Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 49
Văn bản gốc(Tây Tạng)
Trang 17 / 23 (50.000 ký tự/trang)
སྣ་དང་རྣ་བ་འཕྱང་། །རལ་པ་གྱེན་འགྲེང་རལ་གྲི་སོ། །ཐལ་བའི་མདོག་དང་དུད་ཀ་དང་། །དམར་ནག་ཤིན་ཏུ་གནག་པའོ། །རལ་གྲི་དབྱུག་པ་མདུང་དང་སྒྲ་སྟ་དང་། །གཡས་ན་དེ་རྣམས་གཡོན་ན་ཐོད་པའོ། །ཤིན་ཏུ་ འཇིགས་པའི་གནོད་སྦྱིན་ནི། །ཉི་མའི་དཀྱིལ་ན་བརྐྱང་བསྐུམ་བཞུགས། །ཡེ་ཤེས་སྤྱན་དྲངས་མཆོད་ནས་བསྟིམ་པར་བྱའོ། །ཡཀྵ་བི་དྷ་ར་ཎཱ་ཡ་ཧཱུཾ་ཕཊ། ཡཀྵ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་ནཱི་ལཱཾ་བ་ས་ན་ཡ་ཧཱུཾ་ཕཊ། ཡཀྵ་ཨ་པྲ་ཏི་ཧ་ཏ་པཱ་ལ་ཡ་ཧཱུཾ་ཕཊ། གནོད་སྦྱིན་མ་རྣམས་གཡོན་སྐོར་ནས། །འཇིགས་ བྱེད་གནོད་སྦྱིན་གསང་སྔགས་བཟླས། །ཡཀྵ་པ་ར་ཀྲ་མཱ་ཡ་ཕཊ། རཀྵ་ཀྲྀ་ཏཱནྟ་ཡ་ཕཊ། ཡཀྵ་བི་དྷན་ཏ་རཱུ་པ་ཡ་ཕཊ། རཀྵ་རོ་ཥ་ཎཱ་ཡ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་དུ་བཟླས། །དུས་གསུམ་མཆོད་པ་རྣམ་ལྔས་མཆོད། །བཟློག་དང་ལས་བཅལ་མན་ངག་བཞིན། །བགེགས་དང་ལོག་འདྲེན་ལས་བཅོལ་ བྱ། །ཐོད་པ་དུར་དུ་ངེས་པར་གཞུག །བཟློག་ན་ཡུངས་ཀར་རྟགས་ཀྱིས་བརྟག །མི་ལྡོག་རྟགས་སུ་ཤེས་པར་བྱའོ། །ཧཱུཾ་ཞལ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །མཐིང་ནག་མི་འགྱུར་ཐུགས་རྗེ་ཅན། །གནོད་སྦྱིན་གདུག་པ་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ མུཿཞེས་པས་གཤེགས་སུ་གསོལ་ལོ། །བདག་གིས་འགྲོ་ལ་ཕན་ཕྱིར་བརྩམས། །དེས་ནི་འབྲས་བུ་བདེ་ཐོབ་ཤོག །གནོད་སྦྱིན་གྱི་སྒྲུབ་པའི་ཐབས་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་པས་མཛད་པ་རྫོགས་སོ།། །།བལ་པོའི་མཁན་པོ་དེ་བ་ པཱུརྞ་མ་ཏི་དང་། ལོ་ཙཱ་བ་བནྡེ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུཥྨཎྜོཏྶཱ་དྷ་པྲེ་ཏ་པི་ཤཱ་ཙ་ཡེ་བི་ཤོ་དྷ་ཡ་ཧ་ར་སཱ་དྷ་ནཱ་མ། བོད་སྐད་དུ། ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས་ཤེས་བྱ་བ། འཕགས་ པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཕ་རོལ་ཕྱིན་དྲུག་ལྡན། །སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་བའི། །རྡོ་རྗེ་ཅན་ལ་གུས་བཏུད་དེ། །སེམས་ཅན་རྣམས་ལ་ཕན་ཕྱིར་བྲི། །སྔོན་དུ་བསྙེན་པ་རབ་རྫོགས་པས། །ཡན་ལག་ཚོན་སྣས་རབ་བཅིངས་ནས། །ལྷ་ཡི་རྣམ་པ་གསལ་བསྒོམས་ཏེ། །རྟགས་ ནི་རབ་ཏུ་གསལ་བ་བརྟག །བརྟགས་ཟིན་ནས་ནི་སྒྲུབ་པ་བརྩམ། །ས་ཡི་ཆོ་ག་རྫོགས་བྱས་ལ། །སྟ་གོན་ལེགས་པར་རྫོགས་ནས་ནི། །དཀྱིལ་འཁོར་ཐིག་སྐུད་བྱིན་རླབས་གདབ། །ཡེ་ཤེས་ཐིག་གདབ་ས་ཐིག་ནི། །ཚངས་ཐིག་ནས་བཟུང་སྒོ་རྒྱན་བར། །ལེགས་ཤིང་རྫོགས་པར་གདབ་པར་བྱ། ། དེ་ནས་ཚོན་དགྱེ་དབུས་ཉི་དཀྱིལ། །པདྨ་འདབ་བརྒྱད་གེ་སར་བཅས། །ཁ་དོག་སོ་སོ་གྲུ་ཆད་ལྗང་། །རྡོ་རྗེ་ར་བ་ལྷ་སྣམ་རིགས། །མཚན་མ་ས་བོན་རབ་ཏུ་དགོད། །ཤར་ནས་བརྩམས་ཏེ་འཁོར་ལོ་རལ་གྲི་དང་། །དགྲ་སྟ་རྡོ་རྗེ་ཁ་དོག་སོ་སོར་བྲི། །ཤར་ལྷོ་ནས་བཟུང་ལྕགས་ཀྱུ་གྲི་གུག་དང་། །མི་ མགོ་དང་ནི་རྒྱུ་མའི་ཞགས་པ་བྲི། །མཚམས་སུ་གཏོར་མ་ཕྱོགས་སུ་ཐོད་པ་བཀྲམ། །དབུས་སུ་སྐུ་གདུང་གུར་དང་བླ་རེ་བྲེ། །ལྷ་སྣམ་ཕྱོགས་སྐྱོང་གཏོར་མ་སོ་སོར་དགྲམ། །བུམ་པ་ཕྱོགས་བཞིར་ལས་བུམ་ཤར་སྒོར་གཞག །མདུན་དུ་བླ་མ་ཡི་དམ་ལྷ། །སྤྱན་དྲངས་མཆོད་ནས་སྟོང་ཉིད་ བསྒོམ། །དེ་ནས་ཧཱུཾ་ལས་ས་གཞི་ར་བ་གུར་དུ་གྱུར་པའི་རྡོ་རྗེ་མེ་འོད་བཅས། །དེ་ནས་བྷྲཱུཾ་ལས་གྲུ་བཞི་སྒོ་བཞི་རྟ་བབས་བཅས་ཤིང་དབང་པོ་ཉི་ཟླའི་གདན། །དེ་སྟེང་བདག་ཉིད་གསུམ་གྱི་ཚུལ་གྱིས་ཞལ་གསུམ་ཕྱག་དྲུག་བསྐྱེད། །མདུན་དུ་ཧཱུཾ་ལས་དགའ་རབ་དབང་ཕྱུག་ཐོད་ཕྲེང་ཅན་དང་བུམ་རྣ་ཤ་ ཟན་སེན་དགུ་བསྐྱེད། །ཐལ་དཀར་མདོག་དང་གནག་དང་སྔོ་དང་ཤིན་ཏུ་གནག །གཡས་ན་འཁོར་ལོ་རལ་གྲི་དགྲ་སྟ་རྡོ་རྗེ་དང་། །གཡོན་ན་བསྡིགས་པའི་སྡིགས་མཛུབ་བོ། །ཤིན་ཏུ་འཇིགས་པའི་བདག་ཉིད་ཅན། །ཐལ་བས་ལུས་བྱུགས་ཁྲག་འཛག་པའོ། །མཚམས་རྣམས་སུ་ནི་མེ་ཏོག་མ་དང་མཛེས་ལྡན་དང་ནི་འོད་ཟེར་ འཕྲོག་དང་མདངས་འཕྲོག་མའོ། །གཡས་ན་ལྕགས་ཀྱུ་གྲི་གུག་མི་མགོ་རྒྱུ་མའི་ཞགས། །གཡོན་ན་ཐོད་པ་ཁྲག་གིས་བཀང་བའོ། །སྨུག་ནག་མཐིང་ནག་དམར་ནག་ལྗང་ནག་འཇིགས་པའི་གཟུགས་ཅན་བདུད་མོ་བཞིའོ། །ཐུགས་ཀའི་རེ་ཕའི་ཧཱུཾ་ལས་སྤྱན་དྲངས་བསྟིམ་སོགས་རྫོགས་བྱས་ནས། །གསང་བའི་སྔགས་ནི་རབ་ཏུ་ བཟླས། །ཨོཾ་ཀུཥྨཎ་བི་དྷ་ར་ཡ་ཧཱུཾ་ཕཊ། ཌོཏྶཱ་དྷ་ན་ཀྲོ་དྷ་ཡ་ཧཱུཾ་ཕཊ། པྲེ་ཏ་བི་ས་ན་ཡ་ཕཊ། པི་ཤཱ་ཙ་ཧ་ཏ་བ་བ་ཕཊ་སྭཱ་ཧཱ། ཀུཥྨཎ་ཀྲ་མཱ་ཡ་ཕཊ། ཌོཏྶཱ་ཏ་ན་ཀྲི་ཏཱ་ན་ཡ་ཕཊ། པྲེ་ཏ་ཀྲི་ཏཱནྟ་རཱུ་པ་ཡ་ཕཊ། པི་ཤཱ་ཙེ་རོ་ཥ་ཎ་ཡ་ཕཊ་སྭཱ་ཧཱ། ཞེས་པ་བཟླས་ཏེ། སྔོན་དུ་བསྙེན་པས་བསྒྲུབ་བྱའི་རྟགས་ནི་རིམ་པ་དྲུག་པར་བརྟག །རྟགས་བྱུང་བསྐྲད་པའི་ལས་བརྩམ་མོ། ། ཡཾ་ལས་རླུང་བསམས་སྟེང་དུ་བསྐྱེད། །དགུག་ཅིང་ཨུཙྪ་ཏ་ཡས་བསྐྲད། །ལས་བཅོལ་ཕྲིན་ལས་གཞན་ཡང་བརྩམ། །རབས་ཆད་ནག་པོའི་ཐོད་པར་ནི། །གཟུགས་གཞུག་བསད་པས་དུར་ཁྲོད་སྦ། །ཧཱུཾ་མེ་དཔུང་འབར་བ་བརྗིད་པའི་སྐུ། །གད་རྒྱངས་བཞད་མཛད་ཐལ་མོ་རྡེབས། །རྒྱ་མཚོར་ཞབས་ནུབ་དབང་པོ་མནན། །སྐུ་གསུམ་དོན་ལྡན་ཞལ་འཛུམ་ བཞད། །ཕྱག་དྲུག་བདུད་འདུལ་མཚོན་ཆ་འཛིན། །རྡོ་རྗེ་ཅན་ལ་ཕྱག་འཚལ་འདུད། །ཨོཾ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་ནས་བསྡུ་བའོ། །བདག་གིས་གཞན་ལ་ཕན་ཕྱིར་བརྩམས། །དགེ་བ་དེ་ཡིས་འགྲོ་བ་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ནམ་གྲུའི་རིགས་ལས་བྱུང་བའི་སློབ་དཔོན་ཛཱ་བ་རི་པས་མཛད་པའི་བདུད་བཟློག་པའི་ཆོ་ག་རྫོགས་ སོ།། །།བལ་པོའི་བླ་མ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་བ་ལིཾ་དྷཱ་ར་ཎི་བི་དྷི་ནཱ་མ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བསོད་ནམས་འདོད་དང་འདོད་ལ་མཉེས། ། བར་ཆོད་སྤོང་དང་དུག་ཞི་ཕྱིར། །ཐུགས་རྗེ་ཅན་ལ་གུས་བཏུད་དེ། །གཏོར་མའི་ལས་འདི་བརྩམ་པར་བྱ། །དད་ལྡན་བྱང་སེམས་རྣལ་འབྱོར་པ། །སེར་སྣ་མེད་ཅིང་གཏོང་བརྩོན་པས། །བཟའ་བ་བཅའ་བ་འཇིབ་དང་བཏུང་། །རིན་ཆེན་སྣོད་དུ་རབ་ཏུ་བཤམ། །ཧཱུཾ་ཧྲཱིཿཨོཾ་གྱིས་བྱིན་བརླབ་བྱ། །བདུད་རྩི་ཤ་ལྔ་ཅི་འབྱོར་པ། །མཚན་ལྡན་པདྨའི་སྣོད་ དུའོ། །སྔོ་དང་དམར་བའི་དཀྱིལ་འཁོར་གཉིས། །དེ་སྟེང་ཨ་ལས་ཀ་པཱ་ལ། ལྕགས་ཀྱུ་ལྔ་དང་ས་བོན་ལྔ། །དེ་ནས་མདུན་གྱི་བར་སྣང་ལ། །ཟླ་དཀྱིལ་སྟེང་ན་ཡི་གེ་ཧཱུཾ། །དེ་གྱུར་རྩེ་ལྔ་དེ་ཉིད་ཅན། །སྔོ་བསྐྱོད་མེ་འབར་རྫས་རྣམས་ཁོལ། །འོད་ཀྱིས་ཟླ་བ་རྡོ་རྗེ་ཞུ། །ཐིམ་པས་དངུལ་ཆུ་ལྟ་བུར་གནས། །དེ་ཡི་སྟེང་དུ་ཨོཾ་དཀར་པོའི། །འོད་ཀྱིས་གངྒཱའི་ཀླུང་ སོགས་བཀུག །བདུད་རྩི་དྲངས་ཏེ་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབ་བྱ། །དེ་རྗེས་མདུན་གྱི་མཁའ་སྟོང་ལ། །པཾ་ལས་ཆུ་སྐྱེས་འདབ་བརྒྱད་བསྐྱེད། །དེ་དབུས་ཧཱུཾ་ལས་འདོད་ལྷ་བསྐྱེད། །ལྟེ་འཁོར་དག་ལ་ཨོཾ་ལས་ནི། །ཕྱོགས་བཞིར་སངས་རྒྱས་བཞི་ཡང་བསྐྱེད། །འདབ་མ་མཚམས་བཞིར་ཁྲོ་མོ་སྟེ། །གོང་རས་སྒོ་བ་བཞི་པོའོ། ། དམར་བའི་ས་བོན་འདབ་བརྒྱད་དམར། །ཕུཿལས་འདབ་མར་ཀླུ་བརྒྱད་བསྐྱེད། །ཟེ་འབྲུ་བཅུ་དྲུག་སྣ་ཚོགས་ལ། །བདུད་དང་གནོད་སྦྱིན་སྣ་ཚོགས་བསྐྱེད། །རང་གི་སྙིང་གའི་འོད་ཀྱིས་ནི། །འཕྲོས་པས་སངས་རྒྱས་གངྒཱ་ཡི། །བྱེ་སྙེད་དཀྱིལ་འཁོར་ལྷ་ལ་བསྟིམ། །ཀླུ་དང་གནོད་སྦྱིན་བདུད་དང་ནི། །ས་འོག་ས་སྟེང་ས་བླ་ཡི། །ཐམས་ཅད་དེ་གསུམ་དག་ལ་ བསྟིམ། །སྤྱན་ལ་སོགས་པས་དབང་བསྐུར་ཏེ། །སྐུ་དང་གསུང་དང་ཐུགས་ལྷར་གྱུར། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །སངས་རྒྱས་རྣམས་དང་མགྲོན་རྣམས་ཀྱི། །རང་རང་ལྕེ་ལ་རྡོ་རྗེ་ནི། །ཧཱུཾ་ལས་ནས་ཚད་ཙམ་ནི་བསྐྱེད། །རྩེ་མོ་དག་ལ་ཨོཾ་བསམས་ཏེ། །འོད་འཕྲོས་དྲངས་པས་གསོལ་བར་བསམ། །གཉིས་མེད་ཡེ་ཤེས་ཐོབ་འགྱུར་ ཏེ། །ཉི་ཤུ་རྩ་གཅིག་སྔགས་ཀྱིས་མཆོད། །གཙོ་བོ་ཉིད་ལ་གཙོ་བོ་སྟེ། །འཁོར་ནི་སོ་སོའི་སྔགས་རིམ་བཞིན། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། གཉིས་ལ་སྦྱིན་པ་གོང་དང་འབྲེལ། །དེ་ནས་བསྟོད་ཅིང་གསོལ་བ་གདབ། །སོ་སོ་ཡི་ནི་སྔགས་ཀྱིས་ནི། །རང་རང་གནས་སུ་གཤེགས་སུ་གསོལ། །སྤྱོད་ལམ་གྱི་ནི་དུས་དག་ཏུ། ། རང་ཉིད་ལྷ་ཡི་རྣལ་འབྱོར་བྱ། །འདི་ཡིས་ཕན་དང་བསོད་ནམས་ཅི་བསགས་པ། །འབྲས་བུ་མྱུར་ཞིང་ལོངས་སྤྱོད་རྣམས་ནི་ཐོབ། །བགེགས་རྣམས་ཞི་དང་གདུག་པ་ཞི་བྱེད་ཤོག །བདེ་བ་མཆོག་ཆེན་བདག་གིས་ཐོབ་པར་ཤོག །དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ་ནམ་གྲུའི་ རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པ། སློབ་དཔོན་ཆེན་པོ་བྲམ་ཟེའི་བཙུན་པ་ཛཱ་བ་རི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བླ་མ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་ཤེའུ་བཛྲ་དེ་བས་བསྒྱུར་བ་ལས། སླད་ཀྱི་བདག་དགེ་སློང་ཆོས་ཀྱི་བཟང་པོས་བླ་མ་ལ་ཤིན་ཏུ་ལེགས་པར་ཞུས་ཏེ། ཕྲན་བུ་ཚོ་བཅོས་པ་ལགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཀྲ་མ་ཥ་ཊ་ནཱ་མ། བོད་སྐད་དུ། རིམ་པ་དྲུག་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འགྲོ་རྣམས་རྟོག་པའི་ངོར་གྱུར་རྟོག་གནས་ཏེ། །དེ་ལ་རྟོག་ཅིང་དགེ་དང་མི་དགེར་འཛིན། །དུག་དགྲའི་གསེབ་ཐར་ཆུ་སྲིན་ཁ་རུ་ནི། །གྲུ་ཆད་ བཞིན་དུ་དགའ་དང་མི་དགའ་སྟེ། །རྟག་ཏུ་བརྩེ་བས་འཛིན་ཅིང་ང་རོས་འཇིགས། །དེ་ལ་དངོས་པོ་ཀུན་གྱིས་འདུད་ཅིང་འདུད། །བཀའ་དྲིན་ཐོབ་དང་རང་ཉམས་རྟོག་དེ་དྲན། །དེ་འདིར་འདོད་ལྷ་མཉེས་དང་ངེས་འབྱུང་དང་། །སྦྱོར་བ་གཞན་གྱིས་ངེས་པར་འབྱུང་བ་ཡིན། །དང་པོ་གཉིས་ཡིན་ གཉིས་པ་བཞི་རུ་སྣང་། དང་པོ་བཟླས་པ་འགྲུབ་དང་གྲུབ་པའི་རྟགས། །གསང་སྔགས་འགྲུབ་པའི་རྟགས་དང་མཚན་མ་ནི། །གླེགས་བམ་དུ་མ་འཚེར་མཐོང་ལག་གིས་ལེན། །རྔ་ཆེན་དུང་དང་ཆ་ལང་དྲིལ་བུ་དང་། །མཆོད་པའི་སྒྲ་སྒྲོགས་དུ་མའི་གཟུགས་མཐོང་བ། །མཎྜལ་དཀྱིལ་འཁོར་ལས་ བྱེད་ཆོས་འཆད་ཉན། །གླེགས་བམ་ཀློག་ཅིང་དཀྱུས་ལྟར་འདྲི་བ་སྨྲ། །རས་རིས་ལ་ནི་བདེ་གཤེགས་གཟུགས་བརྙན་ནི། །དུ་མ་མཐོང་ཞིང་རྟེན་གྱི་གཟུགས་མཐོང་བ། །རོལ་མོའི་གཟུགས་བྱེད་མཆོད་རྟེན་གདུགས་སོགས་བྱེད། །རྡོ་རྗེ་ལ་སོགས་མཚན་མ་རྙེད་དམ་མཐོང་། །མེ་ཏོག་སྣ་ཚོགས་གསལ་ བར་མཐོང་བ་དང་། །ཉི་ཟླའི་འོད་འབབ་གཟའ་སྐར་གོ་མཐོང་དང་། །མེ་གཏོང་དུ་ལངས་ནམ་མཁའ་ཡང་ནི་འཁྲིགས། །རྫིང་ལ་ཆུ་འདྲེན་ཁྲོན་པ་ལས་ནི་ལེན། །འབྲས་ཀྱི་མྱུ་གུ་བཟང་དང་ལོ་མ་བཟང་། །ཅེ་སྤྱང་ལ་སོགས་ཐུལ་བ་གོས་བཟངས་གྱོན། །རྒྱན་ཆ་བཟང་ཞིང་མཚོན་ཆ་རྣོ་བ་འཛིན། །དེ་རྣམས་བྱུང་གྱུར་ གསང་སྔགས་གྲུབ་པའི་རྟགས། །རྣལ་འབྱོར་པས་གསང་སྔགས་འགྲུབ་པའི་རྟགས་ཀྱི་རིམ་པ་སྟེ་རིམ་པ་དང་པོའོ།། །།མིག་ལ་སོགས་པའི་དབང་པོས་སྲིད་གསུམ་མཐོང་། །ཐོས་དང་སྔ་ཕྱིའི་སྐྱེ་དྲན་རྫས་ཀུན་ལུད། །རས་རིས་བཞད་ཅིང་རོ་སོགས་འོད་འབྱུང་དྲི། །མུན་ནག་མེ་ཏོག་ཆར་འབབ་འཇའ་ཚོན་ སྣང་། །ཚོགས་ན་ཆོས་འཆད་མུན་ནག་གླེགས་བམ་དཔྱོད། །ནམ་མཁའ་སྟོང་ལས་སྣ་ཚོགས་རོལ་མོའི་སྒྲ། །འབྲུག་སྒྲ་གློག་འགྱུ་ཐོག་ཆེན་འབེབས་པ་དང་། །ནམ་མཁའ་སྟོང་ཞིང་སྤྲིན་སྔོན་མཐོང་བ་དང་། །དེ་བཞིན་མཐིང་ནག་སྤྲིན་སྔོན་ངེས་འགྱུར་དང་། །ཉི་ཟླའི་དཀྱིལ་འཁོར་འོད་ལྡན་ས་གཞི་བདལ། ། རས་རིས་ལུགས་མ་ལ་སོགས་བདེ་གཤེགས་གཟུགས། །མཆོད་ཅིང་སྐོར་བ་བྱེད་དང་རྟེན་ལ་སྐོར། །དཀྱིལ་འཁོར་བྲིས་ནས་མཆོད་དམ་དབང་བསྐུར་བ། །མཛེས་པའི་སྣོད་དུ་མེ་ཏོག་སྣ་ཚོགས་ཐུ། །རིན་ཆེན་སྣ་ཚོགས་མེ་ཏོག་བཻཔཱུར་རྙེད། །ཤིན་ཏུ་སྐམ་པའི་ས་ལས་ཆུ་རྡོལ་བ། །བདག་ཉིད་མེ་དཔུང་ནང་ འདུག་སྲོག་ཆགས་ཚིག །ཏིང་འཛིན་གསལ་ཞིང་ཡི་དགས་གཟུགས་ལ་བརྩོན། །དབེན་ཞིང་ཉམས་དགའི་གནས་ནི་དུ་མ་མཐོང་། །རྩེ་གཅིག་པ་ཡི་བསམ་གཏན་བྱེད། །སེང་གེའི་ཁྲི་སྟེང་གནས་པ་རྨི། །ལྷ་ཁང་གནས་གཞི་རྩིག་མཚུངས་དང་། །ཆུ་བོ་ཆེ་དང་རྒྱ་མཚོའི་སྟེང་ནས་འགྲོ། །བར་སྣང་ འཕུར་ཞིང་བསྡིགས་པའི་ལྟོས་འགྲོ་ལེན། །འདི་འདྲའི་རྨི་ལམ་གསང་སྔགས་གྲུབ་པའི་རྟགས། །རྣལ་འབྱོར་པས་གསང་སྔགས་གྲུབ་པའི་རྟགས་ཀྱི་རིམ་པ་སྟེ་གཉིས་པའོ། །།གཉིས་པ་བཞི་པའི་དང་པོའི་མཚན་ཉིད་ནི། །སྦྱོར་བ་གཞན་བྱུང་རྣལ་འབྱོར་ཉིད་ལ་འོང་། །རི་གཟར་དག་ ལ་མི་ཐར་མཐར་ཟད་ལྷུང་། །རི་བྲགས་འཛུལ་འདོད་ཆུ་དོང་ལྷུང་བ་དང་། །ཕྱུགས་ལྷས་འདམ་རྫབ་བཤང་གཅིའི་ནང་དང་ནི། །ཁ་དོག་དམར་དང་སྐྱ་བའི་ཆུ་དག་ལ། །རྩུབ་དང་གནག་པའི་གོས་དང་དམར་བའི་གོས། །ཤིན་ཏུ་ཧྲུལ་པོའི་ཚེ་ཏའི་པགས་པ་གྱོན། །ཤིང་རྩི་རི་ལས་ ལྷུང་དོགས་རྟེན་མེད་འདུག །གཅེར་བུར་འདུག་ཅིང་ལྕག་ལྕིག་ཆུ་ནང་འགྲོ། །གཟུང་འཛིན་ཡོད་པའི་རྟེན་ས་དེ་རུ་ནི། །ཉིན་དང་མཚན་དུ་རྟག་ཏུ་འགྲོ་བ་རྨི། །གླང་ནག་གླང་དམར་བ་ནག་བ་དམར་ཞོན། །རྩུབ་པའི་གོས་གྱོན་ག་ཏ་ལ་ཞོན་པ། །མ་ཧེ་བ་ལང་ཁྱུས་འགྲོ་སོགས་རྨི་ བ། །གནག་དང་བ་ལང་ཁྱུས་འགྲོ་སོགས་མཐོང་དང་། །རྟ་དང་ག་ཏ་མིག་ཟླུམ་ཁྱུས་འགྲོ་སོགས། །བེ་ཏ་ཚེ་ཏ་ཁྱུས་འགྲོ་སོགས་མཐོང་བ། །སེང་གེ་སྤྱང་དང་ཁྱི་སོགས་མཆེ་ཅན་རྨི། །བསེ་དང་བྱི་བ་སྡེར་ཆགས་རྨི་འགྱུར་བའོ། །སྦྱོར་བ་གཞན་གྱིས་གནོད་པ་འགྱུར་བ་རྣལ་འབྱོར་པ་ལ་ <མཆན་‚མཚན་>མ་འོང་བའི་རིམ་པ་སྟེ་གསུམ་པའོ།། །།གཉིས་པའི་བཞི་པ་གཉིས་ཀྱི་མཚན་ཉིད་ནི། །རྣལ་འབྱོར་སྟོབས་ཀྱིས་མི་ཐུབ་མཚན་ཉིད་ནི། །བྱ་དང་བྱི་བ་སྦྲུལ་གདུག་གནས་པའི་མཚོ། །ཆུ་སྲིན་ཉ་དང་ཆུ་སོགས་གནས་པ་དང་། །སྡིག་པ་སྡོམ་དང་རྩངས་པ་རྐང་མངས་དང་། །སྦྲང་བུ་མཆུ་རིངས་ སྲོག་ཆགས་ཕྲ་མོ་རྣམས། །དེ་རྣམས་རྨི་གྱུར་བྲན་རྣམས་སྦྱོར་བ་གནོད། །སྦྲུལ་དང་སྦལ་པ་སྡོམ་དང་སྡིག་པ་དང་། །བྱ་སོགས་ལུས་འབྱར་མཆུས་འདེབས་གཤོག་སྤྲུག་དང་། །བེ་ཏ་ལ་སོགས་རྫི་མེད་མདོག་རྒོད་རྨི། །མི་ཐུབ་རྟགས་ཏེ་བུད་མེད་སྨྱོ་བ་དང་། མི་ཐུབ་ཀུན་ལ་བརྡེག་ འགྱུར་མདོག་རྒོད་མ། །རྒྱན་བཟངས་མཛེས་པའི་སྣོད་དུ་ཟས་སོགས་བཀང་། །རྟག་ཏུ་རྒན་མོར་འོང་འགྱུར་མི་ཐུབ་རྟགས། །ལྟོས་འགྲོས་ལུས་དཀྲིས་ལྡན་ཞིང་མི་ཕྲེལ་དང་། །སྡིག་དང་རྩངས་སོགས་འབྱར་ཞིང་མཆུས་བཙུགས་པ། །སྦྲང་བུ་མཆུ་རིངས་སྲོག་ཆགས་ཕྲ་མོ་རྣམས། །ཁྲག་འཇིབ་ལུས་ ནང་ཞུགས་གྱུར་མི་ཐུབ་རྟགས། །ཆུ་སྲིན་ཉ་སོགས་ཆུ་ཆེན་འཕྱོ་ཞིང་འཁྱུ། །གནག་དང་དམར་སྲོག་ཆུ་ཡིས་ཁྱེར་བ་རྨི། །དེ་ཡང་མི་ཐུབ་རྟགས་ཏེ་བརྩོན་པར་བཟློག །དད་ལྡན་བརྩོན་པས་མི་འགྲུབ་གང་ཡང་མེད། །སྦྱོར་བ་གཞན་ལས་བྱུང་བའི་གནོད་པ་རྣལ་འབྱོར་པའི་སྟོབས་ཀྱིས་མི་ཐུབ་པའི་ རྟགས་ཀྱི་རིམ་པ་སྟེ་བཞི་པའོ།། །།གཉིས་པ་བཞི་པ་གསུམ་པའི་མཚན་ཉིད་ནི། །རྣལ་འབྱོར་རྩལ་གྱིས་ཐུབ་ཅིང་ནོན་པའི་རྟགས། །མ་ཧེ་གནག་སོགས་རྗུད་ཅིང་རིད་པ་དང་། །དུད་འགྲོ་རྣམས་ནི་བཏགས་སམ་བརྟོད་གྱུར་པ། །དུད་འགྲོ་དགྲས་ཁྱེར་བརྟོད་དམ་རྐུན་མོས་ཁྱེར། །དུད་འགྲོ་འཚོ་དང་འབྲས་ཀྱི་ཕུབ་མ་འཆག །དུད་འགྲོ་ འཁོར་དང་རྫི་ཡིས་སྐྱོང་བ་དང་། །དུད་འགྲོ་ཡོར་དང་འགབ་ཐེགས་ཐུབ་པའི་རྟགས། །དུད་འགྲོ་གསད་དང་བཙོས་ནས་ཟ་བ་དང་། །རང་གཞན་མེ་བྱུང་དུད་འགྲོ་ཚིག་གྱུར་དང་། །དེ་ནི་ངེས་པར་དབང་དུ་འདུས་པའི་རྟགས། །བུད་མེད་རྒུད་ཅིང་ངོ་དམའ་ཤི་བ་དང་། །ངུ་ཞིང་རྒྱན་བཟང་གུས་པས་ ཕྱག་བྱེད་དང་། །གནས་ནས་གཞན་འགྲོ་ཐུབ་པའི་རྟགས་སུ་བསྟན། །སྦྲུལ་ལ་སོགས་པའི་སྲོག་ཆགས་དུ་མ་རྣམས། །བསད་དམ་ཟོས་སམ་ཤིའམ་དེད་གྱུར་དང་། །སྐེམ་དང་ཚིག་གྱུར་ཐུབ་པའི་རྟགས་ཡིན་ནོ། །བྱ་དང་བྱི་བ་སྦྲུལ་གདུག་གནས་མཚོ་སྐམས། །བུད་མེད་ཞུམ་ཞིང་ངུ་བ་ཐུབ་པའི་ རྟགས། །སྦྱོར་བ་གཞན་རྣལ་འབྱོར་པའི་རྩལ་གྱིས་ནོན་པའི་ལྟས་ཀྱི་རིམ་པ་སྟེ་ལྔ་པའོ།། །།གཉིས་པ་བཞི་པ་བཞི་པའི་མཚན་ཉིད་ནི། །སྦྱོར་གཞན་རབ་ཏུ་ཁྲོས་པར་གྱུར་པ་ནི། །རང་ཉིད་མི་གཡོ་གནས་ན་གནས་ནས་ནི། །སྤྲུལ་པ་སྣ་ཚོགས་གཟུགས་ནི་སྟོན་ཅིང་ཕྱོགས། །འཁོར་དང་ བཀའ་ཡི་ཕོ་ཉ་འགྱེད་ཅིང་འདུག །རིགས་མཐོའི་འདྲ་འབག་བུ་ཆུང་རབ་བྱུང་གཟུགས། །འོང་གྱུར་ཐང་ལས་སྐྱེས་པའི་ཕོ་ཉ་ཡིན། །དེ་ནི་བཟློག་པར་བྱ་བའི་ཐབས་ནི་གཟུགས། །བློན་པོ་ཡུལ་གྱི་རྒན་རབས་འོང་འགྱུར་དང་། །བྲོད་པ་སྐྱེས་པ་གཞོན་ནུ་བོན་པོའི་གཟུགས། །སྔགས་པའི་གཟུགས་ནི་ འོང་འགྱུར་བྲག་སྐྱེས་ཡིན། །དེ་བཅོས་བྱ་བའི་ཐབས་ནི་བསྟན་པ་ཡིན། །དཀར་དམར་གནག་ཅིང་ཤིན་ཏུ་མང་བ་ཡི། །བ་ལང་འཚོ་ཞིང་ཕྱུགས་ནང་འདུག་པ་དང་། །རལ་པ་བཟང་པོ་བུད་མེད་སྨུག་ནག་དང་། །གཡའ་རི་གངས་རི་ལས་སྐྱེས་ཕོ་ཉ་ཡིན། །དེ་ཕྱིར་ཐབས་ནི་དུ་མ་ཡོད་པར་གསུངས། །བུད་ མེད་གཞོན་ཞིང་རྒྱན་བཟངས་རབ་བྱུང་མ། །མ་དང་སྲུ་མོ་སྲིང་མོ་ནེ་ནེ་མོ་ཡི་གཟུགས། །ཉེ་དུ་ཉེ་འབྲེལ་ཁྲོམ་ཆེན་བུད་མེད་དང་། །བུ་མོ་ཆུང་མ་མཚོ་ལས་སྐྱེས་པ་ཡིན། །དེ་ནི་མནན་པའི་ཐབས་ནི་བྱ་བ་དང་། །དེ་རྣམས་ཞི་འགྱུར་འགའ་ཞིག་དབང་དུ་འདུ། །དབང་དུ་འགྲོ་བ་རྟོག་པའི་ནད་ ལས་ཐར། །ཁྱི་ལ་སོགས་པ་དུད་འགྲོ་ཕལ་ཆེར་ནི། །སྦྱོར་བ་གཞན་གྱི་ཕོ་ཉ་ཡིན་པས་བཟློག །རང་གི་ངོ་བོ་གཙོ་བོའི་གཟུགས་ཅན་ཏེ། །དུད་འགྲོའི་གཟུགས་ལྡན་རྒྱན་ལྡན་དེ་ཉིད་དོ། །ནམ་མཁའི་མཐོངས་ན་གནས་ཤིང་སྤྲུལ་པ་ཡི། །གཟུགས་ནི་མ་ལུས་བརྗོད་ཀྱིས་མི་ལང་སྟེ། །དེ་ཡང་ དཔག་ཏུ་མེད་པའི་མཐའ་མི་རྟོགས། །དེ་ཕྱིར་བདེ་གཤེགས་མཐུ་དང་མཚུངས་པ་ཡིན། །སྦྱོར་བ་གཞན་གྱིས་བཀའི་ཕོ་ཉ་བཀྱེ་བའི་རིམ་པ་སྟེ་དྲུག་པའོ།། །།བླ་མའི་བཀའ་དང་ལྷག་ལྷས་གནང་བ་བྱིན། །འགྲོ་ལ་བརྩེ་བས་རྟོག་པ་ཅུང་ཞིག་སྦྱར། །དེ་ཡི་དགེ་བ་ཅི་བསགས་པ། ། རྟོག་ལ་ངེས་ཤིང་ངེས་རྟོགས་ཤོག །རིམ་པ་དྲུག་པ་ཞེས་བྱ་བ་རྟགས་གསལ་བར་བྱེད་པ། ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་ཝ་རི་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་པུཎྱ་མ་ཏི་དང་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་ དུ། མ་རི་ན་མ་རི་ཨ་མྲྀ་ཏ་ནཱ་མ། བོད་སྐད་དུ། བསད་པ་བདུད་རྩིའི་གསོ་བ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བསད་པ་གསོ་བ་མ་བྱས་ན། །གང་ཞིག་ལ་ནི་སྡིག་པ་དང་། །གང་ཞིག་ཤིན་ཏུ་ཁྲོས་འགྱུར་བ། །དེ་ཕྱིར་གསོ་བའི་ཆོ་ག་དྲན། །རིན་ཆེན་གའུ་པདྨ་ཅན། །དེ་མཚུངས་གའུ་སྟེང་ འགེབས་བྱ། །ཕྱོགས་བཞི་པདྨའི་སྟེང་དུ་ནི། །འབྲས་ཕྱེའི་རྒྱུ་ལས་བྱུང་བ་ཡི། །ཙནྡན་ཆུས་བཀྲུས་སྦྲུས་པ་ཡིས། །རིགས་བཞི་ཀླུ་ཡི་གཟུགས་གཞག་སྟེ། །གདོང་པ་མཚལ་གྱིས་བྱུག་པར་བྱ། །བཙུན་མོ་བཞི་དང་ཁྱེའུ་བཞི། །བུ་མོ་བཞི་ཡི་གཟུགས་ ཀྱང་གཞག །དེ་དག་མཛེས་པའི་གཟུགས་བྱའོ། །པདྨའི་ལྟེ་བར་རིན་ཆེན་ལྔ། །མཚམས་ཀྱི་པདྨ་བཞི་པོ་ལ། །དཀར་སེར་དམར་སེར་བུད་མེད་ཀྱི། །འོ་མ་བཞི་ནི་མཚོ་བཞི་སྟེ། །དེར་ནི་ཀླུ་གཟུགས་སྣ་ཚོགས་གཞག །ལྗང་གུ་དར་གྱིས་སྟེང་དགབ་པོ། །དེ་ནས་ རང་ལྷའི་ས་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་ལས། །འགའ་ཞིག་རྣམ་སྨིན་ལུས་བོར་བ། །བར་དོའི་སེམས་དེ་བཀུག་བྱས་ཏེ། །དྲི་ཆུ་ཡིས་ནི་གཉིས་ཀ་བསང་། །གཟུགས་ལ་བསྟིམ་ཞིང་འོ་མར་བདར། །སྣ་ཚོགས་སྨན་གྱིས་གཏོར་བར་བྱ། །དེ་ལྟར་དགུག་པ་ལན་ གསུམ་བྱ། །དེ་ལྟར་གསོ་བ་ཕྱི་ནང་གཉིས། །རང་ལྷའི་ས་བོན་འོད་འཕྲོས་པས། །འགའ་ཞིག་སེམས་ཀྱི་བག་ཆགས་སྦྱངས། །ལྕེ་ཡི་རྡོ་རྗེ་ལྟེ་བར་ཨ། །ཨ་ཡི་འོད་ཟེར་ཕུས་བཏབ་པས། །འགའ་ཞིག་སེམས་ཀྱི་ཨ་ལ་ཐིམ། །བདུད་རྩིའི་རྒྱུན་ཕབ་སེམས་གསོའོ། །སེམས་དང་ཤེས་པ་ དྲན་གསལ་བསམ། །འཆི་མེད་བདུད་རྩི་འོ་རྒྱུན་འདིས། །ཀླུ་བརྒྱད་འཁོར་བཅས་ཁྱེད་རྣམས་ཀུན། །སེམས་དང་ཤེས་པ་གསལ་གྱུར་ཅིག །ལུས་དང་དབང་པོ་རྒྱས་གྱུར་ཅིག །དྲིན་ལན་དམ་ཚིག་དྲན་གྱིས་ལ། །བཀའ་དང་དམ་ལས་མ་འདའ་བར། །ཤིན་ཏུ་ཁྲོས་པ་ཞི་གྱུར་ཅིག །དེ་ལྟར་ རིམ་པས་ལན་གསུམ་བར། །དེ་ནི་ནང་གི་གསོ་བ་ཡིན། །དེ་ནས་མངར་གསུམ་འབྲས་ཆན་མར། །གསེར་དང་ཁྱི་ཡི་འོ་མ་དང་། །ནཱ་ག་གེ་སར་ལ་སོགས་པའི། །གསོ་བའི་སྨན་ནི་སྣ་ཚོགས་བསགས། །བདུད་རྩིའི་འོ་རྒྱུན་བྱིན་བརླབས་ཏེ། །དེ་ཡི་ཉམས་པ་རྣམས་སོས་བསམ། །གསོ་ སྨན་ལ་སོགས་རིམ་པ་ནི། །མཆོད་ཅིང་འདི་སྐད་བརྗོད་པར་བྱ། །ཧཱུཾ་ང་ནི་ཐུགས་རྗེ་ཆེན་པོ་ཡི། །བ་སྤུའི་བུ་ག་ཐམས་ཅད་ནས། །གསོ་བའི་བདུད་རྩི་རྒྱུན་ཕབ་ནས། །ཀླུ་བརྒྱད་འཁོར་བཅས་ཁྱེད་རྣམས་ཀུན། །དྲག་པོའི་སྔགས་ཀྱི་གཟི་བརྗིད་ཀྱིས། །བསྲེག་དང་བཙོ་བའི་སྡུག་བསྔལ་དང་། ། མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །བསྣུན་ཞིང་གཏུབས་པའི་སྡུག་བསྔལ་དང་། །སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་། །འཆི་མེད་གསོ་བའི་སྨན་ཚོགས་ཀྱིས། །བསྲེགས་ཤིང་བཙོས་པ་སོས་གྱུར་ཅིག །བསྣུན་ཞིང་གཏུབས་པ་སོས་གྱུར་ཅིག །ལུས་དང་དབང་པོ་རྒྱས་གྱུར་ཅིག །མཐུ་སྟོབས་ལྡན་ཞིང་བདེ་གྱུར་ཤོག །སྡུག་ བསྔལ་ཀུན་ལས་ཐར་བར་ཤོག །བྱང་ཆུབ་སེམས་བསྐྱེད་དགའ་སེམས་ལྡན། །དབང་པོ་རྣམས་ཀྱི་སྤྱོད་ཡུལ་དུ། །མཁོ་དགུ་ལོངས་སྤྱོད་ཐམས་ཅད་ནི། །འདོད་པ་ཐམས་ཅད་ལྡན་གྱུར་ཅིག །ཉམས་པའི་ལུས་སོགས་རྒྱས་གྱུར་ཅིག །ཡན་ལག་ཐམས་ཅད་བདེ་གྱུར་ཅིག །ཀླུ་ནད་ཐམས་ ཅད་སོས་གྱུར་ནས། །སྡུག་བསྔལ་ནད་ལས་ཐར་བར་ཤོག །ངན་སོང་གསུམ་ལས་ཐར་ནས་ནི། །ཚངས་པའི་ཚེ་དང་ལྡན་གྱུར་ཏེ། །ཆོས་སྤྱོད་དབང་པོ་ཐུལ་ནས་ནི། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག །འཇིགས་པ་ཀུན་ལས་སྐྱབས་ལྡན་ཤོག །ལོངས་སྤྱོད་ཆེན་པོ་ཐོབ་གྱུར་ཅིག །སྔགས་ དང་སྨན་སོགས་བྱིན་རླབས་ཀྱིས། །ནད་དང་ཉེར་འཚེ་ཀུན་སོས་པས། །དྲིན་ལན་དམ་ཚིག་དྲན་པར་གྱིས། །ཕྱག་ན་རྡོ་རྗེའི་བཀའ་མ་འདའ། །ཞེ་སྡང་གདུག་པ་ཞི་གྱུར་ལ། །དེ་རིང་ཆེ་གེ་མོ་ལ་ནི། །བསམ་ངན་སྦྱོར་རྩུབ་ཞི་གྱུར་ཅིག །ཀླུས་བྱས་བཅིངས་པ་གྲོལ་གྱུར་ཅིག །ལེགས་ བསམས་ཐམས་ཅད་འགྲུབ་པ་དང་། །དར་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ནཱ་ག་རཱ་ཛ་ཕུཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པའི་ཚིག །རིམ་པས་ཀུན་ནས་གདགས་པར་བྱ། །གདེངས་ཀའི་ཕྱག་རྒྱ་བཅས་ནས་ནི། །དམ་ཚིག་འདི་ཡིས་བསྒྲག་པར་བྱ། །ཧཱུྃ་ང་ནི་ཕྱག་ན་རྡོ་རྗེ་སྟེ། །ཀླུ་བརྒྱད་འཁོར་དང་བཅས་ པ་ཉོན། །ཆོས་བཤད་བདེན་པ་མི་ཉན་དང་། །རིག་སྔགས་རྒྱལ་པོའི་བཀའ་བཅག་ན། །གསོ་བའི་སྨན་ནི་ཐམས་ཅད་ཀུན། །མཚོན་ཆའི་ཆར་དུ་གྱུར་ནས་ནི། །ལུས་ཀྱི་གནད་ལ་གཟིར་བར་བྱེད། །བསད་ཅིང་བཅད་ཅིང་དུམ་བུར་འགྱུར། །མངར་གསུམ་ལ་སོགས་གཏོར་མ་ཡང་། ། དུག་ཆེན་ཧ་ལར་གྱུར་ནས་ནི། །མྱོས་དང་རྨོངས་པར་གྱུར་ནས་ནི། །ཚ་བ་ཆེན་པོས་གཟིར་བར་བྱེད། །དེ་བས་དུས་རྣམས་ཐམས་ཅད་དུ། །དམ་ཚིག་འདི་ནི་རྟག་ཏུ་སྲུངས། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་ས་མ་ཡ་ནཱ་ག་རཀྵ་རཀྵ་ཧཱུཾ་ཕཊ། །དེ་འདྲའི་མཆོད་པ་གསུམ་བྱས་ཏེ། །དཀར་གསུམ་ མངར་གསུམ་གཏོར་མ་ནི། །ཆོ་གའི་རིམ་པས་གཏང་བར་བྱ། །དེ་ནི་ཕྱི་ཡི་གསོ་བ་ཡིན། །ཉམས་དགའ་བ་ཡི་གཞལ་ཡས་ཁང་། །འཛམ་གླིང་ཕོ་བྲང་ཆེན་པོ་སྟེ། །རྟེན་ཡོད་གནས་སུ་དམ་དུ་སྦ། །ཐམས་ཅད་ཞི་བར་འགྱུར་བ་ཡིན། །གསོ་བའི་དེ་ནི་རིམ་པ་ སྟེ། །ཆོ་ག་འདི་ནི་ཤིན་ཏུ་ལེགས། །བདག་གིས་མན་ངག་རིམ་པ་འདི། །གང་ཞིག་འགའ་ལ་ཕན་ཕྱིར་བྱས། །ཟླ་བ་ལྟ་བུ་གང་ཐོབ་དེས། །འགྲོ་རྣམས་རྟོག་པའི་ནད་གྲོལ་ཤོག །བསད་པ་གསོ་བའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དུ་ཧི་ཨ་མྲྀ་ཏ་པཱུ་ཛ་ནཱ་ མ། བོད་སྐད་དུ། བདུད་རྩི་འོ་མའི་མཆོད་པ་ཞེས་བྱ་བ། རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཉོན་མོངས་དུག་རྣམས་འཇོམས་མཛད་པའི། །བདུད་རྩི་ལྟ་བུ་ཁྱོད་ལ་འདུད། །འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །བསད་པ་གསོ་བའི་ཐབས་འདི་བྲི། །གསེར་ཟངས་ལ་སོགས་སྣོད་དུ་ བཤམ། །ས་བོན་གསུམ་གྱིས་བྱིན་གྱིས་བརླབས། །རྗེས་སུ་གཟུང་ཕྱིར་སྐུ་བསྐྱེད་ནས། །དེ་ནས་དེ་ལ་མཆོད་པ་འབུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཧཱུཾ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །གཟུང་འཛིན་དྲི་མའི་སྐྱོན་སྤངས་ནས། །མཉེས་པས་སྐུ་གསུང་ཐུགས་ལ་དབུལ། ། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་མ་ཧཱ་ཀཱ་ཡ་ཨཱ་ཧ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་མཆོད་ཡོན་དབུལ། ཧཱུཾ་མེ་ཏོག་དམ་པ་འདི་དག་དང་། །དེ་བཞིན་མཛེས་པའི་མེ་ཏོག་རྣམས། །བདེ་གཤེགས་ཐུགས་ལ་དབུལ་བར་ བགྱི། །ཆགས་མེད་ཐུགས་རྗེས་བཞེས་སུ་གསོལ། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་བདུག་སྤོས་དམ་པ་འདི། །གཙོ་འཁོར་བཅས་ལ་དབུལ་བར་བགྱི། །རྟོག་མེད་ཐུགས་རྗེས་བཞེས་སུ་གསོལ། །ཨོཾ་ བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། །མུན་པའི་ཕྱོགས་ནི་འཇོམས་བྱེད་ཅིང་། །ཕྱོགས་བཅུ་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཡེ་ཤེས་ཐུགས་མཆོག་བཞེས་སུ་གསོལ། །ཨོཾ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་ དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །དྲི་མཆོག་དམ་པ་འདི་དག་ནི། །རང་རང་ཐུགས་ལ་དབུལ་བར་བགྱི། །ཀུན་བཟང་ཐུགས་རྗེས་བཞེས་སུ་གསོལ། །ཨོཾ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཁ་དོག་དྲི་དང་ལྡན་པའི་མཆོག །བཟའ་བའི་ མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །རང་རིག་ཡེ་ཤེས་བརྙེས་ལ་དབུལ། །ཨོཾ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་པཱུ་ལཱཾ་ཛ་ཡན་ན་པྲ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། བླ་མེད་ཐེག་པ་མཆོག་གི་དོན་སྟོན་པ། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་ སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །ཐུགས་ཀྱིས་འགྲོ་ལ་མངའ་བརྙེས་འདི་བཞེས་ཤོག །ཨོཾ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ནོར་རྒྱས་དང་ནི་དུང་སྐྱོང་དང་། །དགའ་བོ་དང་ནི་འཇོག་པོ་དང་། །པདྨ་དང་ནི་ཆུ་ལྷ་ དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་ལ། །བདུད་རྩི་འོ་མའི་མཆོད་པ་འབུལ། །ཀླུ་ཡི་ནད་ལས་ཐར་གྱུར་ཅིག །གནོད་སྦྱིན་ནད་ལས་ཐར་གྱུར་ཅིག །བདུད་ཀྱི་ནད་ལས་ཐར་གྱུར་ཅིག །རྫས་སྦའོ། །དཔལ་ཕྱག་ན་རྡོ་རྗེའི་མཆོད་པའི་རིམ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་ག་ཀརྨ་ཀྲོ་དྷ་མ་ར་ན་ནཱ་མ། བོད་སྐད་དུ། ཀླུ་ཁྲོ་བོས་གསད་པའི་ཕྲིན་ལས་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་བསྙེན་བཟླས་པའི་རྟགས་བྱུང་ན། །འགའ་ཞིག་དབང་དུ་བསྡུ་དགོས་པས། །དེ་དབང་བྱ་ཕྱིར་མན་ངག་རིམ། །མགོན་ལ་ལུས་བཏུད་མན་ངག་དྲན། ། དུར་ཁྲོད་ལ་སོགས་གནས་དག་ཏུ། །སྔོན་དུ་བསྙེན་པ་རྫོགས་པ་ཡི། །ནག་པོའི་ཕྱོགས་ཀྱི་ཟླ་བ་ལ། །བདུན་དང་དགུ་དང་ལྔ་དུས་ལ། །དཀྱིལ་འཁོར་གྲུ་གསུམ་ཁྲུ་གང་ཚད། །མགོ་ནི་ལྷོ་རུ་བསྟན་པར་བྱ། །སྦྲུལ་དང་སྦལ་པའི་ཤ་དང་ནི། །སྐེ་ཚེ་ཇུ་ཚེ་ཁྲེ་དང་ཏིལ། །ཐལ་བ་ས་དང་ལན་ཚྭ་ དང་། །བུ་རམ་འབྲས་ཕྱེ་རྣམས་ལས་ནི། །སོར་བརྒྱད་ཚད་ཀྱི་སྨད་འཁྱིལ་བ། །དགུ་དང་བདུན་དང་ལྔ་དང་གསུམ། །ཀླུ་ཡི་རྒྱལ་པོའི་གཟུགས་བྱས་ཏེ། །མཐིང་ནག་ཧཱུཾ་ཕཊ་སྙིང་གར་གཞུག །གྲུ་གསུམ་ནང་དུ་མགོ་བོ་ལྷོར། །བསྟན་ཏེ་གན་རྐྱལ་ལྟ་བུར་གཞག །དེ་ལྟར་རྫས་རྣམས་ བསགས་ནས་ནི། །ལྷ་ཡི་རྣལ་འབྱོར་བདག་ལྡན་པས། །ལྕགས་ཀྱུ་ལྔ་དང་ས་བོན་ལྔ། །འདོད་པའི་ལྷ་ལ་དབུལ་བ་སྟེ། །སྦྲུལ་དང་སྦལ་པའི་ཤ་ཁྲག་སོགས། །བསྒྲུབ་བྱ་དེ་ཉིད་ལ་ནི་སྦྱིན། །རྟ་ཤ་ལ་སོགས་སྣ་ཚོགས་ཤ །ནང་གི་བཀའ་སྲུང་རྣམས་ལ་སྦྱིན། ། འབྲས་ཆན་ལ་སོགས་གཏོར་མ་ནི། །ཕྱི་ཡི་བསྟན་སྲུང་རྣམས་ལ་སྦྱིན། །བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ། །ས་བོན་ལས་ནི་སྣ་ཚོགས་པའི། །ཁྲོ་བོ་མཚོན་ཆ་འཛིན་པ་ཡིས། །བསྒྲུབ་བྱའི་ཆོ་ག་དང་བྲལ་ནས། །དྲངས་ཏེ་ས་བོན་ལ་ནི་བསྟིམ། །སྔ་མའི་ས་བོན་ཉིད་གྱུར་པས། །འགུགས་ པར་བྱེད་པའི་ས་བོན་བྱུང་། །ཛཿཧཱུཾ་བཾ་ཧོཿནཱི་ལཱཾ་བ་ར་བཛྲ་པཱ་ཎི་ཨཾ་ཀུ་ཤ་ཛཿཨཱ་ཀཪྵ་ཡ་ཆེ་གེ་མོ་ཧཱུཾ་ཛཿཧཱུཾ་ཕཊ། གསང་སྔགས་འདི་ནི་བརྗོད་པ་ལས། །ལྕགས་ཀྱུ་ཐོགས་པའི་ལྷ་མོ་ནི། །དཔག་ཏུ་མེད་པ་བཀུག་པར་བསམ། །ཛཿཧཱུཾ་བཾ་ཧོཿནཱི་ལཱཾ་བ་ར་བཛྲ་པཱ་ཎི་ཆེ་གེ་མོ་པྲ་བེ་ཤ་ཡ་ཕཊ། གཟུགས་བརྙན་ཁ་ཕྱེ་བསྟིམས་ལ་གཞག །སྣ་ཚོགས་ནད་ཀྱིས་གཟིར་བ་དང་། །ལུས་འདར་སེམས་ནི་གདུང་བར་བསམ། །སྟ་རེ་ལ་སོགས་མཚོན་གྱིས་གཟིར། །རླུང་ནག་གིས་གཡེངས་གྲང་བས་ཁྱབ། །གཅན་གཟན་སོགས་ཀྱིས་ལུས་ཟོས་བསམ། །དམ་ཚིག་བསྲུང་ཕྱིར་གཏོར་ མ་སྦྱིན། །དེ་ནས་ཕུར་བུ་མཚོན་ཆ་ཐོགས། །གསད་ཐབས་གསུམ་གྱིས་གསད་པར་བྱ། །གནས་བདུན་དུ་ནི་ཕུར་བུས་གདབ། །ཧཱུཾ་ང་ནི་ཕྱག་ན་རྡོ་རྗེ་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །གདུག་པ་འདུལ་ཕྱིར་དབང་བསྐུར་བས། །སྟོབས་ཆེན་ཕྱིན་ལས་དྲག་པོ་ཡིས། །སྐད་ ཅིག་ཙམ་ཡང་མི་གནས་ཕྱིར། །ལུས་ཀྱི་གནད་དུ་གཟིར་བར་གྱིས། །ཨོཾ་ནཱི་ལཱཾ་བ་ར་བཛྲ་པཱ་ཎི་ཆེ་གེ་མོ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། གསང་བའི་བདག་པོར་བཀའ་སྲུང་ཕྱིར། །གསང་བའི་དམ་ཚིག་བསྟན་པར་བྱ། །ཨོཾ་ནཱི་ལཱཾ་བ་ར་བཛྲ་པཱ་ཎི་ས་མ་ཡེ་ཧཱུཾ་ཕཊ། ཕྱག་ན་རྡོ་རྗེའི་དམ་ ཚིག་སྟེ། །ཕུར་པའི་ལྷ་དང་ཆེ་གེ་མོ། །དམ་ཚིག་གཉན་གྱིས་མ་འདའ་བར། །ཅི་བསྒོ་ཐམས་ཅད་མཉན་པར་གྱིས། །ཧཱུཾ་ང་རོ་སྟོབས་ཆེན་དྲག་པོའི་སྒྲ། །གདུག་པ་གང་ཞིག་འདའ་མི་བྱེད། །ང་ཡི་མཐུ་སྟོབས་དྲག་པོའི་སྒྲ། །མགོ་བོ་ཚལ་པ་བརྒྱ་རུ་འགེམས། །ཉོན་ཅིག་ལྟོས་འགྲོ་ ཐམས་ཅད་ཀུན། །མཐུ་སྟོབས་དྲག་པོའི་བཀའ་མ་འདའ། །ཨོཾ་ནཱི་ལཱཾ་བ་ར་བཛྲ་པཱ་ཎི་ཆེ་གེ་མོ་ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། ཙྪིནྡ་ཙྪིནྡ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཧཱུཾ་རྡོ་རྗེ་ཆེན་པོ་རབ་འབར་ཐོ། །བཀའ་ལས་འདའ་བྱེད་ཆེ་གེ་མོ། །རྡོ་རྗེ་ཆེན་པོས་སྙིང་བསྲེགས་ནས། །ལུས་སེམས་ཕྲ་རབ་རྡུལ་དུ་རློག ། རྡོ་རྗེ་ཐོ་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་གཏམས་བྱས་ནས། །ལྷ་ཡང་ཐལ་བར་རླག་བྱེད་འགྱུར། །ལྷ་ཡི་ཆེ་གེ་མོ་དེས་གསོད། །ཨོཾ་ནཱི་ལཱཾ་བ་ར་བཛྲ་པཱ་ཎི་ཆེ་གེ་མོ་ཧ་ན་ཧ་ན། ཧ་ས་ཧ་ས་དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧཱུཾ་ཕཊ། ཏདྱ་ཐཱ་ཧཱུཾ་ཕཊ། རིམ་པས་གཏོར་མ་འདི་སྦྱིན་ནོ། ། བདག་མེད་དངོས་པོས་བཏབ་ཅིང་དབུལ། །ངེས་པར་སོད་ནས་མནན་པ་བྱ། །དཀོན་མཆོག་གསུམ་ལ་སྡང་བའི་དགྲ། །མན་ངག་རིམ་པས་གསད་པར་བྱ། །ཐོས་པ་མང་ཞིང་ཤེས་རབ་ཅན། །བླ་མ་ལ་གུས་སེར་སྣ་མེད། །ཡིན་གྱི་གཞན་དུ་སྦྱིན་མི་བྱ། །བག་མེད་པས་ནི་གལ་ཏེ་བྱིན། ། འབྲས་བུ་མི་འདོད་སྣ་ཚོགས་ནི། །ཚེ་འདི་ཉིད་ལ་མྱོང་བར་འགྱུར། །སྡང་དང་གདུག་པས་ཟིན་པའི་ཐབས། །ཟབ་མོའི་མན་ངག་ཅུང་ཟད་སྨྲས། །དེ་ཡི་བསོད་ནམས་ཅི་བསགས་པ། །སྡང་དང་གདུག་པ་འདུལ་བར་ཤོག །།སློབ་དཔོན་ཛཱ་བ་རི་བའི་ཞལ་སྔ་ནས་མཛད་པའི་ཁྲོ་བོས་གསད་ པའི་ཕྲིན་ལས་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བཅོས་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་ག་ཀུ་ལ་ཙ་རི་སྟཾ་བྷ་བི་དྷི་ནཱ་མ། བོད་སྐད་དུ། ཀླུ་རིགས་བཞི་མནན་པའི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་དབང་ དུ་འདུས་གྱུར་པས། །བསྐལ་པ་བྱེ་བའི་མཐའ་རུ་ཡང་། །ལྡང་བར་མི་ནུས་བྱ་བའི་ཕྱིར། །རྡོ་རྗེ་ཅན་ལ་གུས་བཏུད་ནས། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དེ་ཡི་མནན་པའི་ཆོ་ག་བསྟན། །གསེར་ལས་བྱས་པའི་མཆོད་རྟེན་ནམ། །ཡང་ན་རིན་ཆེན་ལྔ་ལས་བྱས། །ཁྲུ་གང་ཚད་ཀྱི་ མཆོད་རྟེན་བརྩིག །བུམ་པ་ཁོག་སྟོང་བྱས་པའི་ནང་། །ཀུ་ལ་ཙ་རིའི་གཟུགས་བྱས་ཏེ། །ཁོང་སྟོང་ཕྱོགས་བཞིར་དགོད་པར་བྱ། །དེ་འོག་ཕྱོགས་བཞིའི་རྨང་དུ་ནི། །ཀུ་ལ་ཙ་རིའི་བྲན་རྣམས་གཞུག །དེ་ནས་ལྷ་ཡི་རྣལ་འབྱོར་གྱིས། །ཕྲེང་བའི་སྔགས་ཀྱིས་བཟླས་པ་ལས། །སྔགས་ཀྱི་འོད་ཟེར་ ལྕགས་ཀྱུ་ཡིས། །བསྒྲུབ་བྱ་བཀུག་སྟེ་གཉིས་མེད་བསྟིམ། །ཡང་ན་རང་ལྷའི་ས་བོན་ལས། །ཁྲོ་བོ་སྣ་ཚོགས་སྤྲོས་པ་ཡིས། །བསྒྲུབ་བྱ་བཀུག་སྟེ་སྔ་མ་བཞིན། །མངོན་སུམ་ལྟ་བུར་ཁུགས་པར་བསམ། །ཀུ་ལ་ཙ་རིའི་སྤྱི་སྟེང་དུ། །རྡོ་རྗེ་རྒྱ་གྲམ་མེ་རི་འབར། །དེ་ཡི་ལྟེ་བའི་ དཀྱིལ་དུ་ནི། །མི་འཁྲུགས་རྒྱལ་པོ་གཡོན་བརྐྱང་བཞུགས། །བསྐལ་པའི་མཐའ་རུ་མནན་པར་བསམ། །དེ་ནས་བདུད་རྩི་ལྔར་བཅས་པ། །རང་གི་འདོད་པའི་ལྷ་ལ་དབུལ། །དམ་ལ་གནས་པར་བྱ་བའི་ཕྱིར། །སྦྲུལ་དང་སྦལ་པའི་ཤ་དང་ཚིལ། །གླང་དམར་བ་དམར་ལ་སོགས་པའི། །ཁྲག་ ལ་སོགས་པ་རྣམས་ཀྱིས་ནི། །བསྒྲུབ་བྱ་ལ་ནི་གཏོར་མ་སྦྱིན། །དབྱར་གྱི་ཁྱིམ་གསུམ་ཐ་མ་ཡི། །དྲུག་གཉིས་བཞི་ཡི་ཉིན་ཕྱེད་ན། །སྒྲུབ་ཁང་ཐེམ་རྩའི་འོག་ཏུ་ནི། །ཤིན་ཏུ་དམ་པར་སྦ་བར་བྱ། །ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེ། །རབ་ཏུ་ཁྲོས་པའི་མཐུ་སྟོབས་ཀྱིས། །རི་རབ་ཀླད་ལ་བསྐོར་ནས་ནི། ། དེ་འོག་ཀུ་ལ་ཙ་རི་ནི། །རིགས་དེ་རྣམས་ནི་མནན་བྱས་ཀྱིས། །ཐར་བ་ཡི་ནི་དུས་མེད་པར། །དམ་ཚིག་གཉན་གྱིས་མ་འདའ་ཅིག །ཉེས་པ་འདི་ལས་མ་ལྡོག་ཅིག །ལུས་འདི་རུལ་ཅིང་མྱགས་གྱུར་ནས། །སྙིང་ནི་འགེམས་ཤིང་ཟགས་པར་བྱེད། །ཚེ་ཡི་འདུ་བྱེད་བྱས་ནས་ ནི། །མནར་མེད་པར་ནི་འགྲོ་བ་ཡིན། །བྱང་ཆུབ་སེམས་བསྐྱེད་བྱམས་པའི་སེམས། །སྐྱེས་པའི་ཚེ་ན་གཏང་བར་བྱ། །ཕྲེང་བའི་སྔགས་ནི་བརྒྱ་རྩ་བརྒྱད། །ཤིན་ཏུ་ཁྲོས་པས་བཟླས་པར་བྱ། །མཐུ་སྟོབས་དྲག་པོའི་ང་རོ་ཡིས། །སྟང་སྟབས་ཀྱིས་ཀྱང་མནན་པར་བྱ། །ངང་ཚུལ་ བཟང་ཞིང་ཤེས་རབ་ཅན། །བླ་མ་ལ་གུས་གཏོང་ཕོད་པ། །གལ་ཏེ་རྨོངས་པས་གཞན་དུ་སྦྱིན། །ཚ་བ་ཆེན་པོར་ཡུན་རིང་གནས། །ཨོཾ་ནཱི་ལཱཾ་བ་ར་བཛྲ་པཱ་ཎི་ས་མ་ཡ་ནཱ་ག་ཀུ་ལ་ཙ་རི་ཨི་མཱཾ་བ་ལིཾ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། གཏོར་མ་སྦྱིན་པའི་སྔགས་སོ། །ཀླུ་རིགས་བཞིའི་མནན་པ་ནམ་གྲུའི་རིགས་ ལས་བྱུང་བའི་སློབ་དཔོན་ཛཱ་བ་རི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་མེད་པར་ དེ་མི་འབྱུང་། །དེས་ན་དེ་ལ་འཇུག་པ་དྲན། །གང་ཞིག་འདིར་རྒྱར་ཁྲུ་གང་བ། །ཀུན་ནས་ཟླུམ་པོའི་ཐབ་ཁུང་ནང་དུ་རྡོ་རྗེ་སོར་བརྒྱད་པ་བཀོད་དེ། ས་དཀར་པོས་བྱུགས་ལ་ཙནྡན་དཀར་པོ་ལ་སོགས་པའི་དྲིས་ཀྱང་གཏོར་རོ། །དེར་རྒྱ་ཤུག་གམ་དགོན་པའི་བ་ལང་གི་ལྕི་བ་བཙར་ཏེ། ནས་དང་། གྲོ་ དང་། འབྲས་དང་། སྲན་མ་དང་། བདུད་རྩི་ལྔ་དང་། མེ་ཏོག་དཀར་པོ་དང་ལྡན་པའི་མཆོད་ཡོན་ནོ། །སྤོས་དང་། མར་མེ་དང་། དྲི་ཆབ་དང་། ལྷ་བཤོས་ཏེ་མཆོད་པའི་རྫས་ཏེ་གཡོན་དུའོ། །ཏིལ་དང་། ཡམ་ཤིང་དང་། མར་དང་། ཡུངས་ཀར་དང་། ཞོ་དང་། འོ་མ་དང་། ཟས་དཀར་ གསུམ་དང་། མངར་གསུམ་དང་། ཀུ་ཤ་དང་། དཱུར་བ་དང་། ནས་དང་། འབྲས་དང་། གྲོ་དང་། སོ་བ་དང་། སྲན་མ་དང་། བིལ་བ་དང་། སུརྒ་དང་། ཛཱ་ཏི་ཕ་ལ་རྣམས་ནི་གཡས་སུ་གཞག་པར་བྱའོ། །རང་ལྷའི་རྣལ་འབྱོར་བྱས་ལ་མཆོད་རྫས་དང་སྲེག་རྫས་རྣམས་བྱིན་གྱིས་བརླབས་ཏེ། བགེགས་བསྐྲད་ནས་བྲམ་ཟེའམ། ཐ་མལ་བའམ། རྒྱུན་ཞགས་སམ། འོ་མ་ཅན་གྱི་མེ་བླངས་ཏེ། ཨོཾ་བཛྲ་པཱ་ཎི་ཛྭཱ་ལ་ཛྭཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས་མེ་སྦར་བར་བྱའོ། །དེ་ནས་ཧཱུཾ་ལས་ཐབ་ཁུང་བསྐྱེད་པ་ནི། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ལ་ཡི་གེ་ཨོཾ་ཨཱཿཧཱུཾ་ལས་འཁོར་ ལོ་དང་པདྨ་དང་རྡོ་རྗེར་གྱུར་པ་ལས་ཞི་བའི་རང་བཞིན་གྱི་མེ་ལྷ་མཆོད་ཕྱིར་ཐོགས་པ་དཀར་པོ་དང་ལྡན་པ་བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩི་དཀར་པོའི་རྒྱུན་འབྱུང་བ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རྡོ་རྗེ་དང་སྤྱི་བླུགས་འཛིན་པ། གཡོན་དྲིལ་བུ་དང་བགྲང་ཕྲེང་འཛིན་པ་ཅན་ཆུའི་དཀྱིལ་ འཁོར་ལ་གནས་པར་བསྒོམ་མོ། །ཡེ་ཤེས་སེམས་དཔའ་ཕྱག་རྒྱ་བཞིས་དགུག་པ་ལ་སོགས་པ་བྱས་ཏེ། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཁྲུས་བྱས་ནས་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །མར་ལ་སོགས་པའི་སྲེག་རྫས་རྣམས་རིག་སྔགས་འདིས་དབུལ་ཏེ། ཨོཾ་མ་ ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦྦ་བྷསྨི་ཀུ་རུ་སརྦྦ་བིགྷྣཱཾ་ཧཱུཾ་ཕཊ། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཞི་བར་བསམ་མོ། །དེའི་རྗེས་ལ་མེ་འབར་བའི་རྒྱུར་གྱུར་པའམ་དེའི་སྙིང་གར་དཔལ་ཕྱག་ན་རྡོ་རྗེ་སྒྲུབ་ཐབས་ལས་ཇི་སྐད་གསུངས་པ་བཞིན་དུ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། གཉིས་ སུ་མེད་པར་བྱས་ལ། རང་གི་ལྷ་ལ་མཆོད་རྫས་དང་སྲེག་རྫས་རྣམས་ལ་ཕྲེང་བའི་སྔགས་ལ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་བཏགས་ལ་དབུལ་ཞིང་ཞི་བར་བསམ་མོ། །དེ་ནས་དགང་བླུགས་ཕུལ་ཏེ། སྔགས་འདིས་གཤེགས་སུ་གསོལ་ལོ། །ཨོཾ་ཀྲྀ་ཏོ་བ་སརྦྦ་སཏྭཱརྠ། སིདྡྷི་མ་དཏྟཱ་ཡ་ ཐཱ་ནུ་ག་གཙྪ་ཏྭཱཾ་བུདྡྷ་བི་ཥ་ཡཾ། བུ་ན་ར་ག་མ་ན་ཡཙྪ་ཞེས་པའོ། །དེ་ནས་ཡང་ཐབ་བསངས་ལ་རྫས་ལྷག་མ་རྣམས་ཀྱིས་མེ་ལྷ་ལ་ཕུལ་ཏེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ འབྱོན་པར་མཛད་དུ་གསོལ། །ཞེས་མེ་ལྷ་གཤེགས་སུ་གསོལ། དེ་ནས་དམ་ཚིག་རང་ལ་བསྡུས་ནས་འབྲས་ཆན་ལ་སོགས་པའི་གཏོར་མ་ཕྱོགས་སྐྱོང་ལ་སོགས་པ་ལ་སྦྱིན་ནོ། །ཉུང་བར་འདོད་ན་བླ་མའི་ཞལ་ནས་ཇི་སྐད་གསུངས་པ་བཞིན་འདི་ལ་འཇུག་པར་བྱའོ། །དཔལ་ཕྱག་ན་རྡོ་རྗེའི་སྦྱིན་ སྲེག་གི་ཆོ་ག་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་པས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དེ་བ་པུརྞ་མ་ཏི་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཞིང་ཞུས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧོ་མ་ བི་དྷི་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་མེད་པར་དེ་མི་འབྱུང་། །དེས་ན་དེ་ལ་འཇུག་པ་བརྩམ། །དེ་ལ་འདིར་ཐབ་ཁུང་གྲུ་གསུམ་པ་མགོ་ལྷོར་བསྟན་པའི་ནང་དུ། ཁྲོ་བོའི་རྡོ་རྗེ་སོར་ བརྒྱད་པ་བཀོད་དེ། ཐལ་བ་དང་སོལ་བས་ནག་པོར་བྱུགས་ལ་དྲི་ཆུ་དང་བོང་བུ་དང་རྔ་མོའི་རྟུག་པས་བྱུག་པར་བྱའོ། །དེར་མགལ་དུམ་མམ། ཚེར་མ་ཅན་ནམ། སྐམ་པོའི་ཤིང་བཅེར་ཏེ། ཁྲག་དང་། བའི་གཅིན་དང་། བདུད་རྩི་དང་། མེ་ཏོག་ནག་པོ་ནི་མཆོད་ཡོན་ནོ། །དྲི་མི་ཞིམ་པ་དང་། རོ་ ཁ་བ་དང་། སྔོན་པོའི་མེ་ཏོག་གོ། །བདུད་རྩི་ལྔ་སྦྱར་བའི་སྤོས་སོ། །མར་ཆེན་པོའི་མར་མེ། དྲི་ཆུ་དང་ཏིལ་ནག་པོ་སྦྱར་བ་ནི་དྲི་ཆབ། དྲི་ཆེན་དང་མི་ཤ་བསྲེས་པའི་ལྷ་བཤོས་ཏེ། དེ་རྣམས་གཡས་སུ་གཞག་པར་བྱའོ། །དུག་དང་། ཁྲག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ནིམ་པ་དང་། ད་དུ་ར་དང་། བདུད་རྩི་ལྔ་དང་བསྲེས་པའི་ཡུངས་མར་རྣམས་ནི་དགང་གཟར་དུ་བླུགས་ཏེ་ཁྲག་ཏུ་བྱས་ལ་དབུལ་ལོ། །ཤིང་ཚེར་མ་ཅན་གྱི་ཡམ་ཤིང་དང་། མར་ནག་དང་། ཁྲག་དང་། དྲི་ཆེན་དང་། དྲི་ཆུ་དང་། མི་རུས་དང་། སྐྲ་དང་། སོར་མོ་དང་། དུག་དང་། སྐེ་ཚེ་དང་། ལན་ཚྭ་དེ་རྣམས་དང་། རྐང་རྗེས་དང་། ཁྱིམ་བྱའི་སྒོ་ང་དང་། བྱ་རོག་གི་ཤ་རྣམས་དང་། བོང་བུ་དང་། རྔ་མོའི་རྟུག་པ་རྣམས་ནི་སྲེག་རྫས་ཏེ། ཤ་དང་རུས་པར་བསམ་མོ། །དེ་རྣམས་ནི་གཡོན་དུའོ། །རང་ལྷའི་རྣལ་འབྱོར་བྱས་ལ་རྫས་བྱིན་གྱིས་བརླབས་ནས་བགེགས་ བསྐྲད་དོ། །རྡོལ་པའམ། སྨེ་ཤ་ཅན་ནམ་རྡོ་ལས་བྱུང་བའམ། རིའི་མེ་བླངས་ཏེ། བསང་ཞིང་། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཛྭཱ་ལ་ཛྭཱ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་མེ་སྦར་རོ། །མེ་འབར་བའི་ནང་དུ་རཾ་ལས་ཐབ་ཁུང་བསྐྱེད་ལ་དེའི་ནང་དུ་ཧཱུཾ་ལས་ཉི་མའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ ལས་འཁོར་ལོ་དང་། པདྨ་དང་། རྡོ་རྗེར་གྱུར་ཏེ། དེ་ནས་ཁྲོ་བོའི་མེ་ལྷ་ཤིན་ཏུ་ཁྲོས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཞལ་གཅིག་ཕྱག་བཞི་པ། གཡས་ན་རྡོ་རྗེ་དང་སྐྱབས་སྦྱིན། གཡོན་ན་དྲིལ་བུ་དང་དབྱུག་པ། རཾ་ལས་མེ་དང་རླུང་གི་ དཀྱིལ་འཁོར་ལ་བསམས་ཏེ། ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས་དེར་བྱིན་རླབས་དང་། དབང་བསྐུར་ཏེ། ཁྲུས་གསོལ་ནས་ཞལ་གདངས་པའི་ནང་དུ་མཆོད་རྫས་དང་སྲེག་རྫས་རྣམས་འདིས་དབུལ་ཏེ། ཨོཾ་བཛྲ་པཱ་ ཎི་མ་ཧཱ་བྷཱུ་ཏ་ཛྭཱ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱཾ་མ་མ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པས་གསད་པར་བྱའོ། །དེ་ནས་མེ་འབར་བས་རྒྱུར་གྱུར་པའམ། ཡང་ན་དེའི་སྙིང་གར་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྒྲུབ་ཐབས་ལས་ཇི་སྐད་གསུངས་པ་བཞིན་ཉི་མའི་དཀྱིལ་འཁོར་ལ་གནས་ པར་བསྐྱེད་ནས་ཡེ་ཤེས་སེམས་དཔའ་སྔ་མ་བཞིན་བསྟིམས་ལ། དེ་བཞིན་དུ་བྱིན་གྱིས་བརླབས་པ་དང་དབང་བསྐུར་བར་བྱའོ། །དེ་ནས་ཕྲེང་བའི་སྔགས་ལ་མཱ་ར་ཡ་དང་བཅས་པས་མཆོད་རྫས་སྔ་མ་བཞིན་དུ་དབུལ་ལོ། །ཡང་དགང་བླུགས་ཕུལ་ཏེ། ཡེ་ཤེས་སེམས་དཔའ་ གཤེགས་སུ་གསོལ་ལོ། །དེ་ནས་ཐབ་བསངས་ཏེ། རྫས་ལྷག་མ་རྣམས་མེ་ལྷ་ལ་ཕུལ་ནས། ཨོཾ་བདག་དང་གཞན་གྱི་དོན་རྣམས་ནི། །བསྒྲུབས་ཏེ་སྦྱིན་སྲེག་བཞེས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་ནས་ཀྱང་། །བདག་ལ་སྔགས་ཀྱི་དངོས་གྲུབ་སྩོལ། །ཞེས་ མེ་ལྷ་གཤེགས་སུ་གསོལ་ལོ། །དེའི་རྗེས་སུ་དམ་ཚིག་པ་རང་ལ་བསྡུས་ཏེ། གཏོར་མ་སྦྱིན་པར་བྱའོ། །ཉུང་བར་འདོད་ན་བླ་མའི་ཞལ་ནས་ཇི་སྐད་གསུངས་པ་བཞིན་དུ་འདི་ལ་འཇུག་པར་བྱའོ། །ཕྱག་ན་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ་ཞེས་བྱ་བ་ནམ་གྲུའི་རིགས་ལས་བྱུང་བ་ དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་པས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་བི་དྷི་ནཱ་ མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་ནི་མ་རིག་མུན་པས་བསྒྲིབས་ཤིང་རྐྱེན་གྱི་རི་བོས་ནོན་པ་རྣམས། །གསལ་བའི་ཡེ་ཤེས་ནུབ་ཅིང་འཁོར་བའི་འདམ་དུ་ བྱིང་། །དེ་འདྲའི་འགྲོ་བ་མང་པོ་ཡིད་ཀྱིས་མངོན་སུམ་མཐོང་། །འགྲོ་བ་དེ་དག་ས་བོན་གནས་དང་རྩོལ་རྐྱེན་གྱིས། །སྡུག་བསྔལ་མང་པོ་སྤྱོད་ཅིང་གདུག་པས་ཟིན་གྱུར་པ། །དེ་ལས་ཐར་པའི་ཐབས་དག་གཞན་གྱིས་མི་ནུས་ཏེ། །སྲིད་འཇོམས་སྡུག་བསྔལ་ཐལ་མཛད་དབུགས་ཚ་ མི་ཤིགས་འཛིན། །གདུག་པའི་ནད་རྣམས་མ་ལུས་ཐར་མཛད་སྙིང་རྗེས་ཁྲོས། །འཇིགས་བྱེད་ཁྲོ་རྒྱལ་རྔམ་པའི་གཙོ་ལ་དངོས་པོ་ཀུན་གྱིས་འདུད། །དེ་ལ་རྟག་ཏུ་མོས་ཤིང་དང་བས་མངོན་སུམ་སྣང་བར་མཛད། །ཇི་སྲིད་མཉེས་བྱས་ལྷག་པའི་ལྷ་ཡིས་གནང་བ་བྱིན། །རང་ཉམས་མྱོང་ ལ་གདུག་པ་འདུལ་ལ་དབང་བསྐུར་གཅེས། །དེ་དབང་བསྐུར་ཕྱིར་འཁོར་ལོ་ཆེན་པོའི་ཆོ་ག་དྲན། །དེ་ནས་རྡོ་རྗེ་སློབ་དཔོན་མདུན། །སློབ་མ་སྣོད་དང་ལྡན་པ་ཡིས། །མཎྜལ་ཟླུམ་པོ་ཁྲུ་གང་ཚད། །བྱི་དོར་ལེགས་བྱས་མེ་ཏོག་དགྲམ། །མཁའ་འགྲོ་མ་ཡི་གཏོར་མ་བཤམ། །སྣོད་ལྡན་ སྤྱོད་ལམ་ལེགས་བྱས་ཏེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ཉིད་ནས་བཟུང་ནས་ནི། །སྙིང་པོ་བྱང་ཆུབ་ཐོབ་ཀྱི་བར། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །སེམས་ཅན་མ་བརྒལ་བསྒྲལ་བ་དང་། ། མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་བ་དབུགས་ཕྱུང་དང་། །མྱ་ངན་མི་འདའ་བཟླ་བ་དང་། །རྫོགས་པའི་སངས་རྒྱས་བསྒྲུབ་པ་དང་། །བླ་མར་ཞུ་བར་ཁྱོད་སྤྲོ་འམ། །སློབ་དཔོན་གནང་བ་བྱིན་ནས་ནི། །སློབ་མས་ཅི་འབྱོར་པས་མཆོད་ནས། །དགོས་པ་ཐམས་ཅད་དྲི་བར་བྱ། །ལུང་ རྣམས་ཕོག་ལ་བསྙེན་པ་བྱ། །ཐིམ་ནས་སྡིག་པ་སྦྱང་བའི་ཕྱིར། །ཞི་བའི་སྦྱིན་སྲེག་བདུན་བྱས་ཏེ། །བར་ཆད་བསལ་ཕྱིར་གཏོར་མ་གཏང་། །ཚོགས་བསགས་ཕྱིར་ནི་མཆོད་པ་བཤམ། །མཁའ་འགྲོ་མ་ལ་གཏོར་མ་གཏང་། །དེ་ནས་གོང་མའི་མཎྜལ་དེ། །བྱི་དོར་ལེགས་བྱས་མེ་ཏོག་དགྲམ། ། སྤྱོད་ལམ་ལེགས་བྱས་མཆོད་པ་དབུལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་པ་བླ་ན་མེད་པས་ མཆོད། །འཁོར་བ་ཐོག་མ་མེད་པ་ནས། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལྕི་བ་བརྒྱད། །ཁ་ན་མ་ཐོ་ལ་སོགས་པ། །འཕགས་པའི་ཚོགས་ལ་སོ་སོར་བཤགས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །འདོད་ཆགས་བྲལ་བའི་ཆོས་རྣམས་དང་། །ཚོགས་ ཀྱི་གཞིར་གྱུར་དགེ་འདུན་ལ། །དང་བའི་སེམས་ཀྱིས་སྐྱབས་སུ་མཆི། །ཕྱོགས་བཅུ་མཐའ་ཡས་ཞིང་རྣམས་ན། །མངོན་པར་རྫོགས་པའི་སངས་རྒྱས་རྣམས། །རིང་པོ་མ་ལོན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུར། །ཇི་སྲིད་འཁོར་བ་མ་སྟོངས་པར། །མྱ་ ངན་མི་འདའ་གསོལ་བ་གདབ། །འཇིག་རྟེན་དགེ་བཅུ་ཇི་སྙེད་པ། །ཉན་ཐོས་རང་རྒྱལ་དགེ་སོགས་བཅས། །སངས་རྒྱས་སྲས་བཅས་འགྲོ་དོན་མཛད། །དེ་དག་ལ་ནི་ཡི་རང་ངོ་། །དགེ་བཅུ་ཇི་སྙེད་སྤྱོད་པ་དང་། །བསྡུ་བའི་དངོས་པོ་བཞི་དང་ནི། །ཕ་རོལ་ཕྱིན་པ་བཅུ་ལ་སོགས། ། བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །བདག་གི་ལུས་འདི་ཇི་སྲིད་དུ། །ལེན་པ་རྡོ་རྗེ་སློབ་དཔོན་དང་། །འཁོར་ལོ་ཆེན་པོའི་ལྷ་ཚོགས་དང་། །སངས་རྒྱས་སྲས་དང་བཅས་པ་ལ། །ངག་ཡིད་དང་བས་དབུལ་བར་བགྱི། །བྱང་ཆུབ་མཆོག་གི་རང་བཞིན་ཅན། ། སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །དེ་དག་དོན་དུ་སེམས་བསྐྱེད་དོ། །དུས་གསུམ་སངས་རྒྱས་སྲས་བཅས་པའི། །བསླབ་དང་སློབ་པར་གྱུར་པ་ཡིས། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །སྡོམ་པའི་ཚུལ་ཁྲིམས་ ལྡན་པ་དང་། །དགེ་བའི་ཆོས་སྡུད་ཚུལ་ཁྲིམས་དག །ཡང་དག་བླངས་ཏེ་གནས་བགྱིད་དོ། །དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །དུས་ཀུན་དུ་ནི་ལགས་པར་ནོས། །སྡིག་སྒྲིབ་སྦྱང་ཕྱིར་སློབ་མ་ནི། །མང་ པོར་སློབ་མ་ཟློས་སུ་གཞུག །ཨོཾ་ཨ་མྲྀ་ཏེ་ཧཱུཾ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཏིང་ངེ་འཛིན་ནི་གསུམ་བསྒོམས་ཏེ། །མཆོད་པ་དང་ནི་གཏོར་མ་བཤམ། །ས་ཡི་བདག་པོ་རྒྱས་པར་མཆོད། །སྣང་དང་མི་སྣང་ས་བདག་ལ། །ས་བླང་བ་ཡི་གསོལ་བ་གདབ། །བྱིན་ནམ་ མ་བྱིན་རྟགས་ཀྱིས་བརྟག །ལས་དང་སྔགས་དང་སྦྱིན་སྲེག་དང་། །མཚན་མ་མེད་པས་སྦྱར་བའོ། །བློ་དང་ལྷ་ཡིས་ས་གཟུང་ངོ་། །ལྟོ་འཕྱེ་བརྟགས་ལ་ས་བརྐོ་སྟེ། །སྟེགས་བུ་བྱི་དོར་ལེགས་བྱས་ལ། །རྣལ་འབྱོར་ལུས་ཀྱི་ཁྲུ་གང་ཚད། །འཕང་དུ་ཁྲུ་གང་ཚད་དང་སྦྱར། ། གསེར་རམ་དངུལ་ལམ་འཇིམ་པ་ལས། །བྱས་པའི་བུམ་པ་བཅུའམ་དྲུག །བཙལ་ཏེ་ལེགས་པར་བཀྲུས་པ་དང་། །དྲི་ཞིམ་བསྒོ་ཞིང་དཀར་པོར་བྱའོ། །དེ་ནས་བུམ་པའི་ནང་དུ་ནི། །ཀཎྜ་ཀ་རི་བྲྀ་ཧ་ཏི། །ཤན་ཏཱ་ཀ་ནི་དཎྜོཏྤ་ལ་དང་། །ཏིག་ཏའི་མེ་ཏོག་སྨན་ལྔར་བླུགས། ། འབྲས་དང་སོ་བ་སྲན་ཏ་ཀ །ནས་དང་གྲོ་དང་ཏིལ་དང་ནི། །འབྲུ་སྣ་བུམ་པའི་ནང་དུ་བླུགས། །གསེར་དང་དངུལ་དང་བྱི་རུ་དང་། །མུ་ཏིག་མན་ཤེལ་རིན་ཆེན་ལྔ། །བུམ་པའི་ནང་དུ་བླུགས་པར་བྱ། །བུ་རམ་སྦྲང་རྩི་ལན་ཚྭ་དང་། །མར་དཀར་ཏིལ་གྱི་མར་དང་ལྔ། །བུམ་པའི་ ནང་དུ་བླུགས་པར་བྱའོ། །འོ་མ་ཆུ་ཡིས་སྦྱངས་པ་ཡང་། །བུམ་པའི་ནང་དུ་བླུགས་ལ་གཞག །དེ་དག་ཐམས་ཅད་བླུགས་པ་ལ། །གཟུངས་ཀྱི་ཕྲེང་བ་བཟླས་པར་བྱའོ། །ཁ་ཚར་མ་ཉམས་རས་ཡུག་གིས། །བུམ་པའི་མགུལ་པ་བཅིངས་ཏེ་གཞག །དེ་ནས་སྟེགས་བུ་ གྲུ་བཞིའི་སྟེང་། །མཎྜལ་ཟླུམ་པོ་ལྔ་བྱས་ཏེ། །དབུས་ཀྱི་མཎྜལ་མཐིང་ག་ལ། །ཤར་དང་ལྷོ་དང་ནུབ་དང་བྱང་། །དཀར་དང་སེར་དང་དམར་དང་ལྗང་། །ཁ་དོག་ཚོན་གྱིས་བསྒྱུར་ལ་གཞག །གཙོ་བོའི་བུམ་པ་དབུས་སུ་གཞག །འཁོར་གྱི་བུམ་པ་ཕྱོགས་མཚམས་དང་། །ལས་ ཀྱི་བུམ་པ་བྱང་ཤར་མཚམས། །བུམ་པ་མི་དམིགས་སྟོང་པ་ལས། །ཐིག་ལེ་དཀར་པོ་བཾ་དུ་གྱུར། །དེ་གྱུར་བདུད་རྩིས་བཀང་བ་ཡི། །རིན་པོ་ཆེ་ཡི་བུམ་པར་བསམ། །དེ་ཡི་སྟེང་དུ་སུཾ་ལས་ནི། །རིན་ཆེན་སྣ་བཞིའི་རི་རབ་བསམ། །སྟེང་དུ་སྤྲིན་སྒྲ་བསྣོལ་མ་ལས། །སྣ་ ཚོགས་རྡོ་རྗེ་བསམ་པར་བྱ། །དེ་ཡི་ལྟེ་བར་པཾ་ལས་ནི། །པདྨ་འདབ་བརྒྱད་གེ་སར་བཅས། །པདྨའི་ལྟེ་བའི་བྷྲཱུཾ་ལས་ནི། །གཞལ་ཡས་ཁང་ནི་མཛེས་པར་བསམ། །དེ་ཡི་ནང་དུ་པཾ་ལས་ནི། །ཆུ་སྐྱེས་པདྨ་གེ་སར་བཅས། །དམ་ཚིག་འཁོར་ལོ་བསྐྱེད་པར་བྱ། །དེ་ནས་ཡེ་ ཤེས་འཁོར་ལོ་ནི། །ཏིང་ངེ་འཛིན་གྱིས་སྤྱན་དྲངས་ནས། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་རོ། །མཆོད་ཡོན་སྔོན་དུ་འགྲོ་བ་ཡིས། །མཆོད་པ་ལྔ་ནི་ཕུལ་ལ་གཞག །ཕྲེང་བའི་སྔགས་ ནི་རྩ་གཅིག་བཟླས། །དེ་ནས་བུམ་པའི་སྙིང་པོ་ནི། །འབུམ་ཚོ་གཅིག་ནི་བསྙེན་པ་དབུལ། །དུས་དང་གྲངས་དང་མཚན་མ་ཡིས། །ཐུན་མཚམས་སྦྱོར་བ་རེ་རེ་ལ། །གཙོ་བོའི་བསྙེན་པ་བརྒྱ་རུ་དབུལ། །འཁོར་ལ་ལྔ་བཅུ་རིམ་གྱིས་དབུལ། །ཚོན་སྣ་ལྔ་ཡི་ སྐུད་པ་ཡིས། །གཙོ་བོའི་བུམ་པའི་མགུལ་ནས་བཅིང་། །གཟུངས་ཐག་སློབ་དཔོན་ལག་ཏུ་གཟུང་། །བུམ་པ་ཆོས་ཉིད་ངང་དུ་བསམ། །སྔགས་ནི་ཡེ་ཤེས་ཆུ་རྒྱུན་ནོ། །མཆོད་པ་གཏོར་མ་ཅི་རིགས་བཤམ། །མཆོད་དང་སྐྱབས་འགྲོ་སེམས་བསྐྱེད་ནས། །ཡང་ དང་ཡང་དུ་བརྟན་པོར་བྱ། །དཀྱིལ་འཁོར་གཙོ་བོ་བསྐྱེད་པ་ནི། །སྦྱོར་བ་དང་པོའི་ཏིང་ངེ་འཛིན། །སྟོང་པ་ཉིད་ནི་བསྒོམ་པའོ། །དཀྱིལ་འཁོར་རྒྱལ་མཆོག་ཏིང་ངེ་འཛིན། །ལྷ་བསྐྱེད་གསལ་བར་བསྒོམ་པའོ། །ལས་རྒྱལ་མཆོག་གི་ཏིང་ ངེ་འཛིན། །ཡེ་ཤེས་ལྷ་ལ་མཆོད་པ་ནས། །དབང་བསྐུར་ཡན་ཆད་བསྒོམ་པའོ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །མིག་ཏུ་མ་དང་ཊ་ལས་ནི། །ཉི་མ་ཟླ་བ་བསམ་པར་བྱའོ། །ལྷ་ཡི་དཀྱིལ་འཁོར་མཁའ་ལ་གདེག །སྔགས་ནི་བཟླས་ཤིང་གསལ་བར་ བསྒོམས། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །ཕྱག་ན་རྡོ་རྗེ་ཕྱག་གཉིས་པ། །མུན་ནག་ཆེན་པོའི་སེར་སྤྲིན་འདྲ། །མདོག་ལྟར་འདུག་པ་ང་རོ་ཅན། །ཞེ་སྡང་མེ་ལྟར་འབར་བ་བསྒོམ། །རྡོ་རྗེའི་ལྟ་སྟངས་བགེགས་བསྐྲད་དོ། །ཧཱུྃ་ལུས་ངག་སེམས་ལ་གནས་པའི་ བགེགས། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །ང་ཡི་བཀའ་ལས་སུ་འདའ་བ། །སྐུ་གསུང་ལས་བྱུང་དགས་པར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། ། གདོན་གྱི་རིགས་སུ་གཏོགས་པ་རྣམས། །མི་དང་མི་མིན་འབྱུང་པོའི་ཚོགས། །འདི་རུ་མ་གནས་གཞན་དུ་དེངས། །སུཾ་བྷ་ནི་ཡི་སྔགས་བཟླས་ཤིང་། །བྱང་ཤར་མཚམས་ནས་བསྐོར་བར་བྱ། །གོམ་སྟབས་བརྒྱད་པའི་གར་བྱས་ཏེ། །ལག་པ་བསྐྱོད་དང་རྐང་པ་བསྐྱོད། ། སྨིན་མ་བསྐྱོད་དང་རབ་འདེགས་དང་། །ཅུང་ཟད་ངོ་ཚའི་ཟུར་མིག་དང་། །བརླ་རྒྱས་སྟན་ལ་འདུག་པ་དང་། །ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུནྡ་ལྟར་དཀར་ཕྲེང་བ་དང་། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །ར་བ་དྲ་བར་གྱུར་ པའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་སྡེ་བཅོམ་པ་ལྟར། །དེ་བཞིན་དུ་ནི་བདུད་ཀྱི་སྡེ། །ཕམ་པར་བྱ་སྟེ་དཀྱིལ་ འཁོར་བྲི། །ལྷ་མོ་ས་ལ་ཐིམ་པར་བསམ། །བདག་ཉིད་ཕྱག་ན་རྡོ་རྗེ་ཡི། །ང་རྒྱལ་ཅན་དང་ཆ་ལུགས་བཅས། །དཔྲལ་བར་དྲི་ཡིས་ཐིག་ལེ་བྱ། །མཆོད་རྫས་བཀྲམ་ལ་བྱིན་གྱིས་བརླབ། །སྤྲོ་བ་བསྐྱེད་པའི་ཚིགས་བཅད་བརྗོད། །ལྷ་ཡི་ང་རྒྱལ་བྱས་པ་ཡིས། ། ལུས་པོས་ཕྱོགས་བཅུ་སྐོར་གྱིས་བསྐོར། །སྤོས་དང་དྲིལ་བུ་ལག་ཏུ་ཐོགས། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་དགོངས་སུ་གསོལ། །བདག་ནི་མིང་འདི་ཞེས་བགྱི་བས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འདྲི། །དིང་འདིར་ཐམས་ཅད་ ཀུན་གཤེགས་ཤིག །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །སྟེགས་བུ་ཆེན་པོའི་དབུས་གནས་ཏེ། །ཡང་ན་དེ་ན་གནས་པར་བསམ། །གྲུབ་པའི་གྲོགས་མཆོག་མཁས་པ་ཡིས། །ལྷ་མོ་བཞི་ཡི་ཏིང་འཛིན་ཞུགས། །ཚུལ་བཞིན་དང་ནི་ལྡན་པ་ཡིས། །ཕྱོགས་ བཞི་ནས་ནི་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་དངོས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་དཔའ་ཀུན་གྱི་སེམས་ཆེན་པོ། །རང་བཞིན་ དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་ཀྱི་འཁོར་ལོས་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ཡིས་དྲི་ཡི་ཐིག་ལེ་ནི། །སྟེགས་བུའི་སྟེང་དུ་དགུག་བྱ་སྟེ། །དབུས་སུ་མཎྜལ་གྲུ་བཞི་པ། །ཕྱོགས་མཚམས་རྣམས་སུ་ཟླུམ་པོར་བྱའོ། །དེ་ཡི་སྟེང་ དུ་སྐད་ཅིག་མས། །མཁའ་ལ་བཏེག་པའི་འཁོར་ལོ་རྣམས། །ཕབ་ལ་གདན་དུ་དབུལ་བར་བྱའོ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །གྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་རོ། །མཆོད་ པ་རྣམས་ཀྱིས་ལེགས་པར་མཆོད། །བསྙེན་པ་རྫོགས་པའི་བུམ་པ་ལ། །བྱིན་གྱིས་བརླབ་ལ་སོགས་པ་ནས། །མཆོད་པ་ཡན་ཆད་རྫོགས་པར་བྱའོ། །དྲི་ཡི་ཐིག་ལེ་རེ་རེ་ལ། །རང་རང་བུམ་པ་དགོད་པར་བྱ། །མཆོད་པའི་རྫས་རྣམས་ཐམས་ཅད་ ལ། །བསང་གཏོར་བྱས་ལ་དངོས་གྲུབ་ཀྱི། །རྫས་སུ་གསོལ་བ་བཏབ་ལ་གཞག །སྔར་གྱི་སྟེགས་བུ་ཡོལ་བས་གཅད། །སློབ་དཔོན་ཡོལ་བའི་ནང་འདུག་ལ། །སློབ་མ་ཁྲུས་བྱས་སྤྱོད་ལམ་མཛེས། །དགའ་ཆེན་ཁྱོད་ལ་བདག་སྟོན་ཏོ། །སློབ་དཔོན་ཁྱོད་ནི་ དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དེ་ནི་བདག་ལ་གསོལ། །ཐར་པ་ཆེན་ པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ལམ་ཆེན་པོ་དག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམས་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་ དེ་དག་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་པར་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །མདུན་དུ་མཎྜལ་ཟླུམ་པོ་ནི། །ལེགས་བྱས་མེ་ཏོག་ཚོམ་བུ་ དགྲམ། །མཆོད་པ་རྣམས་ཀྱིས་ལེགས་པར་མཆོད། །སྔོན་དུ་འགྲོ་བའི་ཆོ་ག་རྣམས། །བྱ་ཞིང་སེམས་ནི་གནས་པར་བྱའོ། །སློབ་མ་མི་དམིགས་སྟོང་པ་ལས། །ལྷ་ཡི་ང་རྒྱལ་བྱས་པ་ལས། །དཔྲལ་བ་སྙིང་ག་མགྲིན་པ་རུ། །དྲི་ཡི་ཐིག་ལེ་གསུམ་བྱ་སྟེ། །སློབ་ དཔོན་ཐུགས་ཀའི་ས་བོན་ལས། །སྐུ་གསུང་ཐུགས་ཀྱི་སྙིང་པོ་སྤྲོ། །ཕྱག་མཚན་གསུམ་དུ་གྱུར་པ་ལས། །རྡོ་རྗེ་སློབ་མའི་མདུན་ལོགས་སུ། །མཎྜལ་ཟླུམ་པོ་རེ་རེ་བྱ། །མེ་ཏོག་ཚོམ་བུ་དགྲམ་པར་བྱ། །བསང་གཏོར་བྱ་ཞིང་མཆོད་པ་དབུལ། །དེང་ནས་བཟུང་ནས་བུ་ཁྱོད་ ཀྱིས། །འཁོར་བའི་ཉེས་པས་མ་ཕོག་པས། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་རྡོ་རྗེ་སློབ་མས་མདུན། །མཎྜལ་བྱས་ཏེ་མེ་ཏོག་དགྲམ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སོ་ཤིང་སོར་ནི་བརྒྱད་པ་ལས། །ཕྲེང་བའི་སྔགས་ ནི་ལན་གསུམ་བཟླས། །སློབ་མ་ལ་ནི་སྦྱིན་པར་བྱ། །ཁ་ནི་ཕྱིར་བལྟས་སོ་ཤིང་བཅའ། །མཎྜལ་ཕྱོགས་སུ་སོ་ཤིང་དོར། །ལྟས་ཀྱི་རིམ་པ་བརྟག་པ་དང་། །སྤྲོ་བ་བསྐྱེད་པའི་ཚིག་བརྗོད་དེ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་ཞིག་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ། འགྲོ་དོན་མཉམ་མེད་བྱེད་པར་ནུས། །གཞན་ཡང་ཐེག་པ་ཆེན་པོ་ཡི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེ་རིང་དེ་བས་ན། །ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེས་ན་བུ་ཡིས་བརྩོན་པར་གྱིས། །དེ་ནས་རྡོ་རྗེ་ སློབ་དཔོན་གྱིས། །ཕྲེང་བའི་སྔགས་སམ་ཨ་མྲྀ་ཏས། །སྲུང་སྐུད་བྱས་ལ་བཏགས་ལ་གཞག །ཡང་ན་རཀྵ་རཀྵ་ཡིས། །སློབ་མ་དེ་ཉིད་བསྲུང་བར་བྱ། །གྲུབ་ན་བསྲུང་བའི་འཁོར་ལོ་བྱ། །ཀུ་ཤའི་གདན་བཏིང་ཨ་མྲྀ་ཏའི། །སྔགས་བཟླས་བྱང་ཤར་མཚམས་སུ་ཉལ། ། ལྷ་ཡི་ང་རྒྱལ་གསལ་བ་ལས། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །མ་དང་ཨ་ཡི་ཏིང་འཛིན་བྱ། །ཨུ་ཏིཥྛ་ཡི་སྔགས་བརྗོད་ཅིང་། །ལྷ་ཡི་འཁོར་ལོ་མཁའ་ལ་གདེག །འཇམ་ལ་ཕྲ་བའི་ཐིག་སྐུད་ལ། །དྲི་བཟངས་རྣམས་ཀྱིས་སྦངས་ལ་གཞག །ས་བོན་ལས་ནི་འོད་འཕྲོ་ བས། །ཡེ་ཤེས་ཐིག་སྐུད་སྤྱན་དྲངས་ལ། །གཉིས་སུ་མེད་པར་བསྟིམས་ལ་གཞག །དེ་ནས་འདོད་ལྷའི་ང་རྒྱལ་བྱས། །ཐིག་སྣ་འདྲེན་པའི་སློབ་མ་ནི། །མཛེས་པའི་ལྷ་མོར་བསམ་པར་བྱ། །ཛྫ་ཛྫ་ཛྫ། བརྗོད་ཅིང་ཐིག་སྐུད་བསྒྱུར། །དེས་ཀྱང་གསུམ་བརྗོད་བླང་ བར་བྱ། །དེ་ནས་གནམ་ཐིག་ཅི་རིགས་གདབ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། སྔགས་འདི་བརྗོད་ཅིང་གདབ་པར་བྱ། །དང་པོར་ཐིག་ཆེན་བརྒྱད་པ་ལ། །ཆ་ནི་བཅུ་དྲུག་ཕྱེ་སྟེ་གདབ། །དེ་ནས་ཆ་ཆུང་སུམ་ཅུ་གཉིས། །ཕྱོགས་རེར་ཆ་ཆེན་བཅུ་དྲུག་པ། །ཆ་ཆེན་བརྒྱད་ནི་ནང་དུ་གཏང་། །ཆ་ཆེན་ བརྒྱད་ནི་ཕྱི་རུ་གཏང་། །ཕྱི་དང་ནང་གི་ཆ་བརྒྱད་ལ། །ཆ་ཕྲན་སུམ་ཅུ་རྩ་གཉིས་གདབ། །ཚངས་པའི་ཐིག་ནས་བགྲངས་པ་ཡིས། །ཆ་ཕྲན་བཅུ་དྲུག་ཕྱོགས་བཞིར་གདབ། །ཕྱོགས་རེ་དག་ནས་བརྩིས་པ་ཡིས། །དབུས་ཀྱི་ལྟེ་བའི་ཆ་ཕྲན་གཉིས། །པདྨའི་ཟེ་འབྲུའི་ཆ་ཕྲན་གཅིག ། འདབ་མ་བརྒྱད་ལ་ཆ་ཕྲན་གསུམ། །མུ་ཁྱུད་ཉི་མའི་ཟེའུ་འབྲུ་ལ། །ཆ་ཕྲན་རེ་རེ་མཉམ་པར་གདབ། །བཅུ་དྲུག་པ་ལ་ཆ་ཕྲན་བཞི། །མུ་ཁྱུད་ཆ་ཕྲན་གཉིས་སུ་གདབ། །གྲུ་ཆད་ལ་ནི་ཆ་ཕྲན་གཅིག །དེ་བས་ཆ་ཆེན་བཞིར་གནས་ཏེ། །སྒོ་དང་བཅུ་གཅིག་རྡོ་རྗེ་ལ། །ཆ་ཆེན་གཉིས་ ནི་མཉམ་པར་གདབ། །ཆ་ཆེན་གཅིག་ལ་རྟ་བབས་ཏེ། །ཆ་ཕྲན་བཞི་རུ་གདབ་པར་བྱ། །ཆ་ཆེན་གཅིག་ལ་ཆ་ཕྲན་བཞི། །ཆ་ཕྲན་ཕྱེད་ནི་པདྨའོ། །གཉིས་ནི་ཆོས་ཀྱི་འཁོར་ལོ་ལའོ། །ཆ་ཕྱེད་གདུགས་ཀྱི་ཡུ་བ་སྟེ། །ཆ་གཅིག་མཛེས་པའི་གདུགས་སུ་བྱ། །རྡོ་རྗེ་མེ་རི་མ་གཏོགས་ པའོ། །ཚོན་སྣ་ལྔ་ནི་སྟོང་པར་བསམ། །ཡི་གེ་འབྲུ་ལྔ་བྱུང་བར་བསམ། །ཨོཾ་ཧཱུྃ་ཧྲཱི་ཁཾ་ཏྲཱཾ། ཐུགས་ཀ་ཡི་ནི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་ཚོན་རྩི་དབབ། །ཐིམ་པས་ཚོན་རྩི་ལྔ་རུ་བསམ། །སློབ་མ་ལག་པ་བདེ་བ་ཡིས། །རྡུལ་ཚོན་གཞལ་ཡས་བྲི་བར་བྱ། །དབུས་ཀྱི་ ལྟེ་བ་སེར་པོ་ལ། །གེ་སར་འོད་དང་བཅས་པའོ། །འཁོར་ལོ་རྩིབས་ནི་མཐིང་གའོ། །དབུས་སུ་ཉི་མའི་དཀྱིལ་འཁོར་ལ། །གཙོ་བོའི་གདན་སྟེང་ཕྱག་མཚན་དགོད། །འཁོར་ལོའི་ལྟེ་བར་དེ་བཀོད་ནས། །རྩིབས་སུ་འཁོར་རྣམས་དགོད་པ་ནི། །ཐོད་པ་གྲི་གུག་ནག་པོའོ། །མུ་ ཁྱུད་ཟླུམ་པོ་མཐིང་ག་ལ། །རྩེ་གསུམ་འབར་བས་བསྐོར་བར་བྱ། །མུ་ཁྱུད་ཟླུམ་པོ་མཐིང་ག་ལ། །ཐོད་པའི་ཕྲེང་བས་བསྐོར་བར་བྱ། །སྒོ་བཞི་གྲུ་ཆད་ཕྱོགས་དང་བསྟུན། །དཀར་དང་སེར་དང་དམར་དང་ལྗང་། །ཀུན་གྱི་ནང་རོལ་ནག་པོར་བྱ། །རྒྱན་ལ་སོགས་པ་སྤྱི་དང་མཐུན། ། རྡོ་རྗེ་མ་རི་བཅས་པ་བྲི། །ཕྱི་རོལ་དུར་ཁྲོད་འཇིགས་པས་བསྐོར། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །ཚོགས་གཉིས་ཡོངས་སུ་རྫོགས་བྱས་ནས། །ཕྱི་ནང་སྟོང་པ་ཉིད་དུ་བསམ། །ཤཱུ་ནྱ་ཏཱ་ཡིས་བརྟན་པར་བྱ། །དེ་ནས་བདག་ཉིད་ཧཱུྃ་དུ་བསམ། །གུར་དང་ར་བ་མེ་རིར་བཅས། །ཡཾ་དང་ བྃ་ལས་རླུང་དང་ཆུ། །ལྃ་དང་རྃ་དང་ཨེ་ལས་ནི། །འབྱུང་བ་ལྔའི་ནི་གྱུར་པ་ལས། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །སྒོ་བཞི་རྒྱན་དང་ལྡན་པར་བསམ། །ཚངས་དང་བརྒྱ་བྱིན་དྲི་ཟ་དང་། །ཆུ་ལྷ་ཀུ་བེ་ར་ཡི་གདན། །དབུས་སུ་ཉི་མ་ཟླ་བའི་སྟེང་། །ཧཱུྃ་དང་ཉི་མ་ཟླ་བ་བསམ། ། དེ་ཡི་བར་དུ་ས་བོན་ལས། །གཙོ་བོ་ཡབ་ཡུམ་སྐུ་བསྐྱེད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །རང་འདོད་ལྷ་ཡི་ང་རྒྱལ་བྱ། །ཞལ་གཅིག་ཕྱག་གཉིས་གསལ་བ་དང་། །དཔྲལ་བར་ཁྲག་གི་ཐིག་ལེ་བྱ། །སྔགས་འདི་བརྗོད་ཅིང་དཀྱིལ་འཁོར་བསྐོར། །ལན་གསུམ་བསྐོར་ལ་ ཤར་དུ་འཇུག །ཨོཾ་བཛྲ་དྷ་རོད་ས་མ་ཡ་སྭཱ་ཧཱ། སྔགས་དེ་བརྗོད་ཅིང་ཏིང་འཛིན་གྱིས། །གཞལ་ཡས་ཁང་ནི་སྒོ་དབྱེའོ། །བླ་རེ་རྒྱལ་མཚན་བ་དན་གདུགས། །དར་དཔྱངས་དང་ནི་ཡོལ་བར་བཅས། །ལྡ་ལྡི་དར་དང་རས་ཀྱིས་བཀླུབས། །གྲྭ་བཞིར་མདའ་བཞི་མེ་ལོང་བཞི། ། སྟེགས་བུའི་ཟུར་ལ་དགོད་པར་བྱ། །ཞལ་བསིལ་ལ་སོགས་མཆོད་པའི་རྫས། །ཇི་ལྟར་འབྱོར་པར་དགྲམ་པར་བྱ། །ཕྱི་ནང་མཁའ་འགྲོའི་གཏོར་མ་དང་། །ཚོགས་ཀྱི་ཞལ་ཟས་ཕྱོགས་བཞིར་དགྲམ། །སྐད་ཅིག་མ་ཡི་ཏིང་འཛིན་དང་། །བསྐྱེད་ཚུལ་རྒྱས་པའི་རིམ་པ་ ཡིས། །འདོད་ཡོན་ལྔ་དང་བདུད་རྩི་ལྔ། །སྐད་ཅིག་མ་ཡིས་ཡེ་ཤེས་སུ། །གསལ་བར་བྱིན་གྱིས་བརླབས་ལ་གཞག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལས་ཀྱི་ཕྱག་རྒྱ་བྱིན་བརླབས་ལ། །མཁའ་གསང་བྱིན་གྱིས་བརླབས་བྱས་ནས། །གཉིས་སུ་མེད་པའི་སྦྱོར་བ་བྱ། །ཐུགས་ ཀ་ཡི་ནི་ས་བོན་ལས། །ཕྱོགས་བཅུར་འོད་ཟེར་འཕྲོས་པ་ལས། །དུས་གསུམ་སངས་རྒྱས་ཡབ་ཡུམ་བཅས། །སྤྱི་བོའི་གཙུག་ཏུ་སྤྱན་དྲངས་ལ། །ཚངས་པའི་བུ་གའི་ནང་ནས་གཞུག །གསང་བའི་རྡོ་རྗེའི་ལམ་ནས་དབྱུང་། །ཡུམ་གྱི་པདྨའི་གེ་ སར་ལ། །སྒྲུབ་པའི་ཐབས་ནས་གསུངས་པ་བཞིན། །ཡབ་ཡུམ་སྒོ་མར་བཅས་པ་བསམ། །ཨོཾ་སྥ་ར་ཎ་ཧཱུྃ་ཕཊ། སྔགས་དེ་བརྗོད་པས་རང་རང་གི། །གནས་སུ་གདན་ལ་བཞུགས་པར་བསྒོམ། །དེ་ནས་ས་བོན་འོད་ཟེར་གྱིས། །ཕྱག་རྒྱ་ཡེ་ཤེས་འཁོར་ལོ་རྣམས། །མདུན་ གྱི་མཁའ་ལ་སྤྱན་དྲངས་ཏེ། །བསང་གཏོར་བྱ་ཞིང་མཆོད་པ་དབུལ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །མཁའ་ལ་བཏེག་ལ་བསྟིམ་བྱས་ནས། །ནུས་པར་ལྡན་ནས་བྱིན་བརླབས་ནི། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་རོ། །མི་ བསྐྱོད་དབུ་ལ་བརྒྱན་པར་བསམ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །ཕྱི་ནང་བསྟན་སྐྱོང་སྤྱན་དྲང་ངོ་། །ཞལ་བསིལ་གདན་དང་སྐུ་ཁྲུས་གསོལ། །དེ་ནས་མཆོད་པ་རྣམ་ལྔ་དབུལ། །བཤོས་དང་ཞལ་ཟས་སྣ་ཚོགས་དབུལ། །རྒྱན་དང་ན་བཟའ་སྣ་ཚོགས་དབུལ། །གོང་གི་མཆོད་རྫས་ལྷག་མ་ཡིས། །ཕྱི་ཡི་ བསྟན་སྐྱོང་རྒྱས་པར་མཆོད། །དེ་ནས་སྒྲུབ་ཁང་ཕྱི་རོལ་དུ། །འབྱུང་པོའི་གཏོར་མ་གཏང་བར་བྱའོ། །ལས་ཀྱི་རིམ་པ་དེ་རྣམས་ནི། །ཞལ་གཅིག་ཕྱག་གཉིས་པ་ཡིས་བྱའོ། །དེ་ནས་སྐད་ཅིག་ཏིང་འཛིན་གྱིས། །ཞལ་གསུམ་ཕྱག་དྲུག་ང་རྒྱལ་བྱས། །ནང་དང་གསང་བ་བླ་མེད་ དང་། །དངོས་དང་ཏིང་ངེ་འཛིན་གྱིས་དབུལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། ། དྲི་ཟའི་གདུག་པ་འདུལ་མཛད་པའི། །བདུད་ལས་རྒྱལ་ལ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །གཤིན་རྗེའི་གདུག་པ་འདུལ་མཛད་པའི། །རྡོ་རྗེ་གཟི་བརྗིད་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །ཁ་སྦྱོར་ཉི་ཟླའི་ འཕྲོ་འདུ་ལས། །ཆུ་ལྷའི་གདུག་པ་འདུལ་མཛད་པའི། །རྔམ་སྒྲ་སྒྲོགས་ལ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །གནོད་སྦྱིན་གདུག་པ་འདུལ་མཛད་པའི། །རྡོ་རྗེ་ཕྲིན་ལས་ཕྱག་འཚལ་བསྟོད། །འབྱུང་བ་ལྔ་ཡི་བདག་ཉིད་ཆེ། ། མཛེས་ལྡན་འོད་ཟེར་ཅན་དང་ནི། །མདངས་ལྡན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་སྒྲུབ་པ་ལ། །འགུགས་ཤིང་སྒྲུབ་པ་སྡོམ་ཞིང་འཛིན། །མཐའ་རྟུལ་ལས་རྣམས་སྒྲུབ་ལ་བསྟོད། །ཅེས་བསྟོད་པ་རྣམས་ཀྱང་དབུལ་བར་བྱ། །མཁའ་འགྲོའི་གཏོར་མ་བྱིན་གྱིས་ བརླབ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེས་ནི་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བའི་སློབ་མ་ནི། །ཀུན་ གྱིས་དྲི་མ་མེད་མཐོང་ཤོག །དེ་ནས་རྡོ་རྗེ་སློབ་མ་ནི། །ཁྲུས་བྱས་སྤྱོད་ལམ་མཛེས་པ་ཡིས། །སྒྲུབ་པའི་གྲོགས་མཆོག་མཁས་པ་ཡིས། །སྒྲུབ་ཁང་ཕྱི་རུ་ཚིག་འདི་བསྒྲགས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །མ་མཐོང་སྣོད་ དང་མི་ལྡན་ན། །སུ་ལའང་སྟོན་པར་མ་བྱེད་ཅིག །དེ་ནས་བདུད་རྩི་ལྔ་ཡི་ཆུ། །བླངས་ནས་བྱིན་གྱིས་བརླབ་པར་བྱ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི། །ཉི་ཤུ་རྩ་གཅིག་བཟླས་ལ་སྦྱིན། །འདི་ནི་རྡོ་རྗེ་དམ་ཚིག་ཆུ། །སྲུངས་ཤིག་མ་བསྲུངས་སྲེག་པར་བྱེད། ། བསྲུངས་ན་དངོས་གྲུབ་སྟེར་བར་བྱེད། །བདུད་རྩི་འདི་ནི་མྱང་བར་གྱིས། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཞེས་བླུད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་ལྷ་རུ་བྱིན་གྱིས་བརླབ། །སྒྲུབ་པའི་གྲོགས་མཆོག་དམ་པ་ཡིས། །གདོང་གཡོགས་དར་རམ་རས་ཀྱིས་བཅིངས། །རྡོ་རྗེ་ དྲིལ་བུ་ལག་ཏུ་གཏད། །རྡོ་རྗེ་ནས་བཟུང་ཧ་ཧ་ཡིས། །སྔགས་ཀྱི་དཀྱིལ་འཁོར་ལན་གསུམ་བསྐོར། །དེ་ནས་ཡོལ་བའི་ནང་ཁྲིད་ལ། །ཕྱག་འཚལ་མེ་ཏོག་དོར་བར་བྱ། །ལྷ་རྣམས་གང་ལ་ཕོག་པ་སྟེ། །སློབ་དཔོན་གྱིས་ནི་བལྟ་བར་བྱ། །དེ་ནས་རྫས་ཀྱི་དུད་པ་བཏང་། །རྡོ་རྗེ་ སློབ་དཔོན་ཐུགས་ཀ་ནས། །ཁ་དོག་དམར་པོའི་ཨ་བཏོན་ཏེ། །སློབ་མའི་སྙིང་གར་གཞུག་པར་བྱ། །སློབ་མས་ཉམས་ཀྱི་བདེ་བ་བསྒོམ། །འཕར་དང་ལྡེག་པའི་རྟགས་བྱུང་ན། །དེ་ཉིད་བརྟན་པའི་ཡན་ལག་བྱ། །དེ་ནས་ཕྱག་ན་རྡོ་རྗེ་ཉིད། །སློབ་མའི་སྤྱི་བོར་སྤྱན་ དྲངས་ལ། །ཡི་གེ་ཧཱུྃ་དུ་གྱུར་པར་བསམ། །དེ་གྱུར་རྩེ་ལྔ་དེ་ཉིད་ཅན། །ཞུ་ནས་ཚངས་པའི་བུ་གར་ཞུགས། །སྙིང་གི་དཀྱིལ་དུ་ལྷ་རུ་གྱུར། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཙིཏྟ་མཎྜལ་བཛྲ་ས་མ་ཡ་ལྷན། སྔགས་འདི་བརྗོད་ལ་གསལ་བར་བསམ། །མཐུ་སྟོབས་ཕྱག་ན་རྡོ་རྗེ་ནི། ། ཁྱོད་ཀྱི་སྙིང་དུ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་ཡིན་གྱིས། །ཚུལ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བའི་ལས་ཉོན་ཅིག །མ་མོས་བརྙས་པར་མ་བྱེད་ཅིག །གལ་ཏེ་ཁྱོད་ ཀྱིས་བརྙས་ན་ནི། །དམ་ཚིག་འདིས་ནི་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་སྲེག །རང་བཞིན་རྣམ་དག་བདག་ཉིད་ལུས། །དཔའ་བོ་དབང་ཕྱུག་མ་ཡི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་བལྟ་བར་གྱིས། །གདོང་ནས་དཀྲོལ་ཏེ་འཁོར་ལོ་ཡིས། ། དེ་བཞིན་ཉིད་ནི་བསྟན་པར་བྱ། །གཙོ་བོ་སྒོ་བར་བཅས་པར་བསྟན། །དེ་ནས་རྡོ་རྗེ་སློབ་མ་ཡིས། །སྤྱོད་ལམ་ལེགས་པར་བསྲུངས་པ་ཡིས། །བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །དེ་ནས་བུམ་པ་རྣམས་ཀྱི་ཆུ། །རྣམ་རྒྱལ་ལས་ཀྱི་བུམ་ པར་བླུགས། །ཆུ་དེ་མི་དམིགས་སྟོང་པ་ལས། །མཐིང་གའི་མདོག་ཅན་ཧཱུྃ་དུ་གྱུར། །དེ་གྱུར་རྩེ་ལྔ་དེ་ཉིད་ཅན། །དེ་ལས་འོད་འཕྲོས་འདུས་པ་ལས། །སངས་རྒྱས་མི་བསྐྱོད་པ་རུ་གྱུར། །ས་བོན་ལས་ནི་འོད་འཕྲོས་ནས། །ཡེ་ཤེས་མི་བསྐྱོད་སྤྱན་དྲངས་ཏེ། །ཕྱག་རྒྱ་བཞི་ ཡི་གཉིས་མེད་བསྟིམ། །དེ་ལ་མཆོད་པ་རྣམ་ལྔ་དབུལ། །དེ་ཉིད་ཆུ་རུ་གྱུར་པ་ཡིས། །སློབ་མ་ལ་ནི་དབང་བསྐུར་རོ། །སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་པར་ནི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་དཪྴ་ཤཱུ་ནྱ་ཏཱ་ཨ་ བྷི་ཥིཉྩཱ་མི། སློབ་མ་མི་བསྐྱོད་པ་རུ་བསམ། །དེ་ལ་མཆོད་པ་རྣམ་ལྔ་དབུལ། །ཅོན་པན་མི་དམིགས་ཨཱ་རུ་གྱུར། །ཨཱཾ་གྱུར་རིན་ཆེན་ཨཱཾ་གིས་མཚན། །དེ་ལས་འོད་འཕྲོས་འདུས་པ་ལས། །སངས་རྒྱས་རིན་ཆེན་འབྱུང་ལྡན་བསམ། །ས་བོན་ལས་ནི་འོད་ འཕྲོས་པས། །ཡེ་ཤེས་རིན་ཆེན་འབྱུང་ལྡན་ནི། །མདུན་གྱི་མཁའ་ལ་སྤྱན་དྲངས་ཏེ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །དེ་ནས་མཆོད་པ་རྣམ་ལྔ་དབུལ། །དེ་ཉིད་ཅོད་པན་གྱུར་པ་ཡིས། །སློབ་མ་ལ་ནི་དབང་བསྐུར་ རོ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ། །དབུ་རྒྱན་རིན་ཆེན་བླ་ན་མེད། །དབུ་རྒྱན་རིན་ཆེན་མཆོག་འགྲོ་མ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མ་ཡ་ཏཱ་ཛྙཱ་ན་རཏྣ་སཾ་བྷ་ཧཱུྃ་ཨ་བྷི་ཥིཉྩཱ་མི། སློབ་མ་རིན་ཆེན་འབྱུང་ལྡན་བསམ། །དེ་ལ་མཆོད་པ་རྣམ་ལྔས་ མཆོད། །རྡོ་རྗེ་མི་དམིགས་ཛྲཱྀཾ་དུ་གྱུར། །དེ་གྱུར་པདྨ་ཛྲཱྀཾ་གིས་མཚན། །དེ་ལས་འོད་འཕྲོས་འདུས་པ་ལས། །སངས་རྒ