Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 57

Văn bản gốc(Tây Tạng)

Trang 1 / 23 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་
ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇམ་དཔལ་
གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །སངས་རྒྱས་ཀུན་གྱི་དེ་ཉིད་ཆེ། །བསྡུས་པ་རྟོགས་པ་དགེ་
བ་ནི། །ཅི་ནུས་པར་ནི་རྣམ་པར་དབྱེ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་པར་བྱ་བ་དང་། འབྲེལ་པ་ནི་གང་ཞིག་ཡིན། དེ་བཞིན་དུ་དགོས་པ་དང་། དགོས་པའི་དགོས་པ་ནི་
ཅི་ཞིག་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་འདི་ནི་རྒྱུད་ཡིན་ལ། འདིའི་འདི་སྐད་བདག་གིས་ཞེས་བྱ་བ་ལ་

སོགས་པ་ནི་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོའི་བདག་ཉིད་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་པར་བྱེད་པའི་གླེང་གཞིའི་མདོ་ནི་རྣམ་པར་སྣང་མཛད་དང་རྣམ་པར་
སྣང་མཛད་ཆེན་པོའི་མཚན་ཉིད་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ལ་གདུལ་བྱ་རྣམས་མངོན་པར་འདོད་པ་བསྐྱེད་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །གདུལ་བྱ་རྣམས་མངོན་པར་འདོད་པ་སྐྱེས་པ་རྣམས་ལ་
རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་མངོན་སུམ་དུ་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་
བཀའ་སྩལ་ནས་ཞེས་བྱ་བའི་བར་གྱིས་ཐབས་དང་དེའི་རང་བཞིན་མངོན་སུམ་དུ་བྱེད་པ་བསྟན་པ་ཡིན་ནོ། །དེ་ལ་ཐབས་ཀྱི་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་ཡང་ཏིང་ངེ་འཛིན་ཉིད་ནི་དངོས་སུ་ཐབས་ཡིན་པས་ན། དེ་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་

ཀྱི་རྒྱལ་པོ་མཆོག་སྟེ། ཏིང་ངེ་འཛིན་གསུམ་བསྟན་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནས། གང་གི་མིང་བརྗོད་
པ་དེར་ཀྱེ་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་རྣམས་དང་། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པར་བསྟན་པར་མཛད་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ཉིད་ལ་སློབ་དཔོན་གྱིས་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་
ཀྱི་ཡེ་ཤེས་བཤད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཅི་ཁྱོད་དོན་འབྱུང་བའི་དངོས་གྲུབ་ཀྱི་ཡེ་ཤེས་དང་རྫུ་འཕྲུལ་གྱི་དངོས་གྲུབ་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་ཨཱ་ཧ་ར་ཞེས་བྱ་བའི་བར་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དོན་གྲུབ་པ་ལ་
སོགས་པ་ཡང་སྒྲུབ་པ་པོས་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པས་རང་གི་ལྷའི་རྣལ་འབྱོར་བསྐྱེད་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། སྒྲུབ་པ་པོ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ཕན་ཡོན་བརྗོད་པར་བྱའོ་ཞེས་བྱ་བའི་དོན་འདི་གཉིས་བསྟན་པར་བྱ་བའི་ཕྱིར། དེ་ནས་རང་གི་རིགས་ཀྱི་ལྷའི་
སྙིང་པོ་བྱིན་ལ་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་དྲིལ་བུ་བསྐྱོད་པའོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་བཅིངས་པའི་ཆོ་ག་སྔོན་དུ་འགྲོ་བས་བྱའོ་ཞེས་བྱ་བའི་དོན་འདི་བཤད་པར་བྱ་བའི་ཕྱིར། དེ་
ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྒྱས་པར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནས་བསྒྲུབ་པར་བྱའོ། །དེ་བསྒྲུབ་པར་བྱ་བའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །ཆོ་ག་ཇི་ལྟ་བས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་མདུན་དུ་རྡོ་རྗེ་དབབ་
པ་ཡང་དག་པར་བསྐྱེད་དེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་ང་རྒྱལ་རྣམ་པར་བསྒོམས་ནས་ཕྱག་རྒྱ་དེ་ཡང་རང་གི་ལྷའི་སྐུར་བསམས་ལ། དེ་ལས་རང་གི་ལྷའི་ང་རྒྱལ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་པ་དང་། བདག་ལ་བྱིན་

གྱིས་བརླབ་པ་ལ་སོགས་པ་བྱས་ནས་རབ་ཏུ་ཤིས་པའི་སྒྲ་བརྗོད་པ་སྔོན་དུ་འགྲོ་བས་དོན་སྒྲུབ་པ་ལ་སོགས་པ་བསྒྲུབ་པར་བྱ་བའི་ཕྱིར། བཛྲ་ནི་དྷི་ཞེས་བྱ་བ་ལ་སོགས་པ་བཟླས་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་བཤད་
དེ་ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བཟླས་བརྗོད་དང་སྒོམ་པ་དང་རབ་ཏུ་ལྡན་ཞིང་སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པས་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་ནས། སེམས་བརྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་
ལུས་དང་ངག་དང་སེམས་རྡོ་རྗེར་བྱ་བ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ཆོ་ག་བསྟན་པ་ཡིན་ནོ། །བཟླས་བརྗོད་དང་བསྒོམ་པས་སེམས་དུབ་ན་ཐུན་མཚམས་རེ་རེ་ཕྱག་རྒྱ་དགྲོལ་བའི་ཆོ་ག་རྗེས་སུ་
སྤྱད་ལ་ལྷ་གཤེགས་སུ་གསོལ་བར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་དགྲོལ་བ་སྤྱིའི་ཆོ་ག་བཤད་དོ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུངས་སོ་ཞེས་བྱ་བའི་བར་གྱིས་ཆོ་ག་བསྟན་ཏོ། །རྒྱུད་འདི་ནི་བསྒོམ་
པ་གཙོ་བོར་གྱུར་པ་ཡིན་པས་འདིར་བསྒོམ་པ་ཉིད་ལ་འབད་པར་བྱའི་གྲངས་ཀྱི་བཟླས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་འཐོབ་ཅེས་བྱ་བའི་བར་གྱི་གཞུང་གིས་ནི་འདིའི་
ཅི་འདོད་པའི་བཟླས་པའི་ཆོ་ག་སྟོན་ཏོ། །བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཆོ་ག་དེས་འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བཤད་པར་བྱ་བའི་ཕྱིར། སྙིང་པོ་ཕྱག་རྒྱ་སྔགས་
རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོན་ཏོ། །སྔོན་དུ་བསྙེན་པ་ལ་སོགས་པའི་དུས་དང་དཀྱིལ་འཁོར་གྱི་དུས་སུ་བཟླས་བརྗོད་དང་བསྒོམ་པས་དུབ་པར་གྱུར་ནས་ལྷ་གཤེགས་སུ་གསོལ་བར་འདོད་ན། ཡང་གསང་བའི་མཆོད་པ་

ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་ལྷ་རྣམས་མཆོད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། མཆོད་པ་བྱེད་དུ་བཅུག་ལ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །བརྟུལ་ཞུགས་ཡོངས་སུ་བསྲུང་བས་མངོན་
པར་འདོད་པའི་དངོས་གྲུབ་ཐོབ་པར་འདོད་པས་དངོས་པོ་འདི་ཉམས་སུ་བླང་བ་ནི། ཇི་ལྟར་ཞུགས་པ་རྣམས་ཅི་འབྱོར་པའི་རོ་དང་ཞེས་བྱ་བ་ནས་བརྩམས་ཏེ། མནའི་སྙིང་པོ་ཡང་བསྟན་ཏོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དཀྱིལ་འཁོར་དང་སྔོན་དུ་བསྙེན་པ་ལ་སོགས་པའི་
དུས་སུ་ལྷ་རྣམས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་རྒྱ་དགྲོལ་བའི་ཆོ་ག་རྗེས་སུ་སྤྱད་ལ་གཤེགས་སུ་གསོལ་བར་བྱའོ་ཞེས་བྱ་བའི་དོན་དེ་གསལ་བར་བྱ་བའི་ཕྱིར། དེ་ནས་ཇི་ལྟར་ཞུགས་པ་རྣམས་སླར་བཀྱེ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ལྟར་དཀྱིལ་འཁོར་
ཐམས་ཅད་ལ་བྱའོ་ཞེས་བྱ་བའི་གཞུང་འདིས་བསྟན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་བར་གྱིས་རང་གི་ཕྱག་རྒྱ་བཞི་པོ་དགྲོལ་བ་ནི་རང་གི་དམ་ཚིག་གི་ཕྱག་རྒྱས་གནས་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། ཕྱག་རྒྱ་
རྣམས་དགྲོལ་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྡུས་པའི་དོན་བསྟན་པའོ། །དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པར་བྱའོ། །དེ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་
རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པ་ཡིན་ནོ། །འདིར་ནི་རྡོ་རྗེ་སེམས་དཔའ་དང་བཅས་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་གྲྭ་རྣམས་སུ་དགོད་དོ། །ཞེས་བྱ་བའི་བར་གྱི་གཞུང་གིས་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་
གི་ཏིང་ངེ་འཛིན་ཏོ། །དེ་ནས་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འདྲ་བར་ཤེས་པར་བྱའོ། །གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་

པར་བྱ་བའི་ཕྱིར་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཡང་ཕྱག་ན་རྡོ་རྗེ་གསང་བ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བའི་བར་གྱི་
གཞུང་གིས་ནི་སློབ་དཔོན་གྱི་ལས་རྣམས་དང་། གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྒྱས་པ་བསྟན་པར་མཛད་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་སློབ་དཔོན་གྱིས་ཇི་ལྟར་མངོན་པར་འདོད་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་བསྟན་པར་བྱའོ་ཞེས་
བསྟན་པར་བྱ་བའི་ཕྱིར། དེ་ལ་དང་པོར་རྡོ་རྗེ་གསང་བའི་ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་གུ་ཧྱ་ས་མ་ཡ་ཧཾ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་ཀྱང་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ཏེ་འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བཅིངས་ལ་སྒྲུབ་པ་པོས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་གསང་བའི་ཕྱག་རྒྱ་ཆེན་
པོ་བཅིངས་པ་བསླབ་བོ་ཞེས་བྱ་བ་ནས་བརྩམས་ཏེ། དམ་ཚིག་མཆོག་ནི་ཇི་སྙེད་པ། །གཉིས་སུ་ཕྲལ་ནས་དེ་བཞིན་ནོ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །གསང་བའི་དམ་ཚིག་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་རྣམས་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་སྒྲུབ་པ་པོས་བསྒྲུབ་པའི་དཀྱིལ་
འཁོར་དུ་བཅིང་བར་བྱའི། དུས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདིས་བསྟན་པར་བྱ་བའི་ཕྱིར། དེ་ནས་འདི་རྣམས་བསྒྲུབ་པ་བཤད། །ཅེས་བྱ་བ་ནས་བརྩམས་ཏེ། རྟག་པའི་བདག་པོས་གཏང་ང་རེ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །གཟུངས་ཀྱི་དཀྱིལ་འཁོར་ལས་
གསུངས་པའི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ཐམས་ཅད་བཛྲ་ཧཱུཾ་བནྡྷ་ཞེས་བྱ་བས་བཅིང་བར་བྱ་ཞིང་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་རང་གི་གནས་སུ་ངེས་པར་གྲོལ་བ་ནི། བཛྲ་མུཿཞེས་པས་བྱའོ། །ཕྱག་རྒྱ་དེ་ཐམས་ཅད་རྡོ་རྗེ་རིན་ཆེན་གྱིས་སྔ་མ་བཞིན་དུ་དབང་བསྐུར་བར་

བྱ་བ་ནི། ཨོཾ་དྲྀ་ཌྷ་བཛྲ་ཀ་བ་ཙ་དྷྲྀཀ་ཅེས་བྱ་བས་སོ། །དེ་བཞིན་དུ་དེ་རྣམས་ཀྱི་གོ་ཆ་བཅིང་བར་བྱས་ལ་ཨོཾ་བཛྲ་གུ་ཧྱ་ས་མ་ཡ་ཏ་ལ་ས་ཞེས་བྱ་བས་དེ་རྣམས་མཉམ་པའི་ཐལ་མོ་གསུམ་གྱིས་མཉེས་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་འདི་རྣམས་བཅིང་བ་
ལ་སོགས་པའི་ལས་རྣམས་ཡིན་ནོ་ཞེས་བྱ་བ་ནས། ཨོཾ་གུ་ཧྱ་ས་མ་ཡ་ཏ་ལ་ས་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །གང་ཞིག་ཕྱག་རྒྱ་ཆེན་པོ་ལ་སོགས་པས་འཇིགས་ཤིང་སྐྲག་པར་གྱུར་པས་དེ་ནི་བཅིང་བ་ལ་སོགས་པའི་ལས་རྣམས་བཛྲ་ས་ཏྭ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་དོན་བསྟན་
པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ཅི་དགར་བཟླས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཏོ། །ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ངང་ཞེས་བྱ་བ་ནས་བརྩམས་ཏེ། རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ་བཞུགས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་
འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་པ་དེ་ནི་དེ་བཞིན་དུ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་
ཆེན་པོ་ལ་སོགས་པ་བསྒྲུབ་པ་ནི། ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། ཡེ་ཤེས་དང་མངོན་པར་ཤེས་པ་བསྒྲུབ་པར་བྱ་བའི་ཕྱིར་ཞེས་བྱ་
བ་ནས་བརྩམས་ཏེ། ཡེ་ཤེས་ཀྱི་མཚན་མ་ལག་ཏུ་བྱིན་ནས་ཞེས་བྱ་བའི་བར་གྱིས་གཞུང་གི་བཤད་པས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བསྟན་པར་མཛད་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་སློབ་དཔོན་གྱིས་

ཇི་ལྟར་མངོན་པར་འདོད་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྟན་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རང་གི་སེམས་ལས་སུ་རུང་བར་བྱ་བའི་ཕྱིར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས་བརྩམས་ཏེ། ལས་རྣམས་
ཐམས་ཅད་དེས་གྲུབ་བོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེའི་རྗེས་ལ་ཆོས་ཀྱི་
དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས་བརྩམས་ཏེ། གཉིས་
སུ་བྱས་ནས་སྦྱར་བར་བྱ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ་འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་
འཁོར་ཆེན་པོ་ལས་གསུངས་པ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་མཆོད་པའོ་ཞེས་བྱ་བའི་བར་གྱིས་གཞུང་གི་བཤད་པས་ནི་
ལས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ་བཞིན་དུ་བལྟ་བར་བྱའོ། །ལས་ཀྱི་དཀྱིལ་
འཁོར་ལས་གསུངས་པའི་བསྒྲུབ་པ་ནི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་འདིར་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་མཆོད་པ་བྱེད་པའི་ལས་ཀྱི་དཀྱིལ་འཁོར་རྡོ་རྗེ་

ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ལས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བསྟན་པར་མཛད་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་སློབ་དཔོན་གྱིས་ལས་ཀྱི་དཀྱིལ་
འཁོར་ལས་བཤད་པའི་དངོས་གྲུབ་ཇི་ལྟར་མངོན་པར་འདོད་པ་དག་བཤད་པར་བྱའོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་ཆེན་པོའི་སེམས་བསྒྲུབ་པའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས་བརྩམས་ཏེ། ཀརྨ་བཛྲ་ཞེས་བྱ་བའི་བར་གྱི་གཞུང་གིས་
སྟོན་ཏོ། །ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་དེ་ལས་བཤད་པ་ལྟར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེའི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་
ཆེན་པོ་ལ་སོགས་པ་བཅིངས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཕྲིན་ལས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ནས། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །
ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །ལས་ཀྱི་དཀྱིལ་འཁོར་མདོར་བསྡུས་པའི་དོན་ཏོ། །རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་བཤད་པའི་དོན་བསྡུས་པར་གྱུར་པའི་སེམས་ཅན་བར་མ་ལ་མངོན་པར་སྲེད་པ་
རྗེས་སུ་འཛིན་པར་བྱེད་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་དོན་བརྗོད་པར་བྱ་སྟེ། འདིར་ཡང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་ཞེས་བྱ་བ་ནས་བརྩམས་
ཏེ། ཨོཾ་བཛྲ་ཀརྨ་མུཥྚི་ཧཾ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །རྡོ་རྗེ་དབྱིངས་

ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་ཀྱང་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་བས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་
ཏེ། དཀྱིལ་འཁོར་སྟོན་ཏོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྒྱས་པར་བསྟན་པར་མཛད་པ་ཡིན་ནོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་ལ། སློབ་དཔོན་
གྱིས་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་པའི་དངོས་གྲུབ་གང་ཡང་རུང་བ་བཤད་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་དམ་ཚིག་སྨྲོས་ཤིག་ཅེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་དགོས་མཆོག་དཀྱིལ་འཁོར་རོ། །ཞེས་
བྱ་བའི་བར་གྱི་ཆོ་གས་བསྟན་པ་ཡིན་ནོ། །རྡོ་རྗེ་དབྱིངས་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་སྐད་བཤད་པ་བཞིན་དུ་བསྐྱེད་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་བསྟན་པར་བྱ་
བའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཞི་བསླབས་ནས་ཞེས་བྱ་བ་ལ་སོགས་པ་བསྟན་པར་མཛད་པ་ཡིན་ནོ། །ཇི་ལྟར་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པ། དེ་བཞིན་དུ་དེ་བཞིན་གཤེགས་
པ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་དཀྱིལ་འཁོར་ཡང་དེ་དང་འདྲའོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་དངོས་གྲུབ་ཅེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་བོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་པ་ཡིན་ནོ། །དཀྱིལ་འཁོར་
འདི་དག་ལ་ཕྱིའི་ཡོ་བྱད་མེད་ཀྱང་སེམས་ཀྱིས་བརྟག་པར་བྱའོ་ཞེས་རྣལ་འབྱོར་གཙོ་བོ་ཡིན་པར་བསྟན་པར་བྱ་བའི་ཕྱིར། དེ་ལྟར་རས་དང་རྩིག་པ་དང་ནམ་མཁའ་དང་གནས་ཐམས་ཅད་དུ་བྲིས་ན་དངོས་གྲུབ་ཐམས་ཅད་གྲུབ་བོ་ཞེས་བསྟན་པ་ཡིན་ནོ། །རྒྱུད་འདི་སྒྲུབ་པར་བྱེད་པ་

དག་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ཕན་ཡོན་སྟོན་པར་མཛད་པ་ནི་དཀྱིལ་འཁོར་དུ་ཞུགས་པ་ནས་བརྩམས་ཏེ་ཞེས་བྱ་བ་ནས། ལོ་གཅིག་གིས་མཆོག་འགྲུབ་བོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཏོ། །མདོར་བསྡུས་པ་ལ་
དགའ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་བསྡུས་པར་གྱུར་པ། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས་བརྩམས་ཏེ། བཛྲ་ས་ཏྭ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །
སྔ་མ་བཞིན་དུ་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དུམ་བུར་གསུངས་པའི་དངོས་གྲུབ་ཐམས་ཅད་ཀྱང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་
ཐོབ་བས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་དུས་མ་ཡིན་པར་འཆི་བར་གྱུར་ཏ་རེ་ཞེས་བསྒོ་བར་བྱའོ་ཞེས་བྱ་བའི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ཕྱག་
རྒྱ་གཅིག་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེ་སེམས་
དཔའི་དངོས་གྲུབ་དམ་པ་བསྒྲུབ་པའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྒྱུད་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ནི་དམ་ཚིག་ཡོངས་སུ་སྲུང་བར་བྱེད་པ་ལ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་

བའི་དམ་ཚིག་ཅེས་བྱ་བ་ནས་དམ་ཚིག་གི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བའི་གཞུང་གིས་སྟོན་ཏོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་ཇི་སྐད་གསུངས་པའི་དངོས་གྲུབ་རྣམས་ཀྱང་རང་གི་ལྷའི་ཕྱག་རྒྱ་བཞི་དང་ལྡན་པའི་ལྷའི་རྣལ་འབྱོར་བྱས་ནས་
བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བཅིང་བ་བསླབ་པར་བྱའོ་ཞེས་བྱ་བའི་གཞུང་གིས་སྟོན་ཏོ། །དངོས་གྲུབ་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ནི་སྔ་མ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །
ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བསྡུས་པའི་དོན་ཏོ། །རྡོ་རྗེ་དབྱིངས་ཀྱི་དུམ་བུ་འདི་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་ཞིང་དེ་བཞིན་གཤེགས་པ་རྣམས་ལས་སྐྱེས་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་བཤད་
ཅིང་། འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་སྤྱོད་པ་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བསྒོ་བའི་རྗེས་སུ་འཇུག་པའི་མཚན་ཉིད་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་རྡོ་རྗེ་རིགས་ཀྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་
འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་སེམས་དཔའ་སྤྲུལ་པ་ལ་སོགས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་པར་གྱུར་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་བོ་ཞེས་བྱ་བ་ནས་བརྩམས་ཏེ། རང་གི་རིགས་ནི་སྐྱེད་པར་མཛོད། །ཅེས་བྱ་བའི་བར་གྱི་གཞུང་གིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་སྟོན་ཏོ། །འདིའི་
རབ་ཏུ་དབྱེ་བ་དེའི་རྗེས་སུ་འཇུག་པའི་མཚན་ཉིད་དམ་ཚིག་གི་ཕྱག་རྒྱའི་དབྱེ་བ་བཞི་བརྗོད་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རྡོ་རྗེའི་རིགས་སྤྲུལ་

པའི་ཕྱིར་དང་། བཀའ་བསྒོ་བའི་རྗེས་སུ་འཇུག་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས། ཡང་བཀའ་ནོད་ཅིང་བཞུགས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རྡོ་རྗེ་རིགས་ཀྱི་བདག་པོ་སྤྲུལ་པ་དང་། དབང་བསྐུར་བ་དང་། དེ་བཞིན་གཤེགས་
པ་བཀའ་བསྒོ་བའི་རྗེས་སུ་འཇུག་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། དམ་ཚིག་ཀྱང་ལོང་ཤིག་ཅེས་བྱ་བའི་བར་གྱི་གཞུང་གིས་ནི། ཁམས་གསུམ་པ་དགུག་པ་དང་། བཀའ་བསྒོ་བ་དང་། དེའི་རྗེས་སུ་འཇུག་པ་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་
རྒྱལ་པོ་ཞེས་བྱ་བ་ནས་ལྟ་ཞིང་ལངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་ཁམས་གསུམ་གྱི་འཁོར་ལོ་བཏུལ་བ་དང་། བཀའ་བསྒོ་བ་དང་། ཁམས་གསུམ་པ་བཏུལ་བ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་
བཀའ་སྩལ་པ་ཞེས་བྱ་བ་ནས། ཞབས་ཀྱི་དྲུང་དུ་གཞག་གོ་ཞེས་བྱ་བའི་བར་གྱིས་དབང་ཕྱུག་ཆེན་པོ་ལ་སྲོག་བྱིན་པ་དང་། བཀའ་བསྒོ་བ་དང་། དེའི་རྗེས་སུ་འཇུག་པ་དང་། ཡང་དག་པར་སྦྱངས་པའི་མཚན་མ་དང་། དགུག་པ་རྣམས་སྟོན་པ་ཡིན་ནོ། །དེ་ནས་
བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བདག་ཉིད་ཆེན་པོ་དེ་བཏུལ་ལོ་ཞེས་སྒྲ་ཆེན་པོ་ཕྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་དབང་ཕྱུག་ཆེན་པོ་ལ་ཡང་དག་པར་སྦྱང་བའི་དོན་དུ་ཚར་གཅད་པ་དང་། བཀའ་བསྒོ་བས་དེའི་རྗེས་སུ་འཇུག་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་ལྷ་ཆེན་པོ་ཞེས་བྱ་བ་ནས། མྱ་ངན་ལས་ནི་འདས་པར་གཞག །ཅེས་བྱ་བའི་བར་གྱི་གཞུང་གིས་ནི། དབང་ཕྱུག་ཆེན་པོ་ལ་བབས་པ་དང་། སྡུག་བསྔལ་ཉེ་བར་ཞི་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གསུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བུད་མེད་ཐམས་ཅད་ཀྱིའོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་ཁམས་གསུམ་གྱི་འཁོར་ལོ་མ་ལུས་པ་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་བ་དང་། རང་གི་བཀའ་བསྒོ་བ་ལ་ངེས་པར་སྦྱར་བ་གསུངས་པ་ཡིན་ནོ། །དེ་ནས་བཅོམ་

ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས། རྒྱ་མཚོ་ཆེན་པོར་ལྟུང་ངོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི། འབྱུང་པོ་དང་གདོན་ཐམས་ཅད་དགུག་པ་དང་། བཀའ་བསྒོ་བ་དང་དེ་རྣམས་ཀྱི་དགུག་པ་དང་། འཆིང་བ་རྣམ་པར་སྦྱོང་བ་གསུངས་པ་ཡིན་ནོ། །དེ་ནས་
བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས། ངན་སོང་དེ་རྣམས་རང་གི་གནས་སུ་དོང་ངོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི། མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་དགུག་ནས་བཀའ་བསྒོ་བ་དང་དེ་དགུག་པ་དང་། རང་གི་བསྒོ་བ་ལ་ངེས་པར་སྦྱར་བར་གསུངས་པ་ཡིན་ནོ། །
དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་སླར་དོང་ངོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རིམས་ལ་སོགས་པའི་ནད་ཐམས་ཅད་བཀུག་སྟེ། བཀའ་བསྒོ་བ་དང་། དགུག་ཅིང་དེ་རྣམས་བསལ་བ་སྟོན་ཏོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་
ནས། ངན་སོང་དེ་རྣམས་རྒྱ་མཚོ་ཆེན་པོར་བོར་རོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་ངན་སོང་གསུམ་པོ་དགུག་ཅིང་བཀའ་བསྒོ་བ་དང་། བཀུག་ནས་དེ་རྣམ་པར་སྦྱང་བ་གསུངས་པ་ཡིན་ནོ། །གཞུང་འདི་དག་གིས་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་
བའི་ཏིང་ངེ་འཛིན་གཉིས་པ་བསྟན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་ཀྱང་།
དེ་ལས་གསུངས་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་དེ་ལ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ཁམས་
གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་ག་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ལ་སློབ་དཔོན་གྱིས་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་

པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་རྣམས་བསྐྱེད་དེ། །ཞེས་བྱ་བ་ནས་བརྩམས་ཏེ། ཧཱུཾ་ཧཾ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་
ཆེན་པོ་ལས་གསུངས་པའི་དངོས་གྲུབ་རང་གི་ལྷའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བསྐྱེད་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། སྒྲུབ་པ་པོ་རྣམས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ཕྱག་རྒྱ་རྣམས་ཀྱི་འབྲས་བུ་བཤད་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར།
དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པའོ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་གའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་
པའི་བར་གྱིས་ཁྲོ་བོའི་ཟློས་པ་པོ་རྣམས་ཀྱིས་རྡོ་རྗེ་ཧཱུཾ་མཛད་དུ་བྱས་ནས་ལས་ཀྱི་ཚོགས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་སྤྱིའི་ཕྱག་རྒྱ་བཅིང་བ་བཤད་དོ་ཞེས་བྱ་བ་ནས་བརྩམས་
ཏེ། སྐད་ཅིག་གིས་ནི་སྡིག་དྲལ་ལོ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་བརྟག་པར་བྱ་བའི་ཕྱིར་སྤྱིའི་ཆོ་ག་ནི་དེ་ནས་ཞེས་བྱ་བ་ནས། སྒོ་དབྱེ་བའི་མཆོག་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་
དཀྱིལ་འཁོར་ཆེན་པོར་གསུངས་པའི་མཚན་མ་ཐོབ་ནས་ནི། བརྐྱང་བསྐུམ་གྱི་ཚུལ་དུ་བྱ་སྟེ། ཁྲོ་བོ་ཡི་ནི་སྐད་འབྱིན་ཅིང་། །ཁྲོ་ཞིང་ཁྲོ་བའི་ལྟ་བས་ནི། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་ཏོ། །
ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས། ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བཤད་པར་བྱའོ། །འདིར་

དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཧྲཱིཿཞེས་བྱ་བའི་བར་གྱི་གཞུང་གིས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུངས་
ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། འདིར་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཟུངས་ཀྱི་
དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་བསྒྲུབ་པས་ནི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས། བཛྲ་བནྡྷ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི། སློབ་དཔོན་གྱི་
ལས་ཀྱི་ཆོ་ག་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་སློབ་དཔོན་གྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཇི་ལྟར་འདོད་པ་དེ་བཞིན་དུ་བསྟན་པར་བྱའོ་
ཞེས་པའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཁྲོ་བོའི་གསང་བའི་རྡོ་རྗེའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས། ཧཱུཾ་མ་ནུ་བཛྲ་ཐཱ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་དངོས་གྲུབ་ཇི་ལྟར་འདོད་པ་
གསུངས་པའི་དངོས་གྲུབ་ཀྱང་སྒྲུབ་པ་པོས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྷའི་སྦྱོར་བ་བྱས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་འཆང་ཆེན་པོ་རིགས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་
ཞེས་བྱ་བ་ནས། ཁྲོ་བོའི་ལྟ་བས་ཁྲོ་བོ་དང་ལྡན་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཏོ། །ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་

པའི་དོན་བསྟན་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དང་པོ་སྦྱོར་བ་བསྐྱེད་ནས། རྡོ་རྗེ་ཧཱུཾ་མཛད་དུ་སྤྲུལ་པའི་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས།
ཨོཾ་སུ་སྨ་བཛྲ་མུཥྚི་ཀྵ་ཏ་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བའི་བར་གྱི་གཞུང་གིས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ།
ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྒྲུབ་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་
པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས། རྡོ་རྗེ་ཇི་ལྟ་བ་བཞིན་དུ་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འདིར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །
འདིར་དབང་བསྐུར་བ་དང་དམ་ཚིག་ཐོབ་པ་དེ་རྣམས་ལ་སློབ་དཔོན་གྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་བསྟན་པར་བྱའོ་ཞེས་བྱ་བའི་དོན་འདི་རྟོགས་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ཁྲོ་བོའི་ཡེ་ཤེས་ཕྲ་མོ་རྣམས་སློབས་ཤིག་
ཅེས་བྱ་བ་ནས། ཧཱུཾ་ཧྲྀ་ད་ཡ་ཨཱ་ཀཱཪྵ་ན་ཀྲོ་དྷ་པྲ་བེ་ཤ་ཀཱ་ཡཾ་ཧྲྀ་ད་ཡ་ཙྪིནྡ་བིནྡྷ་ཀཌྜྷ་ཀནྡྷ་ཧཱུཾ་ཕཊ་ཅེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་
པོ་ལས་བཤད་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེའི་འོག་ཏུ་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་བཞི་ལ་སོགས་པ་བཅིངས་ཏེ་བསྒྲུབ་པར་བྱའོ་ཞེས་བྱའོ། །དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་

ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས། ཆོ་ག་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཏོ། །ལས་ཀྱི་
ཕྱག་རྒྱ་གཙོ་བོར་གྱུར་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་ཞེས་བྱ་བ་ནས་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་འཁོད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་
ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྒྲུབ་པ་ནི་ཁམས་གསུམ་རྣམ་པར་
རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་དཀྱིལ་འཁོར་འདིར་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞེས་བྱ་བའི་གཞུང་གིས་ནི་
སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ། སློབ་དཔོན་གྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་
གྲུབ་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་རིགས་ཀྱི་ལས་ཀྱི་ཡེ་ཤེས་རྣམས་བསྐྱེད་དོ་ཞེས་བྱ་བ་ནས། ཨོཾ་བཛྲ་དྷཱ་ར་གུ་ཧྱ་སིདྡྷ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་

རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེའི་འོག་ཏུ་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་
ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པས་བཅིངས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནས། རྡོ་རྗེ་ལས་ཀྱི་ཚུལ་གྱིས་སོ་ཞེས་བྱ་བའི་བར་གྱི་གཞུང་
གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་བསྡུས་པའི་དོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་དོན་བསྡུས་པར་གྱུར་པ་སེམས་
ཅན་བར་མ་ལ་སྲེད་པ་རྣམས་རྗེས་སུ་འཛིན་པར་བྱེད་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱའོ། །འདིར་ཡང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཉིད་ཡིན་
ནོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནས། ཧཱུཾ་བཛྲ་ཀརྨ་གྲཱྀ་ཀི་ཏ་ཅེས་བྱ་བའི་བར་གྱི་གཞུང་གིས་ནི། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལྔ་པོ་
གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་བའི་དཀྱིལ་འཁོར་གྱི་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ཀྱང་གསུངས་པ་ཡིན་ནོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་གསུངས་
པའི་དངོས་གྲུབ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། ཆོ་ག་རྒྱས་པར་བྱ་སྟེ་ཞེས་

བྱ་བའི་བར་གྱི་གཞུང་གིས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་འཇུག་པའི་ཆོ་ག་རྒྱས་པར་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་
དང་དབང་བསྐུར་བ་ཐོབ་པ་ལ་སློབ་དཔོན་གྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་བཤད་པའི་དངོས་གྲུབ་རྣམས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། བཅུག་ནས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་
བསླབ་བོ་ཞེས་བྱ་བ་ནས། ཧོ་བཛྲ་ཀརྨ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་
དེ་ལས་གསུངས་པས་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་དེ་ནས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ལ་སོགས་པ་ཞེས་བྱ་བ་ནས། མཛུབ་མོའི་རྩེ་མོ་གཞག་པའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་
ཕྱག་རྒྱ་བཞིའི་བསྡུས་པའི་དོན་བསྟན་པའོ། །མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པར་བྱེད་པ། ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་གསུངས་པའི་དཀྱིལ་འཁོར་ཐམས་ཅད་བསྡུས་པར་གྱུར་པ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་
འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ཆེན་པོའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རྡོ་རྗེའི་དམ་ཚིག་གི་ཁྲོ་བོའི་དམ་ཚིག་འདི་གསུངས་པ་ཧཱུཾ་ཞེས་བྱ་བ་
འདིས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྡོ་རྗེ་ཧཱུཾ་

མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་
འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་འདིའི་དཀྱིལ་འཁོར་བཤད་པ་ཞེས་བྱ་བ་ནས། ཆོ་ག་རྒྱས་པ་ཐམས་ཅད་བྱས་ཏེ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་
འཁོར་གྱི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དཀྱིལ་འཁོར་དེར་འཇུག་པའི་ཆོ་ག་རྒྱས་པར་སྟོན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སྒྲུབ་པའི་ཡེ་ཤེས་བསྟན་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་
བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ནི། ཁམས་གསུམ་
རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་ཕྱག་རྒྱ་བཞིས་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བསྐྱེད་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་བཞི་བཅིངས་པ་ཇི་ལྟ་བ་བཞིན་དུ་བསླབ་སྟེ། དེ་བཞིན་དུ་དངོས་གྲུབ་ཏུ་
འགྱུར་རོ་ཞེས་བྱ་བས་སྟོན་ཏོ། །དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་རས་ལ་སོགས་པ་བྲིས་པ་དང་ལུགས་མ་ལ་སོགས་པའི་གཟུགས་ཐམས་ཅད་ལ་ཡང་དངོས་གྲུབ་ནི་ཐུན་མོང་ངོ་ཞེས་བྱ་བའི་བར་གྱི་གཞུང་གིས་དོན་འདི་སྔ་མ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་
གཅིག་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །རིགས་འདི་དག་ཐམས་ཅད་ནི་ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་ལྷ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྡོ་རྗེའི་རིགས་འཇིག་རྟེན་གསུམ་གྱི་འཁོར་ལོ་ཕྱིར་མི་ལྡོག་པ་ཉིད་

དུ་འཇོག་པར་བྱེད་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བརྗོད་པར་བྱའོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་རྣམ་པར་བསྒོམས་
ལ། རྡོ་རྗེ་ཧཱུཾ་མཛད་དང་རིན་པོ་ཆེ་དང་། ཆོས་དང་ལས་ཀྱི་ཧཱུཾ་མཛད་སྤྲུལ་ནས་འཇིག་རྟེན་གསུམ་གྱི་འཁོར་ལོ་མ་ལུས་པ་འདོད་པའི་རྒྱལ་པོས་བཀུག་ལ་རང་གི་བསྒོ་བ་ལ་སྦྱར་བ་འདི་ནི་འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་ཞེས་བྱ་བ་ནས། ཨོཾ་བཛྲ་ཀརྨྨ་སཱ་དྷ་ཡ་ཀྲྀཏ་ཅེས་བྱ་བའི་བར་གྱི་གཞུང་གིས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་
སྟོན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་དེ་ལས་གསུངས་
པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་ཇི་ལྟར་རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་
ལས་ཀྱི་ཆོ་ག་དང་། དེར་འཇུག་པའི་ཆོ་ག་རྒྱས་པར་སྟོན་པ་ཡིན་ནོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་ཇི་ལྟར་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར། ཕྱག་རྒྱ་བཅིང་བ་བསྟན་པར་བྱ་བ་དང་། སྒྲུབ་པ་པོ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། ཕྱག་རྒྱའི་ཕན་ཡོན་
བཤད་པར་བྱའོ་ཞེས་བྱ་བའི་དོན་གཉིས་པོ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་བསླབ་པར་བྱའོ་ཞེས་བྱ་བ་ནས་བྲན་གྱི་ཕྱག་རྒྱ་རྣམས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་

དོན་བསྟན་པའོ། །དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ་དེ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་དཀྱིལ་འཁོར་ཆེན་པོ་གསུངས་པ་ཉིད་འདིར་
གཟུང་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་བཛྲ་ཧ་རི་ནི་ཧཾ་ཞེས་བྱ་བའི་བར་གྱི་གཞུང་གིས་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་
གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་སྔ་མ་བཞིན་དུ་ཤེས་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དཀྱིལ་འཁོར་སྒྲུབ་པ་རྣམས་ཀྱང་འཇིག་རྟེན་གསུམ་གྱི་འཁོར་
ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས། དཀྱིལ་འཁོར་རིམ་པ་བཞིན་དུ་བསྟན་ཏེ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་
དང་། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་གསང་བའི་ཡེ་ཤེས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ལ་བསྟན་པར་བྱའོ་
ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དམ་ཚིག་གི་ཕྱག་རྒྱ་གསང་བ་སྨྲོས་ཤིག་ཅེས་བྱ་བ་ནས། རྡོ་རྗེ་འཆང་བས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པ་པོས་ཀྱང་འཇིག་རྟེན་གསུམ་གྱི་
འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དམ་ཚིག་གི་ཕྱག་རྒྱ་བསླབ་པར་བྱའོ་ཞེས་བྱ་བ་ནས། མྱུར་དུ་སྤྲོས་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་

སྟོན་ཏོ། །འཇིག་རྟེན་གསུམ་གྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་
བའི་ཏིང་ངེ་འཛིན་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་པི་པ་པི་པ་ཧཱུཾ་ཕཊ་ཅེས་བྱ་བའི་གཞུང་གིས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོས་ཀྱི་དཀྱིལ་འཁོར་གྱི་
དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་སྔ་མ་བཞིན་དུ་ཤེས་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་
ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཞེས་བྱ་བ་ནས། གདོང་
གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དེར་འཇུག་པའི་ཆོ་ག་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་
འཁོར་ལས་གསུངས་པའི་དངོས་གྲུབ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྷའི་རྣལ་འབྱོར་བྱས་ལ་དེའི་རྗེས་ལ་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཅིངས་ཏེ་བསྒྲུབ་པར་བྱའོ་
ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སློབས་ཤིག་ཅེས་བྱ་བ་ནས། ཆུ་ལས་ལྷག་པའི་རོ་གཞན་མེད། །ཅེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་

དཀྱིལ་འཁོར་བསྡུས་པའི་དོན་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱའོ། །འདི་ཡང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་
འཁོར་ཆེན་པོར་གསུངས་པ་ཉིད་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལས་འབྱུང་བ་ཞེས་བྱ་བ་ནས། རྡོ་རྗེ་བྲན་མོ་རྣམས་ཀྱིའོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་
འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་སྔ་མ་བཞིན་དུ་ཤེས་པར་བྱའོ། །འཇིག་
རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བསྒྲུབ་པ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེས་ཡང་ཞེས་
བྱ་བ་ནས་གདོང་གཡོགས་བཀྲོལ་ཏེ་ཞེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། འཇུག་པའི་ཆོ་ག་རྒྱས་པར་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་
དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྷའི་རྣལ་འབྱོར་བྱས་ནས་དེའི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། གར་གྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་སློབས་ཤིག་ཅེས་བྱ་བ་
ནས་བརྩམས་ཏེ། ལས་བསྒྲུབ་པར་ཡང་ངེས་པར་འགྱུར་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །གཏི་མུག་གི་གཉེན་པོར་གྱུར་པ་པདྨའི་རིགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་བསྡུས་པའི་དོན་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བཤད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དང་པོ་སྦྱོར་བ་བྱས་ལ། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་ལས་ལས་སྤྲུལ་པའི་བར་ཡིན་པར་ཤེས་པར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་ཞེས་བྱ་བ་
ནས། ལྷ་རྣམས་སུ་ཡང་གྱུར་པ་ཡིན་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་སྟོན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ་སྔ་མ་བཞིན་དུ་ལས་
ཀྱི་མཆོག་གི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དེ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒྲུབ་པ་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་
བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་ནས། དེ་ལ་ཆོས་ཉིད་ནི་དེ་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་
གྱི་ལས་ཀྱི་ཆོ་ག་དང་འཇུག་པའི་ཆོ་ག་སྟོན་ཏོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་པདྨའི་
རིགས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ་ཞེས་བྱ་བ་ནས། ལོ་ཀེ་ཤྭ་ར་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་ཕྱག་རྒྱ་བཞིས་

རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ཕྱག་རྒྱའི་ཕན་ཡོན་བཤད་པར་བྱ་བའི་དོན་འདི་གཉིས་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་
ཞེས་བྱ་བ་ནས། ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བསྟན་པའོ། །དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་
པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་ཀརྨ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་དཀྱིལ་འཁོར་
གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་སྟོན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། སྔ་མ་བཞིན་དུ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་
གསུངས་པའི་དངོས་གྲུབ་ནི་དེའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་
ནས། གདོང་གཡོགས་བཀྲོལ་ཏེ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དེ་ནས་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཇི་ལྟར་
འདོད་པའི་དངོས་གྲུབ་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། སྣོད་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྐྱེད་དེ་ཞེས་བྱ་བ་ནས། ཨོཾ་བི་ཤྭ་པདྨ་སན་ཡོ་ག་སཱདྷ་ཡ་སྟཱི་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་

གསུངས་པའི་དངོས་གྲུབ་ཀྱང་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་པདྨའི་རིགས་ཀྱི་གསང་བ་ཞེས་
བྱ་བ་ནས། གསང་བའི་ཁུ་ཚུར་གཉིས་བྱས་པའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་
དོན་བརྗོད་པར་བྱ་སྟེ། དེ་ལ་འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཞེས་བྱ་བ་ནས། ཨོཾ་ཀརྨ་དྷཾ་ཧཱུཾ་ཞེས་བྱ་བའི་
བར་གྱི་གཞུང་གིས་ནི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །འགྲོ་བ་
འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་འགྲོ་བ་འདུལ་བ་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་སྤྱན་རས་
གཟིགས་ཀྱི་དབང་པོ་ཞེས་བྱ་བ་ནས། སྡུག་བསྔལ་བར་གྱུར་ཏ་རེ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། འཇུག་པའི་ཆོ་ག་སྟོན་ཏོ། །འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་དམ་ཚིག་ཐོབ་པ་རྣམས་ལ་ཆོས་ཀྱི་
དཀྱིལ་འཁོར་ལས་གསུངས་པའི་ཇི་ལྟར་འདོད་པའི་དངོས་གྲུབ་སློབ་དཔོན་གྱིས་བསྟན་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ནས། ཨོཾ་ཀརྨ་པདྨ་ཧོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་

བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ནས་དེའི་རྗེས་ལ་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་
ཆེན་པོ་ལ་སོགས་པ་བཅིངས་ཏེ། བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས། ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་
ཏོ། །འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་བའི་དཀྱིལ་
འཁོར་ཆེན་པོར་བཤད་པ་ཉིད་ཡིན་པར་གཟུང་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་བི་ཤྭ་ཀརྨེ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་
གཉིས་པ་སྟོན་ཏེ། དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་དེ་བཞིན་དུ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ནི་འགྲོ་བ་འདུལ་བའི་
ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་ནས། སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བྱ་བའི་བར་
གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་སློབ་དཔོན་གྱིས་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་ཇི་ལྟར་འདོད་པ་བཞིན་དུ་བསླབ་

པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནས། ཨོཾ་མ་ཧཱ་སུ་ཁ་པདྨ་ཀྲྀ་ཏ་ཧཾ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ནི་
འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་དེའི་རྗེས་ལ་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་
བསྟན་པར་བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བསླབ་པར་བྱ་སྟེ་ཞེས་བྱ་བ་ནས། ལས་ཀྱི་ཕྱག་རྒྱ་ཡང་དག་སྦྱར། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །འགྲོ་
བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བསྡུས་པར་གྱུར་པ་བར་མ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པར་བྱེད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་
བའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནས། ཨོཾ་སརྦྦ་མུ་ཁཾ་ཧཱུཾ་ཞེས་བྱ་བའི་བར་གྱིས་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་
ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ལྔ་པོ་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་དུམ་བུ་ལས་གསུངས་
པའི་དངོས་གྲུབ་རྣམས་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་གསལ་བར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་

པོས་ཞེས་བྱ་བ་ནས། མི་བདེ་བ་མ་སྤངས་པར་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་ང་རེ་ཞེས་བསྒོ་ཞིག་ཅེས་བྱ་བའི་བར་གྱི་གཞུང་གིས་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། འཇུག་པའི་ཆོ་ག་རྒྱས་པར་
སྟོན་ཏོ། །འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་རྣམས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར།
དེ་ནས་དེའི་ཡེ་ཤེས་བསྐྱེད་པར་བྱ་ཞེས་བྱ་བ་ནས། ཨོཾ་སཱ་དྷ་ཡ་པདྨ་རཱ་ཀ་ས་མ་ཡ་ཨཱཿཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་
གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིང་བ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །འགྲོ་བ་འདུལ་བའི་
ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །འགྲོ་བ་འདུལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་
པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཚུལ་གྱིས་འགྲོ་བ་འདུལ་བའི་རྣལ་འབྱོར་ཆེན་པོར་བྱས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་ནས་ཧྲཱིཿཞེས་བྱ་བའི་བར་གྱི་གཞུང་གིས་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་

བརླབས་པ་ལ་སོགས་པ་ནི་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ཐམས་
ཅད་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་
ནས། དེ་བཞིན་དུ་བསྒོ་སྟེ་ཞེས་བྱ་བའི་བར་གྱི་གཞུང་གིས་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་
བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསྟན་པར་བྱའོ། །ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་འདུལ་བའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས། དཀྱིལ་འཁོར་དུ་ཡང་དེ་འགྲུབ་བོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །
འགྲོ་བ་འདུལ་བའི་དུམ་བུ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་
ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཅིང་བ་རྣམས་བསླབ་པར་བྱའོ། །དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །དེ་བཞིན་དུ་རས་ལ་སོགས་པ་ལ་ཡང་བྱའོ་ཞེས་བྱ་བ་ནི་ཐམས་ཅད་སྔ་མ་བཞིན་དུ་ཤེས་པར་བྱའོ། །འགྲོ་བ་
འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །རིགས་འདི་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཡིན་ཏེ་དེ་བས་ན་ཆོས་ཀྱི་ཕྱག་རྒྱ་ཞེས་བྱའོ། །སེར་སྣའི་གཉེན་པོར་གྱུར་པའི་སེམས་ཅན་

ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ལས་ཀྱི་ཕྱག་རྒྱ་སྐྱེད་པར་བྱེད་པའི་ནོར་བུའི་རིགས་ཀྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་བའི་དང་པོ་སྦྱོར་བ་བྱས་ལ། རྡོ་རྗེ་
སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡ