམ་མེད། །དམ་ཆོས་སྤང་བར་བྱ་བ་ནི། །ནམ་དུའང་ བྱ་བ་མ་ཡིན་ཏེ། །མི་ཤེས་པ་ལ་དེ་ནས་ནི། །རྨོངས་པས་མཉན་པར་བྱ་བའང་མིན། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་སྤང་བར་མི་བྱའོ། །སངས་རྒྱས་ཀུན་དང་མཚུངས་པའི་ཕྱིར། །སློབ་དཔོན་འདི་ནི་སྨད་མི་བྱ། །རང་གི་བདག་ཉིད་མནར་གྱུར་པའི། །དཀའ་ཐུབ་བྱེ་བྲག་ ཡོངས་སུ་སྤངས། །མ་འོངས་རྫོགས་སངས་རྒྱས་འགྱུར་བའི། །ཇི་ལྟར་བདེ་བས་བདེ་འགྱུར་གཟུང་། །ད་ནི་སྔགས་དང་རྒྱུད་དག་གིས། །ཁྱོད་ཀྱི་དཀྱིལ་འཁོར་སློབ་དཔོན་གཟུང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་ འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྔགས་ལ་སྒྲུབ་པ་པོ་རྣམས་སྦྱོར། །ཞེས་པ་ནི་དབུགས་དབྱུང་བ་སྦྱིན་པའོ། །དེ་ལྟར་འཇུག་བཞིན་པ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ནི། དེ་ལ་ འདིའི་རིམ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱའོ། །ཕྱི་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། འཁོར་ལོ་དང་། དུང་ལ་སོགས་པའི་ཉེར་སྤྱོད་རྣམས་ཚོགས་པར་གྱུར་ནས་ཤར་གྱི་སྒོར་སེང་ གེའི་ཁྲིའི་སྟེང་དུ་སློབ་མ་བླ་རེས་ཀྱི་འོག་ཏུ་བཞག་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ནས་རྣམ་པར་སྣང་མཛད་དུ་རྣམ་པར་བསྒོམ་སྟེ། དེའི་ངོ་བོ་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལ་གནས་ནས་རང་གི་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱིས་ཡང་དག་པར་བཀོད་དེ་དམ་ཚིག་ སེམས་དཔའི་ཐུགས་ཀའི་སྟེང་ནས་འོད་ཟེར་བྱུང་ནས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་ནམ་མཁའ་ཁྱབ་པས་བུམ་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་གཟུང་བ་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བར་བསམ་པར་བྱའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པའི་ཚིགས་སུ་བཅད་པ་སློབ་དཔོན་རང་ཉིད་ཀྱིས་བརྗོད་ནས་སློབ་མ་ལ་དབང་བསྐུར་བར་བྱའོ་ཞེས་པ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །བུམ་པའི་ དབང་གིས་ལུས་ཀྱི་དྲི་མ་རྣམ་པར་དག་ནས་བུམ་པའི་དབང་ཐོབ་པའི་སློབ་མས་གསང་བའི་དབང་ཞུ་བར་བྱ་སྟེ། ཁྱོད་ནི་སངས་རྒྱས་ཀུན་དང་རྡོ་རྗེ་སེམས་དཔའི་བདེ་སྒྲུབ་པ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྲས་དང་བཅས་རྣམས་ལ། ཀུན་ནས་ཆགས་ཕྱིར་རང་གི་བདེ་བ་ཡིད་འོང་ བདེ་ཆེན་གྱིས། །ཤིན་ཏུ་གདུང་བ་དུས་རིང་པོ་ལ་སྟོང་ཉིད་བསྒོམ་