Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 10 / 23 (50.000 ký tự/trang)
་པ་བསྟན་པའི་ཕྱིར།

ཐུགས་ཀྱི་གསང་མཛོད་གཙུག་ན་རིན་པོ་ཆེ། །འགྲོ་ཀུན་སེམས་ཀྱི་རང་བཞིན་ཞེས་བྱ་བས་རིམ་པ་བཞིན་དུ་འབྲས་བུ་དང་ལམ་དང་ངོ་བོ་ཉིད་ལ་ཁྱབ་པར་བསྟན་ཏོ། །ཐུགས་ནི་ཆོས་ཀྱི་དབྱིངས་ལ་ངེས་པའི་བདག་ཉིད་དུ་ཐུགས་རྡོ་རྗེའོ། །དེ་ནི་གསང་བ་ཉན་ཐོས་
ལ་སོགས་པས་མི་རྟོགས་པའི་དོན་ཏོ། །འདི་ལས་དཀྱིལ་འཁོར་ལ་སོགས་པའི་སྒོར་གྱུར་པས་མཛོད་པ་ཡིན་ཏེ། ཇི་སྐད་དུ། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཞེས་གསུངས་སོ། །དེ་ཉིད་གཙུག་ན་གནས་པའི་རིན་པོ་ཆེ་སྟེ། ལམ་གྱི་མཐར་ཐུག་
པའི་སྐད་ཅིག་མ་ལུས་བྱུང་ཞིང་དེའི་གདན་ལ་བཞུགས་པའོ། །ལམ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉམས་སུ་མྱོང་བ་སྟེ། ཇི་སྐད་དུ། ཚིག་གི་བདག་པོས་ཚིགས་སུ་བཅད། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་གསུངས་པས་རྟོགས་སོ། །ལམ་དེ་ཉིད་གང་གིས་འགྲུབ་པ་
ནི། འགྲོ་ཀུན་ཞེས་པ་ནི། འགྲོ་བ་ནི་ཉོན་མོངས་པས་དེར་འགྲོ་བ་སྟེ། གང་གི་ཕྱིར་རང་བཞིན་ཞེས་བྱ་བས། ངོ་བོ་ཉིད་དུ་གྱུར་པས་འདི་རྒྱུའི་དོན་དུ་བསྟན་ཏོ། །རང་བཞིན་དེ་ཡང་གནས་སྐབས་གསུམ་དུ་རྒྱུན་མི་འཆད་པས་སེམས་ཞེས་བྱའོ། །དེ་ཡང་། །དང་པོ་སངས་རྒྱས་རྒྱུ་མེད་པ། །སངས་
རྒྱས་ཐོག་མ་ཐ་མ་མེད། །ཅེས་གསུངས་སོ། །དེ་ལྟར་བརྗོད་བྱའི་ཁྱབ་པ་བསྟན་ནས་བརྗོད་པའི་ཁྱབ་པ་ནི། ཆོས་རྣམས་ལུང་ཞེས་བྱ་བ་དང་། རྒྱུད་ཀུན་ཞེས་བྱའོ། །ཆོས་རྣམས་ནི་རྣམ་པར་བཀོད་པའི་ཆོས་རྣམས་ཏེ། བསྟན་པའི་ཆོས་རྣམས་དང་དེ་ལས་གཞན་པའོ། །དེ་ལ་བསྟན་པའི་
ཆོས་གསུང་རབ་ཡན་ལག་རྣམས་སོ། །དེ་ལས་གཞན་པ་ནི་སྔར་བསྟན་པ་དང་བསྒྲུབས་པ་ལ་སོགས་པའོ། །དེ་སྐད་དུ། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་པ་དང་།
འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོག་ཀྱི་ཏོག །ཅེས་བྱ་བ་དང་། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཞེས་བཤད་པའོ། །རྒྱུད་ཀུན་གྱི་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། བླ་མའི་

རྒྱུད་དོ། །ཇི་སྐད་དུ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་ཆེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་བྱ་བས། བདག་པོ་ནི་དེའི་ངེས་པའི་ཡེ་ཤེས་སོ། །དེ་བས་དེ་རྣམས་ཀྱི་དབང་པོ་ནི་ངེས་པའོ། །རྡོ་རྗེ་ཚིག་ཏུ་གཞག་ཅེས་བྱ་བ་ནི། གང་མི་གསལ་བ་དང་ཚིག་རྣམས་ཀྱི་དགོས་པ་རྒྱ་ཆེ་བ་དེ་ལ་དེ་སྐད་ཅེས་
བྱའོ། །འོ་ན་དེ་རྣམས་གང་ལས་རྟོགས་ཏེ་བཤད་པ་ནི། །ཟབ་ཅིང་རྒྱ་ཆེ་རྒྱུད་ཀྱི་དགོངས་འགྲེལ་དང་། །དེ་ཡི་མན་ངག་ཉེ་བར་བསྡུས་ནས་བཤད། །ཅེས་བྱ་བ་ལ། ཟབ་ཅིང་རྒྱ་ཆེའི་རྒྱུད་ནི་གསུང་རབ་དེ་ཉིད་དོ། །དེའི་དགོངས་པའི་དོན་འགྲེལ་པ་ནི་དེའི་མན་ངག་ལས་བྱུང་བ་དང་། དོན་ཉེ་
བར་བསྡུས་ཏེ་བཤད་པ་ནི་འདིར་ཉེ་བར་བསྡུས་པའི་བཤད་སྦྱར་མཛད་པའོ། །ཚུལ་གང་གི་ཆེད་དུ་གང་མཛད་པ་ནི། དེ་ལྟའི་ལམ་ནི་མཁན་པོའི་རྗེས་འབྲངས་པས། །ཉེ་བར་སྤྱོད་རྣམས་ལ་ནི་བསྡུས་དོན་བྱས་པ་ཡིན། །ཞེས་བྱ་བ་ལ། དེ་ལྟའི་ལམ་ཞེས་པ་ནི། སྔར་བསྟན་པར་ཟབ་པ་
དང་རྒྱ་ཆེ་བའི་དོན་བསྡུས་པར་གྱུར་པ་ངེས་སོ། །དེ་ཡང་གང་ཞིག་འགྲེལ་པ་རྩོམ་པ་པོར་གྱུར་པས་དེ་དང་མཐུན་པར་དབྱིབས་དང་མིང་རྣམས་སོ། །རིམ་པར་བཀོད་ནས་བྱས་པ་ནི། །མཁན་པོའི་རྗེས་སུ་འབྲངས་པའོ། །ཉེ་བར་འབྱོར་རྣམས་ལ་ཞེས་བྱ་བ་ནི། རྒྱུད་འདི་ལ་གུས་པའི་
སྒོ་ནས་ཉམས་པ་མེད་པར་ཚིག་དང་དོན་འཆང་བ་དང་། བསམ་པ་དང་། ཀླག་པར་འདོད་པའི་དོན་དུའོ། །བསྡུས་ཏེ་བྱས་པ་ཡིན་ཞེས་བྱ་བ་ནི། དེ་ཡང་དམ་ཚིག་མང་པོའི་སྒོ་ནས་སྤངས་པར་གྱུར་ནས་བསྡུས་པའམ། ཡང་ན་དངོས་གྲུབ་ཉེ་བར་འདོད་པ་ལ་སོགས་པ་དང་། དམ་ཚིག་
དང་ལྡན་པར་བསྒྲུབ་པའི་ལས་རྣམས་ཐམས་ཅད་འདིས་འགྲུབ་པར་འགྱུར་བས། ཟབ་པ་དང་རྒྱ་ཆེ་བ་ནི་ཐེག་པ་ཆེན་པོའི་འཇུག་པ་སྟེ། དེ་དག་བསྡུས་པའི་དངོས་གྲུབ་ནི་ཟབ་ཅིང་རྒྱ་ཆེ་བའི་ཡུལ་དེར་བསྡུས་པའི་དོན་གྱི་སྒྲུབ་ཐབས་བརྩམས་པ་ཡིན་ནོ། །ཟབ་ཅིང་རྒྱ་ཆེ་གང་གིས་
རྟོགས་འགྱུར་བ། །མགོན་པོ་རི་བོ་ལ་གནས་ཉི་ཟེར་དབང་། །མཁན་པོའི་རྗེས་མཐུན་ཉེ་བར་བསྡུས་པ་སྦྱར། །དགོས་དོན་དེ་ཡི་མན་ངག་ཤིན་ཏུ་བསྡུས། །ཤིང་རྟ་ཆེན་པོ་རྒྱ་མཚོ་ཆེན་པོ་ནས། །བློ་ཡུལ་མན་ངག་ཆུ་ཡིས་སྙིམ་པ་གང་། །རྙེད་པ་ཅུང་ཟད་རྣམ་པར་བཀྲོལ་བ་

ཡི། །བཞད་པའི་རྡོ་རྗེའི་དོན་རྟོགས་ལྡན་པར་ཤོག །དཔལ་མཻ་ཏྲི་པས་མཛད་པ་ཉེ་བར་བསྡུས་ཤིང་། ཟབ་ཅིང་རྒྱ་ཆེ་བའི་འགྲེལ་པ། མཁས་པ་ཆེན་པོ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་སཏྭ་དང་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་སཱ་དྷ་ན་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡོན་ཏན་ཡེ་ཤེས་མཆོག་
གི་མཆོག་གྱུར་པའི། །བདེ་བའི་སྟོབས་ཀྱིས་བདེ་བའི་རོ་མྱང་བའི། །རང་གི་རྒྱུད་གསུམ་དག་པའི་འཇམ་དཔལ་དེ་ལ་འདུད། །འཇམ་དཔལ་མཚན་ནི་བརྗོད་པ་ཡི། །གཞུང་ལུགས་ཐོབ་པར་གྱུར་པ་ཡི། །ཡོངས་བསྡུས་སྒྲུབ་ཐབས་གསལ་བར་བསྡེབ། །དེའི་གཞུང་བདག་གིས་བཤད་པར་
བྱ། །ཤེས་རབ་སྙིང་རྗེར་ལྡན་པ་ཡི། །ཟབ་མོའི་དོན་ལ་དགོངས་པ་ཡིས། །ཐེག་ཆེན་སྔགས་པའི་རྣལ་འབྱོར་པས། །ཡིད་དགའ་བ་ཡི་གནས་ཉིད་དུ། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །སྙིང་གར་ཉི་དཀྱིལ་ཨ་བསམས་ལ། །འོད་ཕྱུང་འཕགས་པ་བླ་མར་བཅས། །ཡིད་ཀྱིས་མདུན་
དུ་སྤྱན་དྲངས་ལ། །མཎྜལ་མཆོད་པ་ཕུལ་བྱས་ལ། །གསུམ་ལ་སྐྱབས་སུ་གསོལ་བ་དང་། །སྡིག་པ་མ་ལུས་བཤགས་པ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ཡང་རྒྱུད་ལས། དཔལ་ལྡན་པདྨ་སངས་རྒྱས་སྐྱེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་
རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །རྡོ་རྗེ་དྲེགས་པ་རྡོ་རྗེའི་སྙིང་། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཁ་དོག་སྣ་ཚོགས་འབར་བའི་འོད། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །བླ་མ་གསང་སྔགས་
ཆེ་བའི་མཆོག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །དག་པར་བྱེད་པ་སྡིག་སེལ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་གསུངས་སོ། །དེ་ནས་

སྐད་ཅིག་མ་ལ་བདག་ཉིད་འཇམ་དཔལ་དུ་བསྒོམས་ལ། དེའི་ཐུགས་ཀ་ནས་ཨ་ལས། རྡོ་རྗེ་ཤུགས་ཅན་འཇིགས་པར་བྱེད། །ཧ་ལ་ཧ་ལ་གདོང་བརྒྱ་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །བརྡུང་བའི་མཚོན་ཆ་སྣ་ཚོགས་འཛིན། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། །
ཨོཾ་མཉྫུ་ཤྲཱི་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། བྷེ་རོ་ཧ་ན་ར་ད་ཧ་ར། པ་ཙ་ར་སརྦ་ཨ་མུ་ཀ་བཛྲ་ཁཌྒ་ཙྪེ་ད་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་པས་མཚོན་ཆ་དཔག་ཏུ་མེད་པས་མཚམས་བཅད་དོ། །དེ་ནས་ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་ན་སྟོང་པར་བསམ། སྙིང་གའི་ས་
བོན་ལས་བྱུང་བའི། །འབྱུང་ལྔའི་ཡི་གེ་རང་བཞིན་ཆད། །ཨེ། ཡཾ། བཾ། རཾ་ལཾ། ནམ་མཁའ་རླུང་ཆུ་རི་རབ་མེ་དང་བཅས། །དེ་སྟེང་པདྨའི་ལྟེ་བ་ལ། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །ཕོ་བྲང་པདྨ་འཁོར་ལོར་བཅས། །གྲུ་ཆད་སྒོ་བཞི་མུ་ཁྱུད་ལྡན། །རྒྱུད་ལས། སྟོང་པ་ཉིད་དགའ་
འདོད་ཆགས་བློ། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་གསུངས། དེ་ནས་གདན་སྒོམ་སྟེ། པཾ་ལས་པདྨ་ཟླ་བའི་གདན། །ཨ་དང་མ་ལས་ཉི་མའི་གདན། །དེ་སྟེང་ཨ་ཡི་འཕྲོ་འདུ་
ལས། །ཨ་ལས་འཇམ་དབྱངས་རྡོ་རྗེར་གྱུར། །སྐུ་མདོག་དམར་སེར་གདོང་ལྔ་པ། །དཀར་སྔོ་དམར་ལྗང་དམར་སེར་རོ། །ཟུར་ཕུད་ལྔ་ལྡན་ཅོད་པན་ཅན། །མེ་ཏོག་རིན་ཆེན་ཕྲེང་བས་བརྒྱན། །ཕྱག་བརྒྱད་རིམ་པར་བསྣམས་པ་ནི། །རལ་གྲི་མདའ་དང་ལྕགས་ཀྱུ་རྡོ་རྗེ་གཡས། །པོ་ཏི་
གཞུ་དང་ཞགས་པ་པདྨ་གཡོན། །གཞོན་ནུ་མཛེས་པའི་རྒྱན་དང་ལྡན། །ཁ་དོག་ལྔ་ལྡན་འོད་ཀྱི་དབུས། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་ལ། །ཐུགས་ཀར་ཤེས་རབ་འཁོར་ལོའི་དབུས། །ཉི་མའི་སྟེང་ན་རལ་གྲི་ཨ་ཡིས་མཚན། །འཁོར་ལོའི་རྩིབས་ལ་གསང་སྔགས་དགོད། །ཡང་ན་གནས་
བཞིར་འཁོར་ལོ་བསམ། །དེ་ལྟར་བསམ་གཏན་ཏིང་འཛིན་དབེན། །དེ་ཡང་རྒྱུད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་

ཕུད་ལྔ་པ་མེ་ཏོག་སྤོས། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །དཔལ་ལྡན་པདྨ་གར་གྱི་བདག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཁ་དོག་སྣ་ཚོགས་འབར་
བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །གསང་སྔགས་ཆེན་པོ་རིགས་གསུམ་པ། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་དེ་ཡི་ཐུགས་ཀ་རུ། །ཨོཾ་ལས་གྱུར་པའི་རྣམ་པར་སྣང་མཛད་ནི། །
སྐུ་མདོག་དཀར་བའི་རང་བཞིན་ལ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །དང་པོ་རལ་གྲི་པོ་ཏིའོ། །ཐ་མ་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །སངས་རྒྱས་དེ་ཡི་ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའ་མཚོན་གང་པ། །སྐུ་མདོག་དམར་སེར་གསེར་མདོག་ལ། །ཤེས་རབ་རལ་གྲི་མདའ་གཞུ་
བསྣམས། །སངས་རྒྱས་དེ་ཡི་མདུན་ཉིད་དུ། །པདྨའི་གདན་ལ་ཤཱཀ་ཐུབ་བསྒོམ། །ཕོ་བྲང་པདྨ་འདབ་བརྒྱད་ལ། །ཤར་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་མི་བསྐྱོད་པ། །སྐུ་མདོག་སྔོ་སྐྱའི་རང་བཞིན་ལ། །དང་པོ་གཉིས་ནི་པོ་ཏི་རལ་གྲི་བསྣམས། །ཐ་མ་གསང་བ་ས་གནོན་ལ། །གཡོན་པ་
མཉམ་གཞག་རྡོ་རྗེ་བསྣམས། །ལྷོ་རུ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་ནི། །སེར་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་གཡོན་ཀུན་གྱི་དང་པོ་འགྲེ། །ཐ་མ་མཆོག་སྦྱིན་རིན་པོ་ཆེ། །ནུབ་ཏུ་ཧྲཱིཿལས་སྣང་བ་མཐའ་ཡས་ནི། །དམར་པོ་ཞལ་གཅིག་ཕྱག་བཞི་པ། །མཉམ་གཞག་ཕྱག་རྒྱ་པདྨ་
བསྣམས། །བྱང་དུ་ཧཱ་ལས་གྱུར་པའི་དོན་ཡོད་གྲུབ་པ་ནི། །ལྗང་གུ་ཞལ་གཅིག་ཕྱག་བཞི་པ། །ཁུ་ཚུར་ཕྱག་ན་རྒྱ་གྲམ་བསྣམས། །ཀུན་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། །གནས་གསུམ་འབྲུ་གསུམ་བྱིན་གྱིས་བརླབ། །ཞབས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། །ཕྱི་རིམ་
འཁོར་ལོ་རྩིབས་བརྒྱད་ལ། །ཨཱ་ལི་ཡོངས་སུ་གྱུར་པ་ལས། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཡབ་ཀྱི་ཐུགས་ཀར་ཨ་ཡི་འཕྲོ་འདུ་ལས། །ཨི་ཨཱི་ཨུ་ཨཱུ། ཨེ་ཨཻ་ཨོ་ཨཽ་འཕྲོས། དབྱངས་ཡིག་འོད་དུ་ཞུ་བ་ལས། །ཆོས་འཁོར་རིམ་བཞིན་བསྐོར་བར་བྱ། །ཀུན་དུ་བཟང་པོ་ནམ་མཁའི་

སྙིང་པོ་དང་། །འཇམ་དཔལ་ས་ཡི་སྙིང་པོ་དང་། །སྤྱན་རས་གཟིགས་དང་སྒྲིབ་པ་སེལ། །ཕྱག་ན་རྡོ་རྗེ་བྱམས་པའོ། །འཁོར་ལོ་པི་ཝང་ཨུཏྤ་ལ། །དུང་ཕོར་པདྨ་རིན་ཆེན་དང་། །མྱུ་གུ་རྡོ་རྗེ་བུམ་པའོ། །གཡོན་པ་ཐམས་ཅད་མཆོག་སྦྱིན་ནོ། །རིན་ཆེན་ཕྲེང་བའི་རྒྱན་གྱིས་བརྒྱན། །གདན་
ལ་བཞུགས་ཤིང་འགྱིངས་པའི་ཚུལ། །རྒྱུད་ལས། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྣམ་ཤེས་བརྒྱད་པོ་རྟོག་པ་འཆང་། །ཁ་དོག་སྣ་ཚོགས་འབར་བའི་འོད། །དཔལ་ལྡན་བློ་དང་སྒེག་པར་ལྡན། །ཞེས་གསུངས་སོ། །ཕྱོགས་ཀྱི་སྒོ་
བཞིར་བསྒོམ་པ་ནི། །གཙོ་བོའི་ཐུགས་ཀའི་འཕྲོ་འདུ་ལས། །ཛཿཧཱུཾ་བཾ་ཧོཿབཞི་འཕྲོས་པས། །འོད་ཞུ་འཕྲོས་ཤིང་འདུས་པ་ལས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྐུ་མདོག་རང་རང་ཕྱོགས་དང་མཐུན། །རྒྱུད་ལས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །འཛིན་པ་ཆེན་པོ་རྡོ་རྗེའི་
ཞགས། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །ཞེས་གསུངས་སོ། །དེ་ནས་ཐུགས་ཀའི་ས་བོན་ཨ་ལས་འོད་འཕྲོས་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཱཾ་ཧི་ཏཾ་ཨོཾ། །ཞེས་དབང་བསྐུར་བར་བྱ། རྒྱུད་
ལས། སངས་རྒྱས་བྱང་ཆུབ་བླ་ན་མེད། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས། དེ་ནས་སྙིང་པོ་བཟླས་པར་བྱ། །ཐུགས་ཀའི་ཤེས་རབ་འཁོར་ལོ་ལ། །དེ་དབུས་ལྟེ་བའི་འཁོར་ལོ་ལ། །སྔགས་ཕྲེང་མེ་ཏོག་དཀྱུས་པ་ལྟར། །དེ་ལ་དམིགས་ཏེ་བཟླས་པར་བྱ། །ཨོཾ་ཝཱ་གཱི་
ཤྭ་རི་མུཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི་བྷ་ག་བཱན། ཛྙཱ་ན་མཱུརྟི། ཝཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ། དེ་ཡང་རྒྱུད་ལས། འོད་བཟང་འབར་
བ་དཔལ་གྱི་བེའུ། །འོད་ཆེན་རྣམ་པར་སྣང་བར་བྱེད། །གཟི་བརྗིད་ཕྲེང་བ་བལྟ་ན་སྡུག །གསང་སྔགས་ཆེན་པོ་རིགས་གསུམ་པ། །ཞེས་གསུངས་པས་སོ། །དེ་ནས་མཆོད་པ་རྒྱས་པ་དབུལ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། པུཥྤཾ། ཨ་ལོ་ཀེ་གནྡྷེ།

ནཻ་བི་དྱེ། ཤཔྟ། རྒྱུད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ལ་སོགས་པ་དུག་ལྔ་རང་གྲོལ་གྱི་མཆོད་པའོ། །ཨོཾ་བཛྲ་གཱི་ཏི་ཧཱུཾ། ཨོཾ་བཛྲ་ནྲྀ་ཏྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་ལཱ་སྱེ་ཧྲི། དེ་ཡང་རྒྱུད་ལས། མཆོད་ཅིང་བརྗོད་
པར་དྲང་སྲོང་ཆེ། །ཞེས་གསུངས་སོ། །དེ་ནས་མཆོད་འོས་བསྟོད་འོས་ཕྱག་གི་གནས། །ཞེས་པས་བསྟོད་དེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ལག་པ་བརྒྱ་པོས་ཀུན་བསྐྱོད་ཅིང་། །སྤྲུལ་པའི་འཁོར་
ལོ་སྣ་ཚོགས་འཆང་། །གོམ་པའི་སྟོབས་ཀྱིས་གར་བྱེད་པ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །རྣམ་སྣང་གཙོ་ལ་ཕྱག་འཚལ་འདུད། །རིགས་ལྔ་ལ་འདུད་ཀྱི་བསྟོད་པ་བྱའོ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་
དག་བརྗོད་པ་མཆོག །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་གསལ་ཞིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །ཉིད་ཀྱི་འདབ་བཟང་ཚོགས་ཀྱིས་ནི། །ཟླ་བ་རྒྱས་པ་ཟིལ་
གནོན་ཅིང་། །རིག་པ་རྣམ་པར་གསལ་བསྒྱུར་ལ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །མ་བགྱིས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་ཞིང་། །ཉིད་ནི་ཀུན་དུ་དགའ་བའི་སྐུ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །བདུད་རྩི་འདྲ་ཞིང་འཇམ་ལ་ཟབ། །ཡིད་དང་
གསུང་གི་སྒྲ་སྒྲོགས་པ། །དམ་པའི་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །གངས་ཀྱི་ཆུ་ལྟར་གདངས་གསལ་བ། །འཇིག་རྟེན་ཁམས་ན་རྣམ་པར་བཞུགས། །ཉོན་མོངས་དྲི་མ་རབ་སྤངས་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །མཆེ་བ་གཙིགས་
དང་བསྒྱིངས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །ཡ་མའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །རང་གི་སྤྱན་དང་མདངས་འདྲ་བ། །ཨུཏྤལ་སྔོན་པོས་རབ་མཛེས་པ། །ཤེས་རབ་རལ་གྲི་མདའ་གཞུ་འཛིན། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །

ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེར་བསྟོད་པས་རབ་བསྟོད་པ། །འགྲོ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་དེ་ལ་ཕྱག་འཚལ་འདུད། །དེ་ནས་སེམས་དཔའ་བརྒྱད་ལ་བསྟོད་དེ། མཁས་པ་ཆེན་པོ་ཐབས་ཆེ་བ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །འཇིག་རྟེན་
ཁམས་བརྒྱ་ཀུན་བསྐྱོད་པ། །ཀུན་དུ་བཟང་པོ་ཁྱོད་ལ་འདུད། །རྫུ་འཕྲུལ་ཆེན་པོ་སྟོབས་ཆེན་ལྡན། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ནམ་མཁའ་ལས་བྱུང་རང་བྱུང་བ། །ནམ་མཁའི་སྙིང་པོ་ཁྱོད་ལ་འདུད། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཤེས་རབ་ཆེན་
པོ་སྐད་ཅིག་ལ། །འཇམ་དཔལ་ཤེས་རབ་ཁྱོད་ལ་འདུད། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །རྫུ་འཕྲུལ་རྐང་པའི་སྟོབས་དང་ལྡན། །ས་ཡི་སྙིང་པོ་འགྲོ་བ་འཛིན། །ས་ཡི་སྙིང་པོ་ཁྱོད་ལ་འདུད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །སྙིང་རྗེ་ཆེ་དང་ཤེས་རབ་དང་། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །
སྤྱན་རས་གཟིགས་དབང་ཁྱོད་ལ་འདུད། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ། །སྒྲིབ་པ་སེལ་བ་ཁྱོད་ལ་འདུད། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་
རྒྱ་མཚོ་སྟེ། །ཕྱག་ན་རྡོ་རྗེ་ཁྱོད་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །བྱམས་པའི་གོ་ཆ་ཆས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་བྱམས་པ་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །འཇམ་དབྱངས་
ཆེན་པོ་སྒྲ་ཆེ་བ། །ཡེ་ཤེས་སྒོ་མ་ཁྱོད་ལ་འདུད། །རྡོ་རྗེ་སཏྭ་སཏྭ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་དུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་
སངས་རྒྱས་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལའོ། །རྡོ་རྗེ་ཆགས་པ་བདེ་བ་ཆེ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལའོ། །རྡོ་རྗེ་ལེགས་པ་བདེ་བ་ཆེ། །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་བུདྡྷ་མཆོག །

ཕྱག་འཚལ་རྡོ་རྗེ་དགྱེས་པ་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་རིན་ཆེན་ལའོ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་
ལའོ། །རྡོ་རྗེ་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་ཏོག །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལའོ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལའོ། །རྡོ་རྗེ་ཆོས་རབ་དེ་བཞིན་དོན། །
རྡོ་རྗེ་པདྨ་རབ་དགའ་བྱེད། །རྡོ་རྗེ་དབང་རབ་རྡོ་རྗེའི་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལའོ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་གྲོས་ལའོ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་
ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལའོ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་བཟླས་པ་རབ་འགྲུབ་ཕྱིར། །མི་གསུང་རྡོ་རྗེ་མཆོག་བསྒྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །རྡོ་རྗེ་ལས་རབ་རྡོ་རྗེ་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་
འཚལ་རྡོ་རྗེ་རྒྱ་གྲམ་ལའོ། །རྡོ་རྗེ་སྐུ་ནི་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་སྟེ། །བརྩོན་འགྲུས་མཆོག་སྟེ་དཀའ་ཐུབ་ཆེ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །
རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུད། །རྡོ་རྗེ་བཅིངས་པ་རབ་གྲོལ་ཅིང་། །ཕྱག་འཚལ་རྡོ་རྗེ་གཉིས་མེད་ལའོ། །ལྷག་ཆད་ཡི་གེ་བརྒྱ་པས་བཤགས། །ཨ་ཏི་གཙྪ་མུཿཡིས་གཤེགས། །བདག་གི་དགེ་བའི་རྩ་བ་འདིས། །འགྲོ་བ་མ་ལུས་འདྲེན་པར་ཤོག །འཇམ་དཔལ་གྱི་སྒྲུབ་ཐབས་ཞི་བ་འོད་ཀྱི་རིམ་
པ་ཞེས་བྱ་བ་རྫོགས་སོ།། །།སྡོམ་པ་བཟང་པོའི་ཐུགས་དམ། ལོ་ཙཱ་བ་དར་མ་བྷིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཀྲོ་དྷ་སཱ་དྷ་ན་ནཱ་མ། བོད་སྐད་དུ། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་

གཤེད་ལ་ཕྱག་འཚལ་ལོ། །གདུག་པའི་ཚོགས་རྣམས་ཐམས་ཅད་འཇོམས་མཛད་དེ། །བདུད་ཀྱི་སྙིང་གར་ཞབས་ཀྱིས་གནོན་མཛད་དེ། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བཤད། །དད་པའི་སྟོབས་དང་ལྡན་པ་ཡིས། །རྟེན་གྱི་གང་ཟག་ཐོ་རངས་ལངས། །སྙིང་གར་ཉི་དཀྱིལ་ཧཱུཾ་
བསམས་ཏེ། །དེ་ལས་འོད་ཟེར་ལྕགས་ཀྱུ་འཕྲོས། །འཇམ་དཔལ་གཤིན་རྗེ་གཤེད་ཉིད་དང་། བླ་མ་སངས་རྒྱས་སྤྱན་དྲངས་ལ། །མཎྜལ་མཆོད་པས་མཉེས་པར་བྱས། །ཡན་ལག་བདུན་པས་མཆོད་པ་བྱ། །ཐུགས་ཀར་ཧཱུཾ་གི་འཕྲོ་འདུ་ལས། །རྡོ་རྗེ་ཤུགས་ཅན་སྤྲོས་ཏེ་མཚམས་ཀྱང་བཅད། །
དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧོ། །ཞེས་བརྗོད་སྟོང་པའི་ངང་ལས་ནི། ཧཱུཾ་ཉིད་ནམ་མཁའི་དབྱིངས་སུ་བསྒོམ། །དེ་ལས་བྱུང་བའི་ཡིག་འབྲུ་ཆད། །དེ་སྟེང་བྷྲཱུཾ་གྱི་འཕྲོ་འདུ་ལས། །ཕོ་བྲང་རྒྱ་གྲམ་འཁོར་ལོར་བཅས། །གཞལ་ཡས་སྒོ་བཞི་རྫོགས་པས་བསྐྱེད། །ཨེ་ཡཾ་བཾ་ལཾ་
རཾ་བྷྲཱུཾ་ཞེས་པའོ། །དེ་སྟེང་ཉི་ཟླ་པདྨ་དང་། །དྲེགས་པ་མ་ཧེའི་གདན་ལ་བཞུགས། །ཧཱུཾ་ལས་འཇམ་པའི་རྡོ་རྗེ་བསམ། །དེ་ཞུ་གཤིན་རྗེ་གཤེད་དུ་གྱུར། །ཞལ་དྲུག་པ་ལ་ཕྱག་བཅུ་གཉིས། །སྐུ་མདོག་ནག་པོ་ནམ་མཁའི་མདངས། །གཡས་སྔོ་གཡོན་དམར་དུད་ཁའོ། །སྟེང་དུ་ཞལ་ཉིད་
སེར་པོའོ། །གཡས་པ་གྲི་གུག་རལ་གྲི་མདའ། །འཁོར་ལོ་ཏྲི་ཤཱུལ་རྩེ་གསུམ་མདུང་། །གཡོན་ན་ཐོད་པ་ཕུབ་དང་གཞུ། །བེ་ཅོན་མགོ་བོ་སྡིགས་མཛུབ་ཞགས། །གླང་སྟག་ཞིང་ཆེན་སྦྲུལ་གྱིས་བརྒྱན། །རྒྱལ་ཐོད་བྲམ་སྙན་རྗེ་མགུར་དམངས་རིགས་ལྷུག །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་
ཤལ་བྱས། །སྐྲ་ཁམ་རྣོ་གདུག་མཆེ་བ་རབ་གཙིགས་ཤིང་། །ཞལ་ནས་ཧ་ལའི་སྒྲ་སྒྲོགས་འཇིགས་པར་བྱེད། །བསྐལ་པའི་མེ་དཔུང་དུས་མཐའི་མེ་ལྟར་འབར། །ཞབས་བཞི་བརྐྱང་བསྐུམ་གྱད་ཀྱི་དོར་སྟབས་བཞུགས། །ཉི་ཟླ་པདྨ་དྲེགས་པ་ཕོ་མོ་དང་། །མ་ཧེ་སྔོ་ནག་བརྗིད་
པའི་གདན་ལ་འཇིགས་ཚུལ་བཞུགས། །བཾ་ལས་བསྐྱེད་པའི་ཡུམ་ཉིད་ནི། །གཡས་པ་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོད་ཁྲག་གཙོ་ལ་སྟོབས། །གཉིས་མེད་འཁྱིལ་པའི་ཚུལ་དུ་གནས། །ཕོ་བྲང་རྡོ་རྗེ་རྒྱ་གྲམ་ལ། །ཡབ་ཡུམ་གཉིས་མེད་སྦྱོར་མཚམས་ནས། །ཤར་

དུ་ཀྵེ་ལས་གྱུར་པས་དཀར། །ལྷོ་རུ་མ་ལས་གྱུར་པས་སེར། །ནུབ་ཏུ་མེ་ལས་གྱུར་པས་དམར། །བྱང་དུ་ད་ལས་གྱུར་པས་ལྗང་། །ཐམས་ཅད་ཞལ་གསུམ་ཕྱག་ཀྱང་དྲུག །གཏི་མུག་ང་རྒྱལ་གཤིན་རྗེ་གཤེད། །འདོད་ཆགས་ཕྲག་དོག་གཤིན་རྗེ་གཤེད། །རྒྱན་དང་ཆ་ལུགས་
གཙོ་དང་མཐུན། །ཕྱི་རོལ་གྱི་ནི་རྩིབས་བཅུ་ལ། །སྦྱོར་བའི་མཚམས་ནས་ཧཱུཾ་བཅུ་འཕྲོས། །འཕྲོས་ཤིང་འདུས་པས་ཧཱུཾ་བཅུར་གྱུར། །ཤར་དུ་ཤེས་རབ་མཐར་བྱེད་ལ། །ལྷོ་རུ་གཤིན་རྗེ་མཐར་བྱེད་དོ། །ནུབ་ཏུ་པདྨ་མཐར་བྱེད་དོ། །བྱང་དུ་བགེགས་ནི་མཐར་བྱེད་དོ། །ཤར་ལྷོར་
དབྱུག་པ་སྔོན་པོ་ལ། །ལྷོ་ནུབ་མི་གཡོ་མགོན་པོའོ། །ནུབ་བྱང་འདོད་པའི་རྒྱལ་པོ་སྟེ། །བྱང་ཤར་ཁྲོ་བོ་གནོད་མཛེས་སོ། །སྟེང་དུ་ཧཱུཾ་མཛད་འོག་ཏུ་སྟོབས་པོ་ཆེ། །ཞལ་གཅིག་ཕྱག་གཉིས་ཐམས་ཅད་མཐིང་། །གཡས་པ་སྣ་ཚོགས་གཡོན་པ་སྡིགས་མཛུབ་བསྒྲེང་། །བརྐྱང་
བསྐུམ་དུར་ཁྲོད་ཆས་ཀྱིས་བརྒྱན། །བསྐལ་པའི་མེ་འབར་དྲེགས་པའི་གདན་ལ་བཞུགས། །སྦྱོར་མཚམས་ཛཿཧཱུཾ་བཾ་ཧོཿལས། །སྒོ་བ་བཞི་རྣམས་རིམ་བཞིན་བསྐྱེད། །ཐུགས་ཀར་ཤེས་རབ་འཁོར་ལོ་ཧཱུཾ། །ཡེ་ཤེས་གསུམ་གྱིས་གནས་གསུམ་བརླབ། །ཛཿཧཱུཾ་བཾ་ཧོཿས། །ཡེ་ཤེས་
ཁྲོ་བོ་དགུག་གཞུག་བྱ། །དེ་ནས་བཟླས་པའི་རིམ་པ་ནི། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཡ་ཏ་ཡ་ཡ་ཏ། རྩ་སྔགས་སོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཡང་སྙིང་ངོ་། །ཨོཾ་
དྭེ་ཥ་ར་ཏི་མུ་ཏ་ཧཱུཾ་ཛཿསྭཱ་ཧཱ། རྗེ་བཙུན་མའིའོ། །དེ་ཡང་རྒྱུད་ལས། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཁྲོ་བོའི་
ལུས་ཀྱི་གཟུགས་ལྡན་པ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །འཇིགས་པ་ཆེན་པོ་རྡོ་རྗེ་ཞགས། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །གད་ཆེན་ཧ་ཧ་ཞེས་སྒྲོགས་པ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གཤིན་

རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །ཞེས་གསུངས་སོ། །དེ་ནས་གཏོར་མ་དབུལ་བ་ནི། །སཾ་དང་རཾ་གྱིས་མེ་རླུང་བསྐྱོད། །ཀཾ་གསུམ་སྒྱེད་པོ་ཨ་ལས་ཐོད་པའི་སྣོད། །གོ་ཀུ་ད་ཧ་ན་བི་མུ་ར་སུ་ཁཾ། །དམ་རྫས་བཅུ་སྦྱར་ཨ་ལས་ཟླ་བའི་ཁབས། །
ཧཱུཾ་ཛཿའི་འཕྲོ་འདུས་བདུད་རྩི་བསྲུབས། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྐྱོན་རྣམས་དག་པར་བསམ། འབྲུ་གསུམ་པ་ཡིས་བྱིན་གྱིས་བརླབ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། །ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། མ་ཧཱ་པ་ཙ་མཉྫུ་ཤྲཱི་པ་རི་
ཤུདྡྷེ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བསྟོད་དེ། ཧཱུཾ་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་གཟུགས་སུ་བསྟན། །བཻ་ཌཱུརྱ་ཡི་མདོག་འདྲ་སྐུ་མངའ་ཞིང་། །གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུ་ལ་བསྟོད། །ཤིན་ཏུ་ཁྲོ་ཞིང་གནག་པ་མ་ཧེའི་
ཞལ། །གཡས་དང་གཡོན་གྱི་ཞལ་བཞི་འཇིགས་པའི་ཞལ། །སྟེང་ཞལ་གཙིགས་པའི་ཞལ་ནི་ཤིན་ཏུ་འཁྲུག །ཞལ་དྲུག་སྤྱན་གསུམ་འཇིགས་བྱེད་ཞལ་ལ་འདུད། །གཡས་ཀྱི་ཕྱག་དྲུག་མཚོན་ཆ་གྲི་གུག་དང་། །རལ་གྲི་མདའ་དང་འཁོར་ལོ་ཏྲི་ཤཱུལ་མདུང་། །གཡོན་ན་ཐོད་པ་
ཕུབ་གཞུ་བེ་ཅོན་མགོ་བོ་བསྣམས། །བསྡིགས་པའི་མཚོན་ཆ་འཇིགས་བྱེད་ཕྱག་འཚལ་བསྟོད། །བརྐྱང་བསྐུམ་ཚུལ་གྱིས་ཞབས་བཞི་ཐུར་དུ་བགྲད། །མ་ཧེ་སྔོ་ནག་བརྫིས་པའི་གདན་ལ་བཞུགས། །འཇིགས་བྱེད་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །གླང་སྟག་ཞིང་
ཆེན་སྦྲུལ་གྱི་རྒྱན་གྱིས་བརྒྱན། །རུས་པའི་རྒྱན་ཆ་དྲུག་ནི་དབང་དུ་འཁྲོལ། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་བྱས། །རྡོ་རྗེ་འཇིགས་བྱེད་རྒྱན་ལ་རབ་ཏུ་བསྟོད། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །རྣོ་གདུག་མཆེ་བ་རབ་ཏུ་གཙིགས། །ཧ་ཧ་ཞེས་བཞད་སྲིད་གསུམ་ཟིལ་གྱིས་
གནོན། །ཕེཾ་གྱི་སྒྲ་སྒྲོགས་རྒྱལ་པོ་ཁྱོད་ལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཞེ་སྡང་རྡོ་རྗེའི་འོད་ཟེར་ཚ་ཚ་འཕྲོ། །བདུད་དང་དགྲ་བགེགས་མ་ལུས་སྐྲག་པར་བྱེད། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། མུན་ནག་ལྟ་བུའི་སྐུ་བརྗིད་ཅིང་། །ཉི་མ་འབུམ་གྱི་

གཟི་བརྗིད་ཅན། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བདུད་འདུལ་ཁྲོ་བོའི་རྒྱལ་པོ་ཁྱེད་ལ་བསྟོད། །ཧཱུཾ་དམར་ཉི་མའི་འོད་འཕྲོ་མ། །ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ། །གཡས་པ་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོད་ཁྲག་གཙོ་ལ་སྟོབས། །སྤྱན་གསུམ་
མེ་སྟག་རབ་ཏུ་འཕྲོ། །ཞལ་ནས་ཧ་ཧ་ངེས་པར་སྒྲོགས། །དབུ་སྐྲ་དམར་སེར་རབ་ཏུ་འབར། །ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད། །ཧཱུཾ་གཏི་མུག་ང་རྒྱལ་གཤིན་རྗེ་གཤེད། །འདོད་ཆགས་ཕྲག་དོག་གཤེན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གདུག་པའི་མཚོན་ཆ་སྣ་ཚོགས་
འཛིན། །གླང་སྟག་ཞིང་ཆེན་རྒྱན་གྱིས་བརྒྱན། །ཐོད་པའི་དོ་ཤལ་རྒྱན་དྲུག་ལྡན། །སྐུ་ལས་མེ་འབར་གདུག་པ་འདུལ། །གཤེད་པོ་བཞི་ལ་ཕྱག་འཚལ་བསྟོད། །མི་དགེ་བཅུ་སྤངས་ས་བཅུ་བགྲོད། །ཕྱོགས་བཅུའི་བདུད་འདུལ་ཁྲོ་བོ་བཅུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གདུག་
པའི་མཚོན་ཆ་སྣ་ཚོགས་འཛིན། གཡོན་པ་སྡིགས་མཛུབ་ཞགས་པ་བསྣམས། །ལྷ་དང་ལྷ་མིན་ཐམས་ཅད་འདུལ། །རྒྱན་དྲུག་ཐོད་པའི་རྒྱན་གྱིས་བརྒྱན། །འཇིགས་བྱེད་བཅུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཡེ་ཤེས་རྣམ་བཞི་ཡང་དག་རྟོགས། །གཡོན་པ་ཐོད་པ་ཁ་ཊྭཱཾ་ག །རྒྱན་དང་
ལྔ་བཅུས་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཧ་ཧ་ཟིལ་གྱིས་གནོན། །ལྕགས་ཀྱུ་མ་དང་ཞགས་པ་མོ། །ལུ་གུ་རྒྱུད་དང་འབེབས་པ་མོ། །མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད། །ལྷག་ཆད་ཡི་གེ་བརྒྱ་པས་བཤགས། །དེ་ནས་དང་ལ་མཇུག་བསྡུ་བ་ནི། །ཧཱུཾ་ཞེས་པ་ཡི་སྒྲ་བརྗོད་དེ། །གཅིག་གིས་དང་
ལ་ཡབ་ལ་བསྡུ། །ཡབ་ཉིད་འོད་དུ་ཞུ་ལས་ཧཱུཾ། །ཧཱུཾ་དེ་རིམ་གྱིས་ཞུ་བ་ལས། །ཟག་མེད་བདེ་བའི་ངང་ལ་གནས། །རྟག་པའི་མཐའ་ལས་གྲོལ་བར་འགྱུར། །རྡོ་རྗེ་སྐད་ཅིག་ལྷར་བསྒོམས་ལ། །སྔགས་ཀྱི་འཁོར་ལོ་རབ་བརྗོད་པས། །ཆད་པའི་མཐའ་ལས་གྲོལ་བར་འགྱུར། །
དེ་ནས་སྤྱོད་ལམ་ཅི་བདེར་གནས། །འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་རྡོ་རྗེ་འོད་ཀྱི་རིམ་པ་ཞེས་བྱ་བ། བླ་མ་སྡོམ་པ་བཟང་པོའི་ཐུགས་དམ། བླ་མ་ལོ་ཙཱ་བ་དྷརྨ་བྷིས་བསྒྱུར་བའོ།། ༄། །འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བཞུགས།།

༄༅༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པས་གསུངས་པའི་འཇམ་དཔལ་མཚན་བརྗོད་འདི་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ལས། འདི་རྒྱ་ཆེ་བའི་མན་ངག་གོ། །དོན་བརྒྱད་ལས་འདི་མན་ངག་གི་སའོ། །དེ་ལ་རིམ་གྱིས་པ་དང་ཅིག་ཅར་བ་ལས་འདི་རིམ་གྱིས་པའི་སའོ། །དེ་ལ་བུམ་
པའི་དབང་གི་དུས་སུ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དེ་ཡང་། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །ཞེས་ཟེར། དེ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ཆོ་ག་བསྟན་ཏེ། སྨོན་འཇུག་གཉིས་ཀྱིས་སློབ་མ་ལས་ལ་འཇུག་པའི་དུས་སུ། རི་ཡི་ཕུག་གམ་ཆུ་འགྲམ་མམ། །ལྷ་ཁང་མཆོད་
རྟེན་དབེན་ས་དང་། །དུར་ཁྲོད་གནས་དང་ཤིང་དྲུང་དུ། །དེ་ལ་སོགས་ཏེ་གནས་ཡིད་དུ་འོང་བར། སློབ་དཔོན་སྟན་བདེ་བ་ལ་འདུག་སྟེ། བསམ་གཏན་ལ་གནས་པར་བྱའོ། །རྒྱུད་ནས། བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །གསུངས་སོ། །དེ་ནས་རང་འཇམ་དཔལ་དུ་བསྒོམས་ལ།
ཚད་མེད་པ་བཞི་བསྒོམ། དེའི་རྗེས་ལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན། ཛྙཱ་ན་མཱུརྟི། ཝཱ་གཱི་ཤྭ་ར་མ་ཧཱ་བཱ་ཙ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་པས་བདག་དང་སྣང་སྲིད་སྟོང་བར་བསམ། དེའི་ངང་ལས་བདག་གཤིན་རྗེ་གཤེད་དུ་
བསྒོམས་ལ། ས་སྣང་བ་ལ་བསླང་བ་དང་། མི་སྣང་བ་ལ་བསླང་བ་དང་། བགེགས་བསྐྲད་པ་དང་། ས་སྦྱང་བ་དང་། ས་གཟུང་བ་དང་། མཆོད་གཏོར་གྱིས་མཉེས་པར་བྱ་བ་དང་། ཀློག་འདོན་བྱ་བ་དང་། སྔོན་འགྲོ་རྣམས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྟ་གོན་ནི་བདུད་རྩིའི་ཆུས་ཆག་ཆག་བཏབ་
ལ། །གནམ་ཐིག་གདབ་པ་དང་། ས་ཐིག་གདབ་པ་དང་། བྱིན་གྱིས་བརླབ་པ་དང་། བྲི་བ་ལ་འཇུག་པར་བྱའོ། །དེ་ནས་ལྷ་དང་བུམ་པའི་སྟ་གོན་བྱ་སྟེ། བུམ་པ་དཀར་པོ་ནག་པོ་ར་རི་སྤངས་པ་ལ་རས་ཁ་ཚར་མ་ཉམས་པའི་མགུལ་ཆིངས་བྱས་ལ་ཕྱག་རྒྱ་ལྔ་གདགས། དེ་ལ་སོགས་པའི་
ཡོ་བྱད་རྒྱས་པར་བསོག །དེ་ནི་བུམ་པའི་སྟ་གོན་ནོ། །དེ་ནས་རྣལ་འབྱོར་པ་སྟ་གོན་ལ་གནས་པར་བྱ་སྟེ། སྤྱིར་ཁྲུས་དང་ལྡན་པར་བྱ། སྡིག་བཤགས་བྱ། སྐྱབས་འགྲོ་བྱས་ལ། སློབ་དཔོན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ནི་སློབ་དཔོན་

གྱི་སྟ་གོན་ནོ། །སློབ་མའི་སྟ་གོན་ནི་ཕྱིར་ཁྲུས་བྱས་ལ། སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། བར་ཆོད་བསྲུང་བའི་ཕྱིར་སྲུང་སྐུད་གདགས་པ་དང་། དཔའ་བོ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པའོ། །དེ་ནི་སློབ་མའི་སྟ་གོན་ནོ། །བར་དེར་ཞི་བའི་སྦྱིན་སྲེག་རྒྱས་
པར་བྱའོ། །དབང་ཐོབ་པ་དང་མ་ཐོབ་པ་གཉིས་སུ་ཤེས་པར་བྱའོ། །དབང་ཐོབ་ན་སེམས་བསྐྱེད་བྱ་མི་དགོས། །མ་ཐོབ་ན་སེམས་བསྐྱེད་བྱ། གཉིས་པ་ལ་འཇུག །གསུམ་པ་ལ་རྫོགས་པར་བྱའོ། །དེ་ཡང་གསུམ་རིག་གཙང་མ་དག་པ་སྟེ། དབང་ཐོབ་པ་ཡིན་ན་བུམ་པ་གཅིག་ལ་
དབང་བཞི་སྟན་ཐོག་ཏུ་བསྐུར། བྱིན་རླབས་བརྟན་པར་བྱ་བའི་ཕྱིར་སློབ་དཔོན་ལ་ཡོན་དབུལ་ལོ། །དེའི་ཆོ་ག་ནི་དང་པོ་ཁོ་ནས་ས་བསླང་སྟེ། ས་བདག་ལྷ་ཀླུ་འཁོར་དང་བཅས་པ་རྣམས། །ས་ཡི་དམིགས་དང་ནེའུ་གསིང་ལུ་མ་རྣམས། །རྫིང་དང་ལྟེང་ཀ་སོ་སོའི་གནས་རྣམས་ནས། །ས་བདག་
ཀླུ་གཉན་སྡེ་དང་འཁོར་དུ་བཅས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་རྣམས། །གནས་འདིར་སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ། །དཀྱིལ་འཁོར་ཆེན་པོ་འདི་ཡི་ས་བསླང་ཕྱིར། །བྱིན་གྱིས་བརླབས་པའི་གཏོར་མ་འདི་བཞེས་ལ། །རིན་ཆེན་གསེར་གྱི་ས་གཞི་བསླང་དུ་གསོལ། །ལག་
པ་གཡས་པ་ས་ལ་བརྡབས་པས། ས་གས་པའི་སེར་གནས་སའི་ལྷ་མོ་རོ་སྟོད་བསྙེམས་ཏེ་བྱུང་ནས། ལག་པ་གཡས་པ་ཁས་ལེན་གྱི་ཕྱག་རྒྱ། གཡོན་པ་བུམ་པ་བསྣམས་པ་དེ་ལྟར་བྱོན་པར་བསམ། དེ་ལ་གཏོར་མ་དང་མེ་ཏོག་དྲི་ཞིམ་པོས་མཆོད་ལ། འདོད་པའི་དོན་ལ་གསོལ་བ་
བཏབ་སྟེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་ས་གཞི་རིན་པོ་ཆེ་འདིའི་སྟེང་དུ་མཛད་པ་ལགས་པས། རྣལ་འབྱོར་པ་ཆེ་གེ་མོ་ཞེས་བགྱི་བ་ལ་སོགས་པ་ཡང་། ཚོགས་གཉིས་བསགས་པའི་རྟེན་
འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕོ་བྲང་འདེབས་པར་འཚལ་བས་སའི་ལྷ་མོ་འཁོར་དང་བཅས་པས་ས་བདག་ཀླུ་གཉན་ཀུན། ས་རིན་དུ་རིན་པོ་ཆེས་བརྒྱན་པའི་གཏོར་མ་འདི་བཞེས་ལ། དང་པོ་དགེ་སྦྱོར་དབུ་བཟུང་བ་ནས། ཐ་མ་རྫོགས་པ་མཐར་ཕྱིན་དུ་ས་གནས་འདི་བདག་ལ་

གཡར་ལགས་པས། ས་འདི་བརྟན་པ་དང་བཀྲ་ཤིས་པར་མཛད་དུ་གསོལ་ཞེས་བརྗོད་ལ་གཏོར་མ་སྦྱིན་ནོ། །དེའི་ཆོ་ག་འདི་སྐད་དོ། །ཧཱུཾ་སྐྱོབ་པ་སངས་རྒྱས་རིན་པོ་ཆེ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་འཁོར་བཅས་དཔང་དུ་གྱུར། །ཤཱཀྱ་ཐུབ་པ་སྐྱོབ་པ་ཡིས། །བདུད་ཀྱི་སྡེ་རྣམས་བཅོམ་པ་
ལྟར། །དེ་བཞིན་བདག་གིས་བདུད་རྣམས་གཞོམ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། ལྷ་མོ་དེ། དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནི་ས་བསླང་བའི་ཆོ་གའོ། །དེ་ནས་བདག་ཉིད་འཇམ་དཔལ་དུ་གསལ་བར་བསྒོམས་ལ། དེ་ནས་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། རྡོ་རྗེ་འགྲོས་ཀྱིས་བསྐོར་
ཞིང་ས་གཞི་གཟུང་ངོ་། །དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་བསྡད་དེ། ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་སྡང་མིག་ཕྱོགས་བཅུར་བལྟ། རྡོ་རྗེ་ནམ་མཁའ་ལ་གསོར་ཞིང་མཚམས་བཅད་དོ། །དེ་ནས་དྲི་སྣ་ཚོགས་དང་སྤོས་ཀྱི་ཆུས་སྦྱར་ལ་ལག་ཏུ་ཐོགས་ལ། པུས་མོ་
གཡས་པའི་ལྷ་ང་ས་ལ་བཙུགས་ལ་འདི་སྐད་དོ། །ཧཱུཾ་བཅོམ་ལྡན་ཡེ་ཤེས་སེམས་དཔའ་ནི། །དཀྱིལ་འཁོར་ཀུན་གྱི་བདག་པོ་སྟེ། །སློབ་མ་རྣམས་ལ་བརྩེ་བ་དང་། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །དེ་དག་སློབ་མར་བཅས་པ་དང་། །མགོན་པོ་བདག་ནི་འབྱུང་བར་འཚལ། །
ལས་ཐམས་ཅད་པའི་སྔགས་ཀྱི་དྲིའི་ཆུས་བྱུག་གོ། །བདག་གི་ཐུགས་ཀར་ཐིག་སྐུད་ཀྱི་སྣ་གཅིག་གཟུང་། སློབ་མ་དེ་ཕྱག་ན་རྡོ་རྗེར་གསལ་བཏབ་ལ། ཐིག་སྐུད་དེ་ལྟེ་བའི་ཁུང་དུ་གཟུང་ལ། །ཧཱུཾ་ནམ་མཁའ་གང་བའི་བཅོམ་ལྡན་འདས། །ཁྱོད་ཀྱིས་སེམས་ཅན་འགྲོ་དོན་མཛད། །
ལས་ཐམས་ཅད་པའི་སྔགས་ཀྱིས་ཐིག་གདབ་པོ། །ཐིག་སྐུད་ཀྱི་སྒྲ་ཡིས་བདེ་བར་གཤེགས་པའི་ཐུགས་དམ་བསྐུལ་ནས་སེམས་ཅན་གྱི་དོན་མཛད་པར་བསམ་མོ། །ད་ནི་ས་ཚོན་བྱིན་གྱིས་བརླབ་སྟེ། ཨོཾ་ཧཱུཾ་སྭཱ་ཧྲཱི་ཧཱ་བྲིས་ལ་རིགས་ལྔའི་དགུག་གཞུག་བྱའོ། །དེ་ཞུ་བས་རིན་པོ་ཆེ་ལྔའི་
ཕྱེ་མར་གྱུར་ནས། དེས་བྲིས་ཏེ་གཡོན་པས་དེ་ནས་པདྨའི་གདན་རེ་དགོད། དེ་ལས་ལྷའི་འཕྲོ་འདུ་དང་བསྐྱེད་པ་གཞན་ནས་གསལ་ལོ། །རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བླ་མ་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ་བཞུགས།།

༄༅༅། །ད་ནི་སྨོན་འཇུག་གཉིས་དང་ལྡན་པའི་སེམས་བསྐྱེད་པར་བྱ་སྟེ། དེ་ལ་ཡང་དང་པོར་སྡིག་པ་བཤགས་པར་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་སྐྱེ་བ་ནས་ད་ལྟའི་ལུས་འདི་བླངས་པ་ཚུན་ཆད་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་
པ་ལ་རྗེས་སུ་ཡི་རང་བ་རྣམས་བླ་མ་དཀོན་མཆོག་ཡི་དམ། མཁའ་འགྲོའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །ད་ནི་སྐྱབས་སུ་འགྲོ་སྟེ། བདག་མིང་འདི་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་
འདུན་ལ་སྐྱབས་སུ་མཆིའོ། །ད་ནི་སྡོམ་པ་གཟུང་སྟེ། བླ་མ་དཀོན་མཆོག་གི་སྤྱན་སྔར། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་པར་གཟུང་བར་བགྱི། །དེ་ནི་སྨོན་
པའི་སེམས་བསྐྱེད་དེ། ད་ནི་འཇུག་པར་བྱ་སྟེ། དང་པོ་བཤགས་པ་བྱ་སྟེ། བླ་མ་ཡི་དམ་མཁའ་འགྲོ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་
བགྱིད་པ་ལ་རྗེས་སུ་ཡི་རང་བ་རྣམས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །བདག་མིང་འདི་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །ཡི་དམ་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ལ་སྐྱབས་སུ་མཆིའོ། །ད་ནི་སྡོམ་པ་
གཟུང་བར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་
བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་

རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་
རྣམས་བདག་གིས་སྒྲོལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་འཇུག་གོ། །ནུབ་དང་པོ་ལ་སྨོན་འཇུག་གི་སེམས་བསྐྱེད་དོ། །སོ་ཤིང་དོར་ལ་རང་རེའི་རྨི་ལམ་བརྟག་གོ། །དེ་ནས་དབང་བསྐུར་
བར་བྱ་སྟེ། །དཀྱིལ་འཁོར་སྒྲུབ་པའི་དུས་སུ་བཟླས་པ་བྱ་བ་ནི། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། ཨ་ཨཱ་སརྦ་ཏ་ཐཱ་ལ་སོགས་པ་ལས་ཐམས་ཅད་པའི་བསྙེན་པ་རྫོགས་པར་བྱའོ། །ནུབ་གཉིས་པ་ལ་བྱང་ཆུབ་ལམ་དུ་དྲང་
བ་ནི། མིག་རས་ཀྱིས་<བཀའ་‚བཀབ་>ལ་ལག་ཏུ་མེ་ཏོག་ཐོགས་ལ། སྒོའི་ཕྱི་ལོགས་སུ་བཞག་ལ། སློབ་དཔོན་ཉིད་ཀྱིས་འདི་སྐད་བརྗོད་དོ། །སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད། །དད་དང་མོས་པ་ཅི་ལ་དགའ། །ཞེས་ལན་གསུམ་བརྗོད་པས། །སློབ་མས་འདི་སྐད་བརྗོད་དོ། །བདག་ཅག་
འཁོར་བ་ལས་བསྒྲལ་ཕྱིར། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་གནས་སྦྱོར་བ། །དི་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཞེས་ལན་ནོ། །ཡང་སློབ་དཔོན་གྱིས། མ་རིག་རྨོངས་པའི་བུ་མཆོག་ཁྱོད། །རྡོ་རྗེ་བྱང་ཆུབ་ལམ་ནས་
དྲངས་ནས་ནི། །གསང་བའི་དཀྱིལ་འཁོར་བསྟན་པས་བྱ། །བླ་མེད་བྱང་ཆུབ་ལམ་ནས་དྲང་བར་བྱའོ། །བཛྲ་ཨཾ་ཀུ་ཤ་ཛ་ཞེས་བརྗོད་པས་ལས་ཐམས་ཅད་པའི་སྔགས་ཀྱིས་བགེགས་བསྐྲད་དོ། །དེ་ནས་ལས་ཀྱི་སློབ་དཔོན་ལག་ཏུ་རྡོ་རྗེ་གཏད་ལ། ལག་པ་ནས་དྲངས་ནས་གྲལ་སོ་སོར་བྱའོ། །
རང་གི་གདོང་གཡོགས་བྱས་ལ་གཞག་གོ། །ཡང་སློབ་དཔོན་ཁོ་རང་གིས། སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད། །ལས་དང་སྤྱོད་པ་ཅི་ལ་དགའ། །བྱས་པས། ཡང་སློབ་མས། བདག་ནི་སྐལ་ལྡན་བདེ་ཆེན་ལ། །འཕགས་པ་འཇམ་དཔལ་དངོས་གྲུབ་གསོལ། །ཞེས་སོ། །དེ་ནས་

མེ་ཏོག་ལག་ཏུ་ཐོགས་ལ། ཐལ་མོ་སྦྱར་ལ་འདི་སྐད་བརྗོད་དོ། །བྱང་ཆུབ་རྡོ་རྗེ་འཇམ་དཔལ་ལ། །རིན་ཆེན་མེ་ཏོག་དམ་པ་འབུལ། །བདག་ཀྱང་འཇམ་དཔལ་སྐུར་གྱུར་ཅིག །འཇམ་དཔལ་སྐུ་ཡི་རྡོ་རྗེ་གསོལ། །པྲ་ཏཱིཙྪ་ཧོ་ཞེས་མེ་ཏོག་དབུལ་ལོ། །མེ་ཏོག་ལྷ་ལ་ཚུད་ན་དེས་
ཆོག་གོ། །མ་ཚུད་ན་ལན་གསུམ་བསྐྱར་རོ། །དེ་ཡང་མ་ཚུད་ན་ལས་ཐམས་ཅད་བསྐྱར་རོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དོ། །དེ་རིང་དང་བའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་བསྟན་པར་བྱ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །དམ་ཚིག་མཆོག་ཏུ་གྱུར་པར་བྱེད། །
བཛྲ་ཙཀྵུ་པྲ་བེ་ཤ་ཕཊ་ཅེས་མིག་དབྱེའོ། །དེ་ནས་དབང་བསྐུར་ཏེ། དང་པོ་བུམ་པའི་དབང་བསྐུར་ཏེ་བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་བུམ་པ་འོད་དུ་ཞུ་བ་ལས་དེ་འཁོར་ལོར་གྱུར། འཁོར་ལོ་འོད་དུ་ཞུ། ཧཱུཾ་དུ་གྱུར། དེ་ལ་རྡོ་རྗེ་མི་བསྐྱོད་པའི་དབང་ངོ་། །དེ་སྤྱི་བོའི་ཐོག་ཏུ་བཞག་ལ་མཆོད་
པ་དབུལ་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་སྒྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་སྒྲ་ཆེ་བ། །མཆོད་པ་
ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཨོཾ་བཛྲ་པུཥྤེ་ཧཱུཾ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏྱེ། ཤབྡ་ཧཱུཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེན་མཿཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྠི་ཏོ་ཧྲྀ་དི། ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱཾ་ཨ་ཨཱ་
སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་ལས་ཐམས་ཅད་པའི་སྔགས་བཏང་། དེ་ནི་བུམ་པའི་དབང་བསྐུར་རོ། །དེ་ནས་དབུ་རྒྱན་དང་ཅོད་པན་གྱི་དབང་བསྐུར་ཏེ། དབུ་རྒྱན་དང་ཅོད་པན་མདུན་དུ་བཞག་ལ། བདག་གི་ཐུགས་ཀ་ནས་འོད་ཁ་དོག་ལྔ་འཕྲོས་ཏེ། དབུ་རྒྱན་དང་ཅོད་པན་འོད་དུ་ཞུ་རིན་པོ་ཆེའི་སུལ་
མངས་ཅིག་ཏུ་གྱུར། རིན་པོ་ཆེ་འོད་དུ་ཞུ་བས། རིན་ཆེན་འབྱུང་ལྡན་གྱི་དབང་ངོ་། །སློབ་མའི་མགོ་ལ་བསྐོན་ལ། གོང་གི་མཆོད་པས་མཆོད་དོ། །དེ་ནས་རྡོ་རྗེའི་དབང་བསྐུར་ཏེ་རྡོ་རྗེ་ལས་འོད་འཕྲོས་པས་རྡོ་རྗེ་འོད་དུ་ཞུ་ནས་པདྨ་དམར་པོ་ཅིག་ཏུ་གྱུར། །པདྨ་དེ་ཞུ་བས་ཨཾ་དུ་གྱུར།

ཨཾ་ཞུ་བས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་རོ། །དེ་སློབ་མའི་ལག་ཏུ་བཞག་པས་མཆོད་བསྟོད་གོང་བཞིན་དུ་བྱའོ། །དེ་ནས་དྲིལ་བུའི་དབང་བསྐུར་ཏེ། སློབ་དཔོན་གྱི་མདུན་དུ་དྲིལ་བུ་བཞག་ལ་ཐུགས་ཀ་ནས་འོད་འཕྲོས་པས་དྲིལ་བུ་ཞུ། ཟླ་བའི་དཀྱིལ་འཁོར་ཅིག་ཏུ་གྱུར། ཟླ་བའི་དཀྱིལ་འཁོར་
དེ་ཧ་ཅིག་ཏུ་གྱུར། དེ་ལས་དོན་ཡོད་གྲུབ་པའི་དབང་ངོ་། །དྲིལ་བུ་སློབ་མའི་ལག་ཏུ་བཞག་ལ་མཆོད་བསྟོད་གོང་བཞིན་དུ་བྱའོ། །དེ་ནས་མིང་གི་དབང་བསྐུར་ཏེ། སློབ་དཔོན་གྱི་ཕྱག་གཡས་པའི་སྟེང་དུ་ཐུགས་ཀ་ནས་ཨ་དེ་འོད་དུ་ཞུ་ཟླ་བའི་དཀྱིལ་འཁོར་ཅིག་ཏུ་གྱུར། ཟླ་བ་འོད་དུ་ཞུ་ཨོཾ་དུ་གྱུར།
དེ་ལས་རྣམ་པར་སྣང་མཛད་ཀྱི་དབང་ངོ་། །སློབ་དཔོན་གྱི་ཕྱག་སློབ་མའི་སྤྱི་བོའི་སྟེང་དུ་བཞག་སྟེ། མཆོད་བསྟོད་གོང་བཞིན་དུ་བྱའོ། །དེ་ལྟར་དབང་བསྐུར་བ་ནི་ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ། ཡེ་ཤེས་ལྔའི་དབང་ཐོབ་པའོ། །དེས་ནི་བུམ་པའི་དབང་ངོ་། །གསང་བའི་དབང་ནི། བདག་ལྷའི་
རྣལ་འབྱོར་དུ་བྱས་ལ། དེའི་སྤྱི་གཙུག་ཏུ་བླ་མ་བསྒོམ། དེའི་སྤྱི་གཙུག་ཏུ་གཤིན་རྗེ་གཤེད་ཡབ་ཡུམ་བསྒོམ། དེའི་སྤྱི་གཙུག་ཏུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་བསྒོམ་མོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་གཤིན་རྗེ་གཤེད་ཡབ་ཡུམ་
ལ་ཐིམ་པར་བསམ། གཤིན་རྗེ་གཤེད་ཡབ་ཡུམ་སྙོམས་པར་ཞུགས་བྱང་ཆུབ་ཀྱི་སེམས་ལ་བབས་ནས། བླ་མ་ཡབ་ཡུམ་ལ་ཞུགས་པར་བསམ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་དག་གི་ལམ་དུ་ཞུགས་ནས་ལྕེ་སྟེང་དུ་སྦྱར་ལ། ཨརྒྷ་དང་བསྲེས་ལ་སློབ་མའི་ལྕེ་སྟེང་
དུ་བཞག་ལ་སློབ་མའི་ངག་སྐྱོན་དག་པར་བསམ། དེ་མགྲིན་པར། དེ་སྙིང་གར། དེ་ལྟེ་བར། དེ་རིམ་གྱིས་ཡར་དྲངས་པས་ངག་གི་ལམ་དུ་ཞུགས། དེ་སྣ་བུག་གཡས་སུ་ཞུགས། དེ་གཡོན་དུ་ཞུགས། ངག་རླུང་ནི་འགྲོ་འོང་བཟླས་པ་བྱས་པས་སྒྲ་ངོས་གཟུང་མེད་པས་ངག་གི་སྒྲ་གྲག་སྟོང་དུ་འགྲོ་སྟེ་ངོ་
སྤྲད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རྣལ་འབྱོར་པ་གཡས་སུ་གཞག །རྣལ་འབྱོར་མ་གཡོན་དུ་གཞག །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་མདུན་དུ་བཞག་ལ། གཤིན་རྗེ་གཤེད་ཡབ་ཡུམ་དུ་བསྐྱེད་དོ། །རྡོ་རྗེ་དེ་ལ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་འོད་དུ་ཞུ་འོད་ཟེར་

གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་འདུས་པས་ཡི་གེ་ཧཱུཾ་ཅིག་ཏུ་གྱུར། ཧཱུཾ་འོད་དུ་ཞུ་བ་ལས་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་དབྱུག་ཏོ། གཡོན་སྡིགས་མཛུབ་དང་ཞགས་པ་བཅས་
པ། གླང་ཆེན་སྟོད་གཡོགས། ཞིང་ཆེན་གཡང་གཞི་སྟག་གི་ཤམ་ཐབས་དང་། སྦྲུལ་གྱི་ཆུན་པོ་དང་ཐོད་པའི་ཕྲེང་བ་དང་། དུར་ཁྲོད་ཀྱི་ཆས་ཅན་དུ་བསྐྱེད་ལ་སློབ་མའི་ཐུགས་ཀར་བཞག་ལ། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱའོ། །དེ་ནས་རྡོ་རྗེ་དེ་སློབ་མའི་ལག་ཏུ་གཏད་ཐབས་ཀྱི་རང་
བཞིན་དུ་དབང་བསྐུར་རོ། །དྲིལ་བུ་ལ་བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་དྲིལ་བུ་འོད་དུ་ཞུ། དྲིལ་བུའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་པས་ཡི་གེ་ཨ་ཅིག་ཏུ་གྱུར། ཨ་དེ་འོད་དུ་ཞུ་བ་ལས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ།
གཡས་གྲི་གུག །གཡོན་ཐོད་པ་བསྣམས་པ་ཅིག་ཏུ་བསྐྱེད་ལ་སློབ་མའི་སྤྱི་བོ་ཐོག་ཏུ་བཞག་ལ་ཡེ་ཤེས་དགུག་གཞུག་བྱའོ། །དེ་ནས་མོའི་ལག་པ་གཡོན་དུ་གཞག །དངོས་ཀྱི་རིག་མ་མེད་ན་དྲིལ་བུའི་འོད་ཀྱིས་རིག་མར་བསྒོམ་མོ། །དེ་ལྟར་ཤེས་རབ་ཀྱིས་རིམ་པར་དབང་བསྐུར་རོ། །དེ་ནས་
སློབ་དཔོན་གྱིས་མཁའ་གསང་བྱིན་གྱིས་བརླབ། སློབ་དཔོན་གྱི་གསང་བའི་གནས་ནས་ཧཱུཾ་ཅིག་འཕྲོས་པས་སློབ་མའི་གསང་བར་ཐིམ། རྡོ་རྗེ་རྩེ་ལྔ་པ་ཕྱེད་པ་ཅིག་ཏུ་གྱུར། རྡོ་རྗེའི་བུམ་པར་ཨོཾ་གྱིས་མཚན་པ་ཅིག་ཏུ་གྱུར་པར་བསྒོམ། ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ་སྟེ།
བདག་གི་ཡུམ་གྱི་མཁའ་ལས་མ་དམར་མོ་ཅིག་འཕྲོས་པས་སློབ་མའི་ཡུམ་གྱི་གསང་བར་ཐིམ། མ་དེ་འོད་དུ་ཞུ་བ་ལས་པདྨ་འདབ་མ་བརྒྱད་ཟེའུ་འབྲུ་དང་བཅས་པ་ཅིག་བསྒོམ། །དེ་ནས་སློབ་དཔོན་གྱིས་ཧཱུཾ་ཞེས་བརྗོད་པས་རྡོ་རྗེ་བསྐུལ། ཨ་ཞེས་དྲིལ་བུ་བསྐུལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་
ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱ་ན། ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་པ་ཙ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་པས་སྐད་ཅིག་མ་ལ་བསྐྱེད་དེ། བདེ་བ་ངོས་བཟུང་ངོ་། །དེ་ནི་བདེ་བ་བསྐུར་བའི་རིམ་པའོ། །དབང་གི་དོན་ལམ་དུ་བསླང་བ་ནི། དེའི་དུས་ལས་མ་གཡོས་པར་ཡབ་

ཡུམ་གཉིས་ཀྱི་བསྲུབས་པས་རླུང་མའི་དྲོད་ཅན་གྱི་མེ་ལྕེ་ཨ་བ་དྷཱུ་ཏཱི་ན་ཡར་ཞུགས་ཏེ། སྤྱི་བོ་གཙུག་ཏོར་གྱི་ཧཾ་ཞུ་བ་ལས། ཀླད་རྒྱས་བདེ་བའི་འཁོར་ལོའི་རྩ་འདབ་མ་སུམ་ཅུ་རྩ་གཉིས་གྲོལ། དེ་ལ་བདུད་རྩི་བྱང་ཆུབ་ཀྱི་སེམས་བབས་ཏེ་དགའ་བའོ། །བྱང་ཆུབ་ཀྱི་སེམས་དེ་མགྲིན་པ་ལོངས་
སྤྱོད་ཀྱི་འཁོར་ལོར་བསྐྱིལ་བས་རྩ་འདབ་མ་བཅུ་དྲུག་གྲོལ་ཏེ་མཆོག་དགའ། དེ་ཆོས་ཀྱི་འཁོར་ལོར་བསྐྱིལ་བས་རྩ་འདབ་བརྒྱད་གྲོལ་ཏེ་དགའ་བྲལ། དེ་ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་དུ་བབས་རྩ་འདབ་དྲུག་ཅུ་རྩ་བཞི་གྲོལ་ཏེ། དེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་རང་གནས་སུ་འཕངས་ཏེ་ཧ་ཧ་ཞེས་
པས་ལྟེ་བ་ནས་སྙིང་གར་དྲངས། ཧི་ཧི་ཞེས་པས་སྙིང་ག་ནས་མགྲིན་པར་དྲངས། ཧཱུཾ་ཧཱུཾ་ཞེས་པས་མགྲིན་པ་ནས་ཀླད་པ་བདེ་ཆེན་དུ་དྲངས་པས་གཙུག་ཏོར་ཆེན་པོའི་ཧཾ་ལ་སྦུར་ལེན་ལ་སྦུར་འདུས་པའམ་ཁབ་ལེན་ལ་ལྕགས་འདུས་པ་བཞིན་དུ་འུབ་ཀྱིས་འདུས་སོ། །དེ་ལ་སེང་གེ་རྣམ་པར་རོལ་གྱི་ཁྱབ་
པར་བསྒོམ་མོ། །དེ་ལྟར་ཡར་དྲངས་མར་དབབ་བྱེད་ཀྱིན་བདེ་སྟོང་གི་ཉམས་ངོས་ཟིན་པར་བྱའོ། །དབང་བཞི་པ་ནི་བཞི་པར་མིང་བཏགས་ཀྱང་གསུམ་ལས་བསྐུར་བར་མི་འདོད་དོ། །གོང་མའི་ཉམས་དེ་སེམས་ཉིད་ལ་ངོ་སྤྲོད་པ་ལ་བཞི་ལས་ཤེས་ཟེར་རོ། །དེ་ལ་བཞི་པའི་དབང་གི་ངོ་སྤྲད་དེ། གདམས་
ངག་ངོ་སྤྲད་ཀྱིས་སེམས་ངོས་ཟུང་ཤིག་བྱ། དར་ཅིག་ལོན་པ་དང་། དེ་ཀ་རང་ཡིན་བྱས་ལ། ལག་པ་ནམ་མཁའ་ལ་ཡུག་བྱས་ལ། བཞི་པ་བདེ་བའི་དོན་ནོ། །ཕྱག་རྒྱ་ཆེན་པོའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གཟུགས་ཁ་དོག་ཏུ་མ་གྲུབ་པས་ནམ་མཁའ་ལ་ངོ་སྤྲད་དོ། །གསུམ་པའི་ཉམས་དེ་ངོས་
གཟུང་དང་བྲལ་བས། གཞོན་ནུ་མའི་བདེ་བ་ཉམས་སུ་མྱོང་དུ་ཡོད་པ་ལ་དངོས་པོ་མངོན་སུམ་དུ་བསྟན་དུ་མེད། དེ་ཀ་ལ་ངོ་སྤྲད་པས་དབང་བཞི་པའི་གདམས་ངག་གོ། །ལྟ་སྟངས་བཞིས་རིགས་པ་སྤྲོས་པ་དང་བྲལ་བར་ངོ་སྤྲད་དོ། །བུམ་པའི་དབང་གི་དུས་སུ་རིགས་ལྔའི་བཀྲ་ཤིས་གསོལ་ཞིང་དབང་
བསྐུར། གསང་དབང་མན་ཆད་དབང་བཞི་པ་རྫོགས་ནས་བཀྲ་ཤིས་ཀྱི་དབང་བསྐུར་ཏེ་དངོས་གྲུབ་བླང་ངོ་། །བཀྲ་ཤིས་གསོལ་བ་ནི། རྒྱུད་ལས། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་སོ། །རྫས་ལ་བརྟེན་པའི་

བཀྲ་ཤིས་ཀྱི་སྟོན་མོ་ནི། འབྲང་རྒྱས་དང་། མར་དང་། ཐུད་དང་། ཞོ་དང་། མངར་གསུམ་དང་། ཁུར་བ་དང་། ལ་ཕུག་དང་། ཟས་སྣ་མང་དུ་ཐོགས་ལ་རིགས་ལྔའི་བཀྲ་ཤིས་གསོལ་ཏེ། བཀྲ་ཤིས་དམ་པ་ཆོས་དབྱིངས་བསྐྱོད་པ་མེད་མོད་ཀྱང་། །རྒྱལ་བ་རིགས་ལྔའི་བཀྲ་ཤིས་བདེ་ལེགས་ཤོག །བཀྲ་
ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཞིང་ཁམས་ནས། །སྤྲོས་དང་བྲལ་བའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ནས། རྡོ་རྗེ་
རིགས་ཀྱི་བཀྲ་ཤིས་སྐྱེ་འཆི་མེད། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་ནས། །རིན་ཆེན་རིགས་ཀྱི་བཀྲ་ཤིས་དགོས་འདོད་འབྱུང་། །
བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ནུབ་ཕྱོགས་པདྨ་རིགས་ཀྱི་ཞིང་ཁམས་ནས། །སྐྱོན་མེད་པདྨ་ལྟ་བུའི་བཀྲ་ཤིས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཀུན་
གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཞིང་ཁམས་ནས། །ལས་རྣམས་གྲུབ་པའི་བཀྲ་ཤིས་གང་ལེགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཨོཾ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། །ཨོཾ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་
རཏྞ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏཱཾ། ཨོཾ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི། ཨོཾ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ། །ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྒྱལ་བ་རིགས་ལྔའི་བཀྲ་ཤིས་པ་དེ་བཞིན་དུ། བདག་ཅག་དཔོན་སློབ་བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་རྫས་བརྒྱད་ཀྱི་བཀྲ་ཤིས་ནི། བཀྲ་
ཤིས་ཀུན་གྱི་བཀྲ་ཤིས་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །སངས་རྒྱས་སྐུ་ཡི་བཀྲ་ཤིས་ཤོག །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །བུདྡྷ་གསུང་གི་བཀྲ་ཤིས་ཤོག །འོད་བཟང་འབར་བ་དཔལ་གྱི་བེའུ། །བུདྡྷ་ཐུགས་ཀྱི་བཀྲ་ཤིས་ཤོག །ཁྱབ་བདག་ཆེན་པོ་རིན་

ཆེན་གདུགས། །བུདྡྷ་དབུ་ཡི་བཀྲ་ཤིས་ཤོག །སྤྱན་ལྔ་ཆགས་པ་མེད་པ་འཆང་། །བུདྡྷ་སྤྱན་གྱི་བཀྲ་ཤིས་ཤོག །བུམ་པ་བཟང་པོ་ཆེ་བའི་མཆོག །བུདྡྷ་མགུལ་གྱི་བཀྲ་ཤིས་ཤོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །བུདྡྷ་ལྗགས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་
པའི་བཀྲ་ཤིས་སྙན་གྲགས་དགེ །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །སངས་རྒྱས་ཞབས་ཀྱི་བཀྲ་ཤིས་ཤོག །སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ༄། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐོག་
མར་དགེ་བའི་དོན། སྤྲུལ་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་བཛྲ་ཏཱིཀྵྞ་རྡོ་རྗེ་རྣོན་པོ་བཅོམ་ལྡན་སྣང་བ་མཐའ་ཡས་སོ། །དུཿཁཙྪེ་ད་མི་མཐུན་པའི་སྡུག་བསྔལ་གཅོད་པ་མི་བསྐྱོད་པའོ། །པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཤེས་རབ་ཡེ་ཤེས་གཏི་མུག་སེལ་བ་རྣམ་སྣང་ངོ་། །ཛྙཱ་ན་ཀཱ་ཡ། ཡེ་ཤེས་ཀྱི་སྐུ་
ཕྲིན་ལས་བྱེད་པ་དོན་ཡོད་གྲུབ་པའོ། །ཝཱ་གཱི་ཤྭ་ར་ངག་གི་དབང་ཕྱུག་གདུལ་བྱ་ཚིམ་པ། ཨ་ར་པ་ཙ་མ་སྐྱེས་པའི་དོན་རིན་ཆེན་འབྱུང་ལྡན། ཨོཾ་ཏེ་ཏེ་ཧཱུཾ་བདེ་བའི་དོན་རྟོགས། ཏེ་ན་ཧཱུཾ་བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་གཉིས་སུ་མེད་པའི་བདེ་བ་ཐོབ་པའོ། །ཡ་ཏེ་ན་མཿཐེག་ཆེན་མ་ནོར་བ་
ཡིན་ནོ། །བར་དུ་དགེ་བའི་དོན་ནི། ལོངས་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་སྠི་ཏོ་ཧྲྀ་དི་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་ཀྱི་ངོ་བོར་གནས། ཛྙ་ན་མཱུརྟི་ར་ཧཾ། ཡེ་ཤེས་ཀྱི་བདེ་བ་རང་ལ་ཡོད། བུདྡྷོ་བུདྡྷཱ་ནཱན། སངས་རྒྱས་སེམས་ཅན་ཡེ་ནས་གཉིས་སུ་མེད། ཏྲྱཻ་དྡྷཱ་བརྟཱི་ནཱན། དུས་གསུམ་གྱི་
དོན་བརྗོད་པ་ལས་འདས་པའི་གནས་ཡིན། བདེ་བའི་དོན་སྟོན། ཏེ་ན་ཧཱུཾ། བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཐོབ་པོ། །མཐར་ཐུག་དག་པའི་དོན་ནི། ཆོས་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་སརྦ་དྷརྨཱ་ཨ་ཨཱ། ཆོས་ཐམས་ཅད་སྐྱེ་བ་མེད་
པ་ཉིད། ཨོཾ་སརྦ་དྷརྨཱ། ཨི་ཨཱི། སྐྱེ་མེད་སྐྱེ་བ་མེད་པ་ཉིད་དུ་སྣང་། ཨོཾ་སརྦ་དྷརྨཱ་ཨུ་ཨཱུ། མ་སྐྱེས་ཆོས་རྣམས་དུས་གསུམ་ཡིད་ཀྱིས་དྲན། ཨོཾ་སརྦ་དྷརྨཱ་ཨེ་ཨཻ། ཆོས་རྣམས་སྐྱེ་མེད་མི་འདའ་དམ་ཚིག་ཉིད། །ཨོཾ་སརྦ་དྷརྨཱ་ཨོ་ཨཽ། ཆོས་རྣམས་ཐམས་ཅད་ལོངས་སྤྱོད་མཆོག །ཨོཾ་སརྦ་དྷརྨཱ་

ཨཾ། ཆོས་ཐམས་ཅད་འབྲས་བུ་བདེ་བ་ཆེ། ཨོཾ་སརྦ་དྷརྨཱ་ཨཿཆོས་སྐུ་བདེ་བ་ཆེན་པོ་ཉིད་ཀྱི་དོན། ཨོཾ་ཏེ་ཏེ་ཧཱུཾ་བདེ་བའི་དོན་རྟོགས། ཏེ་ན་ཧཱུཾ་བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་གཉིས་སུ་མེད་པའི་བདེ་བ་ཐོབ། ཡ་ཏེ་ན་མཿཐེག་པ་ཆེན་པོ་མ་ནོར་བ་ཡིན་གླུ་དང་པོ་བུམ་དབང་ཐོབ་པས་བླང་།
གླུ་བར་པ་དེ་གསང་དབང་དང་། ཤེས་རབ་ཡེ་ཤེས་ཐོབ་པས་བླང་། གླུ་གསུམ་པ་དེ་དབང་བཞི་ཐོབ་པའི་རྣལ་འབྱོར་པ་ཆེན་པོས་བླང་ངོ་། །རྡོ་རྗེ་གླུའི་གདམས་ངག་རྫོགས་སོ།། ༄། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁྲུས་ཀྱི་ཆོ་ག་བྱ་སྟེ། དེ་ཡང་རྒྱུད་ན། དག་པར་བྱེད་
ཅིང་སྡིག་སེལ་བ། ཞེས་པས། ཁྲུས་ཀྱི་ཆོ་ག་བཤད་དེ། དེ་ལ་གཉིས། ཕྱིའི་ཁྲུས་དང་ནང་གི་ཁྲུས་སོ། །དང་པོ་ཕྱིའི་ཁྲུས་བྱ་སྟེ། ས་གཙང་མ་ལ་མཎྜལ་བྱས་ལ། དེའི་སྟེང་དུ་བུམ་པ་སྐྱོན་སྤངས་པ་གཞག །རས་ཁ་ཚར་མ་ཉམས་པས་བུམ་པའི་མགུལ་ཆིངས་བྱ། འབྲས་བུ་ཅན་གྱི་ཤིང་
གིས་བུམ་པའི་ཁ་རྒྱན་བྱ། ནང་དུ་ཆུ་གཙང་མས་བཀང་ལ། སྙིང་པོ་རྣམ་པ་ལྔ་ལ། འབྲུའི་སྙིང་པོ་ཏིལ། རྩི་ཐོག་གི་སྙིང་པོ་མར། ཤིང་ཐོག་གི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཆུའི་སྙིང་པོ་ལན་ཚྭའོ། །འབྲུ་ལྔ་ལ། ནས། གྲོ། ཏིལ། ཁྲེ། འབྲས་སོ། །སྨན་ལྔ་ལ། སྟག་ཚེར་
མ། རྒྱ་མཚོ་དབུ་བ། དབང་པོ་ལག་པ། ཤུ་དག །སླེ་ཏྲེས་སོ། །སྤོས་ལྔ་ལ། ཨ་ག་རུ། ཙནྡན་དཀར་དམར། ག་པུར། ཛཱ་ཏི། གླ་རྩིའོ། །དེ་དུད་འགྲོའི་ས་བོན་ཡིན་པར་འདོད། རྫས་དེ་རྣམས་བུམ་པའི་ནང་དུ་བླུགས་ལ། མཎྜལ་གྱི་སྟེང་དུ་གཞག །དེ་ནས་རང་འཇམ་དཔལ་དུ་སྐད་ཅིག་
གིས་བསྐྱེད་ལ། ལས་ཐམས་ཅད་པའི་སྔགས་ལན་ཅིག་བརྗོད་ལ་སྟོང་བསམ་མོ། །དེའི་ངང་ལས་བུམ་པའི་ནང་དུ་བྷྲཱུཾ་འཕྲོས་འདུས་པས་ཕྱི་རིན་པོ་ཆེ་གསེར་གྱི་བུམ་པ་ལ། ནང་རིན་པོ་ཆེ་ལྔའི་གཞལ་ཡས་ཁང་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་
བ་ཅིག་ཏུ་བསྒོམ། བུམ་པའི་ཁར་པདྨ་འདབ་བརྒྱད་པ་ཅིག་བསམ། རྒྱུད་ལ། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །གསུང་ངོ་། །དེ་ལ་ཛཿཧཱུཾ་བཾ་ཧོཿས་ཨ་ལས་འཇམ་དཔལ་བསྒོམ། རྒྱུད་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །གསུང་ངོ་། །དེ་ལ་ཛཿཧཱུཾ་བཾ་ཧོཿས་

ཡེ་ཤེས་པ་དགུག་གཞུག་བྱ། ལས་ཐམས་ཅད་པའི་བསྔགས་བཟླས་པས། འཇམ་དཔལ་གྱི་གསང་བ་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་བུམ་པ་ཁེངས་པར་བསམ་མོ། །ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་འོད་དུ་ཞུ་ནས་ཁྲུས་ཆུ་དང་འདྲེས་པར་བསམ་མོ། །ནང་ཟབ་མོ་སྔགས་ཀྱི་
ཁྲུས་ནི། འཇམ་དཔལ་དུ་སྐད་ཅིག་གིས་བསྒོམས་ལ། འདུད་དང་སྔགས་ཀྱི་མཇུག་ལ་ཨ་ཉི་ཤུ་རྩ་གཅིག་བརྗོད་ལ། དེ་ནས་ཡེ་ཤེས་ཀྱི་མེ་ལོང་གི་ངང་ལ་གཞག་པས་སྒྲིབ་པ་ལྔ་ནི་སེམས་ཉིད་ལ་གསེར་གྱི་གཡའ་ཙམ་ཡང་མ་གོས་ཏེ། དེ་ནི་ནང་གི་ཁྲུས་ཞེས་བྱའོ། །ཕྱིའི་དྲི་མ་འཁྲུ་བ་སྟེ། ནང་གི་རྣམ་རྟོག་
གི་དྲི་མ་རྣམས་འཁྲུད་པའི་བརྡ་ཡིན། ཕྱི་ཁྲུས་ནང་ཁྲུས་སློབ་དཔོན་སྡོམ་པ་བཟང་པོའི་ལུགས་འབྲོ་ལོ་ཙཱ་བ་དྷརྨཱ་བྷིས་བསྒྱུར་བ་རྫོགས་སོ།། ༄། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །གསུངས་པས་གཏོར་མ་བཤད་དེ། དེ་ལ་རྣམ་པ་གཉིས་ཏེ། ཕྱིའི་
གཏོར་མ་དང་ནང་གི་གཏོར་མ་གཉིས་སོ། །དང་པོ་ཕྱི་གཏོར་གཏང་བ། རིན་པོ་ཆེའི་སྣོད་དུ་ཁ་ཟས་གཙང་མ་དང་ཆུ་གཙང་མས་བཀང་ལ། དང་པོ་སྐྱབས་འགྲོ་བྱ། ཚད་མེད་པ་བཞི་བསྒོམ། ཨོཾ་ཨཱཿཧཱུཾ། གསུམ་གྱིས་བྱིན་གྱིས་བརླབས། དེ་ནས་ལས་ཐམས་ཅད་པའི་སྔགས་གསུམ་གྱི་རྟིང་ལ།
ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་པ་གསུམ་གྱིས་བསྔོ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་། གཙང་རིགས་ཀྱི་མགོན་པོ་རྣམས་དང་། འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་ལ་འདོད་པའི་ལོངས་སྤྱོད་ཆར་བཞིན་འབབ་པར་གྱུར་ཅིག་ཅེས་བསྔོའོ། །
ནང་གི་གཏོར་མ་ནི། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པ་གསུམ་གྱི་སྒྱེད་པུ། ཨཱ་ལས་ཐོད་པའི་གཞལ་ཡས་ཁང་གི་ནང་དུ། གོ་ཀུ་ད་ཧ་ན། བི་མུ་ཤུ་ན་ད། དེ་ལ་ཨ་ལས་ཟླ་བའི་ཁམས་རྡོ་རྗེ་རྩེ་ལྔ་པ་སྐྱུག་པ་ཅིག་བསྒོམ་མོ། །དེ་ལ་ཨོཾ་ཧཱུྃ་ཧྲཱིཿཞེས་བརྗོད་པས་ལས་ཀྱི་རླུང་བསྐྱོད་པས་བསོད་
ནམས་ཀྱི་མེ་སྦར་བས་དམ་ཚིག་གི་བདུད་རྩི་དྲོས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ལས་ཐམས་ཅད་པའི་སྔགས་ཀྱི་མཇུག་ལ། ག་ཎ་ཙཀྲ་ཨི་དཾ་བ་ལིཾ། གྲྀཧྞ་གྲྀཧྞ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱིས་བླ་མ་དམ་པ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་དང་། རྡོ་རྗེ་མཁའ་འགྲོ་མའི་ཚོགས་རྣམས་དང་།

ཆོས་སྐྱོང་བའི་སྲུང་མ་ཐུགས་དམ་ཅན་རྣམས་ཕྱིའི་མཆོད་པ། གསང་བའི་མཆོད་པར་བཞེས་ཤིག །བག་ཆགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་རྒྱུ་དང་འབྲས་བུ་ནས་ཞི་བར་མཛད་དུ་གསོལ་ལོ་ཞེས་བརྗོད་ལ་གཏོར་མ་གཏང་། དེ་ནས་ཆོས་ཀྱི་སྦྱིན་པ་གཏང་། གཏོར་མའི་ཆོ་ག་
རྫོགས་སོ།། ༄། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྔགས་པ་མཚན་ཉིད་དང་ལྡན་པས་ཞག་བདུན་རོའི་རབ་གནས་བྱ་སྟེ། དེ་ཡང་། ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །གསུང་ངོ་། །ཤི་བ་སྦྱང་བ་བསྟན་ཏེ། དཀྱིལ་འཁོར་ཆོ་ག་རྫོགས་བྱ་སྟེ། །
ཞི་བའི་དཀྱིལ་འཁོར་སྟེང་དུ་བྱ། །ཁྲོ་བོ་དེ་ལ་འོག་ཏུ་བྱའོ། །ཐིག་གདབ་ཚོན་གྱི་ཆོ་ག་བྱ། །དཀྱིལ་འཁོར་དབུས་སུ་བུམ་པ་གཙང་མ་ལ་རས་ཁ་ཚར་མ་ཉམས་པས་མགུལ་ཆིངས་བྱ། དེར་སྙིང་པོ་ལྔ་དང་། འབྲུ་ལྔ་དང་། སྨན་ལྔ་དང་། ཆུ་གཙང་མས་དགང་། དཀྱིལ་འཁོར་གྱི་ཟུར་བཞིར་མདའ་
བཞི་ལ་དར་སྣ་ལྔ་བཏགས་ལ་གཞག །གཤིན་བུམ་མགུལ་ཆིངས་སྔོན་པོར་བྱས་ལ་གཞག་གོ། །དེ་ནས་དྲི་མ་བཅའ་སྟེ། དྲི་མ་ལ་མཚན་བྱང་བཏགས་ལ། གདུགས་དང་དར་སྣ་དང་མེ་ལོང་བཏགས་ལ་གཞག་གོ། །དེ་ནས་བགེགས་བསྐྲད་པ་ནི་ལས་ཐམས་ཅད་པའི་སྔགས་བཟླས་ཤིང་
ཉུངས་ཀར་ཕྱོགས་བཞིར་གཏོར་རོ། །དེ་ནས་བགེགས་མཐོང་བ་རྣམས་ལ་ཕྱིའི་གཏོར་མ་བཏང་ལ་བདེན་པ་བདར་ཏེ་འདི་སྐད་དོ། །ཚེ་འདས་པའི་བློ་འདི་རྒྱལ་པོའམ། མ་མོའམ། བཙན་ནམ། བདུད་དམ། དམུའམ། ཀླུའམ། ས་བདག་གམ། ཐེའུ་རང་ལ་སོགས་ཏེ། གང་གི་ལག་ན་ཡོད་ཀྱང་རུང་
སྟེ། ཁྱེད་ལ་གླུད་གཏོར་རིན་པོ་ཆེས་བརྒྱན་པ་འབུལ་གྱིས། འདི་བཞེས་ལ་གསོན་གྱི་ཚེ་ལ་མ་གནོད། གཤིན་གྱི་བླ་མ་བཅད་པར་རྣལ་འབྱོར་པའི་བཀའ་ལ་ཉོན་ཅིག །དེ་སྐད་བྱས་ལ་ལས་རྒྱུ་འབྲས་ཀྱི་ཆོས་བཤད་ལ། གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་པོ། །བགེགས་
དམའ་བ་རྣམས་ལ་ཕོ་ཉ་དགྱེ། རྡོ་རྗེའི་ལེའུ་གདོན། ཉུངས་ཀར་གཏོར་ཏོ། །དེ་ལྟར་བྱས་ལ་དྲི་མ་ལ་བླ་ཡང་ཡང་དགུག་གོ། །དེ་ནས་ཏིལ་ལ་སྡིག་པའི་གཟུགས་བྱས་ལ་ཚེ་འདས་ཀྱི་སྡིག་པ་འདི་ལ་བསྟིམས། དེ་ནས་ཞི་བའི་སྦྱིན་སྲེག་བྱ། དུས་གསུམ་དུ་མཆོད་པ་དང་གཏོར་མ་ཆ་གསུམ་

གཏོང་ངོ་། །དུག་སྦྱང་བ་ནི་དེ་ཡང་དག་པར་བྱེད་ཅིང་སྡིག་སེལ་བ་ཞེས་སོ། །ཁྲུས་ཆོ་ག་བཤད་དེ། བུམ་པའི་ནང་དུ་ཆུ་དང་སྨན་དང་། སྤོས་ལྔ་ལ་སོགས་པ་བླུགས་ལ། བུམ་པའི་ཁར་པདྨ་འདབ་མ་བརྒྱད་པ་དཀར་པོ་ཅིག་བསམས་ལ། རྒྱུད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་སོ། །
དེའི་སྟེང་དུ་ཨ་ལས་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ་མོ། །རྒྱུད་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །གསུང་ངོ་། །དེ་ལ་ཛཿཧཱུཾ་བཾ་ཧོཿས་ཡེ་ཤེས་པ་དགུག་གཞུག་བྱ། ལས་ཐམས་ཅད་པའི་སྔགས་བཟླས། འཇམ་དཔལ་གྱི་གསང་གནས་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་བུམ་པ་
དཀར་མེར་གྱིས་ཁེངས་པར་བསམ་མོ། །དེ་ནས་ཁྲུས་བྱས་ཏེ། མེ་ལོང་ནང་དུ་མཚན་བྱང་གསལ་བར་བྱས་ལ། ཨ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བདེན་པས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཆོས་དང་
དགེ་འདུན་ཡང་དེ་བཞིན་དུ་སྦྱར་རོ། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། བདེན་པའི་བདེན་ཚིག་འདི་བརྗོད་པས། །ཚེ་འདས་དུག་ནི་དུག་མེད་ཤོག །ལས་ཐམས་ཅད་པའི་སྔགས་ཀྱིས་ཁྲུས་དུས་གསུམ་དུ་བྱའོ། །ཞག་བདུན་པའི་ཐ་མ་ལ་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། བུམ་པས་
དབང་བསྐུར་ལ། ཕྱོགས་བཞིར་ཕྱིན་ལ་འདི་སྐད་དོ། །ཚེ་འདས་ཉོན་མོངས་སྙིང་རེ་རྗེ། །གལ་ཏེ་ལས་ཀྱི་དབང་བཙན་ནས། །ཤར་གྱི་ཕྱོགས་སུ་སྐྱེ་སྲིད་དོ། །ཤར་གྱི་ཕྱོགས་སུ་སྐྱེས་པ་ནི། །དེ་ན་སྐྱོབ་པའི་མགོན་པོ་བཞུགས། །མགོན་པོའི་མིང་ནི་རྣམ་སྣང་མཛད། །མགོན་པོའི་མིང་ནི་ཡུལ་འཁོར་སྲུང་
སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །མགོན་པོ་དེ་ལ་སྐྱབས་སོང་ཅིག །དེས་ཕྱོགས་འོག་མ་གསུམ་འགྲེའོ། ལྷོར་རིན་འབྱུང་མགོན་པོའི་མིང་ནི་འཕགས་སྐྱེས་པོ། །ནུབ་སྣང་བ་མཐའ་ཡས། མགོན་པོའི་མིང་ནི་སྤྱན་མི་བཟང་། བྱང་སངས་རྒྱས་དོན་ཡོད་གྲུབ་པ། །མགོན་པོའི་མིང་ནི་
རྣམ་ཐོས་སྲས། །དེ་ནས་ཚེ་ལས་འདས་པའི་རིག་པ་ཨ་དཀར་པོ་བསམ། ཨ་དེ་འཇམ་དཔལ་གྱི་ཐུགས་ཀར་འཕང་ངོ་། །དེ་ནས་བྱང་བུ་མར་མེ་ལ་བསྲེག །ཐ་མ་ལ་སཱཙྪ་གདབ། ཚེ་འདས་པའི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་གདབ་པོ། །སྡོམ་པ་བཟང་པོས་མཛད་པ་འབྲོ་ལོ་ཙཱ་བ་དྷརྨཱ་བྷིས་བསྒྱུར་བ་རོའི་

རབ་གནས་ཆོ་ག་རྫོགས་སོ།། ༄། །འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་<དཔལ་‚དཔའ་>ལ་ཕྱག་འཚལ་ལོ། །ཤི་བ་ལ་ཕན་གདགས་པ་རོ་སྲེག་པ་ནི། མཎྜལ་དྲུག་གི་ཆོ་ག་བྱ། དེ་ནས་རོ་ཁང་བུར་བཅུག་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་རོ་དེ་ལ་བསྔགས་སམ། །
ཡུངས་ཀར་ལ་བསྔགས་ཏེ་མི་དམིགས་པར་བསམ། དེ་ལ་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ། བདག་གི་ཐུགས་ཀའི་ཨ་ལས་འོད་འཕྲོས་པས་འགྲོ་བ་རིགས་དྲུག་གི་སྒྲིབ་པ་སྦྱང་བར་བསམ་མོ། །དེ་ནས་མེ་བཅུག་ལ་ཞི་བའི་སྦྱིན་སྲེག་བྱ། དེ་ནས་མཆོད་པ་དབུལ་འདུད་དང་འཇམ་
དཔལ་གྱི་བསྟོད་པ་བྱ། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། རོ་སྲེག་པའི་ཆོ་ག་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ༄། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་སཱཙྪ་གདབ་པ་ནི། རུས་པ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་
བྲབ་པོ། །དེ་ནས་ལག་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བྱིན་གྱིས་བརླབ། ས་རིན་པོ་ཆེ་སྣ་ལྔའི་ཕྱེ་མར་བསམ། དེ་ལ་དྲི་སྣ་ཚོགས་པ་སྦྱར་བའི་ཆུས་སྦྲུས་ཤིང་བརྡུང་ངོ་། །དེ་ལ་རིན་པོ་ཆེ་ཡང་བདར་རོ། །དེ་ནས་འཇིམ་པའི་གོང་བུ་ལ་རྡོ་རྗེ་རྩེ་གསུམ་
པའི་ཕྱག་རྒྱས་རེག་གེ་བྱས་ལ་ལས་ཐམས་ཅད་པའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་རིན་པོ་ཆེའི་གོང་བུར་གྱུར་པར་བསམ། ལས་ཐམས་ཅད་པའི་སྔགས་ཀུན་ལ་སྦྱར་རོ། །འབི་འབི་ཐབས། སྐུ་པར་ཤེས་རབ། འདེབས་པ་ཐམས་ཅད་ཐབས་ཤེས་རབ་ཟུང་དུ་འབྲེལ་
འབི་འབི་ཟབ་པ། སྐུ་པར་རྒྱ་ཆེ་བ། འབི་འབི་ཆོས་སྐུ། སྐུར་གྱུར་པ་ལོངས་སྐུ། འོད་ཟེར་གྱི་འཕྲོ་འདུ་བྱེད་པ་སྤྲུལ་སྐུའི་དོན་ནོ། །སཱཙྪ་གདབ་པའི་རིམ་པ་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ༄། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ད་ནི་རབ་
ཏུ་གནས་པ་བྱ་སྟེ། དཀྱིལ་འཁོར་བྲིས་ལ་མཚན་རྣམས་དཀྱིལ་འཁོར་ལ་བཀོད་ལ། སྐུའི་རབ་གནས་རྣམ་སྣང་ལ་བསྟིམ། གསུང་གི་རབ་གནས་སྣང་བ་མཐའ་ཡས་ལ་བསྟིམ། ཐུགས་ཀྱི་རབ་གནས་མི་བསྐྱོད་པ་ལ་བསྟིམ་པར་བྱའོ། །གོང་ལྟར་སཱཙྪ་བཏབ་ནས་མཆོད་རྟེན་

གྱི་མངའ་གསོལ་ཏེ། མཆོད་པ་རྣམས་གཞུང་བཞིན་དུ་བསམས་ལ། དང་པོ་སྤྱན་དྲང་སྟེ། ཡེ་ཤེས་རང་སྣང་སངས་རྒྱས་ཀུན་གྱི་གནས། །འཁོར་ལོ་ཐིག་མ་ཐིག་བཞི་བང་རིམ་ཅན། །གནས་བཞིའི་དབྱིབས་ཚུལ་སྒོ་བཞི་སྒོ་བརྩེགས་ལྡན། །རང་བཞིན་ལྷུན་གྲུབ་མཆོད་རྟེན་བརྒྱད་པོ་གཤེགས་
སུ་གསོལ། །བཅོམ་ལྡན་སྤྲུལ་སྐུ་མཛད་པ་ལས་བྱུང་བའི། །ལྷ་ལས་བབས་པའི་མཆོད་རྟེན་གཤེགས་སུ་གསོལ། །པདྨ་ཅན་གྱི་མཆོད་རྟེན་གཤེགས་སུ་གསོལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་གཤེགས་སུ་གསོལ། །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གཤེགས་སུ་གསོལ། །རང་བཞིན་
ལྷུན་གྲུབ་མཆོད་རྟེན་གཤེགས་སུ་གསོལ། །རྣམ་པར་དག་པའི་མཆོད་རྟེན་གཤེགས་སུ་གསོལ། །ཀ་ནི་ཀ་ཡི་མཆོད་རྟེན་གཤེགས་སུ་གསོལ། །བཀྲ་ཤིས་སྒོ་མངས་མཆོད་རྟེན་གཤེགས་སུ་གསོལ། །ཡེ་ཤེས་བློ་སྟེགས་མཆོད་རྟེན་གཤེགས་སུ་གསོལ། །ཆོས་ཀྱི་འཁོར་ལོའི་མཆོད་
རྟེན་གཤེགས་སུ་གསོལ། །མྱ་ངན་འདས་པའི་མཆོད་རྟེན་གཤེགས་སུ་གསོལ། །དྲེགས་པའི་ཕུང་པོ་དུར་ཁྲོད་བརྒྱད་ཀྱི་རྟེན། །མཁའ་འགྲོའི་གནས་དང་དངོས་གྲུབ་ཀུན་གྱི་གཞི། །བདེ་གཤེགས་རྟེན་དང་རི་བོ་ལ་སོགས་པ། །སྒྲུབ་པའི་མཆོད་རྟེན་བརྒྱད་པོ་གཤེགས་
སུ་གསོལ། །དེ་དག་ཀུན་དང་ཐེག་པ་སོ་སོ་ཡི། །ཐ་སྙད་རྣམས་དང་མཐུན་པར་རྟེན་བཞེངས་པའི། །སྤྲུལ་པའི་མཆོད་རྟེན་མཐའ་དག་དང་། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་དྷརྨ་ཀཱ་ཡ་ཁ་ད་ལ་བྷྱོ་བྲུཾ་དྲྀ་ཤྱ་ཧོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ།
ཛཿཧཱུྃ་བཾ་ཧོཿདེ་ནས་གདན་འབུལ་བ་ནི། དག་པའི་མེ་ཏོག་དཀྱིལ་འཁོར་དང་། །རིན་ཆེན་སྣ་ཚོགས་འབྲུ་ཉིད་དང་། །ཐབས་དང་ཤེས་རབ་ཉི་ཟླའི་གདན། །པདྨའི་གདན་ལ་གཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལ་ཡེ་ཧཱུྃ། དེ་ནས་ཕྱག་བྱ་བ་ནི། མཛད་པ་རྫོགས་པའི་བྱིན་རླབས་ལས་
བྱུང་བའི། །ཤར་ནས་བྱམས་ལྡན་མཐར་ལེགས་རྡོ་རྗེ་རྫོགས། །ལྷོ་ནས་ཡིད་བཞིན་ལྷུན་གྲུབ་ཀ་ནི་ཀ །ནུབ་ནས་བསམ་འདས་བདེ་བྱེད་པདྨ་བརྩེགས། །བྱང་ནས་ཁམས་གསུམ་རྨད་གྲགས་བདེ་རྒྱས་སྒྲོན། །བྱིན་རླབས་མཆོད་རྟེན་བརྒྱད་ལ་ཕྱག་འཚལ་ལོ། །དེ་ནས་བསྐོར་

བ་བྱས། མེ་ཏོག་གཏོར་ལ། དེ་ནས་མཆོད་པ་རྣམས་གཞུང་བཞིན་དུ་བྱ། དེ་ནས་སྨོན་ལམ་གདབ་སྟེ། བདག་ཅག་གིས་དགེ་སྦྱོར་དུ་བྱ་བ་ནི། སེམས་ཅན་མཐུན་པ་བསྐྱེད་ནས་ས་གཞི་ལེགས་པར་སྙོམས་ནས་ཆག་ཆག་བཏབ་པས། སེམས་ཅན་ཐམས་ཅད་བྱང་
ཆུབ་ཀྱི་སེམས་སུ་མཉམ་གྱུར་ཅིག །རྨང་བཏིང་སྟེ་འགྱེད་འདུད་བཏང་ནས་རབ་གནས་དང་མཆོད་པ་གཞུང་བཞིན་དུ་བགྱིས་པས་དགེ་བཅུའི་ལམ་སྤྱོད་ཅིང་མ་ཆགས་པར་གྱུར་ཅིག །བྱང་ཆུབ་གྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་ལ་སྦྱོར་བ་ལ། ཚོགས་ཀྱི་ལམ་སྦྱོར་བའི་ལམ་མཐོང་བའི་
ལམ་བསྒོམ་པའི་ལམ། མཐར་ཕྱིན་པའི་ལམ་མོ། །ཚོགས་ལམ་བཞི་སུམ་ཅུ་གཉིས་ལ་བང་རིམ་དང་པོ་བརྩིགས་ཏེ། རབ་གནས་དང་མཆོད་པ་གཞུང་བཞིན་དུ་བགྱིས་པས་ཚོགས་ཀྱི་ལམ་དུ་དྲན་པ་ཉེ་བར་གཞག་པ་བཞི་ལ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་
གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་ལྡན་པར་གྱུར་ཅིག །བང་རིམ་གསུམ་པ་བརྩིགས་ཏེ་རབ་གནས་དང་མཆོད་པ་གཞུང་བཞིན་དུ་བགྱིས་པས་ཡང་དག་པར་སྤོང་བ་བཞི་ལ་སྡིག་པའི་ཆོས་མི་སྐྱེ་བ་དང་། སྐྱེས་པ་སྤང་བ་དང་དགེ་བའི་
ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པའི་ཆོས་རྣམས་འཕེལ་བའོ། །བང་རིམ་གསུམ་པ་བརྩིགས་ཏེ། དེ་ལ་རབ་གནས་དང་མཆོད་པ་གཞུང་བཞིན་བགྱིས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མོས་པའི་ཏིང་ངེ་འཛིན་གྱིས་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི