Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 8 / 23 (50.000 ký tự/trang)
། །དེ་བཞིན་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་རྣམ་པར་རྟོག་པ་མི་མངའ་ཡང་། སེམས་ཅན་གྱི་བསམ་པའི་སྟོབས་ཀྱིས་སྐུ་སྣ་ཚོགས་
སུ་སྣང་བར་འགྱུར་རོ། །སྐྱོན་མེད་པ་མ་ཡིན་ཏེ། བློ་ཆུང་བ་རྣམས་ཟབ་མོ་ལ་འཇིགས་པ་དང་། དངངས་པ་དང་། སྐྲག་པ་དང་། སྐྱི་གཡའ་བ་དང་། སྐུར་པ་འདེབས་པ་དང་། མི་འཇུག་ཅིང་གཞན་འཇུག་ཏུ་མི་སྟེར་བར་འགྱུར་བས་བསྟན་པར་མི་བྱའོ། །དེ་ཡང་། ཆུང་ངུ་རྣམས་མི་བྲིད་པའི་ཕྱིར། །དེ་
ཉིད་ཚོལ་བ་ཐོག་མ་ཡིན། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་མཚུངས་ཤིང་ཆགས་མེད་པ། །ཕྱིས་ནི་རྣམ་པར་བདེན་དོན་ཉིད། །ཅེས་གསུངས་སོ། །རློམ་སེམས་དང་བཅས་པ་མ་ཡིན་ཏེ། ཚུལ་དང་ཚུལ་ཆེན་པོ་འཆད་ཀྱང་གཞན་གྱིར་དྲིང་མི་འཇོག་གོ། །ཡང་ན་
མཆོག་ཏུ་གྱུར་བ་གཞན་མི་གནས་པའོ། །ཚིག་ཅེས་པ་ནི། ཨེ་ཝཾ་སྟེ་དེའི་རྗེ་བོ་ནི་བཅོམ་ལྡན་འདས་སོ། །གཉིས་པ་ནི་དབྱངས་དང་གསལ་བྱེད་དེའི་བདག་པོ་ནི་སྐུ་གཉིས་པའོ། །སྨྲ་བ་ནི་མིང་གི་ཚོགས་ཏེ། གཞུང་ལུགས་འཛིན་པས་ན་མཁས་པའོ། །ཚིག་ནི་གླེགས་བམ་གྱི་ཚིག་སྟེ་ལ་ཞེས་
པས་དེ་ཉིད་གཞིར་བྱས་ལ། དབང་ནི་ཐབས་སྣ་ཚོགས་པ་སྟོན་པའོ། །ཚིག་ནི་འགྲོ་བ་མཐའ་ཡས་པའི་སྐད་ལ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་སྒྲོགས་པས་མཐའ་ཡས་སོ། །ཚིག་ནི་ཐེག་པ་ཆེན་པོར་གསུངས་ལ་བདེན་པར་སྨྲ་བ་ནི་བཤད་ཟིན་ཏོ། །སྟེ་ཞེས་པས་
ཁྱབ་པར་སྟོན་པའོ། །དེ་ཡང་བརྟགས་པས་སྡུག་བསྔལ་གྱི་བདེན་པ་དང་། རླུང་བཅུ་ཀུན་འབྱུང་གི་བདེན་པ་དང་། སྒྱུ་མ་འགོག་པའི་བདེན་པ་དང་། སྟོང་པ་ལམ་གྱི་བདེན་པའོ། །ཡང་ན་ལོག་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་དང་། རྣམ་གྲངས་པའི་དོན་དམ་པའི་བདེན་པ་
དང་། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་སྟོན་པའོ། །དེ་ལས་གཞན་པ་ནི་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་བ་སྟོན་པའོ། །དེ་ལས་བྱུང་བའི་འབྲས་བུ་བཤད་པར་བྱ་སྟེ། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །

ཞེས་པ་ནི་འབྲས་བུ་ཐོབ་པ་སྨོས་པས་རྒྱུ་ལ་ཞུགས་པ་ཤེས་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པའི་འབྲས་བུའོ། །རང་རྒྱལ་བསེ་རུའི་ཚུལ་ཞེས་བྱ་བ་ནི་ཚོགས་ན་གནས་པ་ཡང་ཤེས་པར་བྱ་སྟེ། རང་སངས་རྒྱས་ཀྱི་འབྲས་བུའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན།
ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །སྣ་ཚོགས་ནི་སོ་སོའི་སྒོའི་ཁྱད་པར་རོ། །སྤོང་བ་བདུན་དང་བཅུའོ། །དེ་ལས་འབྱུང་བ་ནི་དགེ་སློང་ལ་སོགས་པའི་ཡོན་ཏན་ནི་འབྱུང་བ་ས་ལ་སོགས་པའོ། །ཆེན་པོ་ནི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བའོ། །
རྒྱུ་ནི་བྱེད་པ་པོ་སྟེ་གཅིག་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེའི་ཁྱད་པར་ནི་བདེ་བ་ཆེན་པོ་རྙེད་པས་མཐའ་གཉིས་ལ་འཇིགས་པ་མེད་པ་ཐོབ་པའོ། །མངོན་ཞེན་གྱི་གདུང་བ་དང་བྲལ་བས། སྟོང་པ་དང་། གསལ་བ་དང་། བདེ་བ་ངང་གིས་འབྱུང་བས་དྲི་མས་མ་གོས་པ་ནི།
གསལ་བར་འགྱུར་བས་རྙོག་པ་མེད་ཅེས་པ་སྟེ། ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའོ། །རིག་པ་དང་ནི་ཞེས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །རྐང་པར་ལྡན་ཞེས་པ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལས་བདེ་བར་གཤེགས་པ་ལ་
སོགས་པའི་ཡོན་ཏན་འབྱུང་བ་ནི་ཐུན་མོང་གི་ཐེག་པ་ཆེན་པོ་སྟེ། དེ་ཐམས་ཅད་ཀྱི་སྟོན་པར་གྱུར་པའི་འདྲེན་པ་ཞེས་གསུངས་སོ། །བདག་གི་ལ་སོགས་པ་ནི་གཉིས་དང་བྲལ་བའོ། །བདེན་པ་ལ་སོགས་པ་ནི་གཉིས་སུ་མེད་པའོ། །འཁོར་བ་ལ་སོགས་པ་ནི་ཡོངས་སུ་དག་པའི་དྲི་
མ་མེད་པའི་ཆའི་ཕུན་སུམ་ཚོགས་པའོ། །བྱ་བ་དང་བྲལ་བ་ནི་འབད་པ་དང་བྲལ་བའོ། །དེས་ཉོན་མོངས་པའི་འདམ་མི་གནས་པ་ནི་སྐམ་སར་གནས་ཞེས་བྱའོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །ཞེས་བྱ་བ་ནི་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་ལྷན་ཅིག་སྐྱེས་པ་སྟེ། དེས་
གཟུགས་ལ་སོགས་པ་འཇོམས་པས་ཐམས་ཅད་དམ་པའི་ཆོས་སུ་འགྱུར་ཏེ། གཉུག་མ་འོད་གསལ་བའི་ཆོས་ཀྱི་རྒྱལ་པོ་དང་ལྡན་ནོ། །དེ་བས་ན་འཇིག་རྟེན་པ་ཐམས་ཅད་ལ་སྣང་བར་བྱེད་པ་ནི་མཆོག་རྒྱ་ཆེན་པོ་ཉིད་དོ། །ཁོ་བོ་ནི་མི་གནས་པའི་ས་བོན་ལས་མི་གནས་པའི་

འབྲས་བུར་འབྱུང་ཞེས་བརྟགས་པ་ལྟར་འདིར་ཡང་རྣལ་འབྱོར་གྱི་ཡེ་ཤེས་སུ་བྱ་བའི་ཕྱིར། ཆོས་ནི་སྣ་ཚོགས་ལ་ཆོས་ཀྱི་དབང་ཕྱུག་ནི་སེམས་སོ། །ཆོས་རྣམས་རིགས་བརྒྱད་ལ་མཆོག་གི་རྒྱལ་པོ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་ལེགས་པར་སངས་རྒྱས་ཀྱི་ལམ་སྟོན་པའི་ཕྱིར།
ཐེ་ཚོམ་ལ་མི་གནས་སོ། །དོན་ནི་གཟུགས་ལ་སོགས་པ་སྟེ། གྲུབ་པ་ནི་རང་གི་ངོ་བོར་རོ། །བསམ་པ་ནི་མ་བཅོས་པ་སྟེ་གྲུབ་པ་ནི་བརྟགས་མི་གནས་པའོ། །རྣམ་པར་མི་རྟོག་པའི་དབྱིངས་ནི་བསྟན་པ་ཐོས་པ་དང་འཕེལ་བ་དང་འགྲིབ་པ་མེད་པས་མི་ཟད་པ་ཞེས་བྱའོ། །དེའི་ཕྱིར་
ཟད་མི་ཤེས་ཞེས་གསུངས་ཏེ། རྒྱུན་ཆད་ལ་མི་གནས་སོ། །བསོད་ནམས་ལྡན་པ་ནི་རྡོ་རྗེ་སློབ་དཔོན་མཆོག་མ་ཡིན་ཏེ། བསོད་ནམས་ཀྱི་ཤུགས་ཀྱིས་བསྐྱེད་པའི་ཕྱག་རྒྱ་སྟེ། ཡེ་ཤེས་ནི་གཟུགས་བརྙན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པ་ལ་སོགས་པའོ། །ཡེ་ཤེས་ཁྱད་པར་ཆེ་ཞེས་བྱ་བ་
ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་སྟེ། ངོ་བོ་ཉིད་ཀྱི་རྣལ་འབྱོར་པ་ནི་ཡེ་ཤེས་ལྡན་པའོ། །དེ་ནི་དོགས་པ་མེད་པའི་བདེ་བ་དང་། སྟོང་པ་ཉིད་ཆེན་པོ་གཉིས་ཟུང་འཇུག་ཏུ་ཐ་དད་པ་ཡོད་མེད་ཤེས་ཞེས་བྱའོ། །དེ་ལ་བློ་དང་རང་གི་བྱེ་བྲག་གིས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སྦྱར་བར་བྱ་སྟེ།
སྤང་བྱ་དང་སྤོང་བྱེད་གཉིས་གཉིས་ལ་མི་གནས་ཞེས་བྱ་བ་དང་། སྤང་བྱ་གཉིས་མེད་དང་སྤོང་བྱེད་གཉིས་མེད་ནི་གཉིས་སུ་མེད་པ་སྟེ། དེ་ཡང་མི་གནས་པ་ནི་ཚོགས་གཉིས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྣལ་འབྱོར་ཅན་ཞེས་པ་ནི་བདེན་པ་ཡང་བྲལ་བའི་མི་གནས་པའོ། །
བསམ་གཏན་ནི་རྩེ་གཅིག་པའོ། །བསམ་བྱ་ནི་བློ་སྟེ། དེ་རང་གི་ངོ་བོར་ལྡན་པས་མཆོག་ཅེས་བྱ་སྟེ། རང་བྱུང་བས་དུས་གསུམ་ལ་མི་གནས་སོ། །དེ་ཡང་རང་རིག་པའི་ངོ་བོར་བསྟན་པའི་ཕྱིར། སོ་སོ་རང་རིག་ཅེས་པ་ནི་རྐྱེན་གཞན་ལ་རག་མ་ལས་པའོ། །མི་གཡོ་བ་ནི་མི་བསྐྱོད་པ་སྟེ།
གཉིས་མེད་གཉིས་ལ་མི་བསྐྱོད་པ་དང་། གཉིས་ཀྱིས་གཉིས་མེད་མི་བསྐྱོད་པ་སྟེ། །འཁྲུལ་པ་དང་མ་འཁྲུལ་པའི་བྱེ་བྲག་གིས་སོ། །དེ་ཉིད་ནི་དཔལ་མཆོག་དང་པོའི་སྐྱེས་བུ་སྟེ། བཅོམ་ལྡན་འདས་སོ། །དང་པོ་ཞེས་པ་ནི་ཟླ་བ་ཚེས་གཅིག་པ་ལྟ་བུ་སྟེ། འཇམ་དཔལ་ཡེ་ཤེས་སེམས་

དཔའ་དང་པོའོ། །སྐུ་གསུམ་ལ་སོགས་པ་ནི་དེ་ཉིད་ལ་ཐམས་ཅད་མངའ་བའོ། །ཅོད་པན་ཞེས་པ་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །སྐྱེད་པ་པོ་ཞེས་པ་ནི་ཐམས་ཅད་ཀྱི་བྱེད་པ་པོའོ། །སྲས་པོ་ཞེས་བྱ་བ་ནི་རྒྱལ་པོའི་ཕྲུ་གུ་ལྟ་བུ་སྟེ། མངོན་སུམ་དུ་མ་གྱུར་པ་ལ་དགོངས་
པའོ། །དམ་པའི་མཆོག་ཅེས་པ་ནི་སྲས་ལ་ཁྱད་པར་དུ་གྱུར་པའོ། །སྐྱེ་གནས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། ཤེས་པ་སྲིད་པ་གསུམ་དུ་འབྱུང་ལ། སྲིད་གསུམ་སྐྱེ་བ་མེད་པའི་སེམས་ཀྱི་རང་བཞིན་དུ་རིག་པས་སྐྱེ་གནས་མེད་པའོ། །དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། ཆོས་ནི་གཟུགས་ལ་
སོགས་པའོ། །དེ་ལས་འབྱུང་བ་ནི་སྲིད་པ་གསུམ་མོ། །དེ་རྟེན་འབྲེལ་ལས་སྐྱེས་པའི་སྦྱོར་བའི་རང་བཞིན་མེད་པ་ནི་སེལ་ཞེས་བྱའོ། །དུ་མའི་རྙོག་པ་ཅན་མ་ཡིན་ཏེ། གཅིག་པུ་ཞེས་བྱ་བའི་དོན་བཤད་ཟིན་ཏོ། །ལམ་གྱི་རྙོག་པ་ཅན་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་བྱ་བའི་
དོན་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་བཞིན་དུ་ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་པས་སོ། །བཅོས་མའི་རྙོག་པ་ཅན་མ་ཡིན་ཏེ། ནམ་མཁའ་ལས་བྱུང་ཞེས་བྱ་བ་ནི་རྒྱུ་ལས་མ་སྐྱེས་པ་སྟེ། རྐྱེན་ལ་རག་མ་ལས་པར་རང་འབྱུང་བའོ། །བཏང་སྙོམས་ཀྱི་རྙོག་པ་ཅན་མ་ཡིན་ཏེ།
དཔེར་ན་མེས་བསྲེགས་ཤིང་གསལ་བར་བྱེད་པ་ལྟར། འདིར་ཡང་མི་བོ་ཆེ་ཞེས་པ་ནི། མུན་པ་ལ་ནི་མར་མེ་བཞིན། །ཞེས་བྱ་བ་སྟེ་བཤད་ཟིན་ཏོ། །དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། འོད་ཆེན་ལ་སོགས་པའོ། །མ་རིག་པའི་རྙོག་པ་ཅན་མ་ཡིན་ཏེ། ཡེ་ཤེས་སྐར་མ་ལམ་མེ་བ། །ཞེས་བྱ་བ་ལ་རྩོད་
གཞི་ཐེ་ཚོམ་མེད་པར་བྱེད་པའོ། །ཕྱོགས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། འགྲོ་བའི་ལ་སོགས་པས་སོ། །གཟི་བརྗིད་ཆེན་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔར་དབྱེར་མི་ཕྱེད་པ་སྟེ། རང་བཞིན་གྱིས་འོད་གསལ་བས་བརྟགས་པའི་རྙོག་པ་ཐམས་ཅད་དང་བྲལ་བའོ། །ད་ནི་དེ་ཉིད་མྱ་ངན་ལས་འདས་པའི་
འཁོར་ལོར་སྣང་བར་བཤད་པར་བྱ་སྟེ། སྔགས་མཆོག་ནི་ཡེ་ཤེས་ལ་གསུངས་ལ། མངའ་བདག་ནི་རིགས་ཐམས་ཅད་ཀྱིའོ། རིག་སྔགས་ལ་སོགས་པ་ནི་བཤད་ཟིན་ཏོ། །དེས་ཅི་མཛད་ཅེ་ན། འགྲོ་བ་ཀུན་དགའ་བར་བྱེད་པའི་སྙིང་རྗེའི་དམིགས་པ་དང་ལྡན་པས་སོ། །དྲང་སྲོང་ནི་རྒྱུན་

དག་པ་སྟེ་ཆེ་དགུ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་སོ། །དེས་མཆོད་ཅིང་བརྗོད་པའི་གནས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ་ཞེས་དགོངས་སོ། །དེ་ལ་རྣལ་འབྱོར་མཆོག་གི་མཆོད་བརྗོད་ཇི་ལྟར་བྱ་བའི་ཚུལ་བཤད་པར་བྱ་སྟེ། རིགས་གསུམ་ནི་སྐུ་གསུང་ཐུགས་འཆང་བ་ནི་གསང་བ་
གསུམ་ཐ་མི་དད་པར་རོ། །གསང་སྔགས་ནི་ཐབས་དང་ཤེས་རབ་སྟེ། ནང་གི་བདག་ཉིད་དུ་ལྡན་པ་ལ་ཅན་ཞེས་བྱའོ། །དེ་ལ་ཡང་། ལ་ལ་ཤེས་རབ་རང་བཞིན་ཏེ། །ར་ས་ཐབས་སུ་ཡང་དག་གནས། །ཨ་ཝ་དྡྷཱུ་ཏཱི་དབུས་ནས་སུ། །གཟུང་དང་འཛིན་པ་སྤངས་པའོ། །ཞེས་གསུངས་པས་སོ། །
དམ་ཚིག་ཆེན་པོ་ནི་ལྷན་ཅིག་སྟེ། གསང་སྔགས་འཛིན་པ་ཡང་ཨེ་ཝཾ་གྱི་རྣམ་གྲངས་ཐམས་ཅད་ཐ་མི་དད་པའོ། །གཙོ་བོ་ནི་འཇིག་རྟེན་གྱི་སྐྱབས་སུ་གྱུར་པའོ། །དཀོན་མཆོག་གསུམ་འཛིན་པ་ནི་ནང་གི་དཀོན་མཆོག་གསུམ་སྟེ། དེ་ཡང་། །སྟོང་པ་སྙིང་རྗེ་ཐ་དད་མེད། །སེམས་ནི་གང་དུ་རབ་
བསྒོམ་པ། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཉན་ཐོས་ལ་སོགས་པ་སྟེ། དཀོན་མཆོག་གསུམ་ནི་རྣམ་དག་ཏུ་སྟོན་པའོ། །དོན་ཡོད་ཞགས་པ་ནི་རྣམ་པར་སྣང་མཛད་དོ། །རྣམ་པར་རྒྱལ་བ་ནི་རིན་ཆེན་འབྱུང་
ལྡན་ནོ། །འཛིན་པ་ཆེན་པོ་ནི་མི་བསྐྱོད་པའོ། །རྡོ་རྗེ་ཞགས་པ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཆེན་པོ་ཞགས་པས་ནི་སེམས་ཅན་བསྐྱེད་པ་དང་དབང་བསྐུར་བའི་ཡེ་ཤེས་ཀྱིས་འཁོར་བ་ལས་རྒྱལ་བ་དང་། དེ་ཁོ་ན་ཉིད་ཆེན་པོ་འཛིན་པ་
དང་། །སྙིང་རྗེའི་ཞགས་པས་འཁོར་བར་འཇུག་ཀྱང་སྐྱོན་གྱིས་མ་གོས་པ་དང་། དམ་ཚིག་གི་ལྕགས་ཀྱུས་འགྲོ་བའི་དོན་དུ་ཕྲིན་ལས་མཛད་པའི་རིགས་ཀྱི་འཁོར་ལོ་བརྗོད་པ་སྟེ། དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་
ནས་བཤད་པའི་བར་གྱིས་ཡོན་ཏན་གྱི་རྣམ་གྲངས་སུ་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་འཇིགས་བྱེད་ནི་རྟགས་སོ། །གཉིས་པ་ནི་ཞེ་སྡང་ལ་སོགས་པ་དག་པར་བྱེད་པས་དོན་དེ་ཉིད་ཀྱི་རྒྱུད་ལས་སོ། །ཁྲོ་བོའི་རྒྱལ་པོ་ནི་མ་རྟོགས་པ་དང་རྟོགས་པའི་ཁྱད་པར་གྱིས་བདེ་བ་དང་སྡུག་བསྔལ་

གཅོད་པ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །གདོང་དྲུག་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་སོ། །དེ་ཡང་སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་དང་། དམ་ཚིག་དང་། ཡོན་ཏན་གྱི་མཚན་ཉིད་ཀུན་རྫོབ་ཀྱི་ཐིག་ལེ་དང་།
དབྱངས་ཡིག་བཅུ་གཉིས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། བསམ་གྱིས་མི་ཁྱབ་པ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་། དེ་དང་ཐ་མི་དད་པའི་དམ་ཚིག་ནི་བདེ་བ་དང་། དུས་ཀྱི་རླུང་ཟིན་པ་དང་། ཟུང་དུ་འཇུག་པ་དང་། ཐམས་ཅད་རོ་གཅིག་པ་དང་། རེ་བ་མེད་པའི་སྨོན་ལམ་དང་།
སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་བལྟས་ལ་ཟུང་རྔུ་མེད་པ་དང་། རྒྱུན་མི་འཆད་པ་དང་། སྒྲོ་མ་བཏགས་པ་དང་། རང་ཉིད་འབྱུང་བ་དང་། རེ་བ་མེད་པ་དང་སྒྲོ་འདོགས་ཆོད་པའི་ལག་ཏུ་ཐོགས་པས་ཕྱག་རྒྱ་ཆེན་པོའི་སྟོབས་དང་ལྡན་པའོ། །རིག་པ་མཆོག་གི་རྒྱུད་ལས་སོ། །ཀེང་རུས་ནི་
སྙིང་པོ་མཚོན་པ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །མཆེ་བ་གཙིགས་པ་ནི་བདུད་བཞི་བཅོམ་ནས་ཡེ་ཤེས་བཞི་སྣང་བར་གྱུར་པ་སྟེ། །རྡོ་རྗེ་གསང་ལུས་ཀྱི་རྒྱུད་ལས་སོ། །ཧ་ལ་ཧ་ལ་ནི་གཉིས་མེད་ཀྱི་བཅུད་ཀྱིས་འབིགས་པ་སྟེ། དོན་ཡོད་ཞགས་པའི་རྒྱུད་ལས་སོ། །གདོང་
བརྒྱ་པ་ནི་གདུལ་བྱའི་རྣམ་རྟོག་དང་མཐུན་པར་འབྱུང་བས་རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །གཤིན་རྗེ་གཤེད་པོ་ནི་འཇིག་རྟེན་པ་དང་། ཐེག་པ་དང་། ཐེག་པ་ཆེན་པོ་ལ་གནས་པ་སྟེ། དེ་རྟགས་དང་ལམ་དང་། རྣལ་འབྱོར་གྱི་འཇོམས་པ་ནི་གསང་བ་
འདུས་པ་ལས་སོ། །བགེགས་ནི་ཉོན་མོངས་པ་དང་། སྣང་བ་དང་། རྣམ་པར་རྟོག་པ་དང་། བདུད་དེ་དག་ལྷན་ཅིག་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། གཉུག་མ་དང་། དོན་གཅིག་པ་ཉིད་ཀྱིས་རྒྱལ་བ་ནི་རྣམ་པར་སྣང་མཛད། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རྡོ་རྗེ་ཤུགས་ཆེན་ནི་རྒྱུ་འབྲས་
དབྱེར་མེད་པ་སྟེ། དམ་ཚིག་ཆེན་པོའི་རྒྱུད་ལས་སོ། །འཇིགས་པར་བྱེད་པ་ནི་རིགས་པའི་མཐུས་གཏི་མུག་ཉིད་དེ་བཞིན་ཉིད་དུ་གྱུར་པ་སྟེ། ཟླ་གསང་ཐིག་ལེའི་རྒྱུད་ལས་སོ། །རྡོ་རྗེ་གྲགས་པ་ནི་ཡེ་ཤེས་ཉིད་སྣ་ཚོགས་སུ་གྲགས་པ་སྟེ། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །

རྡོ་རྗེ་སྙིང་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བསྙེན་པར་གྱུར་པ་སྟེ། ཟླ་གསང་ནོར་བུ་ཐིག་ལེ་རྒྱན་གྱི་རྒྱུད་ལས་སོ། །སྒྱུ་འཕྲུལ་ཞེས་པ་ནི་ཐམས་ཅད་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་དང་འདྲ་བར་བསྟན་པ་སྟེ། ཁྲི་དྲུག་སྟོང་པ་འདི་ཉིད་ལས་སོ། །རྡོ་རྗེ་གསུས་པོ་ཆེ་ནི་ཟུང་འཇུག་གིས་ཡིད་རྒྱས་པ་སྟེ། གསང་
བ་མཆོག་གི་རྒྱུད་ལས་སོ། །རྡོ་རྗེ་ལས་སྐྱེས་ནི་སེམས་བདེ་བ་ཆེན་པོ་ལས་སྣ་ཚོགས་སྐྱེས་པ་སྟེ། འབྱུང་ཕྱོགས་བཞག་པའི་རྒྱུད་ལས་སོ། །རྡོ་རྗེ་བདག་ཅེས་པ་ནི་སྣ་ཚོགས་བདེ་བ་ཆེན་པོ་ཉིད་དུ་བསྟན་པ་སྟེ། །རྡོ་རྗེ་ས་འོག་གི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་པ་ནི་
སྐྱེས་པ་དང་། ཐེག་པ་གཉིས་ཀྱིས་གཅིག་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ནམ་མཁའ་འཛིན་གྱི་རྒྱུད་ལས་སོ། །མི་གཡོ་བ་ཞེས་བྱ་བ་ནི་སྔར་བཤད་དོ། །ཧེ་རུ་ཀ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི། རང་གི་ངོ་བོར་འཁོར་འདས་ཐམས་ཅད་ཡེ་ཤེས་
གཅིག་གིས་བསྒྱིངས་ཤིང་། དབང་པོ་ཐམས་ཅད་ཉམས་མྱོང་གཅིག་གིས་བསྒྱིངས་པ་སྟེ། རྡོ་རྗེ་ཅོད་པན་གྱི་རྒྱུད་ལས་སོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པ་དང་། ཐབས་དང་ཤེས་རབ་རྒྱུད་ལ་གོམས་པར་བྱ་བ་སྟེ། འཁོར་ལོ་བདེ་མཆོག་
གི་རྒྱུད་ལས་སོ། །དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཞེས་པ་ནི་མཐའ་གཉིས་སེལ་བ་དང་། ཐབས་དང་ཤེས་རབ་ཀྱི་གསང་བ་གཞན་ལ་བསྒྲག་པར་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །ཧི་ཧི་ཞེས་སྒྲོགས་ཞེས་པ་ནི། །རང་རྒྱུད་ལ་སྦྱོར་བ་སྟེ། ཁྲོ་བོ་ཐིག་ལེ་ཟླ་བའི་རྒྱུད་ལས་སོ། །
འཇིགས་པར་བྱེད་པ་ཞེས་པ་ནི། རྟག་ཆད་དང་ཀྱི་མཐའ་དང་བྲལ་བ་སྟེ། ཀུན་ལས་བཏུས་པའི་རྒྱུད་ལས་སོ། །གད་མོ་ཆེན་པོ་ནི་རང་འབྱུང་གསང་བ་མཐོང་བ་སྟེ། སྐུ་ཁྲོས་པའི་རྒྱུད་ལས་སོ། །གད་རྒྱངས་ཅན་ནི་ཟིལ་གྱིས་གནོན་པའི་གསུང་སྟེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །རྡོ་རྗེ་གད་མོ་
ཆེར་སྒྲོགས་བས་ཞེས་པ་ནི། རྡོ་རྗེ་ཙཎྜ་ལཱིར་འབར་བ་སྟེ། རྡོ་རྗེ་བསམ་གཏན་གྱི་རྒྱུད་ལས་སོ། །རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུ་སྟེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་སོ། །སེམས་དཔའ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དགྱེས་པ་རྡོ་རྗེ་ལས་སོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་

པ་ནི་བདེ་བ་ཆེན་པོའི་སྐུ་སྟེ། པདྨ་དང་རྡོ་རྗེ་སྙོམས་པར་འཇུག་པའི་རྒྱུད་ལས་སོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། རྟོག་པ་བཞི་པའི་རྒྱུད་ལས་སོ། །རྡོ་རྗེ་ཧཱུཾ་སྟེ་ཞེས་བྱ་བ་ནི་རྒྱུ་མེད་པ་དང་། ཚིག་དང་བྲལ་བ་དང་། མི་གནས་པ་རང་རྒྱུད་ལ་སྦྱངས་པ་སྟེ།
ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས་སོ། །ཧཱུཾ་ཞེས་སྒྲོགས་ཞེས་པ་ནི། དེ་ཉིད་གཞན་ལ་སྟོན་པ་སྟེ། རྡོ་རྗེ་མཆོག་གི་རྒྱུད་ལས་སོ། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་པ་ནི་ཚོགས་དྲུག་ཐུག་ཕྲད་ཡེ་ཤེས་རང་ཆས་སུ་སྟོན་པ་སྟེ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལས་སོ། །རྡོ་རྗེ་རལ་གྲིས་མ་
ལུས་གཅོད། །ཅེས་པ་ནི་ཏིང་ངེ་འཛིན་གྱིས་གོམས་པའི་མཐུ་བསྟན་པ་སྟེ། དཔལ་མཆོག་དང་པོའི་རྒྱུད་ལས་སོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་འཆང་། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་དུས་ཏེ། དགོངས་པ་འདུས་པའི་ལུང་བསྟན་གྱི་རྒྱུ་ལས་སོ། །རྡོ་རྗེ་གཅིག་པུ་ཞེས་པ་ནི་
སྔར་བཤད་ཟིན་ཏོ། །འཇམ་དཔལ་ལུང་བསྟན་པའི་རྒྱུད་ལས་སོ། །གཡུལ་སེལ་ནི་ཕུང་པོ་ལ་སོགས་པའི་ཚོགས་བཟློག་པ་སྟེ། དམ་པ་དང་པོའི་རྒྱུད་ལས་སོ། །རྡོ་རྗེ་འབར་བ་ཞེས་པ་ནི། བདེ་བ་ཆེན་པོ་ཉིད་རིགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བའི་སྙིང་རྗེའི་སྤྱན་ཏེ། དམ་ཚིག་བཀོད་པའི་རྒྱུད་
ལས་སོ། །མིག་མི་བཟད་ཅེས་པ་ནི། སྐུ་སྣ་ཚོགས་ཉིད་བདེ་བ་ཆེན་པོའི་སྐུར་གཅིག་པ་ཡེ་ཤེས་ཀྱི་སྤྱན་ཏེ། བསམ་གཏན་རྩེ་མོའི་རྒྱུད་ལས་སོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་ནི་སྙིང་པོ་སྲིད་པ་གསུམ་ལ་ཁྱབ་པ་སྟེ། མངོན་པར་མཐོང་བའི་རྒྱུད་ལས་སོ། རྡོ་རྗེ་འབེབས་པ་ནི་
སྐུ་གསུང་ཐུགས་རབ་ཏུ་གནས་པས་ཕྱག་གི་འོས་སུ་གྱུར་པ་སྟེ། བདུད་རྩིའི་མཆོག་གི་རྒྱུད་ལས་སོ། །འབེབས་པ་ཆེ་ཞེས་པ་ནི། དམ་པའི་དྲིན་གྱིས་བླ་མའི་བླ་མ་དང་། རྡོ་རྗེ་འཆང་གི་བྱིན་རླབས་ཞུགས་པ་སྟེ། ཐུགས་ཁྲོས་པ་རྡོ་རྗེའི་རྒྱུད་ལས་སོ། །མིག་བརྒྱ་པ་སྟེ་ཞེས་པ་ནི།
འགྲོ་བ་ཐམས་ཅད་ཀྱི་རྒྱུད་གཟིགས་པ་སྟེ། སྤྱན་རས་གཟིགས་སྙིང་གུར་གཅིག་པའི་རྒྱུད་ལས་སོ། །རྡོ་རྗེ་མིག་ཅེས་བྱ་བ་ནི། སངས་རྒྱས་སྤྱན་དང་ལྡན་པ་སྟེ། རྡོ་རྗེ་ཞི་བའི་བདེ་བའི་རྒྱུད་ལས་སོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་པ་ནི། རྡོ་རྗེ་ཡེ་ཤེས་ཀྱི་རྣལ་འབྱོར་རྒྱུད་ལས་སྐྱེས་པའི་བ་

སྤུའི་བུ་ག་རེ་རེ་ཞིག་ནས་སངས་རྒྱས་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་ཀྱི་ཁ་སྦྱོར་བའི་སྡོམ་པ་བཞུགས་སོ། །ཀུན་དུ་ཁ་སྦྱོར་བའི་རྒྱུད་ལས་སོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་པ་ནི་ས་བཅུའི་ཡེ་ཤེས་ཐུགས་སུ་ཆུད་པའམ། སྟོབས་བཅུ་དང་ལྡན་པ་སྟེ། གཤིན་རྗེ་གཤེད་བཞི་བརྒྱ་ལྔ་བཅུའི་
རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་ཞེས་པ་ནི་འཁོར་བ་བདེ་ཆེན་གྱི་སྙིང་པོ་ཅན་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས་སོ། །པགས་པ་མཁྲེགས་ཞེས་པ་ནི། གོ་ཆ་གསུམ་དང་ལྡན་པ་སྟེ། སྒྱུ་མ་བསྒྲགས་པའི་རྒྱུད་ལས་སོ། །རྡོ་རྗེ་ཕྲེང་ཐོགས་ཞེས་པ་ནི། ཚོགས་གཅིག་པ་དང་། རྒྱུ་གཅིག་པ་དང་།
མཚན་ཉིད་གཅིག་པ་སྟེ། ལྷ་མོ་བཞིའི་རྒྱུད་ལས་སོ། །དཔལ་དང་ལྡན་ཞེས་པ་ནི་མི་སློབ་པའི་སྐུ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས་སོ། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཡེ་ཤེས་རང་ཆས་སུ་ལྡན་པ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་སོ། །གད་
རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་པ་ནི་ཟིལ་གྱིས་མི་གནོན་པའི་ཕུང་པོ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས་སོ། །ཡི་གེ་དྲུག་པ་ཞེས་པ་ནི་འགྲོ་བ་དྲུག་དང་། རིགས་དྲུག་གི་རྣམ་པར་དག་པ་ནི་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་སྟེ།
སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་ཨོཾ་མོ། །བསམ་གྱིས་མི་ཁྱབ་པའི་རང་བཞིན་གྱིས་ཨཾ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའོ། །ཝ་ཞེས་པ་ནི་བཅོམ་ལྡན་འདས་སོ། །ཨ་ཞེས་པ་ནི་མཚན་དང་དཔེ་བྱད་ཀྱི་བར་དུ་བརྒྱན་པ་སྟེ་གཟུགས་སོ། །ག་ཞེས་པ་ནི་བདེ་བའོ། །ཨཱི་ཞེས་པ་ནི་རྣམ་པར་
རྟོག་པས་དབེན་པ་སྟེ་ཚོར་བའོ། །ཤྭ་ཞེས་པ་ནི་མཚན་མའོ། །བ་ཞེས་པ་ནི་གསུང་སྟེ། ཨ་ཞེས་པ་ནི་མིང་དང་བྲལ་བ་སྟེ། འདུ་ཤེས་སོ། །མ་ཞེས་པ་ནི་ལམ་མོ། །ཨུ་ཞེས་པ་ནི་འགྲོ་བའོ། །ཨ་ཞེས་པ་ནི་གནས་ཏེ་འདུ་བྱེད་དོ། །ཨ་ཞེས་པ་ནི་མཉམ་པ་ཡེ་ཤེས་ཀྱི་ཕུང་པོ་ཅན་ནོ། །དེ་དག་ནི་
ཁྲོ་བོའི་རྒྱལ་པོ་གདོང་དྲུག་གི་རྒྱུད་ལས་སོ། །རྡོ་རྗེ་སྒྲ་ཞེས་པ་ནི་གཉིས་མེད་ཀྱི་གསུང་སྟེ། དེ་གང་ལས་བསྟོད་ཅེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ། །སྒྲ་ཆེ་བ་ནི་ཐམས་ཅད་ལ་གྲགས་པའོ། །འཇིག་རྟེན་གསུམ་ན་སྒྲ་ཆེ་བ། །ཞེས་པ་ནི་དེ་དག་ཐམས་ཅད་

འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣམ་གྲངས་ལ་ཆེད་དུ་བརྗོད་པའོ། །དེ་ལ་སོགས་པའི་ནམ་མཁའི་མཐས་ཀླས་པ་ནི། སྒྲ་སྒྲོགས་པ་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ལ་ཆེད་དུ་བརྗོད་པའོ། །གཞན་ཆེད་དུ་བརྗོད་པའི་གནས་སུ་མི་འགྱུར་བ་མ་
ཡིན་ཏེ། འདི་ནི་མཆོག་གོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་ཡིན་པའི་ཁྱད་པར་ཏེ། འདོད་པའི་ཁམས་ལ་སོགས་པའི་ཐེག་པ་གསུམ་ཞེས་གྲགས་པ་ནི་ཡོད་ལ། དོན་ཇི་ལྟ་བ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཕྱོགས་ན་གནས་པས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཡིན་ནོ། །ཡོད་
པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཆོས་ཐམས་ཅད་ཀྱང་ནམ་མཁའི་ཁོངས་སུ་གཏོགས་པའོ། །ཆོས་དེ་དག་ཐམས་ཅད་ཀྱང་འདོད་པའི་ཁམས་ན་མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་
མེད་པའི་ཁམས་ན་མི་གནས། འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པས་སོ། །དེ་བས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་གཟུགས་སྣ་ཚོགས་སུ་སྟོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །
ཡང་དག་བདག་མེད་ཅེས་པ་ལ་སོགས་པ་ལ་རགས་པའི་རྣམ་པར་རྟོག་པ་ལོག་བཞིན་པས་ན་ཡང་དག་གོ། །ཡང་དག་བདག་མེད་ནི་གྲུབ་པའི་མཐའི་དོན་ལ་དམིགས་པ་མེད་པ་སྟེ། དེ་བཞིན་ཉིད་དོ། །དོན་གྱིས་མིང་མཚོན་པ་ནི་ཡང་དག་མཐའ་སྟེ། དེ་དག་དང་བྲལ་བས་ན།
ཡི་གེ་མེད་ཅེས་བྱ་བའི་ཆ་རང་བཞིན་མེད་པ་དང་། འཛིན་པས་ཀྱང་སྟོང་པ་སྟེ། དེ་ལས་ཀྱང་མཆོག་ཏུ་གྱུར་པ་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །སྟེ་<ཞས་‚ཞེས་>པ་ནི་དེའི་ཡོན་ཏན་བསྡུ་བར་བྱ་བའི་དོན་ཏོ། ཟབ་ཅིང་ཞེས་པ་ནི་བདེ་བའོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་སྟོང་པའོ། །སྒྲ་སྒྲོགས་
པ་ཞེས་བྱ་བ་ནི་གཉིས་མེད་དུའོ། །དེ་ལ་སློབ་མ་ལ་བསྟན་པར་བྱ་བ་ཡིན་པས་ཆོས་ཀྱི་དུང་ཞེས་བྱའོ། །སྟེ་ཞེས་པས་མན་ངག་སྟོན་པ་སྟེ། དེ་ཉིད་ཀྱི་ཡུལ་སོ་སོར་ངེས་པ་ལ་ཡིད་ཆེས་པར་བྱས་ནས་སྤྲོས་པ་མི་གནས་པར་བྱ་བ་ནི། སྒྲ་ཆེ་ལྡན་ཞེས་གསུངས་ཏེ། བླ་མའི་ཞལ་ལས་རིག་པར་

བྱའོ། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་པ་ནི། ཚོགས་འདུ་བའི་དོན་གྱིས་ན། ཐེག་པ་གསུམ་གྱི་ཚོགས་ལ་བཤད་པའོ། །མི་གནས་མྱ་ངན་འདས་པ་པོ། །ཞེས་པ་ནི། སློབ་མ་ལ་བཤད་པའི་སྙིང་པོ་སྟོན་པར་བྱེད་པ་སྟེ། དེ་ལས་བསྟན་པའི་བདག་པོ་ཉིད་ཀྱང་འབྱུང་བར་འགྱུར་ན། ཨེ་ནི་ཤེས་རབ་
ཉིད་འགྱུར་ལ། །ཝཾ་ནི་རབ་དགའི་བདག་པོ་སྟེ། །ཐིག་ལེ་མི་ཤིགས་དེ་ཉིད་ལས། །དེ་ལ་ཡི་གེ་ཉིད་ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱའི་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེས་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་གསུངས་པའི་ཕྱིར།
ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་ནི་ཚོགས་ལ་བཤད་པས་བསྟན་པའི་གཟུགས་བརྟན་པར་བྱེད་པའོ། །དེ་ཡང་། རྟགས་ཅན་གཟུགས་ལ་གནས་གྱུར་ན། །འཇིག་རྟེན་སྤྱོད་ལས་འདས་འགྱུར་ཏེ། །གང་ཞིག་ཆོ་ག་འདིར་གནས་པ། །དེ་ནི་བསྟན་པ་འཇིག་བྱེད་གསུངས། །ཞེས་གསུངས་
པས། །ཐུན་མོང་བསྟན་པ་གཟུང་ངོ་། །དེ་ཡང་རང་གི་རང་བཞིན་དུ་བྱ་བའི་ཕྱིར། །གཟུགས་མེད་ཅེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། གཟུགས་མེད་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང་། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་
ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་གསུངས་པས་སོ། །གཟུགས་བཟང་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ཡང་། ན་ཆུང་གཞོན་ནུ་མིག་ཡངས་ལ། །གཟུགས་བཟང་གཞོན་པས་བརྒྱན་པ་ཡིན། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་གསུངས་པས་སོ། །
དམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། །དེ་ཡང་། ཨེ་མ་ཀུན་དུ་བཟང་པོ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་དམ་པ་རབ་ཏུ་གྲགས། །ཞེས་གསུངས་པས་སོ། །སྣ་ཚོགས་གཟུགས་ཅན་ནི་དམ་ཚིག་ཕྱག་རྒྱ་སྟེ། དེ་ཡང་། །ཡེ་ཤེས་ལ་གཞན་ཕྱོགས་པ་ཡང་། །
སངས་རྒྱས་སྐུ་ནི་ཇི་ལྟར་འགྱུར། །འདི་ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བར་རིགས། །ཞེས་གསུངས་པས་སོ། །ཡིད་ལས་སྐྱེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཡིད་ཀྱི་རང་བཞིན་དུ་བསྟན་པ་སྟེ། དེ་བས་ན། དེ་ཉིད་གཟུགས་རྣམས་ཐམས་ཅད་དུ་སྣང་བའི་དཔལ་ཞེས་

བྱའོ། །གཟུགས་རྣམས་མ་ལུས་འཆང་བ་པོ། །ཞེས་པ་ནི་སྔར་གྱི་དོན་འདི་ཉིད་དེ་འབྲས་བུ་ཟུང་དུ་འཇུག་པ་འདི་ཉིད་དང་། དོན་དང་། དཔེ་དང་། རྟགས་ཟུང་དུ་འཇུག་པའོ། །མཚུངས་པ་མེད་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཉིད་རྒྱུ་ཡིན་པས་འགྲན་ཟླ་མེད་ཅིང་
བདག་པོ་དང་བྲལ་བས་ཆེ་བར་གྲགས་པའོ། །ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་ནི་ཡུལ་མེད་པའི་ཤེས་པ་སྟེ། བསམ་དུ་མེད་པའོ། །དེ་ཡང་། བསམ་པ་བཞིན་དུ་མི་སེམས་པ། །དེ་ནི་བསམ་གྱིས་མི་ཁྱབ་བརྗོད། །ཅེས་གསུངས་པས་སོ། །འཕགས་པའི་ལམ་ནི་དྲང་པོའོ། །ཤིན་ཏུ་མཐོ་
བ་ནི་རྡོ་རྗེ་འཛིན་པའི་སའོ། །དེ་ལ་གནས་པ་ནི་རང་འབྱུང་སྟེ། དེ་ཡང་། རང་འབྱུང་རྟོགས་པས་བསམ་གཏན་མིན། སངས་རྒྱས་སྤྲུལ་པ་རྒྱུན་མི་འཆད། །ཅེས་གསུངས་པས་སོ། །དར་བ་ཆེན་པོ་ནི་རྒྱས་པ་སྟེ་དེ་ལས་རང་གི་དོན་དུ་འགྱུར་བའོ། །ཆོས་ཀྱི་ཏོག་ནི་རྒྱལ་མཚན་ཏེ་གཞན་དུའོ། །
འཇིག་རྟེན་ལ་སོགས་པ་ནི་འབྲས་བུར་བཤད་པ་སྟེ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་ནི། བགྲེས་པ་མི་མངའ་བའི་ཕྱིར་ཆོས་ཀྱི་སྐུའོ། །གནས་བརྟན་ནི་ཐེག་པ་གསུམ་གྱི་ལུས་སུ་གྱུར་པས་སོ། །རྒན་པོ་ནི་ཐོག་མ་མེད་པས་སོ། །སྐྱེ་དགུའི་བདག་ནི་འཁོར་འདས་ཀྱི་སྐྱེད་མར་
གྱུར་པས་སོ། །སུམ་ཅུ་རྩ་གཉིས་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་གསལ་བའི་ཐབས་བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ལུང་དང་རིགས་པས་སོ། །འཇིག་རྟེན་ལེགས་པར་ཤེས་པ་ནི་དེ་ཉིད་སེམས་
ཀྱི་ཁྱད་པར་དུ་ཤེས་པ་སྟེ། རྡོ་རྗེ་སློབ་དཔོན་ལས་སོ། །སྟེ་ཞེས་པ་སློབ་དཔོན་གྱི་བྱེ་བྲག་གཞན་དུ་བསྡུ་བའོ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་པ་སྣང་བ་སློབ་དཔོན་དུ་གྱུར་པ་སྟེ། མངོན་ཞེན་དང་བྲལ་བས་འཇིགས་པ་མེད་པའོ། །མགོན་སྐྱབས་འཇིག་རྟེན་ཡིད་
གཅུགས་པ། །ཞེས་པ་ནི་རང་སེམས་བླ་མར་གྱུར་པས་མགོན་པོ་མྱ་ངན་ལས་འདས་པ་དང་། འཇིག་རྟེན་འཁོར་བ་གཉིས་དང་། ཡིད་ཕྱག་རྒྱ་ཆེན་པོ་ཐ་མི་དད་པར་གཅུགས་པའོ། །སྐྱབས་དང་ཞེས་པ་ནི། སྐྱབས་ནི་བླ་མ་སྟེ། དང་ཞེས་པས་དེའི་ཆེ་བ་དང་དྲིན་དྲན་པར་བྱའོ། །སྐྱོབ་པ་

ཞེས་པ་ནི་སྣང་བས་ཡིད་སྐྱོབ་པས་དབང་པོ་རང་སྣང་དུ་རོལ་པར་བྱའོ། །བླ་ན་མེད་ཅེས་པ་ནི་སེམས་ཉིད་བླ་མ་བླ་ན་མེད་པ་སྟེ། སྐྱོ་བར་མི་བྱ་བའི་ཐ་ཚིག་གོ། །དེ་ཡང་། །ཇི་ལྟར་སྐྱོ་བར་མི་འགྱུར་བར། །ཐམས་ཅད་རིམ་གྱིས་རིམ་གྱིས་བྱ། །སྐྱོ་བར་གྱུར་ནས་སངས་རྒྱས་ཉིད། །ནམ་ཡང་
འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པས་སོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་པ་ནི་ཐམས་ཅད་ཡེ་ཤེས་སེམས་དཔར་ཤེས་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐའ། །ཞེས་པ་ནི་དེ་ལྟ་བུ་ཉིད་རང་ལ་གནས་པར་བསྟན་པའོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་
པ་ནི་བསྟན་པ་དང་དགེ་བའི་བཤེས་གཉེན་ལ་དགོས་པ་མེད་པ་མ་ཡིན་ཏེ། དབུལ་པོའི་གཏེར་བཞིན་དུ་མཚོན་དགོས་པའི་ཕྱིར་རོ། །དེས་ཇི་ལྟར་འགྱུར་ཞེ་ན། སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་བྱའོ། །དགོས་པ་བཟློག་པའི་ཕྱིར་དཔེར་ན་སཱ་ལུའི་ས་བོན་ལ་སྲིན་བུ་ག་སྔ་ཞུགས་པས་ལྗང་པ་
སྐམས་པར་འགྱུར་བ་བཞིན། དྲ་བ་མ་རིག་པ་བཅོམ་པས་སྔར་བསྐྱེད་པའི་ཉོན་མོངས་པ་མ་ལུས་པར་ཡང་ཞི་བར་བྱེད་པའོ། །དེ་ལས་ཁྱད་པར་མེད་པ་མ་ཡིན་ཏེ། དཔེར་ན་དུག་ལ་སྔགས་ཀྱིས་བཏབ་པས་དུག་ཞི་བ་དང་སྨན་དུ་གྱུར་པ་གཉི་ག་འབྱུང་སྟེ། དེ་བཞིན་དུ་ཐབས་ཡེ་ཤེས་སེམས་དཔའི་
དུས་ན་འཁོར་བཞི་པའམ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཞེས་བྱའོ། །ཡེ་ཤེས་ལ་སོགས་པ་ནི་དྲི་མ་དང་བྲལ་བར་བཤད་པར་བྱ་སྟེ། །ཡེ་ཤེས་དབང་བསྐུར་ཅོད་པན་ཞེས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་པའི་བུས་དབང་
བསྐུར་བའི་རིགས་ལྔའི་ཅོད་པན་དུ་གྱུར་ཏེ། ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའི་དབང་བསྟན་པ་དེ་དང་པོའོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པ་ནི་སྐུ་གཉིས་ཀྱིས་སློབ་མའི་འཁོར་ལོ་བཞིར་བྱིན་གྱིས་བརླབས་ཤིང་ཐིག་ལེ་རྒྱན་དང་ལྡན་པ་སྟེ། དེ་བས་ན། ནི་རཾ་སུ་ཡིས་ཡན་
ལག་བརྒྱན། །ཞེས་པ་དང་བླ་མ་ཅོད་པན་དུ་གཟུང་བར་བྱ་བའི་ཐ་ཚིག་ཀྱང་ངོ་། །སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་ནི། འདུ་བྱེད་དང་། འགྱུར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་འདུས་པའི་འགྲོ་བ་སྟེ། དེ་ལས་གྲོལ་ཞིང་བདེ་བ་ཆེན་པོ་རྙེད་པར་འགྱུར་བས་ན། གསུམ་

སེལ་མཐའ་ཡས་ཞེས་བྱའོ། །གྲོལ་གསུམ་ཐོབ་ཅེས་པ་ནི། ཐེ་ཚོམ་དུ་འཛིན་པ་དང་། དུ་མར་འཛིན་པ་དང་། ཕྱོགས་ཆར་འཛིན་པ་ལ་སོགས་པ་ནི་བཞི་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་བྱ་བ་དང་བྲལ་བ་སྟོན་ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པའོ། །དུས་མེད་རྟོགས་
པས་རྒྱུན་མི་འཆད་པའོ། །ཡོན་ཏན་ནི་སྒྲིབ་པ་སྤངས་པ་དང་། ཡེ་ཤེས་ཐོབ་པ་སྟེ། ཅོད་པན་ནི་སངས་རྒྱས་སོ། །དེའི་ཡང་ཐོད་དུ་གྱུར་པ་ནི་བླ་མ་དང་རྡོ་རྗེ་འཛིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །
དཔལ་ལྡན་འདུས་པའམ་གཞན་དུ་བསྟན། །ཞེས་གསུངས་སོ། །དོགས་པ་བཟློག་པའི་ཕྱིར། ཁམས་གསུམ་རིན་པོ་ཆེར་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་པ་ཡིས། །མཁས་པས་དངོས་གྲུབ་དུ་མ་ཐོབ། །ཅེས་གསུངས་པས་སོ། །ལུས་
ཀུན་ལས་ནི་རྣམ་གྲོལ་བ། །ཞེས་པ་ནི་འཁོར་འདས་ཀྱི་བྱེ་བྲག་གིས་དཀར་པོའི་ཆོས་དང་། དམ་ཚིག་གི་ནོར་དང་། ཡུལ་ལ་འདོད་པ་དང་། སྡུག་བསྔལ་གྱི་འཇིགས་པ་ལས་གྲོལ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁྲུལ་པ་ཞིག་པས་གཉེན་པོ་མི་གནས་པའི་ཕྱིར་རོ། །ནམ་
མཁའ་ལ་སོགས་པ་ནི་གཞན་གྱི་གཙོ་བོར་གྱུར་པའོ། །བཟང་ངན་ཤེས་པ་ནི་སྣོད་ཀྱི་བྱེ་བྲག་མཁྱེན་པའོ། །དུས་ཤེས་པ་ནི་བསྟན་པའི་གོ་རིམས་མཁྱེན་པའོ། །དམ་ཤེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །རྟག་ཏུ་དོན་མཛད་པ་ནི་དམ་ཚིག་དང་ལྡན་པའོ། །དབང་པོ་ཤེས་པ་
ནི་དུས་ཤེས་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ་ནི་དུས་གསུམ་ལས་རྣམ་པར་གྲོལ་བའི་ཐབས་གསུམ་ལ་མཁས་པའོ། །ཉིད་ཀྱི་ཐུགས་སུ་ཆུད་ཅིང་གཞན་ལ་སྟོན་པས། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །གསུངས་པའོ། །སྭ་སྟི་རྒྱུད་ལས་སྐྱེས་པའི་
རང་བཞིན་དུ་བཤད་པའི་ཕྱིར། ཤེས་པ་ལྔའི་ཁྱད་པར་ནི་བླ་མ་ལ་གུས་པར་འབྱུང་བ་དང་། རྗེས་ཐོབ་མེད་པར་འབྱུང་བ་དང་། འཁོར་བ་ལས་ནི་རིང་དུ་གྱུར་པར་འབྱུང་བ་དང་། སེམས་ལ་དབང་བར་འབྱུང་བ་དང་། ཟུག་རྔུ་མེད་པར་འབྱུང་བ་སྟེ། དེ་ཡང་གཞི་བླ་མ་དང་། དབང་

དང་། །སྒོམ་པ་དང་། རྟོགས་པ་དང་། བརྡ་ལས་ཆོས་ཀྱི་དེ་ཉིད་ཤེས་པ་དང་། ཉམས་སུ་མྱོང་བ་དང་། རྒྱུན་མ་ཆད་པ་དང་། སྒྲོ་འདོགས་ཆོད་པ་དང་། སྣ་ཚོགས་རོལ་མོ་ལས་འབྱུང་བར་འགྱུར་རོ། །དེ་རང་དབང་དུ་གྱུར་པ་སྟེ། སྤྱོད་པའི་ཁྱད་པར་ནི་འདིས་འགྲོ་བར་འགྱུར་ཏེ། སྙན་གྲགས་དགེ་
དང་ཞེས་པ་ནི་ཀུན་བཟང་དགེ་བའི་སྤྱོད་པ་སྟེ། བླ་མ་ལ་བརྟེན་པར་བྱའོ། །དབུགས་འབྱིན་ཆེན་པོ་ཞེས་པ་ནི། སེམས་དབུགས་འབྱིན་པའི་གསང་སྤྱོད་དོ། །དགའ་སྟོན་ཆེ་ཞེས་པ་ནི་དགའ་བ་སྟོན་པའི་རིག་པའི་སྤྱོད་པའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ་ནི་དགའ་བ་ཆེན་པོའི་ཉམས་
ཀྱིས་སྣང་བ་ལ་རོལ་མོ་ལྟ་བུར་སྤྱོད་པ་སྟེ། ཚོགས་ཀྱི་སྤྱོད་པའོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པ་ནི། དེ་ཁོ་ན་ཉིད་དང་ལྡན་པའི་སེམས་ལ་སྣ་ཚོགས་ཀྱི་སྤྱོད་པས་བསྙེན་བཀུར་བས་ཕུན་སུམ་ཚོགས་པ་རྙེད་པར་གྱུར་པ་སྟེ་བསྙེན་སྤྱོད་དོ། །དེ་ཡང་། རྟག་ཏུ་ངུ་བའི་སྤྱོད་པ་བཞིན། །
མི་གཡོ་བ་ཡི་སེམས་ཀྱིས་ནི། །དངོས་གྲུབ་སྟེར་བའི་བླ་མ་ལ། །འགྲོ་བའི་མགོན་པོ་བསྙེན་བཀུར་བྱ། །ཞེས་པ་དང་། །བུད་མེད་རབ་ཏུ་མདངས་བཟང་མ། །ལོ་གྲངས་བཅུ་གཉིས་ལོན་པ་ནི། །དྲི་དང་མེ་ཏོག་ཕྲེང་བརྒྱན་པའི། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། །ཤེས་རབ་ཅན་གྱིས་བྱིན་བརླབས་
ལ། །དེ་ཡི་དབུས་སུ་མཉེས་པར་བྱ། །ཞེས་གསུངས་པ་ལ་སོགས་པའི་རྒྱས་པར་བཤད་པ་སྟེ། རིག་མའི་བྱེ་བྲག་ནི། དབུགས་འབྱིན་མཆོག་དང་བར་མ་དང་། །དྲི་ཡི་ཆུ་དང་བཅས་པས་ཀྱང་། །རྟག་ཏུ་དུས་ཀྱི་ཁྱད་པར་གྱིས། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །དོགས་པ་བཟློག་པའི་
ཕྱིར་གསུངས་ལ། རིགས་ཀྱི་སྨན་པའི་འདུ་ཤེས་དང་། །འཇིགས་པའི་འདུ་ཤེས་མ་བསྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ། །འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་གསུངས་པའི་ཕྱིར་རོ། །
གཞན་ཡང་རང་གི་དོན་དང་ཕལ་ཆེར་གཞན་གྱི་དོན་དུ། དག་ཅིང་ཡོན་ཏན་གྱི་ནི་གནས། །སྣ་ཚོགས་ཡོན་ཏན་ཕུན་སུམ་ཚོགས། །ཞེས་པ་ལ་སོགས་པ་ནུས་པ་དགུག་པ་དང་། གྲུབ་པའི་རྣལ་འབྱོར་ལ་ཡང་རུང་། །ཞེས་པ་ནི་བརྡ་མཚོན་པ་དང་། མི་ཡི་བུ་མོ་མཐུ་ཆེན་གྱིས། །ཞེས་པ་ནི་ཡོན་

ཏན་གྱིས་དགུག་པ་དང་། ལྷ་རྫས་བཙུན་མོ་དགུག་པའོ། །ནུས་པ་གལ་ཏེ་མེད་འགྱུར་རམ། །འདོད་པས་གནོད་པ་ཉིད་འགྱུར་ན། །དེས་ནི་མི་ཡི་བུ་མོ་བསྟེན། །ཞེས་པ་ལ་སོགས་པས་བྱེ་བྲག་ཤེས་པར་བྱས་ལ། བསྟེན་པར་བྱ་བའི་དགོས་པ་ནི། ནོར་ཞེས་པ་དང་འབྲེལ་
ཏོ། །གཞན་ཡང་། ལུས་ཀྱི་སྦྱིན་པ་བྱས་ནས་ནི། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །སྐལ་ལྡན་སྐལ་མིན་སྤྱད་ནས་ནི། །དེ་ཡི་སྦྱིན་པ་གཏང་མི་བྱ། །ཞེས་པས། ཅུང་ཟད་ནུས་པ་བསྐྱེད་ནས་ནི། རོལ་ཞིང་གྲོང་དུ་འཇུག་པར་བྱ། །ཞེས་པ་དང་འབྲེལ་ཏོ། །གཞན་ཡང་བཟའ་བཏུང་ཐོབ་
པ་དང་། བགྲོད་དང་བགྲོད་མིན་སྤང་བར་བྱ། ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་གི་ཆོས་ནི་སྤང་མི་བྱ། །བློ་ལྡན་སྔགས་ནི་བཟླ་མི་བྱ། །བསམ་གཏན་དམིགས་པར་མི་བྱ་སྟེ། །གཉིད་ནི་སྤང་བར་མི་བྱའོ། །དབང་པོ་དགག་པར་མི་བྱ་སྟེ། །ཤ་རྣམས་ཐམས་ཅད་བཟའ་བའོ། །རིགས་ལྔ་ལ་
ནི་མཉམ་པར་སྤྱོད། །ཅེས་པ་ལ་སོགས་པ་ནི། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །ཞེས་པས་འབྲེལ་ཏོ། །དེ་ལྟར་སྤྱོད་པ་བྱེ་བྲག་ནི་གང་ཟག་གི་རིམ་པས་རིམ་དང་ཅིག་ཅར་དང་རང་བཞིན་པའོ། །མཆོག་ཏུ་དགའ་བ་ལ་སོགས་པ་ནི་བཞི་པའི་དོན་དུ་བཤད་པར་བྱ་
སྟེ། །མཆོག་ཏུ་དགའ་བ་ནི་དམ་པར་དགའ་བ་སྟེ། །རྣམ་གཅོད་ཡོངས་གཅོད་དང་བྲལ་བའོ། །དེ་སྟོན་པར་མཛད་པ་ནི། མཆོག་སྦྱིན་གཙོ་བོ་ཞེས་བྱ་སྟེ། སྙིང་པོ་ནི་དོན་གྱི་སངས་རྒྱས་སོ། །དེས་གང་ལ་བསྟན་པར་བྱ་བ་ཡང་གྲགས་བདག་དཔལ་ནི་བྱང་ཆུབ་སེམས་དཔའོ། །བཅོམ་ལྡན་ནི་དེ་བཞིན་
གཤེགས་པའོ། །དེའི་ཡང་སྐྱབས་ཀྱི་དམ་པར་གྱུར་པ་ནི་བླ་མ་རྡོ་རྗེ་འཛིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་འབྱུང་བའི་གནས་གཞན་མེད་པའི་ཕྱིར་སྐྱབས་སུ་འོས་ཞེས་བྱའོ། །དེ་ཇི་ལྟར་འགྱུར་བ་ནི། འཇིག་རྟེན་སྒྲ་སྟེ་ཞེས་པས་མ་རྟོགས་པ་ལོག་པར་རྟོག་པ་དང་། ཐེ་ཚོམ་མཐར་བྱེད་
པའི་དོན་ཏོ། །དེ་ནས་གཉུག་མ་སྟོན་པའི་ཕྱིར་རབ་ཀྱི་མཆོག་ཅེས་བྱའོ། །ད་ནི་ཐ་མར་དགེ་བ་སྟོན་ཏེ། སེལ་བ་པོ་ནི་ཕྱག་རྒྱ་ཆེན་པོས་སོ། །གཙུག་ཕུད་ལ་སོགས་པའི་བྱེ་བྲག་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །གདོང་ལྔ་ཞེས་པ་ནི་རིགས་ཀྱི་དེ་བཞིན་གཤེགས་པའོ། །གཙུག་ཕུད་ལྔ་

དང་ལྡན་ཞེས་པ་ནི་དེ་ཉིད་གཞན་གྱི་དོན་དུ་བསྟན་པའོ། །ངེས་པར་དུ་དགེ་བ་བསྟན་ཏེ། ཟུར་ཕུད་ལྔ་པ་ཞེས་པ་ནི་འདོད་ཡོན་ལྔ་པའོ། །མེ་ཏོག་ཅེས་པ་ནི་དབང་པོའོ། །ཐོད་ཅེས་པ་ནི་རྒྱན་ཏེ་བདེ་བ་ཆེན་པོར་རོ། །མགོ་ཟླུམ་དང་བརྟུལ་ཞུགས་ཆེན་པོ་གཉིས་ནི་ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་
གི་རྟགས་ཏེ། ཐེག་པ་ཐུན་མོང་བ་ཁྱད་པར་གྱི་བྱེ་བྲག་གིས་སོ། །འདིར་ནི་མཚན་མའི་རྟེན་ལ་ཕྱག་འཚལ་བ་ལ་སོགས་པས་ཏིང་ངེ་འཛིན་རྒྱུན་མི་འཆད་པར་འགྱུར་བའི་ཕྱིར། དཀའ་ཐུབ་མཐར་ཕྱིན་པ་སྟེ་ཚངས་པར་སྤྱོད་པ་ཞེས་བྱའོ། །དེ་ཡང་། ཚངས་པ་མྱ་ངན་འདས་སངས་རྒྱས། །འཇུག་
པས་ཁྱབ་འཇུག་ཏུ་ནི་བརྗོད། །རྟག་པར་དགེ་བ་བཞི་པ་སྟེ། །ཐམས་ཅད་བདག་ཉིད་གནས་པ་ཀུན། །དམ་པའི་བདེ་བ་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྤོང་བ་ལ་སོགས་པ་ནི་དཀའ་ཐུབ་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོ་ཉིད་ནས་སྨྱོན་པའི་བརྟུལ་ཞུགས་མཆོག་གོ། །དང་
པོར་དགེ་བ་བསྟན་པར་བྱ་སྟེ། གཙང་གནས་ཞེས་པ་ནི་སྐུ་གསུང་ཐུགས་རྡོ་རྗེའོ། །གནས་པ་དམ་པ་ཞེས་པ་ནི་བཙུན་མོའི་བྷ་གའོ། །གཽ་ཏ་མ་ཞེས་པ་ནི་བཅོམ་ལྡན་འདས་སོ། །ཉོན་མོངས་པ་མི་མངའ་བ་བྲམ་ཟེའོ། །ཚངས་པ་ནི་གཟུང་བས་སྟོང་པ་སྟེ། དགའ་བའོ། །གཉིས་པ་ནི་འཛིན་
པས་སྟོང་པ་སྟེ་མཆོག་ཏུ་དགའ་བའོ། །ཤེས་པ་ནི་བདེ་བ་ཆེན་པོ་སྟེ་རྙེད་པའོ། །མྱ་ངན་འདས་ཞེས་པ་ནི་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་པའོ། །ཚངས་པ་ནི་བཏང་སྙོམས་དང་བྲལ་བ་སྟེ་སྙིང་པོ་ལེན་པས་ན་ཐོབ་པའོ། །གྲོལ་བ་ནི་བཞི་པའོ། །ཐར་པ་ནི་བཞི་པའི་མན་ངག་གོ། །རྣལ་གྲོལ་
ལུས་ནི་བཞི་པའི་དབང་ངོ་། །མཚན་ཉིད་གསུམ་ནི་བཤད་ཟིན་ཏོ། །རང་གི་ངོ་བོ་འབའ་ཞིག་བསྟན་པར་བྱ་སྟེ། ཞི་བ་གཉིས་ནི་ནང་དང་ནང་དུ་ཡང་དག་པར་གཞག་པའོ། །མྱ་ངན་ལས་འདས་པ་གསུམ་ནི་གྲགས་ཆེན་དང་སྙིང་པོ་དོན་དང་རྡོ་རྗེ་འཆང་ངོ་། །བདེ་སྡུག་སེལ་བ་ནི་འཁོར་བ་
གཉིས་ཀྱི་སྐྱོན་དང་བྲལ་བའོ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཞེས་པ་ནི་ཉན་ཐོས་ཞི་བའི་ས་ལས་འདས་པའོ། །ཐུབ་པ་མེད་པ་ནི་མི་འཇིགས་པ་བཞི་དང་ལྡན་པའོ། །དཔེ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པའོ། །མི་མངོན་པ་ནི་མི་འཇིགས་པའི་

ཤེས་པས་སོ། །མི་སྣང་བ་ནི་བློའི་ཡུལ་ལ་མི་སྣང་བའོ། །གསལ་བྱེད་མིན་ནི་ལུས་ཀྱིས་གསལ་བར་མི་ནུས་པའོ། །ཕྲ་བ་ནི་རྟོགས་པར་དཀའ་བའོ། །ཟག་མེད་ནི་མངོན་དུ་རྒྱུ་དང་བྲལ་བའོ། །ས་བོན་ཞེས་པ་ནི་མ་རིག་པའི་བག་ཆགས་དང་བྲལ་བའོ། །ཤིན་ཏུ་སད་པ་ནི་མ་
རིག་པའི་གཉིད་སད་པའོ། །སད་པའི་བདག་ནི་རང་བཞིན་གྱིས་གྲོལ་བའོ། །ཀུན་ཤེས་ནི་ཆོས་ཐམས་ཅད་དོ། །ཀུན་རིག་ནི་དོན་ཐམས་ཅད་དོ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །ཞེས་པ་ནི་རྟོག་དཔྱོད་དང་བྲལ་བའོ། །ལས་བྱེད་པ་ནི་གདུལ་བྱའི་བློ་ལ་སྣང་བའོ། །ཐོག་མ་ཐ་མ་མེད་པ་ནི་
སྐྱེ་འཇིག་དང་བྲལ་བའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པ་ནི། ལོག་རྟོག་ཅན་ཁ་ཅིག་དང་པོའི་འདྲེན་པར་གྱུར་པ་ཐབས་གང་ལ་བརྟེན་ནས་སངས་རྒྱས་ཞེས་ཟེར་བའི་ལོག་རྟོགས་བཟློག་པར་བྱ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་དང་། འཇའ་ཚོན་དང་། ན་བུན་དང་། ཁུག་རྣ་དང་།
འབྱུང་བ་ཆེན་པོ་བཞི་འབྱུང་གི །ནམ་མཁའ་རྒྱུ་རྐྱེན་གང་ལས་སྐྱེ་རྟོགས་ཤིག །གལ་ཏེ་ནམ་མཁའ་ལས་བྱུང་ངོ་ཞེ་ན། ད་ལྟའི་རི་རབ་གླིང་དང་བཅས་པ་འདི་དག་གིས་གོ་ཕྱེ་སྟེ་གང་གིས་རྗེས་སུ་སོང་ཞིང་བསྐྱེད། གལ་ཏེ་བསྐྱེད་ན་ནམ་མཁའ་སྣང་བར་བསྟན་པ་ཡིན་ནོ། །གལ་ཏེ་
མཚན་ཉིད་མི་མཐུན་ན་ཆོས་འདི་དག་ཐམས་ཅད་ཀྱི་མཚན་ཉིད་གང་དུ་ཡིན། གལ་ཏེ་མཚན་ཉིད་གཅིག་ན་ཐ་དད་པ་མེད་པར་འགྱུར་བ་ཉིད་དོ། །དེ་བཞིན་དུ་དང་པོར་རང་བཞིན་གྱི་ཆོས་ལས་ནུས་པ་སྣ་ཚོགས་སུ་འཆར་བར་འགྱུར་ཏེ། དེ་ཉིད་རྒྱུ་རྐྱེན་ལས་སྐྱེས་པར་སྣང་མོད་ཀྱི།
རང་བཞིན་གྱི་ཆོས་རྒྱུ་དང་རྐྱེན་གང་གིས་བསྐྱེད་རྟོགས་ཤིག །གལ་ཏེ་ཐ་དད་ན་བརྟགས་པ་དང་བརྟགས་པ་ཐམས་ཅད་ཀྱི་རང་བཞིན་གང་དག་ཡིན། མཚན་ཉིད་གཅིག་ནི་འགལ་བ་གང་ལ་ཡོད་དེ་མེད་དོ། །དེ་བས་ན་རང་བཞིན་ཉིད་ལས་ལྷུན་གྱིས་གྲུབ་པ་དང་། མངོན་དུ་
གྱུར་པ་ནི་བདེ་བ་ཆེན་པོར་རོ་གཅིག་པ་ཉིད་དོ། །དེའི་ཕྱིར། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པས་རྒྱུ་ལ་མི་གནས་པ་ཉིད་དུ་བསྟན་པ་ཡིན་ནོ། །བློ་དངོས་གཅིག་ཏུ་འབྲེལ་པར་བྱེད་པ་ནི། ཡེ་ཤེས་ཀྱི་མིག་གཅིག་པ་སྟེ། དེ་ལ་དྲི་མ་མེད་པའོ། །དོན་མི་འབྱུང་བ་མ་ཡིན་ཏེ། །ཡེ་

ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པ་ཡིན་ནོ། །མི་གནས་པ་ཉིད་དུ་བསྟན་པར་བྱ་སྟེ། ཚིག་གི་དབང་ཕྱུག་ནི་བཅོམ་ལྡན་འདས་སོ། །རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་དོན་གཉིས་སུ་སྟོན་པ་ན་སྨྲ་བ་ཆེ་ཞེས་བྱའོ། །སྨྲ་བའི་སྐྱེས་མཆོག་གིས་ཐོགས་པ་མི་མངའ་བའོ། །
སྨྲ་བའི་རྐྱེན་ནི་དབང་པོ་དང་སྦྱར་བས་སྟོན་པའོ། །སྨྲ་བའི་དམ་པ་ཞེས་པ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་གཅིག་པུར་སྟོན་པའོ། །མཆོག་གི་གནས་ནི་མཆོག་གི་དངོས་པོ་གྲུབ་པའི་གསུང་འབྱུང་བའི་གནས་སོ། །སྨྲ་བའི་སེང་གེ་ནི་ཉམ་མི་ང་བས་སོ། །སྨྲ་བའི་རྒྱལ་ནི་ཚུགས་
པ་མེད་པ་ཞེས་པ་ཕྱོགས་སུ་བལྟ་བའི་རིགས་ཀྱིས་སོ། །ད་ནི་སྣང་བའི་རང་བཞིན་དུ་བཤད་པར་བྱ་སྟེ། ཀུན་དུ་བལྟ་བ་ནི་ཡེ་ཤེས་བརྙེས་པས་ཀུན་དུ་བལྟ་བའོ། །མཆོག་ཏུ་བལྟ་བ་ནི་དོན་དང་ཆོས་སོ་སོ་ཡང་དག་པར་རིག་པའི་ཕྱིར་རོ། །གཟི་བརྗིད་ནི་ཡེ་ཤེས་སོ། །སྣང་བ་ནི་ཕུང་པོའོ། །
བལྟ་ན་སྡུག་པ་ནི་ཉམས་མྱོང་དུའོ། །འོད་བཟང་དུ་ནི་སྙིང་པོ་ལེན་པའི་དཀྱིལ་འཁོར་དུའོ། འབར་བ་ནི་རང་གི་ཤེས་པ་ཉིད་དོ། །དཔལ་བེའུ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་སོ། །ལག་ན་འོད་འབར་ནི་འཇིག་རྟེན་གྱི་ཁམས་ལག་པའི་འོད་ལ་སོགས་པ་རྣམས་སོ། །སྣང་བ་པོ་
ནི་ཡང་དག་ཐམས་ཅད་ཡེ་ཤེས་ཀྱི་སྣང་བའོ། །སྨན་པ་ཆེ་མཆོག་ནི་མི་ཤེས་པས་ན་ནད་རབ་ཏུ་འཇོམས་པའོ། །གཙོ་བོ་སྟེ་ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་སྨན་གྱིས་གསོ་བར་མཛད་པའོ། །ཟུག་རྔུ་ནི་དུག་གསུམ་སྟེ་སེང་ལྡེང་གི་ཚེར་མ་ལྟ་བུའོ། །འབྱིན་པ་ནི་དབང་པོ་ལ་སོགས་པ་
གསུམ་གྱིས་སོ། །བླ་ན་མེད་པ་ནི་ཕྱིས་མི་འབྱུང་བས་སོ། །སྨན་རྣམས་མ་ལུས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །ལྗོན་པའི་ཤིང་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །འདིར་ནི་རྗེ་བཙུན་པས་གཟུང་བར་བྱའོ། །དེས་ཅི་འགྱུར་ཞེ་ན། ནང་དོ་ཅོག་གི་དགྲ་ཆེ་
བ། །ཞེས་གསུངས་པ་ནི། ཉོན་མོངས་པ་དེ་སྙེད་ཀྱིའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ་ནི། སེམས་ཡེ་ཤེས་ཀྱི་དཀྱིལ་དུ་སྣང་བ་སྟེ་ཐབས་སོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་དེ་ཉིད་རྣམ་པར་དག་པའི་ངོ་བོ་སྣང་བ་སྟེ་ཤེས་རབ་པོ། །དེ་གཉིས་ཐ་མི་དད་པ་ནི་བསྐྱེད་རྫོགས་

གཉིས་ཟུང་དུ་འཇུག་པ་སྟེ། ཁོ་བོའི་བླ་མ་རི་ཁྲོད་དགོན་པའི་གཞུང་ལུགས་སོ། །དེ་ཉིད་བཀླག་པའི་མན་ངག་ཏུ་བསྟན་པར་བྱ་སྟེ། བདག་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པའི་ཚེ། རིགས་ཀྱི་ལྷ་དང་མཐུན་པའི་ཆེད་དུ་བརྗོད་པར་བྱ་བ་ནི། དབང་བསྐུར་
བ་དང་དངོས་གྲུབ་གྲུབ་པའི་བྱེ་བྲག་གིས་རང་རང་གི་ང་རྒྱལ་དུ་ཞུགས་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་པ་བྱས་ནས་གཉིས་པའམ་སྒྲུབ་བྱེད་དུ་གནས་པའི་རྣལ་འབྱོར་པས་སོ་སོ་རིགས་ཀྱི་ཆེད་དུ་བརྗོད་པ་གདོན་པ་དང་། རིགས་བསྡུས་པའི་ཆེད་དུ་བརྗོད་པ་བསྟན་པའོ། །ཡང་མཆོད་
པ་ལ་སོགས་པས་མཉེས་པར་བྱས་ནས་ཕྱག་བརྒྱ་བཀྲོལ་བའོ། །དེའི་མན་ངག་ནི་རང་གི་སྦྱོར་བ་དང་ལྡན་པས་ཐབས་དང་ཤེས་རབ་ལ་གནས་ཏེ། དབྱངས་ཡིག་དང་པོའི་རང་བཞིན་ལས། །མཆོད་སྦྱིན་སྦྱོར་བར་བྱེད་པ་ཡིན། །ཞེས་གསུངས་པ་ནི་མན་ངག་སྟེ། བསྐྱེད་པའི་ཚུལ་ལོ། །
སྡུ་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ་ནི། རྟགས་དང་དོན་གྱི་ཁྱད་པར་གྱིས་སྲིད་པ་གསུམ་དང་ལུས་ངག་ཡིད་གསུམ་གྱི་མཆོག་གོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ནི་མི་འཆར་བ་མེད་པ་དང་། དེ་མ་ཡིན་པའི་སྲིད་པའོ། །གང་དུ་ཞེ་ན། ཕྱོགས་བཅུ་ཞེས་
པ་ནི་གནས་སོ། །ནམ་མཁའ་ནི་དུས་སོ། །མཐར་ཐུག་པ་ཞེས་པ་ནི་རྒྱ་དེ་སྲིད་དུ་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་ནི་སྐལ་བ་དང་དབང་པོའི་བྱེ་བྲག་གིས་སྙིང་པོ་དང་སྦུན་པ་ལ་སོགས་པར་རོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་པ་ནི། བླ་ན་མེད་པ་ཐོབ་པར་འདོད་
པ་ཞིག་རང་ལ་ཡོད་པའི་དེ་ཉིད་ཡོད་པར་ཤེས་པ་དང་། ཇི་ལྟ་བ་བཞིན་རྟོགས་པའོ། །དེས་སྣང་བ་མེད་པ་དང་བརྟགས་པར་རང་གྲོལ་བར་གྱུར་པ་ནི་སྤངས་པ་སྟེ། དེའི་སྙིང་པོ་བྱམས་པ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ནོ། །དེའི་རྣལ་འབྱོར་ནི། །དཔལ་ལྡན་པདྨ་གར་གྱི་བདག་སྟེ། ནང་རྟེན་
ཅིང་འབྲེལ་པར་འབྱུང་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ཐམས་ཅད་གར་གྱི་རྣམ་པ་ལྟ་བུར་མཐོང་བའོ། །དེ་གཉིས་ཀ་ལ་ཡང་ཁྱབ་བདག་ཆེན་པོ་རིན་པོ་ཆེས་ཁྱབ་པས་ན་གདུགས་སོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་པ་ནི་སྣང་གྲགས་

ཐམས་ཅད་ལ་སྐྱེ་མེད་སྟོན་པར་ནུས་པའི་མཐུའི་རང་བཞིན་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །དཔེར་ན་རྐུན་མོ་ཞིག་ཆང་གིས་རབ་ཏུ་མྱོས་ན། བདག་གིས་ཆེ་གེ་མོའི་ནོར་བརྐུས་སོ་ཞེས་སྟོན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་རྒྱུད་ཆང་གིས་བཟི་བ་ཡིན་པའི་
ཕྱིར། །དེ་བས་ན་སངས་རྒྱས་ལ་སོགས་པའི་དོན་མཐོང་ནས་ཇི་ལྟར་བྱ་བའི་ཚུལ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་བསྒོམ་པར་བྱའོ། །སངས་རྒྱས་ལ་རང་རྒྱུད་མི་གནས་པའི་ཕྱིར་དགོངས་པ་གཅིག་སྟེ། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་བྱའོ། །བསྒྲུབ་
པར་མི་ནུས་པ་མ་ཡིན་ཏེ། ཐ་དད་པ་ནི་སེམས་ཅན་གྱི་རྒྱུ་ཡིན་ལ། དེ་ལ་མ་རིག་པ་དང་། གློ་བུར་བ་དང་། བློ་ཡིས་བརྟགས་པ་དང་། ཕྱོགས་ན་གནས་པ་དང་། འདུས་བྱས་པའོ། །དེ་ལ་སོགས་པའི་སངས་རྒྱས་ཏེ། རང་བཞིན་གྱིས་འོད་གསལ་བ་དང་། གདོད་མ་ནས་ལྷུན་གྱིས་གྲུབ་པ་
དང་། བློ་ཡིས་མ་བརྟགས་པ་དང་། དུས་དང་མཐའ་ལ་མི་གནས་པ་དང་། འདུས་མ་བྱས་པའི་གཅིག་པའོ། །འགལ་བར་གྱུར་པ་མ་ཡིན་ཏེ། ལྡོག་ཆོས་ཐ་དད་ཀྱང་། བདག་ཉིད་གཅིག་པའི་བུམ་པ་བཞིན་ནོ། །ད་ནི་དུ་མར་རིགས་པ་སྟོན་ཏེ། རྡོ་རྗེ་རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །
དབང་བསྐུར་དཔལ་ནི་རིན་ཆེན་སེམས་མའོ། །རིན་ཆེན་ཀུན་བདག་ནི་མི་བསྐྱོད་པའོ། །དབང་ཕྱུག་སྟེ་ཞེས་པ་ནི་རྡོ་རྗེ་སེམས་མའོ། །འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་སོ། །ཀུན་གྱི་བདག་ཅེས་པ་ནི་ཆོས་ཀྱི་སེམས་མའོ། །རྡོ་རྗེ་འཆང་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཀུན་གྱི་
རྗེ་ཞེས་པ་ནི་ལས་ཀྱི་སེམས་མའོ། །སངས་རྒྱས་ཀུན་གྱི་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །ཐུགས་ཆེ་བ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །འདྲེས་ཤིང་གཅིག་པ་ནི། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། མདོར་བསྡུས་པ་ནི་རྣམ་པ་ལྔ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིན། །
ཕྱིས་ནི་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པས། སྐུ་གསུང་ཐུགས་རྡོ་རྗེ་འདུས་པ་སྟེ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁོ་ནར་བསྟོད་པའོ། །རྫོགས་པའི་རིམ་པའི་ཚུལ་གྱིས་ནི། སྤྲོས་པ་མེད་པའི་རང་བཞིན་དུ། །སྔགས་དང་ལྷར་ནི་ཡང་དག་གནས། །ཞེས་

གསུངས་པས་ན། དོན་དང་དོན་གྱི་ཁྱད་པར་བརླག་པར་བྱའོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་གཞུང་ལུགས་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ལམ་སྟེ། དེའི་དགོངས་པ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་སེམས་ཅན་རིག་
པ་དང་། བསམ་པ་དང་དབང་པོ་དང་། མོས་པ་མཁྱེན་པས་ཁ་དོག་སྣ་ཚོགས་འབར་བའི་འོད་དུ་འཕྲོས་ནས་ཆོས་སྟོན་ཏོ། །གཉིས་ཀ་ཐེག་པ་ཆེན་པོར་འཐད་དེ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པས་གཅིག་ནི་བདེན་པ་རྣམ་པ་གཉིས་ལ། འདིར་ནི་པདྨའི་ནམ་མཁར་ཟེའུ་འབྲུ་གང་། །རྡོ་རྗེ་
སྐྱིལ་མོ་ཀྲུང་གིས་གནས་དག་ཏུ། །སེམས་ཀྱི་ནོར་བུ་ནང་དུ་ཆུད་པ་ལ། །ཡེ་ཤེས་གང་སྐྱེས་དེ་ནི་བརྗོད་མེད་གཟུགས། །ཞེས་གསུངས་པའི་མན་ངག་གིས་སངས་རྒྱས་པའོ། །དམན་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་དང་མཐུན་པའི་ཚོད་འདོད་ཆགས་ལ་སོགས་པ་
དེ་ཉིད་ཐབས་ཁྱད་པར་ཅན་གྱིས་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་བའི་སྒོ་ནས་སེམས་ཅན་འཛིན་པར་མཛད་པ་སྟེ། དེ་ཡང་། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་གསུངས་
སོ། །དྲང་བའི་དོན་མ་ཡིན་ཏེ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་གསུངས་སོ། །དེ་བས་ནི་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པར་མཛད་པའོ། །རྒྱལ་པོ་ནི་བདེ་བར་གཤེགས་པ་སྟེ། སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་མན་ངག་གོ། །
ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་པ་ནི། ཆོས་ཆ་ཤས་དང་བཅས་པར་རིག་པ་དང་། དོན་མ་སྐྱེས་པར་རིག་པ་དང་། སྔགས་ཆོས་ཉིད་ལམ་དུ་རིག་པ་དང་། བཟོད་པ་ཆོས་ཉིད་དུ་རིག་པ་དུས་ཀྱི་ཚེ་ཆེ་བ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། །དེའི་ཕྲིན་ལས་ནི་རིག་སྔགས་ལ་སོགས་
པའོ། །དེ་ཁོ་ན་མ་ཡིན་པ་ནི་རྡོ་རྗེ་རྣོན་པོ་ཞེས་པས་ཡིད་ལ་མི་བྱེད་པའོ། །རལ་གྲི་ཆེ་ཞེས་པས་དེ་དང་འདྲ་བའི་ཡེ་ཤེས་སོ། །ཡི་གེ་ནི་ལྔ་སྟེ། སྐྱེ་མེད་བདེ་བའི་སྙིང་པོ་ཅན་ནི་མཆོག་སྟེ་ཞེས་པ་དེ་ཉིད་ཀྱང་བཅོས་པར་སྟོན་པའོ། །རྣམ་པར་དག་པ་ནི་སྙིང་རྗེ་ཆེན་པོའི་དམ་ཚིག་གོ། །དེ་ཡང་།

ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པས། གང་ལ་ཟུང་དུ་འཇུག་པ་གནས་པ་ནི་ཐེག་པ་ཆེན་པོ་སྟེ། དེས་ཉེར་ལེན་གྱི་ཕུང་པོ་ལྔ་འཇོམས་པ་སྡུག་བསྔལ་གཅོད་ཅེས་བྱའོ། །མཚོན་ཆ་ཆེན་པོ་ནི་ལམ་གྱི་བདེན་པ་སྟེ། ལྡང་འཇུག་མེད་པའོ། །
དེ་ཡང་། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །མཆོད་པ་བྱེད་པས་མཆོད་པར་བྱ། །ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་ནི་ཆོས་སོ། །རྡོ་རྗེ་ཟབ་མོ་ནི་ཐུགས་སོ། །ཛི་ན་ཛིཀ་ནི་སྐུ་སྟེ། དེ་གསུམ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའོ། །བློ་གྲོས་ནི་ཤེས་རབ་སྟེ། དོན་བཞིན་རིག་པ་ནི་ཇི་བཞིན་པའོ། །ཕ་
རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ། །བརྩོན་ཆེན་ཞེས་པ་ནི་བརྩོན་འགྲུས་ཆེན་པོ་སྒྱུ་འཕྲུལ་དྲ་བར་རྫོགས་པར་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་ལ་སོགས་པའི་རྒྱུད་ཀུན་གྱི་རྒྱལ་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་མ་ཡིན་ལ། དེའི་ཆེད་དུ་བརྗོད་པའི་མཆོག་འདིར་སྟོན་པའི་ཕྱིར་
རོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པ་ནི་གསེར་དང་གསེར་བཞིན་ནམ། རྒྱ་མཚོར་ཆུ་བོ་འབབ་པ་བཞིན་རིག་པར་བྱའོ། །ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་སྐུ་རྣམས་སོ། །ཀུན་དུ་བཟང་པོ་དང་བློ་གྲོས་བཟང་པོ་ནི་འཇམ་དཔལ་དང་། སའི་སྙིང་པོ་དང་འགྲོ་བ་འཛིན་ནི་སྤྱན་རས་གཟིགས་
དབང་ཕྱུག་ལ་སོགས་པ་སྟེ། དེའི་རྣམ་པར་དག་པ་ནི་ཐབས་དུ་མ་སྤྲུལ་པའོ། །མཚན་མ་མི་དམིགས་པ་དང་། ཐམས་ཅད་ཡོད་པ་དང་། སྙིང་རྗེའི་སྙིང་པོ་ཅན་ཉིད་ཀྱིས་གསང་བ་ཆེན་པོའོ། །ཡང་ན་ས་དང་འགྲོ་བའི་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་འཁོར་ལོས་
མཚོན་པའོ། །སངས་རྒྱས་ཀུན་གྱི་ཞེས་པ་ནི། རིགས་སོ་སོའི་དཀྱིལ་འཁོར་གྱི་འཁོར་ལོའོ། །སྙིང་པོ་ཆེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ལས་ཐམས་ཅད་དུ་སྣང་བས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་སྟོན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་
འདས་པ་ཐམས་ཅད་ལྷའི་འཁོར་ལོར་སྣང་བའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་པ་ནི་སྟོང་པའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་པ་ནི་སྣང་བའོ། །སྐྱེ་མེད་ཆོས་ཏེ་ཞེས་པ་དང་། སྣ་ཚོགས་དོན་ཞེས་པ་ནི་རང་རང་གི་ངོ་བོ་སྟོན་པའོ། །ཆོས་ཀུན་ངོ་བོ་ཉིད་

འཆང་བ། ཞེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེར་མེད་བསྟན་པའོ། །ཤེས་རབ་ལ་སོགས་པ་ནི་དུས་ཀྱི་མཐའི་སྐད་ཅིག་མའོ། །དེ་ཉིད་འདིར་རྣལ་འབྱོར་གྱི་ལམ་དུ་བྱ་བའི་ཕྱིར་མི་གཡོ་ཞེས་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་དྲུག་དང་བྲལ་བའོ། །རབ་ཏུ་དང་བའི་
བདག་ཅེས་པ་ནི། ལམ་གྱི་ལུས་ཀྱི་རྙོག་པ་བརྒྱད་པའོ། །མངོན་སུམ་པ་ཞེས་པ་ནི་མངོན་སུམ་པ་འདིར་རིག་པའོ། །ཇི་ལྟར་ན་ཡེ་ཤེས་ལ་སོགས་པའོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པའོ།། །།འདོད་པ་ལ་སོགས་པ་ནི་འདིར་བཤད་པར་བྱ་སྟེ། འདོད་
པ་ནི་མཐུན་པ་སྟེ་རབ་ཏུ་བསྟན་པའི་འདོད་པའོ། །དོན་ནི་བསྒྲུབ་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་ནོ། །གྲུབ་པ་ནི་མ་ཆགས་པའོ། །དམ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེར་སྣ་དག་པར་བྱས་པའོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་
ཆགས་པའི་དམྱལ་བ་སྦྱོང་བར་བྱེད་དོ། །བྱིན་པས་ཡི་དྭགས་སྦྱོང་བར་བྱེད་དོ། །རེ་བ་མེད་པས་བྱོལ་སོང་སྦྱོང་བར་བྱེད་དོ། །ཡང་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་བས་ན། མགོན་པོ་སེམས་ཅན་ཀུན་གྱི་མཆོག །ཅེས་བྱ་སྟེ། གཞན་གྱི་དོན་ལ་དམིགས་པས་སོ། །ཇི་ལྟར་ན་
སེམས་ཅན་ཐམས་ཅད་སྒྲོལ་བ་ཞེས་པ་ནི་མཛད་པ་སྟེ། རིགས་ལ་སྤྱོད་པ་དང་། བག་ལ་ཉལ་བ་ལ་སྤྱོད་པ་དང་། མོས་པ་ལ་སྤྱོད་པ་དང་། ལས་དང་པོ་པ་རྣམས་ལ་གསང་སྔགས་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བསླབ་པ་གཉིས་དང་། བདེན་པ་བཞི་བསྟན་པའོ། །ཉོན་
མོངས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་སྟེ། དེ་ཡང་། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཁོ་ན་ལྷག་པའི་དབྱེ། །ཞེས་གསུངས་པའི་ཕྱིར་རོ། །མི་ཤེས་པ་ནི་གཏི་མུག་གོ། །དགྲའི་དྲེགས་པ་ནི་བདེན་པ་གཉིས་མེད་ལ་ཐེ་ཚོམ་ཟ་བའོ། །དེ་ཡང་རིག་པའི་
ཡེ་ཤེས་ཀྱིས་འཇོམས་པའོ། །དཔལ་ལྡན་བློ་དང་སྟེག་པར་ལྡན། །ཞེས་པ་ནི། དཔལ་ནི་གཞུང་ལུགས་ཀྱི་བྱིན་གྱི་རླབས་སོ། །བློ་ནི་སངས་རྒྱས་ཀྱི་སྙིང་པོའི་ས་བོན་ནོ། །སྟེག་ནི་ལྷག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་རྣམས་རོ་གཅིག་ཏུ་སྐྱེས་པ་ནི་ལྡན་པ་སྟེ། དེ་ཡང་བླ་

མའི་བརྒྱུད་ཐབས་བསྟེན་པ་དང་། བསོད་ནམས་ལས་ནི་ཡང་དག་ཤེས། ཞེས་གསུངས་པའི་ཕྱིར་རོ། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་པ་ནི། རྟོག་པ་ལ་སེམས་བརྟན་པས་འཁོར་བ་བསྡིགས་པའི་བརྡའོ། །ལག་པ་བརྒྱད་པོ་ཀུན་བསྐྱོད་ཅིང་། །ཞེས་པ་ནི། ཕྱི་ནང་
གསང་བའི་བྱེ་བྲག་གིས། རྟགས་དང་ཐབས་ཀྱི་བྱེ་བྲག་དང་། ཡུལ་སྣ་ཚོགས་པ་ཐམས་ཅད་བདེ་བར་བསྐྱོད་པའོ། །གོམ་པའི་སྟོབས་ཀྱིས་གར་བྱེད་པ་ཡང་དེ་བཞིན་ཏེ། རྟགས་ལ་འབྱུང་བ་བཞི་བདེ་བས་ནོན་པ་དང་། དགའ་བ་བཞི་དོན་གྱིས་ལྷན་ཅིག་སྐྱེས་པས་གནོན་པ་སྟེ། བཅོམ་
ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོ་གཅིག་གིས་གདན་ལ་རེག་པར་བཞེངས་སོ་ཞེས་པའི་དོན་ཏོ། །དེས་དོན་ཀུན་དུ་བསྒྲུབ་པའི་ཕྱིར་རྐང་མཐེབ་ལ་སོགས་པ་གསུངས་ཏེ། སྲིད་པ་དེ་ཉིད་དུ་བྱེད་པར་ཡང་<སྦྱང་‚སྦྱར་>རོ། །དོན་གཅིག་ཅེས་པ་ལ་སོགས་པ་ནི་འབྲེལ་པ་སྟེ། དེ་ཡང་དོན་གཉིས་མེད་ནི་
གཉུག་མའོ། །ཆོས་ཀྱི་དོན་ནི་དཔེའོ། །དེས་ཅིར་འགྱུར་ཞེ་ན། དམ་པའི་དོན་དེ་ཞེས་པ་ནི་མ་བཅོས་པ་སྟེ། འཁོར་བས་འཇིག་པ་མེད་པ་དེ་ནི་མཚོན་པའོ། །ཉམས་སུ་མྱོང་བ་ནི་རྣམ་པར་རིག་པ་ཉིད་ལས་སྣ་ཚོགས་པར་སྣང་བ་གཟུགས་ལ་སོགས་པའི་དོན་དང་། གཉིས་སུ་མེད་པ་
མྱོང་བས་ན་ཅན་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་ནི་ཐམས་ཅད་ལྷན་ཅིག་སྐྱེས་པའི་རྗེས་སུ་འཇུག་པར་འགྱུར་ཏེ། རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་པས། ཐམས་ཅད་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་ལྡན་ཞེས་བྱའོ། །དེ་བས་བླ་མ་མཉེས་པ་ལས་དེའི་བཀའ་
ལུང་གིས་དེ་ལྟ་བུའི་རླུང་དབང་པོ་རྣམས་ལ་བཀུག་སྟེ། རྒྱུན་དུ་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་རྣལ་མའི་ཡིད་ཉིད་དུ་འཇོག་པར་བྱེད་དོ་ཞེས་གསུངས་པས་སོ། །ཕྱིས་ཞེན་པར་མི་འགྱུར་བ་ནི། དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་བྱ་སྟེ། ཉམས་སུ་མྱོང་བའི་ཕྱིར་
ན་དེས་ན་སྔོན་ཡོངས་སུ་བཏང་བའི་དབང་པོ་དེ་ཡང་ཡིད་དང་བྲལ་བར་བྱེད་པ་མེད་པར་འགྱུར་ཏེ། མས་བོར་བའི་བེའུ་ཉིད་རྗེས་སུ་འཚོལ་བ་བཞིན་དུ་འདིར་ཡང་དབང་པོ་རྣམས་ཡིད་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། གང་དུ་ཡིད་འཇུག་པ་དེར་རབ་ཏུ་འཇུག་སྟེ། གང་གི་ཕྱིར་དེ་མ་

རྟོགས་པར་འདི་དག་རབ་ཏུ་སྦྱོར་བར་མེད་པ་མ་ཡིན་ཞེས་གསུངས་པས་སོ། །ཟུང་འཇུག་ཏུ་མི་འགྱུར་བ་མ་ཡིན་པ་ནི། སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་བྱའོ། །སྲིད་པར་གྱུར་པ་མ་ཡིན་པ་ནི། སྲིད་པའི་འདོད་ཆགས་སྤངས་པ་སྟེ། །ཞེས་བྱའོ། །ལོག་
པར་རྟོགས་པ་བསལ་བའི་ཕྱིར་སྲིད་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཏེ། བརྒྱུད་ཐབས་བསྟེན་པ་ཉིད་ཀྱིས་འདྲ་བར་གྱུར་པ་སྟེ། ཟངས་ལས་ར་གན་དུ་གྱུར་ཏེ། གསེར་མ་ཡིན་པ་བཞིན་ནོ། །སྤངས་པ་ནི་སྤངས་པ་སྟེ་གསེར་རྙེད་པའི་དུས་ན་སྔར་གྱི་འདྲ་བ་ལ་དགོས་པ་མེད་
པའོ། །བདེ་བ་དང་བྲལ་བ་མ་ཡིན་ཏེ། སྲིད་པ་གསུམ་གྱི་རང་བཞིན་དགའ་བ་ཡིན་ལ། དེ་ལ་ཡང་ཆེན་པོ་པས་དོགས་པ་མེད་པའི་ལྷན་ཅིག་སྐྱེས་པ་ཉིད་དེ། དཔེར་ན་ནམ་མཁའ་ལ་སྤྲིན་ནག་པོ་དང་སེར་པོ་ལ་སོགས་པ་བསལ་བའི་རྗེས་སྤྲིན་དཀར་ཡང་དག་པའི་དཀར་བ་བཞིན་དུ་
དཀར་བའི་བདེ་བ་སྟོང་པ་ཕྲ་མོ་ཙམ་མི་གནས་ཀྱང་བདེ་བར་འཐད་དེ། །འོད་བཟངས་སྟོན་ཀའི་ཟླ་བའི་འོད། །ཅེས་པས་ཟླ་བ་དང་འོད་བཞིན་དག་པ་དང་བདེ་བ་ལ་ཐ་མི་དད་པར་འཆར་རོ། །ཕྱིའི་སྒྲོ་འདོགས་ཆོད་པའི་དག་པའི་འཆར་བ་མ་ཡིན་ཏེ། ནང་རྟེན་འབྲེལ་གྱི་དུས་ན་ཉི་མ་
འཆར་ཀ་དང་ཤར་བའི་དཀྱིལ་ལྟར་མཛེས་སོ། །དེས་ཐ་དད་གྱུར་པ་མ་ཡིན་ཏེ། མཚོན་པར་བྱེད་པ་གཅིག་གིས་མཚོན་པའི་ཕྱིར་རོ། །ཕྱིས་རང་རྒྱུད་དུ་འགྱུར་བ་མ་ཡིན་ཏེ། འདི་ནི་ཐབས་དང་ཤེས་རབ་ལས་སྐྱེས་པའི་བདེ་བ་ཆེན་པོ་ཉིད་ཡིན་པས། །རྣམ་པར་རྟོག་པའི་ཚོགས་
མཐའ་དག་ཡོངས་སུ་སྤངས་ནས་བླ་ན་མེད་པའི་ལོངས་སྤྱོད་དུ་ཉེ་བར་འགྲོ་ཞིང་། །འགྲོ་བ་འདི་དག་ནི་བདེ་བ་ཆེན་པོའི་རྣམ་པར་འགྲོ་བར་འགྱུར་ཏེ། དཔེར་ན་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་ཕོག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བཞིན་དུ། འགྲོ་བ་རྣམས་སྙིང་པོ་མེད་པར་སྣང་
ངོ་ཞེས་གསུངས་པས་སོ། །སེན་མོ་འོད་ལ་སོགས་པ་ལ་ཕྱི་ནང་སྦྱར་བར་བྱ་སྟེ། སྔར་བཤད་པ་དང་འཆད་པར་འགྱུར་བ་ཐམས་ཅད་གྲགས་པའི་མཚན་དཔེ་ལ་སྦྱར་བ་དང་། དེ་ཉིད་རྣམ་པར་དག་པ་བདེ་བ་ལ་སྦྱར་བའོ། །དེ་ལྟར་ན་བདེ་བ་ཉམས་སུ་མྱོང་བའི་གནས་བསྟན་

པའི་ཕྱིར། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་གསུངས་ཏེ། ནོར་བུ་ནི་རིན་པོ་ཆེའོ། །ཆེན་པོ་ནི་པདྨའི་ཟེའུ་འབྲུའོ། །ཆགས་པ་ནི་ཐིག་ལེ་སྟེ་བདེ་བ་དང་ལྡན་པའོ། །དཔལ་ནི་དེས་གཞན་གྱི་དོན་དུ་འགྱུར་བའོ། །ཇི་ལྟར་འགྱུར་བ་བསྟན་པའི་ཕྱིར། །སངས་རྒྱས་ནི་ཤིགས་པ་མེད་པའི་
ཧཾ་ངོ་། །སྤྲུལ་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱུད་ནི་དགའ་བ་བཞིའོ། །མཚན་ཉིད་མི་མཐུན་པས་མཚོན་པར་མི་ནུས་པ་མ་ཡིན་ཏེ། དད་ལྡན་ཞེས་པས་སྔ་མ་བཞིན་ནོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནི། ཕྱི་ནང་གི་བྱེ་བྲག་གིས་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཡེ་ཤེས་མཐོང་བའི་
དུས་ནི་ས་གཡོས་ལ་སོགས་པའི་རྟགས་འབྱུང་བར་བཤད་པ་བཞིན་ནོ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་པ་ནི། སྔར་བཞིན་གྱིས་ཀུན་རྫོབ་ཀྱི་རྫུ་འཕྲུལ་བསྟན་པ་ལས། དོན་གྱི་སྟོབས་ཆེན་པོ་ལྔ་དང་ལྡན་པ་ཐོབ་པར་འགྱུར་རོ། །དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་པ་ནི། སྔར་
གྱི་བྱེ་བྲག་གིས་དབང་པོ་དམན་པོས་མཚན་མའི་རྣལ་འབྱོར་དུ་བྱ་བ་དང་། དེ་ལས་གཞན་པས་བདེ་བ་ཆེན་པོའི་དྲན་པ་འཆང་བ་པོ། དྲན་པ་བཞི་པོ་ཞེས་པ་ནི་སྔར་གྱི་བྱེ་བྲག་གིས་ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། དུས་ཀྱི་ཡེ་ཤེས་དྲན་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། དུས་ཀྱི་ཡེ་
ཤེས་སྣང་བར་དྲན་པའོ། །སེམས་དྲན་པ་ཉེ་བར་གཞག་པ་དང་། དུས་ཀྱི་ཡེ་ཤེས་སྡུག་བསྔལ་དུ་དྲན་པའོ། །ལུས་དྲན་པ་ཉེ་བར་གཞག་པ་དང་། དུས་ཀྱི་ཡེ་ཤེས་བདེན་པར་དྲན་པའོ། །ཏིང་ངེ་འཛིན་རྒྱལ་ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སེང་གེ་རྣམ་པར་རྩེ་བ་དང་། ནམ་མཁའ་མཛོད་དང་།
དྲི་མ་མེད་པ་དང་། ཀུན་དུ་སྣང་བའི་ཏིང་ངེ་འཛིན་དང་། འབྲས་བུ་དང་རྗེས་སུ་མཐུན་པའི་ཁ་སྦྱོར་བ་ལ་སོགས་པའི་ཡན་ལག་བརྒྱད་དོ། །བྱང་ཆུབ་ཀྱི་ཡན་ལག་གི་སྔར་བཞིན་གྱི་བྱེ་བྲག་གིས་བདུན་དང་རྣམ་པར་ཤེས་པའི་བདུན་གྱིས་ལུས་རྒྱུན་གྱིས་རྟག་པ་ཉིད་དོ། །མེ་ཏོག་སྤོས་ནི་དངོས་དང་
མ་བཅོས་ཤིང་རང་སྣང་བའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་པ་ནི། སྔར་བཞིན་གྱི་བྱེ་བྲག་གིས་འཕགས་པའི་བདེན་པ་བཞི་ལ་སོགས་པ་ཐམས་ཅད་དང་། ཡོན་ཏན་མཚོ་ཇི་སྙེད་ཀྱི་གནས་བྱང་ཆུབ་ཀྱི་སེམས་སོ། །ལམ་གྱི་ཡན་ལག་བརྒྱད་རིག་པ། །ཞེས་པ་ནི། སྔར་གྱི་

བྱེ་བྲག་གིས་དེ་ཉིད་དང་འཇིག་རྟེན་ལས་འདས་པའི་ལྟ་བ་གང་གིས་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བུ་དང་། ཤེད་ལས་སྐྱེས་པ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། མཐོང་བ་པོའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་ཅིང་།
རྟག་པ་དང་། ཆད་པ་དང་། སྐྱེ་བ་དང་། འགག་པ་དང་། དགེ་བ་དང་། མི་དགེ་བ་ཀུན་ནས་བསླང་བ་དང་། སྲིད་པ་དང་བྲལ་བའི་ལྟ་བ་ཀུན་ནས་བསླང་བ་དང་། སྲིད་པ་དང་བྲལ་བར་བསྟན་པས་ལྟ་བ་ཀུན་ནས་བསླང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་པ་ནི་
ཡང་དག་པའི་ལྟ་བའོ། །ཀུན་དུ་རྟོག་པ་གང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པ་སྐྱེ་བ་དང་མཐུན་པར་གང་དུ་མི་རྟོག་ཅིང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྐྱེ་བ་དང་
མཐུན་པར་ཀུན་དུ་རྟོག་པ་འདི་ནི་ཡང་དག་པར་རྟོགས་པའོ། །ངག་གང་གིས་བདག་དང་གཞན་གདུང་བར་མི་འགྱུར་བ་དང་། ཉོན་མོངས་པར་མི་འགྱུར་བ་དང་། བསྣུན་པར་མི་འགྱུར་བ་དང་། བཞད་གད་དུ་མི་འགྱུར་ཞིང་། རིགས་པ་དང་བྲལ་བས་ཡང་དག་པའི་ངག་ལ་འཛུད་པར་བྱེད་པ་འདི་
ནི་ཡང་དག་པའི་ངག་གོ། །ལས་གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པའི་མངོན་པར་འདུ་མི་བྱེད་པ་དང་། ལས་གང་ལས་ཀྱང་དཀར་བ་རྣམ་པར་སྨིན་པ་ཡང་དཀར་བ་དེ་མངོན་པར་འདུ་བྱེད་པ་དང་། ལས་གང་ལས་དཀར་བ་ཡང་རྣམ་པར་སྨིན་པ་གནག་པ་དེ་མངོན་
པར་འདུ་མི་བྱེད་ཅིང་། ལས་གང་ལས་གནག་ཀྱང་རྣམ་པར་སྨིན་པ་དཀར་ན་ནག་པོ་ཟད་དེ། དཀར་པོའི་ཕྱོགས་འཕེལ་བར་བྱེད་ཅིང་། མངོན་པར་འདུ་བྱེད་ཅིང་དམ་པའི་ལས་ཀྱི་རྗེས་སུ་འབྲང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །གང་ལ་ཡང་འཕགས་པའི་རིགས་པ་ཅན་
གྱི་སྦྱངས་པའི་ཡོན་ཏན་ཅུང་ཟད་ལ་གནས་ཤིང་། ཚུལ་འཆོས་དང་ཁ་གསག་ལ་སོགས་པས་འཚོ་བ་སྤངས་ཏེ་རང་གི་སྤྱོད་པའི་ངང་ཚུལ་རིག་པ་དང་ལྡན་པས་སྐྱེ་བོ་གཞན་ལས་རྙེད་ཀྱང་རུང་སྟེ། ཅུང་ཟད་ཙམ་གྱིས་མ་གུས་ཤིང་། ཁ་ན་མ་ཐོ་བ་མེད་པ་དང་། འཕགས་པས་རྗེས་སུ་

གནང་བའི་འཚོ་བ་འདི་ནི་ཡང་དག་པའི་འཚོ་བའོ། །རྩོལ་བ་གང་གིས་བསགས་པ་རྗེས་སུ་གནང་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་སྟོན་པར་མི་བྱེད་ཅིང་། ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པར་ཞུགས་ཏེ། མྱ་ངན་ལས་འདས་པའི་འདོད་པ་བསྟེན་
ཅིང་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བའོ། །གང་དུ་ཉེ་བར་གནས་ན་སྐུ་མི་གཡོ་ཞིང་འཁྱོགས་པ་མ་ཡིན་པར་འགྱུར་བ་སྟེ། འཁོར་བའི་སྐྱོན་རྣམས་དང་མྱ་ངན་ལས་འདས་པ་དང་། ལམ་གྱི་ཡོན་ཏན་རྗེས་སུ་དྲན་ཞིང་ལམ་གྱི་མཐར་ཐུག་པ་ལ་ཡང་དག་པར་སྦྱོར་བ་འདི་ནི་ཡང་དག་པའི་
དྲན་པའོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་མཛད་ཅིང་། མྱ་ངན་ལས་འདས་པར་བརྟན་པོར་གནོན་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ་ཞེས་དགོངས་སོ། །དེ་ཉིད་གཅིག་ཏུ་བྱས་པའི་ཡེ་ཤེས་ནི། ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་
བྱ་སྟེ། ལྷན་ཅིག་སྐྱེས་པའི་ཆོས་ཀྱི་དབྱིངས་ཀྱི་ལམ་མོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་བྱེད་པའོ། །གཉིས་པ་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་དང་། དེ་སྐྱེ་བར་བྱེད་པའི་དབང་ལ་
སོགས་པ་གསུམ་སྟོན་པའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ་ནི། དམིགས་པ་མེད་པའི་སྙིང་རྗེ་དང་། སེམས་ཅན་གྱི་ཡུལ་མི་སྣང་བའོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་པ་ནི། ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྟན་ཅིང་། དེ་གསལ་བར་མཛད་པ་པོར་ཡང་འགྱུར་
བའོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ་ནི། སྔར་བཤད་པ་དང་བྱང་ཆུབ་ལ་མྱུར་བའོ། །དེའི་རྒྱུ་མཚན་ནི། སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར། དོན་མཛད་པ་དང་། མྱུར་བ་དང་། སྣང་བ་དང་། སེམས་ལྷན་ཅིག་སྐྱེས་པ་ཤེས་པར་མྱོང་བའོ། །
ལོག་རྟོགས་བཟློག་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་གསུངས་པ་ནི། གདུལ་བྱའི་དབང་པོ་ལ་མི་བཟད་པའི་གཟུགས་སུ་གྱུར་པ་དང་། ཡིད་རྣམ་པར་དག་ནས་ལྷན་ཅིག་སྐྱེས་པར་གྱུར་པ་ལ་འཕྲོག་ཅེས་བྱ་སྟེ། གསེར་འགྱུར་གྱི་རྩི་བཞིན་ནོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས་

ཞེས་པ་ནི། ཇི་ལྟར་སྟོན་པ་བསྟན་པ་སྟེ། རིགས་ལྔ་དང་ཟག་པ་མེད་པའི་ཕུང་པོ་ལྔར་ཤེས་པ་དང་། དེ་ཁོ་ན་ཉིད་དུ་དབྱེར་མེད་པའོ། །དེའི་ཕྱིར། རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ་ནི་གཉི་ག་ལའོ། །ངེས་འབྱུང་ཀུན་ནི་ཐེག་པ་གསུམ་སྟེ། མཐའ་ལ་གནས་པ་ནི་ས་གཉིས་སོ། །གཞན་སྤངས་པ་
མ་ཡིན་ཏེ། ངེས་པར་འབྱུང་བ་ཀུན་ལ་མཁས། །ཞེས་པས་སོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་པས་ཐེག་པ་གསུམ་གྱི་ལམ་ལ་རིམ་གྱིས་སྦྱངས་པ་དང་། གནས་ཞེས་པས་ལྡན་པ་སྟེ་སྐྱེ་བ་རིམ་པ་བཞིན་ནོ། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པ་དེ་ནི་བཤད་ཟིན་ཏོ། །ཡན་ལག་ལ་
སོགས་པས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། ཡན་ལག་བཅུ་གཉིས་ནི་མ་རིག་པ་ལ་སོགས་པའོ། །སྲིད་རྩ་བཏོན་པ་ནི་དུས་ཀྱི་གསུམ་པས་བྱིན་རླབས་ཐོབ་པ་དང་། ལམ་གྱི་གསུམ་པ་རྟེན་མེད་པ་ལས་ཐོས་པས་ས་བོན་གྱི་བག་ཆགས་དང་། མངོན་དུ་རྒྱུ་རྩ་བ་ནས་བཏོན་པའོ། །ཕྱིས་དེ་ལྟར་མི་འགྱུར་
བ་ནི། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་པས། སྐྱེ་མཆེད་བཅུ་གཉིས་རང་གི་ངོ་བོ་དག་པ་སྟེ། དེ་ཡང་མིག་ཅེས་བྱ་བ་ནི་སྟོང་པ་སྟེ། དབུས་ན་རྣམ་ཤེས་ཇི་ལྟར་མཆིས། །ཞེས་པ་ལ་སོགས་པ་ལ། དེ་ལྟར་ན་གཟུགས་མ་མཆིས་པས་ལྟ་བ་མ་མཆིས་སོ་ཞེས་པས་སོ། །སྲིད་པའི་རྒྱུར་འགྱུར་བ་མ་ཡིན་ཏེ།
བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཞེས་པས། སྡུག་བསྔལ་གྱི་རྒྱུ་ཡེ་ཤེས་སུ་ཤེས་པ་དང་། ཀུན་འབྱུང་བདེ་བར་སད་པ་དང་། འགོག་པ་རང་འབྱུང་བ་དང་། ལམ་འབྲས་བུ་རང་ཆས་སུ་ལྡན་པའོ། །ཉན་ཐོས་དང་མཚུངས་པ་མ་ཡིན་ཏེ། ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །ཞེས་པས་བརྒྱད་ལ་
ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པས་ཁྱབ་པའི་ཕྱིར། དེ་ཉིད་དུ་བྱས་པའོ། །མན་ངག་གི་དྲིན་ཡིན་པས་བསྟན་པའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ་སྟེ། བདེན་པ་བཞིའི་ཚུལ་གསུམ་དགའ་བ་བཞིར་རབ་ཏུ་ལྡན་པས་སོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་ནི།
འདི་དང་ལྡན་པའི་ཕྱག་རྒྱ་ལས་རིག་པར་འགྱུར་བའམ། དགའ་བ་ཉིད་བྱེ་བྲག་གི་དོན་གྱིས་བཅུ་དྲུག་ཏུ་འགྱུར་བའམ། དགའ་བ་ཉིད་བཅུ་དྲུག་འགྱུར་དུ་བཤད་དེ། དེ་ཡང་། ཡེ་ཤེས་སེམས་དཔའ་འཛིན་པའི་བདག །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པའི་དོན་གྱིས་སོ། །རྣམ་

པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ་ནི། སྔར་བཞིན་གྱི་བྱེ་བྲག་གིས། ཇི་ལྟར་ས་གསེར་ཟླ་བ་མེ། །ཞེས་པ་ལ་སོགས་པ་དང་། དེ་ཉིད་རྣམ་པར་དག་པའི་རིགས་ལྔ་དང་། སངས་རྒྱས་ལྔ་དང་། སྐུ་ལྔ་དང་། ཡེ་ཤེས་ལྔ་དང་དབྱེར་མི་ཕྱེད་པར་གྱུར་པས། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། འདོད་ཡོན་ལྔ་དང་། དུག་
ལྔ་རང་བཞིན་གྱིས་ཞི་བར་གྱུར་པ་ལ་བྱ་སྟེ། དེ་ཡང་ས་དང་བཅས་པ་དང་། ས་ཕྱོགས་པར་ཤེས་པར་བྱའོ། །དེའི་ཕྱིར་རྣམ་པར་དག་པས་སངས་རྒྱས་ཀུན་གྱི་ཡེ་ཤེས་རིག་པ་སྟེ། མཆོག་ཅེས་གསུངས་པ་ནི་རང་གི་དོན་ཏེ། སངས་རྒྱས་དང་ཆོས་ལ་སོགས་པ་ནི་གཞན་གྱི་དོན་ཏོ། །ད་ནི་སྐད་ཅིག་ལ་སོགས་པ་
གཞན་གྱི་དོན་བསྟན་པར་བྱ་སྟེ། སྐད་ཅིག་ནི་མཚན་ཉིད་དང་བྲལ་བའོ། །ཐམས་ཅད་ནི་ཐམས་ཅད་ཀྱི་རང་བཞིན་ནོ། །མངོན་པར་རྟོགས་པ་ནི་ཐེ་ཚོམ་མེད་པའོ། །དེ་ཡང་ཡེ་ཤེས་ཐ་དད་པ་མ་ཡིན་པ་ནི་སེམས་ཀྱི་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། རང་གི་རང་བཞིན་དུ་བསྟན་པ་ནི་ཀྱི་ཞེས་བྱ། དེ་སྐད་
ཅིག་གི་དུས་དམིགས་པ་ན། དགའ་བ་སྣ་ཚོགས་ཉིད་དུ་བརྗོད། །མཆོག་དགའ་རྣམ་པར་སྨིན་པ་ཉིད། །དགའ་བྲལ་རྣམ་པ་མེད་པ་སྟེ། ལྷན་ཅིག་དགའ་བ་མཚན་ཉིད་བྲལ། ཞེས་གསུངས་པས་སོ། །དོན་ཀུན་རིག་ཅེས་པ་ནི། གཞན་མི་དམིགས་པར་བསྟན་པའོ། །འགྲོ་བ་ལ་གདོད་མ་
ནས་བསྟན་པར་རིག་པ་མ་ཡིན་ཏེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བ་འདོན་པར་མཛད་པ་ཡིན་གྱིས་དོན་ལ་རྟོགས་པ་བསྐྱེད་པའི་ཕྱིར་ཏེ་བཤད་ཟིན་ཏོ། །གོང་མ་ལ་འཇུག་པར་མི་འགྱུར་བ་མ་ཡིན་ཏེ། སྨོན་ལམ་