Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
་རྐང་པ་དང་། སེམས་ལ་སྤྱོད་
པ་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པར་གྱུར་ཅིག །བང་རིམ་བཞི་པ་བརྩིགས་ཏེ། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་།
ཤེས་རབ་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བུམ་རྟེན་ནོར་བུ་བརྩིགས་ཏེ། དེ་ལ་རབ་གནས་དང་མཆོད་པ་གཞུང་བཞིན་དུ་བགྱིས་པས། དེས་མི་མཐུན་པའི་ཕྱོགས་འཇོམས་པས། སྟོབས་ལྔ་ལ་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་

སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། །ཤེས་རབ་ཀྱི་སྟོབས་ལྔ་དང་ལྡན་པར་གྱུར་ཅིག །བུམ་པ་བརྩིགས་ཏེ་རབ་གནས་དང་མཆོད་པ་གཞུང་བཞིན་དུ་བགྱིས་པས། མཐོང་ལམ་ལ། བྱང་ཆུབ་ཡན་ལག་བདུན་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རྣམ་པར་འབྱེད་པ་ཡང་
དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་
པར་གྱུར་ཅིག །བྲེ་ལེགས་པར་བརྩིགས་ཏེ། དེ་ལ་རབ་གནས་དང་མཆོད་པ་གཞུང་བཞིན་དུ་བགྱིས་པས། བསྒོམ་པའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་ལ། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་
དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན། འཕགས་པའི་ལམ་ཡན་ལག་བརྒྱད་ལ་རྒྱུན་དུ་གནས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཆོས་ཀྱི་སྐུའི་སྲོག་ཤིང་ལ། སྲོག་ཤིང་ཕུལ་བའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་
ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །ཨོཾ་པྲ་མརྡ་ན་ཡེ་སྭཱ་ཧཱ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ། འཁོར་ལོ་ཕུབ་པའི་བྱིན་རླབས་ཀྱིས་མཐར་ཕྱིན་པའི་སེམས་ཅན་ཐམས་ཅད་མ་འདྲེས་པ་རྣམ་པར་ཐར་པ་བརྒྱད་དང་ཡེ་ཤེས་དང་ལྡན་པར་གྱུར་ཅིག །ཨོཾ་བྷྲ་མ་ན་ཡེ་སྭཱ་ཧཱ། ཆོས་
ཀྱི་སྐུའི་མཆོད་རྟེན་ལ་འགྲེ། གདུགས་ཕུལ་བའི་བྱིན་རླབས་ཀྱིས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་པར་གྱུར་ཅིག །ཨོཾ་ཀུཾ་བྷི་ར་དྷྭ་ཛ་ཡ་སྭཱ་ཧཱ། ཆོས་ཀྱི་སྐུའི་འགྲེ། ཆུ་སྲིན་གྱི་རྒྱལ་མཚན་ཕུལ་བའི་བྱིན་རླབས་ཀྱིས་སེམས་ཅན་ལ་འཁོར་བ་མི་སྤོང་མི་སྟོངས་ཤིས།
མི་ནུབ་པ་ཆོས་ཀྱི་རྒྱལ་མཚན་ཐོབ་པར་གྱུར་ཅིག །ཨོཾ་པ་ཏཾ་ཀཱ་ཡ་སྭཱ་ཧཱ། ཆོས་ཀྱི་སྐུའི་མཆོད་རྟེན་ལ། བ་དན་ཕུལ་བའི་བྱིན་བརླབས་ཀྱིས། ཆོས་ཀྱི་སྙན་གྲགས་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །ཨོཾ་པ་ཏཾ་ཀཱ་ལམྤཱ་ཡ་སྭཱ་ཧཱ། ཆོས་ཀྱི་སྐུའི་མཆོད་རྟེན་ལ། དར་གྱི་ཅོད་པན་ཕུལ་

བའི་བྱིན་རླབས་ཀྱིས། སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྐུར་གྱུར་ཏེ། དར་གྱི་ལྷབ་ལྷུབ་དང་། བསྙེན་བཀུར་མཆོད་པ་རྒྱུན་མི་<འཆང་‚འཆད་>པ་ཐོབ་པར་གྱུར་ཅིག །ཨོཾ་རཏྣ་མཱ་ལ་ཏྲཱཾ། ཆོས་ཀྱི་མེ་ཏོག་གི་ཕྲེང་བ་ཕུལ་བས། སེམས་ཅན་ཐམས་ཅད་
མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། བལྟ་བས་ཆོག་མི་ཤེས་པར་གྱུར་ཅིག །ཨོཾ་བཛྲ་དར་སྭཱ་ཧཱ། །ཆོས་ཀྱི། དར་དཔྱངས་ཕུལ་བའི་བྱིན་རླབས་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་སོ་སོར་གསལ་བར་གྱུར་ཅིག །ཨོཾ་བཛྲ་གྷཎྚ་སྭཱ་ཧཱ། ཆོས་ཀྱི་དྲིལ་བུ་ཕུལ་བའི་བྱིན་རླབས་
ཀྱིས། སངས་རྒྱས་ཀྱི་གསུང་གི་རྔ་ཐོབ་པར་གྱུར་ཅིག །ཆོས་ཀྱི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས། རྣམ་པར་ཐར་པ་མཐར་ཕྱིན་པའི་ལམ་ལ་འཁོར་འདས་དབྱེར་མི་ཕྱེད་པ་ཀུན་དུ་བཟང་པོ་ལྟ་བུ་ཐོབ་པར་གྱུར་ཅིག །ཆོས་ཀྱི་སྐུའི་མཆོད་རྟེན་ལ་ཉི་ཟླ་གཉིས་ཀྱི་རྒྱན་ཕུལ་བའི་བྱིན་རླབས་
ཀྱིས། རང་འབྱུང་གི་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བར་གྱུར་ཅིག །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་སྤྱན་དྲངས། གདན་ཕུལ་ཕྱག་བཙལ་མཆོད་པ་ཕུལ་བས། ས་དང་པོ་ནས་ས་བཅུ་གཅིག་གི་བར་དམིགས་པ་མེད་པའི་ཤེས་རབ་ས་བཅུ་པ་དམིགས་པ་མེད་པའི་སྙིང་རྗེ། དེ་གཉིས་དབྱེར་མེད་པ་
རིགས་དྲུག་པ་རྡོ་རྗེ་འཆང་གིས་བཅུ་གསུམ་པ་ཡེ་ཤེས་ཐོབ་པར་གྱུར་ཅིག །སྐུའི་རབ་གནས་ནི། མཆོད་པ་གོ་རིམས་གཞུང་བཞིན་བགྱིས་ལ། སྤྱན་དབྱེ་སྟེ། སྤྱན་ལྔ་རབ་རིབ་རྣམ་དག་སྐྱོན་བྲལ་བ། །གསལ་དང་མི་གསལ་རྣམ་རྟོག་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་དུ་ནི། །སྤྱན་གྱི་དབང་
པོ་གསལ་བའི་ཚུལ་བསྟན་ནས། །ལྷ་ཡི་སྤྱན་དང་རྟག་ཏུ་ལྡན་གྱུར་ཅིག །ཡེ་ཤེས་སྤྱན་དང་རྟག་ཏུ་ལྡན་གྱུར་ཅིག །ཨོཾ་བཛྲ་ཙཀྵུ་སྭཱ་ཧཱ། ལྷན་ཅིག་སྐྱེས་པའི་ནང་གི་གཟུགས། །རྒྱལ་བ་རྣམས་ཀྱི་སྤྱན་ལ་འབུལ། །གཟུགས་ཀྱི་ལོངས་སྤྱོད་རྫོགས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་
ལོ་ཀེ་ཧཱུྃ། སྒྲ་སྐད་ཀུན་ལ་འཕྲུལ་གྱི་སྙན་མངའ་བ། །འོན་དང་རྨོངས་པའི་རྣམ་རྟོག་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །སྙན་གྱི་དབང་པོ་གསལ་བའི་ཚུལ་བསྟན་ནས། །ལྷ་ཡི་སྙན་དང་རྟག་ཏུ་ལྡན་གྱུར་ཅིག །སྙན་ཅིང་ཡིད་དུ་འོང་བའི་སྒྲ། །སྒྲ་ཡི་ལོངས་སྤྱོད་

རྫོགས་གྱུར་ཅིག །ཨོཾ་བཛྲ་གྷཎྜེ་ཧཱུྃ། ཤངས་ཀྱི་དབང་པོ་རྣམ་དག་སྐྱོན་མེད་པ། །དྲི་མིན་དྲི་མའི་རྣམ་རྟོག་མི་མངའ་ཡང་། སྲིད་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཅན་དུ། །ཤངས་ཀྱི་དབང་པོ་གསལ་བའི་ཚུལ་བསྟན་ནས། །ཡེ་ཤེས་རླུང་གིས་ཉོན་མོངས་གཏོར་བྱས་ཏེ། །རྣམ་པར་བྱང་བའི་ཚོགས་
དང་ལྡན་གྱུར་ཅིག །ལྷན་ཅིག་སྐྱེས་པ་ནང་གི་དྲི། །རྒྱལ་བ་རྣམས་ཀྱི་ཤངས་ལ་འབུལ། །དྲི་ཡི་ལོངས་སྤྱོད་རྫོགས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་ཧཱུྃ། ལྗགས་ཀྱི་དབང་པོ་ལེ་བརྒན་འབར་བ་ལ། །མངར་དང་ཁ་ཡི་རྣམ་རྟོག་མི་མངའ་ཡང་། སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །
ལྗགས་ཀྱི་དབང་པོ་གཞར་པོའི་ཚུལ་བསྟན་ནས། །གསུང་དབྱངས་ཡན་ལག་དྲུག་ཅུ་ལྡན་པ་དང་། །འགྲོ་བ་ཀུན་གྱི་སྒྲ་རུ་ཆོས་སྟོན་ཤོག །རོ་བརྒྱ་ལྡན་པ་བདུད་རྩིའི་ཟས། །ལྷན་ཅིག་སྐྱེས་པ་ནང་གི་རོ། །རྒྱལ་བ་རྣམས་གྱི་ལྗགས་ལ་འབུལ། །རོ་ཡི་ལོངས་སྤྱོད་རྫོགས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་བི་དྱེ་
ཧཱུྃ། རྒྱལ་བའི་སྐུ་མཆོག་ལྟ་བས་མི་འབྲལ་ཡང་། །འདོད་པའི་དྲི་མའི་སྐྱོན་གྱིས་མ་གོས་ཏེ། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །མཚན་དང་དཔེ་བྱད་ལྡན་པ་དང་། །འགྲོ་བ་ཀུན་གྱི་ཡིད་དུ་འོང་བར་ཤོག །འཇམ་མཉེན་འཁྲིལ་དང་ལྡན་པའི་
མཆོག །ལྷན་ཅིག་སྐྱེས་པ་ནང་གི་རེག །རྒྱལ་བ་རྣམས་ཀྱི་སྐུ་ལ་མཆོད། །རེག་བྱའི་ལོངས་སྤྱོད་རྫོགས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏི་ཀྟི་སིནྟི་རི་ཧཱུྃ། ཀུན་ཏུ་རྟོག་པ་མ་ལུས་པ། །དྲི་མ་བྲལ་བའི་བདག་ཉིད་ཅན། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །བདེ་གཤེགས་གཙོ་ལ་ཕྱག་འཚལ་བསྟོད། །
ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །རྒྱལ་བ་སྲས་དང་བཅས་པ་རྣམས། །སྐུ་ནི་མི་ཡི་རྟེན་ལ་བཞུགས། །གསུང་ནི་བརྗོད་པ་རྣམ་པར་རྒྱལ། །ཐུགས་ནི་མཉམ་གཞག་མི་རྟོག་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །དབུ་ཡི་གཙུག་ན་ཡི་གེ་ཨོཾ། །རྣམ་སྣང་ཡི་
གེ་ཕྱོགས་བཅུར་འཕྲོས། །སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱོང་། །ལྗགས་ཀྱི་སྟེང་ན་ཡི་གེ་ཨཾ། །སྣང་མཐའ་ཡི་གེ་ཕྱོགས་བཅུར་འཕྲོས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱོང་། །དེ་ནས་མཆོད་པ་རྣམ་པ་ལྔ་དབུལ། བསྟོད་པ་བྱ། རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་སྡོམ་པ་བཟང་པོས་

མཛད་པ་རྫོགས་སོ།། ༄། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པས། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་ནུབ་དང་པོ་ལྷན་ཅིག་སྐྱེས་པའི་བདུད་དང་བྲལ་བར་བྱ་བའི་
ཕྱིར། །ཞི་བའི་སྦྱིན་སྲེག་བྱ། དེ་ནས་བར་ཆོད་ཀྱི་བདུད་དང་དབྲལ་བར་བྱ་བའི་ཕྱིར་དྲག་པོའི་སྦྱིན་སྲེག་བྱའོ། །དང་པོ་ཐབ་དང་རྫས་ཀྱི་མཚན་ཉིད་བསྟན་ཏེ་ཞི་བ་ལ་དབྱིབས་ཟླུམ་པོ། དཔངས་དང་ཞེང་དུ་སོར་བཞི་པ་བྱའོ། །རྒྱར་ཁྲུ་གང་ཁ་དོག་དཀར་པོའོ། །ཡང་ན་ཆུར་མཛུབ་གང་།
དཔངས་སུ་ཆག་གང་ངོ་། །རྫས་ལ་མེ་ཏོག་དང་། དཀར་གསུམ་མངར་གསུམ་གུ་གུལ་དཀར་པོ་དེ་རྣམས་སོ། །དྲག་པོ་ལ་ཟུར་གསུམ་དཔངས་སོར་བཞི་ཞེང་ཆུར་ཁྲུ་རེའོ། །རྫས་ཁྲག་དང་དུག་དང་ཏིལ་ནག་དང་ཉུངས་ནག་ལིངྒ་དམར་ནག་དང་རྫས་རྣམས་ཐམས་ཅད་ནག་པོའོ། །དབང་
ལ་ཟླ་གམ་ཞི་བའི་ཕྱེད་དེ་ཁ་ཁྱེར་ལའོ། །དཔངས་དང་<ཞིང་‚ཞེང་>གོང་དང་འདྲ། རྫས་དམར་པོ་ལ་སོགས་པ་བྱའོ། །ཙནྡན་དམར་པོ། མེ་ཏོག་དམར་པོ། མར་དང་ནས་སྨུག་པོ་རྣམས་སོ། །རྒྱས་པ་ལ་གྲུ་བཞི་རྩེ་ཁྲུ་གང་ཟེར། ཞེང་ཁྲུ་གང་བ། སྦོམ་ཕྲ་ཆག་གང་བ་མེ་ཏོག་ལ་སོགས་པའི་
རྫས་ཐམས་ཅད་སེར་པོར་བསག་གོ། །ཐུན་མོང་གི་མཆོད་པའི་རྫས་རྣམས་ནི། །མར་དང་འབྲས་དང་སྲན་མ་དང་། ཨུ་དུམྺཱ་རའོ། །དུས་ནི་ཞི་བ་ལ་ཉིན་ཕྱེད། ཁ་ཤར་དུ་བལྟའོ། །དྲག་པོ་ལ་ནམ་ཕྱེད་ཁ་ལྷོར་བལྟས་ལ་བྱའོ། །དབང་ལ་ཉི་མ་ནུབ་ཀ་ཁ་ནུབ་ཏུ་བལྟས་ལ་བྱའོ། །
རྒྱས་པ་ལ་དུས་སྔ་དྲོ་ཁ་བྱང་དུ་བལྟས་ལ་བྱའོ། །དགང་གཟར་ནི་ཞི་བ་ལ་དངུལ། དབང་ལ་ཟངས། དྲག་པོ་ལ་ལྕགས། རྒྱས་པ་ལ་གསེར་ལས་བྱའོ། །དེ་ནས་མེ་ལྷ་བསྐྱེད་པ་ནི། རང་འཇམ་དཔལ་དུ་གསལ་བའི་ཐུགས་ཀ་ནས། ཧཱུྃ་དང་ཛཿའཕྲོས་པས་ཐབ་ཀྱི་ནང་དུ་བབས། ཧཱུྃ་ཞུ་བ་ལས་གུནྡྷེར་
གྱུར། ཛཿལས་ལྕགས་ཀྱུར་གྱུར། གུནྡྷེ་ཞུ་བ་ལས་མེ་ལྷ་སྐུ་མདོག་དཀར་པོར་གྱུར། ཞལ་གཅིག་ཕྱག་བཞི་པ། གསུས་པ་ལྡིར་བ་ཚངས་པའི་སྐུད་པས་བརྒྱན་པ། གཡས་པ་ན་གུནྡྷེ། དེ་འོག་མཆོག་སྦྱིན། གཡོན་དང་པོ་ན་སེ་འབྲུ། དེ་འོག་བགྲང་ཕྲེང་ངོ་། །ཛཿཞུ་བ་ལས་ཡུམ་སྐུ་

མདོག་སེར་མོ་གཡས་ལྕགས་ཀྱུ་གཡོན་ཕྲེང་བ་འཛིན་པའོ། །ཡབ་ཀྱི་གཡོན་ངོས་སུ་འཁྲིལ་བར་བསྒོམ་མོ། །མེ་ལྷའི་ཐུགས་ཀར་མེའི་དཀྱིལ་འཁོར་གྲུ་གསུམ་ཅིག་བསམ། བདག་གི་ཐུགས་ཀ་ནས་མེའི་དཀྱིལ་འཁོར་ལ་བྷྲཱུྃ་ཅིག་འཕྲོས་དེ་ཞུ་བ་ལས་གཞལ་ཡས་ཁང་གདན་དང་གཅས་པ་
བསྒོམ། དེའི་ནང་དུ་ལྷ་ཉི་ཤུ་རྫུས་སྐྱེས་སུ་བསྒོམ། རྣམ་པ་ཉི་ཤུས་བྱང་ཆུབ་པ་གསུང་ངོ་། །རྫུས་སྐྱེས་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དམ་ཚིག་སེམས་དཔའ་བསྐྱེད་པའི་རིམ་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དད་པ་དང་ནི་དམ་ཚིག་
གིས། །ཚུར་གཤེགས་ཚུར་གཤེགས་སེམས་དཔའ་ཆེ། །ལྷ་ཡི་རྒྱལ་པོ་བྲམ་ཟེ་ཡིན། །འབར་བའི་ནང་དུ་གཤེགས་ནས་ཀྱང་། སྲེག་རྫས་མཆོད་པ་འདི་བཞེས་ཤིག །ཨགྣི་དྲྀ་ཤྱ་ཨཾ་ཀུ་ཤ་ཛཿཧཱུྃ་བཾ་ཧོཿཞེས་གཉིས་སུ་མེད་པར་བསྟིམ། དེ་ནས་མེ་ལྷ་ལ་སྲེག་རྫས་དབུལ་བ་ནི།
རྫས་གོང་མ་རྣམས་དབུལ་ལོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། སརྦ་ཏ་ཐཱ་ག་ཏ་ཨགྣི་ཧ་བྱ་ཀ་བྱ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྟིཾ་ཀུ་རུ་སྭཱ་ཧཱ། དབང་ལ་བ་ཤྱཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་དབུལ་ལོ། །དེ་ནས་མེ་ལྷ་བསྟོད་དེ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །
མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འཇིག་རྟེན་ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེ་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་འཛིན་ཅིང་གསང་སྔགས་གསུང་། །བདུད་རྩི་བཅུད་ལྡན་གུནྡྷེ་བསྣམས། །ཐབས་དང་ཤེས་རབ་གཉིས་མེད་པས། །ཐུགས་རྗེའི་སྤྲུལ་པ་ཁྱེད་ལ་བསྟོད། །
ཅེས་བསྟོད་དོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་འབུལ་ཏེ། ཨོཾ་ན་མཿས་མནྟ་མཱ་ར་ཎེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བི་ཛ་ཡེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་མ་ལེ་པ་ཤ་ཞི་བ་ཤཱནྟིཾ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་བ་ལེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཀ་མ་རི་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཏི་ཏི་པྲ་
བེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་བ་ཤྱཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་དབུལ་ལོ། །ཨོཾ་བཛྲ་པུཥྤེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དྷཱུ་པེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཛྲ་ཨཱ་ལོ་ཀེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཛྲ་གནྡྷེ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཛྲ་

ནཻ་བི་ཏྱེ་ཞི་བཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཛྲ་ཤབྡ་ཞི་བ་ཤནྟིཾ་ཀུ་རུ་སྭཱ་ཧཱ། བཾ་ཤྱཾ་ཀུ་རུ་པུཥྟིཾ་ཀུ་རུ། མཱ་ར་ཡ་ཕཊ། མཆོད་པའི་མཇུག་ཏུ་རེ་རེ་བརྗོད་དོ། །དེ་ནས་བསྟོད་པ་བྱ་བ་ནི། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །
འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཉིད་ཀྱི་འདབ་བཟང་ཚོགས་ཀྱིས་ནི། །ཟླ་བརྒྱས་པའང་ཟིལ་གནོན་ཅིང་། །རིག་པ་རྣམ་པར་གསལ་འགྱུར་བ། །འཇམ་དཔལ་དེ་ལ་ཕྱག་འཚལ་ལོ། །མ་བགྱིས་དོན་གྱིས་ཟུར་གསལ་བ། །ནོར་བུ་འབར་བའི་སྐུ་མངའ་ཞིང་། །ཉིད་ནི་ཀུན་དུ་གསལ་
བའི་སྐུ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །བདུད་རྩི་དྲི་ཞིམ་འཇམ་པ་ཡི། །ཡིད་འོང་གསུམ་གྱི་སྒྲ་སྒྲོགས་ལ། །དམ་པ་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །གངས་ཀྱི་ཆུ་ལྟར་གསལ་བ་ལ། །འཇིག་རྟེན་ཁམས་རྣམས་རྣམ་པར་བཞུགས། །
ཉོན་མོངས་དྲི་མ་རྣམ་སྤངས་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས་ཤིང་འཇིགས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །རས་ཀྱི་སྤྱན་དང་མདངས་འདྲ་བ། ཨུཏྤལ།
སྔོན་པོ་རབ་མཛེས་པ། །ཤེས་རབ་རལ་གྲི་མདའ་གཞུ་འཛིན། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེའི་སྤྱོད་པ་རབ་སྟོན་པ། །འགྲོ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་དེ་ལ་ཕྱག་འཚལ་བསྟོད། །དེ་ནས་འདུད་པ་ཉི་
ཤུས་བསྟོད་དོ། །དེ་ནས་སྨོན་ལམ་གདབ་སྟེ། །བར་ཆད་མ་ལུས་ཞི་བ་དང་། །གདུག་པ་ཚར་ནི་གཅད་པ་དང་། །འཇིག་རྟེན་དབང་དུ་བསྡུ་བ་དང་། །ཚེ་དང་དབང་ཐང་བསྐྱེད་པའི་ཕྱིར། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་བཛྲ་མུཿ། ཞེས་པས་གཤེགས་སུ་གསོལ། །དམ་
ཚིག་སེམས་དཔའ་བདག་ལ་བསྡུ། །སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། ༄། །འཇམ་<དཔའ་‚དཔལ་>ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུན་མོང་གི་དངོས་གྲུབ་རིན་པོ་ཆེ་གཏེར་སྒྲུབ་པ། འཇམ་དཔལ་གྱི་བསྙེན་པ་གཞུང་བཞིན་

དུ་བྱས་ལ། དེ་ནས་གྲོང་ཁྱེར་ཆེན་པོའི་དབུས་སམ། རྒྱལ་པོའི་ཕོ་བྲང་དུ་མཎྜལ་མདའ་གང་གྲུ་བཞི་བ་བྱས་ལ། བའི་རྣམ་ལྔ་དང་དྲི་ཞིམ་པོ་སྣ་ཚོགས་ཀྱིས་བྱུགས་ལ། གླེགས་བམ་གྲུ་བཞི་པ་ཅིག་ལ་པདྨ་འདབ་མ་བརྒྱད་པ་བྲིས་ལ། པདྨའི་ལྟེ་བ་ལ། ཛཾ་བྷ་ལའི་གཟུགས་སེར་པོ། གསུས་པ་ཆེ་བ་བྱིན་ཤ་རྒྱས་པ་རྒྱན་མ་ལུས་པས་
བརྒྱན་པ། གཡས་པ་ན་བཱི་ཛ་པཱུ་ར་བསྣམས་པ། གཡོན་པ་ན་ནེའུ་ལེའི་རྐྱལ་པ་བསྣམས་པ་བུམ་པའི་གདན་ལ་བཞུགས་པའོ། །དེའི་མདུན་དུ་གནོད་སྦྱིན་སྐུ་མདོག་སེར་པོ་རིན་པོ་ཆེ་བསྣམས་པ། གཡས་སུ་གནོད་སྦྱིན་སྐུ་མདོག་དམར་སེར་བུམ་པ་བསྣམས་པ། རྒྱབ་ཏུ་གནོད་སྦྱིན་སྐུ་མདོག་དཀར་པོ་རིན་པོ་ཆེ་ཐོགས་པ།
གཡོན་དུ་གནོད་སྦྱིན་སྐུ་མདོག་ནག་པོ་རལ་གྲི་ཐོགས་པ། ཤར་ལྷོར་སྐུ་མདོག་སེར་སྐྱ་རལ་གྲི་བསྣམས་པ། ལྷོ་ནུབ་ཏུ་སྐུ་མདོག་སྨུག་ནག་མདུང་ཐོགས་པ། ནུབ་བྱང་ན་སྐུ་མདོག་སེར་སྐྱ་རིན་པོ་ཆེའི་ཁང་པ་ཐོགས་པ། བྱང་ཤར་ན་སྐུ་མདོག་སེར་པོ་གྲི་ཕུབ་ཐོགས་པ། གཡོན་ཐམས་ཅད་རིན་པོ་ཆེའི་རྒྱལ་མཚན་
ཐོགས་པ། དར་སྣ་ཚོགས་ཀྱིས་ཐོད་བཅིངས་པའོ། །ཡང་གླེགས་བམ་གྲུ་བཞི་པ་ཅིག་ལ་པདྨ་འདབ་མ་བརྒྱད་པ་ལྟེ་བ་ལ་ལྷ་མོ་ནོར་རྒྱུན་མ་སེར་མོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གཡས་མཆོག་སྦྱིན་གཡོན་འབྲས་ཀྱི་སྙེ་མ་བསྣམས་པའོ། །ལྷ་མོ་བརྒྱད་ཀྱང་གཙོ་མོའི་ཆ་ལུགས་ཅན་ནོ། །དེ་ནས་
མཎྜལ་གྱི་ཁར་བུམ་པ་ནས་དང་འབྲས་ཀྱིས་བཀང་ལ་གཞག་གོ། །དེའི་ཁར་ལྷ་མོའི་གླེགས་བམ་བཞག་ལ། དེའི་ཁར་ཛཾ་བྷ་ལའི་གླེགས་བམ་གཞག །གླེགས་བམ་གཉིས་ཀྱི་བར་དུ་རིན་པོ་ཆེའི་ཀ་བ་གཟུགས། དེ་ལ་དགུག་གཞུག་ལེགས་པར་བྱས་ལ་བདག་འཇམ་དཔལ་དུ་
གསལ་བའི་ཐུགས་ཀ་ནས་ཛཿཧཱུཾ་བཾ་ཧོཿའཕྲོས་པ་མེ་ཏོག་ལུག་རུ་དང་། དཀར་གསུམ་མངར་གསུམ་གྱིས་མཆོད་ལ་གཏོར་མ་སུམ་ཡར་དུ་གཏང་། མཆོད་པ་རྣམ་ལྔ་དབུལ། དེའི་མཇུག་ལ་འཁོར་དང་ལོངས་སྤྱོད་དངོས་གྲུབ་སྩོལ་ཅིག་ཅེས་བྱའོ། །ཉིན་མོ་ལྷ་མོ་རྣམས་ཀྱི་སྙིང་
པོ་བཟླས་ཏེ། ཨོཾ་བ་སུནྡྷཱ་རི་ཎྱཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ། ཨོཾ་དཏྟྱཻ་སྭཱ་ཧཱ། ཨོཾ་སུ་དཏྟྱཻ་སྭཱ་ཧཱ། ཨོཾ་ཨཱརྱ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྱཻ་སྭཱ་ཧཱ། ཨོཾ་གུཔྟྱཻ་སྭཱ་ཧཱ། ཨོཾ་དེ་དྱཻ་སྭཱ་ཧཱ། ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ། ཟས་སྣ་ཚོགས་ཀྱི་གཏོར་མས་མཆོད། མཆོད་པ་རྣམ་ལྔ་དབུལ། དངོས་གྲུབ་བླང་ངོ་། །ནུབ་མོ་ཕོ་སྔགས་

ཏེ། ཨོཾ་ཛམྦྷ་ལ་ཛ་ལནྡྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པུ་རྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀི་ལི་མཱ་ལ་ཡེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙ་རེནྡྲཱ་ཡ་སྭཱ་ཧཱ། གཏོར་མ་དབུལ། མཆོད་པ་ལྔ་དབུལ། དངོས་
གྲུབ་བླང་། འཇམ་དཔལ་གྱི་བསྙེན་པ་རྫོགས་པའི་གཏོར་མ་ལ། གནོད་སྦྱིན་ཕོ་མོ་ལ་ཟླ་བ་གསུམ་དུ་མཆོད་པ་ན་འདོད་པ་ཕུན་སུམ་ཚོགས་སོ། །མེ་ཏོག་ལུག་རུ་དང་། གུ་གུལ་དཀར་པོ་དང་། དཀར་གསུམ་མངར་གསུམ་དང་ནས་དང་འབྲུ་སྣ་ལྔའི་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱས་ན་
ལྷའི་ལོངས་སྤྱོད་དང་མཉམ་པར་འགྱུར་རོ། །ཐོ་རངས་བྱ་ཟེ་ཙ་ན་ཕོ་སྔགས་མོ་སྔགས་ཟློས་པ་ཡིན། །ཆུ་སྦྱིན་ཡང་ནས་ཡང་དུ་བཏང་ན་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ནོ། །དེ་ཡང་འདོད་པའི་དོན་གྲུབ་དམ་པ་སྟེ། །གསུང་ངོ་། །འདི་ནི་རིན་པོ་ཆེ་གཏེར་གྱི་སྒྲུབ་པའོ། །རྒྱུད་ལས། ཡིད་
བཞིན་ནོར་བུ་ཆེན་པོ་འཆང་། གསུང་ངོ་། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་མན་ངག །སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ༄། །དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་མཎྜལ་དབུལ་ཏེ། མཎྜལ་ཚད་དང་ལྡན་པ་ལ། བའི་རྣམ་ལྔ་བྱུགས་ལ་བཛྲ་
རེ་ཁེ་ཧཱུྃ་ཞེས་པས་དྲི་ཞིམ་པོའི་འདེ་གུ་བྱས་ལ་བྱུག་པ་བྱ། ཨོཾ་ཧཾ་མ་ཧཱ་མེ་ར་བ་ཡེ་ན་མཿ །ཨོཾ་ཡཿག་ཛ་རཏྣཱ་ཡ་ན་མཿཨོཾ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿ། ཨོཾ་ལ་སྟྲི་རཏྣཱ་ཡ་ན་མཿ། ཨོཾ་ཝ་ཨ་ཤྭ་རཏྣཱ་ཡ་ན་མཿ། ཨོཾ་ཡ་ཁཌྒ་རཏྣཱ་ཡ་ན་མཿ། ཨོཾ་ར་མ་ཎི་རཏྣཱ་ཡ་ན་མཿཨོཾ་ཝཿསརྦ་ནི་དྷི་ཀུཾ་བྷཱ་ཡ་ན་མཿཨོཾ་ལ་ཙཀྲ་རཏྣཱ་ཡ་
ན་མཿ། དེ་ལྟར་མེ་ཏོག་ཚོམ་བུ་དགུ་དགུར་བྱའོ། །པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙནྡྲ་མཎྜལ་ཞེས་གདན་དབུལ་ལོ། །གདན་དེའི་སྟེང་དུ་ཙནྡྲི་པ་ལ་སོགས་པའི་བླ་མ་རྣམས་སྤྱན་དྲངས་ལ། དེ་ལ་ཕྱག་བྱ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་
གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་བསྐོར་བ་བྱ། དེ་ནས་མཆོད་པ་བྱ་སྟེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་

བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ། ཨོཾ་བཛྲ་ཤབྡ་ཧཱུྃ། དེ་ནས་
སྡིག་པ་བཤགས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། དེ་ནས་དགེ་བའི་རྩ་བར་བསྔོའོ། །དེ་ནས་ཡི་དམ་གྱི་མཎྜལ་དབུལ་ཏེ། མཎྜལ་ཚད་དང་ལྡན་པ་ལ། དྲིའི་འདེ་གུ་བྱུག་པར་བྱ། ཨོཾ་བཛྲ་རེ་ཁེ་ཧཱུྃ། ཨོཾ་བུདྡྷ་མཉྫུ་ཤྲཱི་ན་མཿ། ཨོཾ་བཛྲ་སཏྭ་ཧཱུྃ་ན་མཿ།
ཨོཾ་བཛྲ་རཏྣ་ཧཱུྃ་ན་མཿ། ཨོཾ་བཛྲ་པདྨ་ཧཱུྃ་ན་མཿ། ཨོཾ་བཛྲ་ཀརྨ་ཧཱུྃ་ན་མཿ། པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། དེ་ནས་ཕྱག་བྱ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཉིད། །གཞའ་ཚོན་ནམ་མཁའ་དབྱེར་མེད་ཀྱང་། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་
མཐའ་དོན་ཡོད་གྲུབ་པ་ལ། །ལུས་ངག་གུས་པས་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མཆོད་པ་གོང་དང་མཐུན་པ་བཤམས་ནས་དགེ་བའི་རྩ་བར་བསྔོ་
བ་ཡན་ཆད་གོང་དང་མཐུན། དེ་ནས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། ཡི་གེ་བརྒྱ་པའི་བཤགས་པ་བྱ། བླ་མའི་མཎྜལ་ཡི་དམ་གྱི་མཎྜལ་གྱི་ཆོ་ག་འབྲོ་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛ་ཊཱི་བྷ་ག་ཝཱན་མཎྜལ་ཙཀྲ་སཱ་དྷ་ནཾ།
བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས། བཅོམ་ལྡན་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་རང་སེམས་བདེ་ཆེན་འོད་གསལ་རྣམ་མི་རྟོག །འབར་བའི་སྐུ་མཆོག་སྣ་ཚོགས་ཚུལ་འཆང་མཁའ་འདྲ་བ། །ལོངས་
སྤྱོད་རྫོགས་སྤྲུལ་ཆོས་བདག་དབྱེར་མེད་རོ་གཅིག་ཚུལ། །རལ་པ་གཅིག་འཕྱང་རྡོ་རྗེའི་དཀྱིལ་འཁོར་གཙོ་ལ་འདུད། །ལྔ་ཕུང་དང་ནི་དྲི་མ་བཞི། །ཆེན་པོ་བཞི་དང་སྤྱོད་ཡུལ་བརྒྱད། །རྣམ་བཞི་ཚོར་བ་རྣམ་དག་ལྷ། །ཡེ་ཤེས་འཁོར་ལོ་འདིར་བཤད་བྱ། །དང་པོ་ཁོ་ནར་རྣལ་འབྱོར་

པས་བླ་མ་མཆོག་ལ་རིམ་གྲོ་ཡོངས་སུ་རྫོགས་པར་བྱས་ཏེ། དེའི་བཀའ་དྲིན་ཐོབ་པས་དཀྱིལ་འཁོར་ཆེན་པོའི་བདག་པོ་ལ་སྐྱབས་སུ་འགྲོ་བ་དང་། མ་སྨིན་པ་ལ་སོགས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གོ་འཕང་བླ་ན་མེད་པར་སེམས་བསྐྱེད་ལ། སྐུ་གསུང་ཐུགས་ཡེ་
ཤེས་རོལ་པའི་ནང་དུ་ཆུད་པས་དབང་བསྐུར་བ་ཡང་དག་པར་བཟུང་ནས། །རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་འདི་བསྒོམ་པར་བྱའོ། །ཡིད་དང་རྗེས་སུ་མཐུན་ལམ་བསམ། །དུར་ཁྲོད་དང་ནི་ཤིང་དྲུང་སོགས། །ཡང་ན་བདག་པོའི་ཚུལ་འདྲའམ། །དངོས་གྲུབ་གནས་
ནི་རྒྱུད་ལས་བསྔགས། །དེར་བར་ཆད་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བཀའ་བསྒོ་ཞིང་ལྷ་ལ་སོགས་པ་ཡང་དག་པར་མཆོད་དེ་སྒྲུབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །གཞན་ཡང་ཇི་སྙེད་མཆོད་པའི་ཡོ་བྱད་དང་། ཆོ་གའི་ཁྱད་པར་ཐམས་ཅད་ལ་དགོས་པའི་
རྫས་རྣམས་ཐམས་ཅད་བསགས་པ་དང་། གནས་ཉེ་བར་བཀོད་པས་དགྱེས་པ་བསྐྱེད་པའི་རྒྱུར་གྱུར་པ་དང་ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱི་མཚན་མ་མཐོང་བར་ཕྱིར་མི་ནུར་འབད་པ་དང་། བརྩོན་པ་དྲག་པོས་སྤྲོ་བར་བྱའོ། །དེ་ནས་སྒྲུབ་པོ་དམ་ཚིག་ཅན། །རབ་ཏུ་བདེ་བའི་སྟན་ལ་
འདུག །ཤེལ་ལྟར་དངས་པའི་ཡིད་ཀྱིས་སུ། ཚོགས་རྟེན་དཀྱིལ་འཁོར་དགུག་པར་བྱ། སེ་གོལ་གཏོགས་པས་ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་བཅིངས་ཏེ། གར་བསྐོར་ནས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་པས་སྤྱན་དྲང་བ་དང་། མཛུབ་མོ་གཉིས་དང་མཐེའུ་ཆུང་
གཉིས་མདུད་དེ་འཁོར་ལོ་ལྟར་བཞག་ལ་གཞུག་པར་བྱའོ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཤྲཱི། ཨེ་ཀ་ཛ་ཊཱི་མཎྜ་ལ་ཙཀྲ་མ་ཧཱ་ཀཱ་རུ་ཎི་ཀ་ཧོ་ས་མ་ཡ་ཛཿས་མ་སྟྭཾ། ས་མ་ཡ་ཧཱུྃ། ས་མ་ཡ་ཧོཿཞེས་བྱ་བའི་སྔགས་ཀྱིས་སོ། །བདག་གི་དད་དང་མགོན་པོ་ཡིས། །ཐུགས་རྗེ་དང་ནི་དམ་
ཚིག་གིས། །ནམ་མཁའ་ལ་ནི་ཉི་མ་ལྟར། །དཀྱིལ་འཁོར་རྒྱལ་པོ་བྱོན་པར་འགྱུར། །ཇི་སྐད་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་རྟེན་བལྟ་བས་མ་ངོམས་པའི་རྣམ་པར་བཀོད་པ་རྒྱ་ཆེན་པོ་མདུན་གྱི་ནམ་མཁའི་ངོས་ལ་བྱོན་པར་བལྟས་ལ་བདག་ཉིད་ཀྱི་སྙིང་གར་ཉི་མ་

ལ་གནས་པའི་ཧཱུྃ་མཐིང་ནག་ལས་འཕྲོས་པའི་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་ནས་གུས་པ་དྲག་པོས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོག་མེད་དུས་ནས་དེ་རིང་བར། །མི་དགེ་གང་བགྱིས་སོ་སོར་བཤགས། །འཇིག་རྟེན་འཇིག་རྟེན་
འདས་པ་ཡི། །དགེ་བ་ལ་ནི་རྗེས་ཡི་རང་། །རལ་པ་གཅིག་མཆོག་ལྷ་དང་སྔགས། །དེ་ཡི་སྲས་ལ་བདག་སྐྱབས་མཆི། །བདེ་ཆེན་འོད་གསལ་རྣམ་མི་རྟོག །བྱང་ཆུབ་མཆོག་སེམས་སྙིང་རྗེ་གཟུང་། སྲིད་པ་དུས་གསུམ་ཚོགས་བསགས་པ། །དེ་དག་འགྲོ་བའི་དོན་ཕྱིར་བསྔོ། །བདག་སོགས་
མགོན་མེད་མགོན་གྱུར་པས། དངོས་གྲུབ་བགྱི་ཕྱིར་བརྟན་པ་དགོངས། །ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཚངས་པའི་གནས་པ་བཞིའི་ལྷག་པའི་བསམ་པ་བརྟན་པོས་བློ་གྲོས་ཡོངས་སུ་སྦྱོངས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱའོ། །ཨོཾ་སྭ་
བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དངོས་ཀུན་མ་ལུས་བསྡུས་པའི་སྔགས། རྟེན་ཅིང་འབྲེལ་པར་འབྱུང་བ་ཆེ། །དེ་ཡི་རང་བཞིན་རང་བཞིན་མེད། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །ཨོཾ་ཨ་སརྦ་དྷརྨ་པྲ་ཏཱི་ས་མུཏྤཱ་ད་ཧཱུྃ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་བརྗོད་དོ། །
སྟོང་པ་ཉིད་ཆེན་པོའི་ངང་ལས་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ལས་དག་པར་སྐྱེས་པའི་སྣ་ཚོགས་རྡོ་རྗེ་འབར་བ་ཆེན་པོ་བསམས་ལ། དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕེ་རབ་ཏུ་རྣོན་པོ་འཁྲིགས་པས་རྡོ་རྗེའི་ས་གཞི་དང་། ར་བ་དང་། དྲ་བ་དང་། གུར་དུ་གྲུབ་པར་
བལྟའོ། །དེ་དབུས་ཨ་དབྱིབས་ནམ་མཁའ་དྲི་མེད་ལ། །ཨིནྡྲ་བྱི་རུ་དུང་དང་གསེར་མདོག་ཅན། །ཡྃ་རྃ་པྃ་ལྃ་གཞུ་དང་མེ་ཐབ་དང་། །ཟླ་རྒྱས་རི་དབྱིབས་དེ་སྟེང་རྣམ་པར་ཤེས། །དེ་དག་ཉིད་གནས་ཡོངས་སུ་གྱུར་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་གྲུ་བཞི་པ་དང་ཀ་བ་བརྒྱད་
ཀྱིས་ཉེ་བར་མཛེས་པའོ། །དྲ་བ་དང་དྲ་བ་ཕྱེད་པ་དང་ཏྭ་ར་ན་ལ་སོགས་པས་མཛེས་པར་བྱའོ། །ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། དེའི་དབུས་སུ་བསྒོམ་པར་བྱ་བ་ནི་ཅུང་ཟད་གྱེན་དུ་འཕགས་པའི་པདྨའི་སྡོང་པོ་ཁ་ཕྱེ་བའི་སྟེང་དུ་གནས་པ་དབང་ཕྱུག་ཆེན་པོ་དང་། ཨུ་མ་དེ་བ་བལྟས་

ལ། དེའི་སྟེང་དུ་ཀཱ་ལི་ལས་གྲུབ་པའི་ཉི་མ་དང་། ཨཱ་ལི་ལས་གྲུབ་པའི་ཟླ་བ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་དང་བྃ་གྱི་ས་བོན་རབ་ཏུ་འཕྲོ་བར་བསམས་ཏེ། དེ་གྱུར་པ་ལས་རྡོ་རྗེ་གྲི་གུག་དང་ཐོད་པ་སྙིང་པོ་གཉིས་ཉིད་ཀྱིས་མཚན་པར་བལྟ་ཞིང་། ཡང་འོད་ཟེར་ཅན་གྱི་མཛད་པ་ཡོངས་སུ་
བསྒྲུབ་པས། བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པ་རལ་པ་གཅིག་པ་སྐུ་མདོག་མཐིང་ནག་གཡས་དང་གཡོན་གྱི་ཞབས་བསྐུམ་པ་དང་བརྐྱངས་པས་འཇིགས་བྱེད་དང་། དུས་མཚན་མནན་ཅིང་བརྫིས་པ། ཞལ་གསུམ་དང་ཕྱག་དྲུག་པ། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཤིན་ཏུ་དབང་དུ་
གྱུར་པའི། དབུ་སྐྲ་དམར་སེར་རལ་པའི་ཐོར་ཅོག་གཅིག་ཏུ་འཕྱང་བ། རྡོ་རྗེ་རལ་པ་གཅིག་མ་དང་ལྷན་ཅིག་མཆོག་ཏུ་དགའ་བས་འཁྱུད་པ། རྡོ་རྗེ་དང་རིན་པོ་ཆེ་དང་རུས་པ་དང་སྦྲུལ་གྱི་རྒྱན་གྱིས་བརྒྱན་ཅིང་། ཕྱག་རྒྱ་དྲུག་གིས་ཉེ་བར་སྤྲས་པ། མི་མགོ་མང་པོའི་ཕྲེང་བའི་དོ་ཤལ་
བརྒྱུད་པ་དང་། ཌ་མ་རུ་དང་། གཡེར་ཁ་དང་། སིལ་ཁྲོལ་གྱི་རྒྱན་དཔྱངས་པ། ཀེང་རུས་ཀྱི་ཐོད་པ་དང་། ལག་པ་རློན་པ་དང་། ཨུ་དུམྺཱ་རའི་མེ་ཏོག་གི་ཕྲེང་བས་དབུ་སྤྲས་པ། གླང་པོ་ཆེའི་པགས་པ་དང་། སྟག་གི་པགས་པས་གཡོགས་ཤིང་སྨད་དཀྲིས་པ། ཅུང་ཟད་ཁྲོས་པའི་ཆ་བྱད་
ཅན། འཇིགས་པར་བྱེད་པའི་གད་མོ་དགོད་ཅིང་ཞལ་མཆེ་བ་ཅུང་ཟད་གཙིགས་པའི་བར་ནས་མེ་སྟག་རྣམ་པར་འཕྲོ་བ། ཉིད་ཀྱི་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་རྣམ་པར་འཁྱིལ་བའི་དབུས་ན་གར་གྱི་རོལ་པས་ཉེ་བར་མཛེས་པའི་བདག་ཉིད་དོ། །གཡས་དཀར་གཡོན་དམར་
དབུས་མཐིང་ཞལ་སྤྱན་གསུམ། །ཕྱག་དྲུག་གྲི་གུག་ཐོད་པ་རལ་གྲི་དང་། །ཨུཏྤལ་འཁོར་ལོ་ཚངས་པའི་མགོ་བོ་འཛིན། །ཇི་བཞིན་ཞལ་ཕྱག་ཡུམ་ནི་དམར་བའོ། །དེ་ནས་སྙོམ་པར་འཇུག་པའི་སྦྱོར་བ་ལས་ལྷའི་འཁོར་ལོ་དབྱུང་བར་བྱ་སྟེ། ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་
མ་བཞི་ལ་ལྷུང་བའི་ས་བོན་ནི། ཨ་ཨི་ཨུ་ཨེ་ཞེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཁ་དོག་ཅན་འོད་ཀྱི་སྦྱོར་བར་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་རྒྱ་གྲམ་སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་

གྱུར་པ་ནི་རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་པདྨོ་དང་། རྡོ་རྗེ་སྣ་ཚོགས་རྣམས་སུ་གྲུབ་པར་བལྟའོ། །དེ་དག་གི་ས་བོན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། །བྱང་ཤར་ལ་སོགས་པ་མཚམས་ཀྱི་འདབ་མ་བཞི་ལ་ནི་ས་བོན་གྱི་འོད་ཟེར་ལས་མངོན་པར་གྲུབ་པའི་དྲི་
ཆེན་དང་དྲི་ཆུ་དང་། རཀྟ་དང་། བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པའི་བདག་ཉིད་ཀྱི་བུམ་པ་ཀ་པཱ་ལས་མཚན་པ་དག་བལྟའོ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་ལ་ཤར་ནས་བརྩམས་པའི་རིམ་གྱིས་ཕྱོགས་བཞིར་ལྷུང་བའི་ས་བོན་ནི། ཨཱ་ཨཱི་ཨཱུ་ཨཻ་ཞེས་བྱ་བ་སྟེ། སྔ་མ་
བཞིན་དུ་དཀར་པོ་དང་སེར་པོ་དང་། དམར་པོ་དང་། ལྗང་གུའི་ཁ་དོག་ཅན་ནོ། །ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་འོད་ཀྱི་སྦྱོར་བས་སྒྲོན་མ་དང་། རྡོ་རྗེ་དང་། ཞགས་པ་དང་། རལ་གྲི་དང་། སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པ་ནི་གཏི་མུག་རྡོ་རྗེ་དང་
བག་ཆགས་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་རྣམས་སུ་གྲུབ་པར་བལྟའོ། །དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། །བྱང་ཤར་ལ་སོགས་པ་མཚམས་ཀྱི་རྩིབས་བཞིར་ལྷུང་བའི་ས་བོན་ནི། ཨོ་ཨཽ་ཨཾ་ཨཿཞེས་བྱ་བ་སྟེ། ཉི་
མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་སེར་པོ་དང་དཀར་པོ་དང་། དམར་པོ་དང་། ལྗང་གུའི་ཁ་དོག་ཅན་ནོ། །འོད་ཀྱི་སྦྱོར་བས་རི་རབ་དང་ཟླ་བ་དང་། ཉི་མ་དང་བ་དན་དང་། སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པས་ནི་བརྟན་པའི་རྡོ་རྗེ་མ་དང་། སྦྱོར་བའི་
རྡོ་རྗེ་མ་དང་། འབར་བའི་རྡོ་རྗེ་མ་དང་། སྟོབས་ཀྱི་རྡོ་རྗེ་མ་ཞེས་བྱ་བའི་ལྷ་མོར་མངོན་པར་གྲུབ་པར་བལྟའོ། །དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། །དཔལ་ལྡན་ལྷ་ཚོགས་འདི་དག་ཐམས་ཅད་ཀྱང་། །ཉི་ཟླ་དབུགས་བྲལ་གདན་ལ་བརྗིད་
པ་དང་། །གཡོན་ཕྱག་བདེ་ཆེན་རོས་གང་ཐོད་པ་འཛིན། །རིན་ཆེན་རུས་པ་སྦྲུལ་རྒྱན་མཚུངས་པ་ཡིན། །དེ་བཞིན་དུ་ཁྱམས་ཤར་ལ་སོགས་པ་ཕྱོགས་བཞིར་ལྷུང་བའི་ས་བོན་ནི། ཀ་ཙ་ཊ་ཏ་ཞེས་པ་སྟེ། དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོའི་ཁ་དོག་ཅན་ཉི་མ་དང་ཟླ་

བའི་སྦུབས་སུ་ཆུད་ཅིང་འོད་ཀྱི་སྦྱོར་བས་མེ་ལོང་དང་། པི་ཝང་དང་དྲི་མཆོག་དང་། ཞལ་ཟས་སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པ་ནི་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མའི་ལྷ་མོ་རྣམས་མངོན་པར་གྲུབ་
བར་བལྟའོ། །དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། །བྱང་ཤར་ལ་སོགས་པའི་ཁྱམས་ཀྱི་གྲར་ལྷུང་བའི་ས་བོན་ནི། ས་ཡ་ཤ་ཀྵ་ཞེས་པ་སྟེ། ལྗང་གུ་དང་། དཀར་པོ་དང་། སྔོན་པོ་དང་། དམར་པོའི་ཁ་དོག་ཅན། ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་
ཅིང་། །འོད་ཀྱི་སྦྱོར་བ་ནི་ན་བཟའ་དང་། ཆོས་འབྱུང་དང་། མཎྜལ་དང་། མར་མེས་མཚན་པར་གང་གྱུར་པའོ། །དེ་དག་ཡོངས་སུ་གྱུར་པ་ནི། །རེག་བྱ་རྡོ་རྗེ་མ་དང་། ཆོས་རྡོ་རྗེ་མ་དང་། ཞིང་རྡོ་རྗེ་མ་དང་། སྣང་བ་རྡོ་རྗེ་མའི་ལྷ་མོ་རྣམས་མངོན་པར་གྲུབ་པར་བལྟའོ། །དེ་དག་གི་ཕྱག་
མཚན་ནི་རང་གི་ཉེ་བའི་རྒྱུའོ། །སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། །དེ་ནས་ཤར་ལ་སོགས་པའི་སྒོ་བཞིར་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། རྀ་དཀར་པོ་ལས་བྱུང་བའི་ལྕགས་ཀྱུ་ཡོངས་སུ་གྱུར་པས་ནི་རྡོ་རྗེ་ལྕགས་ཀྱུའོ། །རཱྀ་སེར་པོ་ལས་བྱུང་བའི་ཞགས་པ་ཡོངས་སུ་གྱུར་པར་ནི་རྡོ་རྗེ་
ཞགས་པའོ། །ལྀ་དམར་པོ་ལས་བྱུང་བའི་ལྕགས་སྒྲོག་ཡོངས་སུ་གྱུར་པས་ནི་རྡོ་རྗེ་ལྕགས་སྒྲོག་གོ། །ལཱྀ་ལྗང་གུ་ལས་བྱུང་བའི་དྲིལ་བུ་ཡོངས་སུ་གྱུར་པས་ནི་རྡོ་རྗེ་དྲིལ་བུའོ། །ཁྱམས་ན་ལྷ་བརྒྱད་པདྨ་ཉི་ཟླའི་གདན། །རིན་ཆེན་རུས་བརྒྱན་སྐྱིལ་ཀྲུང་ཕྱག་མཚན་གཅིག །སྒོ་
བཞིར་གནས་ནི་ཉི་ཟླ་དབུགས་བྲལ་གདན། །སྦྲུལ་རྒྱན་སྟང་སྟབས་གཡོན་ཕྱག་ཀ་པཱ་ལའོ། །དེ་ལྟར་འཁོར་ལོ་ཡོངས་སུ་རྫོགས་པའི་ཁོར་ཡུག་ཆེན་པོ་ལ་ནི་གྲུབ་པའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཇི་སྐད་དུ། གཏུམ་དྲག་ཚང་ཚིང་དཀྲིགས་པ་དང་། །འུར་འུར་
འབར་བས་ཁྱབ་པ་དང་། ཀེང་རུས་འཇིགས་རུང་ཤར་སོགས་ཀྱི། །ཕྱོགས་སུ་གཡོན་སྐོར་གྱིས་ལེགས་གནས། ཧ་ཧ་དགོད་པ་དབང་ལྡན་དུ། །བྱིན་ཟར་དཔལ་གྱི་ནགས་ཚལ་ལོ། །མུན་པ་མི་བཟད་བདེན་བྲལ་དུ། །རླུང་དུ་ཀཱི་ལ་ཀཱི་ལར་སྒྲོགས། །ཞེས་བྱུང་བ་བཞིན་ནོ། །

དེ་དག་རེ་རེར་ཡང་ཤིང་དང་ཕྱོགས་སྐྱོང་དང་ཀླུ་དང་། སྤྲིན་དང་ཞིང་སྐྱོང་དང་། དགྲ་བཅོམ་པ་དང་། གྲུབ་པ་དང་མཁའ་འགྲོ་དང་། མཆོད་རྟེན་དང་། མེ་དང་ཆུ་ཆེན་པོ་ལ་སོགས་པ་བརྒྱད་བརྒྱད་ཡོད་པར་བལྟའོ། །དེའི་འོག་ཏུ་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་བདག་ཉིད་ཤིན་ཏུ་
མི་འཕྲོགས་པའི་བདེ་བ་བསམ་གྱིས་མི་ཁྱབ་པའི་རོས་རབ་ཏུ་འཇུས་པས་ཧ་ཅང་དགའ་བས་མི་ཟད་པའི་ངོ་བོར་མོས་ཤིང་། རིམ་གྱིས་སྟོང་པ་ཉིད་དུ་ཐིམ་པར་གྱུར་ཏེ། བཅོམ་ལྡན་མ་དང་ལྷན་ཅིག་ཏུ་ཞུ་ནས་རབ་ཏུ་དང་བའི་གཟུགས་ཅན་གྱི་ནཱ་ད་དཀར་བ་དང་དམར་བའི་རྣམ་པར་གནས་
པར་བསམ་མོ། །དེའི་ཚེ་ཕྱོགས་ཀྱི་འདབ་མ་བཞིར་རྒྱལ་བ་བཞིའི་ཐུགས་ཀ་ལས་ཚད་མེད་བཞིའི་ལྷ་མོ་སྤྲུལ་པས་སེམས་ཅན་གྱི་དོན་དུ་སླར་ལྡང་བར་གསོལ་བ་གདབ་པར་བྱའོ། །འཇིག་རྟེན་མགོན་པོ་བཅོམ་ལྡན་བཞེངས། །འགྲོ་བ་ཉོན་མོངས་ཡོངས་སུ་སྐྱོབས། །སྟོང་
པའི་ཏིང་འཛིན་སྤངས་ནས་སུ། །བྱམས་ཆེན་སྐུ་མཆོག་བལྟམས་པར་མཛོད། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་བཞེངས། །སེམས་ཅན་སྡུག་བསྔལ་རབ་ཏུ་སྒྲོལ། །ཞི་བའི་མཐའ་ལ་མི་གནས་པར། །བརྩེ་ཆེན་རྣམ་པར་འཕྲུལ་པར་མཛོད། །བདེ་ཆེན་རྒྱལ་པོ་བཅོམ་ལྡན་བཞེངས། །
ལུས་ཅན་བདེ་དོན་ཡང་དག་གཟིགས། །ཟག་མེད་དབྱིངས་ཐུགས་མ་གཞོམ་པར། །དགྱེས་ཆེན་ཀུན་དུ་སྣང་བར་མཛོད། །གཙོ་ཆེན་རྡོ་རྗེ་བཅོམ་ལྡན་བཞེངས། །སྐྱེ་བོ་དུབ་པ་མངོན་དགོངས་ལ། །མཐའ་གཅིག་རྒྱུན་ཆད་མི་བཞུགས་པར། །མ་ལུས་འཚལ་བ་སྒྲུབ་ཏུ་གསོལ། །ཞེས་
བྱ་བའི་གླུས་གཉིད་སད་པ་དང་འདྲ་བར་བྱས་ཏེ། སླར་ས་བོན་གྱི་ཡི་གེ་གཉིས་དང་མཚན་མ་གཉིས་ལས་བཅོམ་ལྡན་འདས་ཡབ་དང་ཡུམ་མངོན་པར་གྲུབ་པའི་རིམ་པ་སྔར་ཇི་སྐད་སྨོས་པ་བཞིན་དུ་སྤྲུལ་པར་བྱའོ། །གསང་སྔགས་ལས་གྲུབ་འཁོར་ལོས་སྒྱུར་རྒྱལ་བཞིན། །ཁྲག་
འཐུང་རལ་པ་གཅིག་འཕྱང་ཐུགས་རྗེ་ཡི། །དབྱིངས་ལས་སྐུ་བལྟམས་མཁའ་ལས་ཉི་མ་ལྟར། །མ་ལུས་དོན་གྲུབ་འབར་བ་དེ་རྗེས་བསམ། །དེ་ནས་གཞལ་ཡས་ཁང་དང་ལྷ་རྣམ་པར་དག་པ་ཁོང་དུ་ཆུད་པར་བྱ་སྟེ། འདི་སྐད་དུ་མི་མཉམ་མེད་པས་ཟུར་བཞི་ཡིན། །དྲན་དང་དབང་པོའི་

སྒོ་བཞི་ཡིན། །བསམ་གཏན་བཞི་ནི་རྟ་བབས་བཞི། །རྣམ་ཐར་བརྒྱད་ཕྱིར་ཀ་བ་བརྒྱད། །བྱང་ཆུབ་ཡན་ལག་བདུན་དག་ཕྱིར། །དྲ་བ་དང་ནི་དྲ་བ་ཕྱེད། །ཕྱོགས་བཞི་ཚད་མེད་བཞི་ཡིན་ཏེ། །པདྨ་འཁོར་ལོ་ཤེས་རབ་ཐབས། །རྣམ་པར་ཤེས་བརྒྱད་ཡོངས་དག་པ། །
དེ་ནི་དུར་ཁྲོད་ཆེན་པོ་བརྒྱད། །ཅེས་བྱ་བ་ལྟ་བུ་དཀྱིལ་འཁོར་ཡོངས་སུ་དག་པ་གང་ཡིན་པའོ། །དཀྱིལ་འཁོར་ཡོངས་སུ་དག་པ་ཡང་། རེ་ཞིག་ཟླ་བ་ནི་མེ་ལོང་ལྟ་བུའི་རང་བཞིན་ནོ། །ཉི་མ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །ས་བོན་དང་མཚན་མ་ནི་སོ་སོར་ཀུན་དུ་རྟོགས་པའི་རང་བཞིན་ནོ། །
ཡོངས་སུ་གྱུར་པ་ནི་བྱ་བ་གྲུབ་པའི་རང་བཞིན་ནོ། །གཟུགས་བརྙན་ཉེ་བར་རྫོགས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ནི་དཔལ་རྡོ་རྗེ་རལ་པ་གཅིག་པའོ། །གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་འཁོར་ལོའོ། །
ཚོར་བའི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་རིན་ཆེན་ནོ། །འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་པདྨའོ། །འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་སྣ་ཚོགས་སོ། །གཏི་མུག་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེའོ། །བག་ལ་ཉལ་རྣམ་པར་དག་པ་ནི་བག་ཆགས་རྡོ་རྗེའོ། །འདོད་ཆགས་
རྣམ་པར་དག་པ་ནི་འདོད་ཆགས་རྡོ་རྗེའོ། །ཞེ་སྡང་རྣམ་པར་དག་པ་ནི་ཞེ་སྡང་རྡོ་རྗེའོ། །སའི་ཁམས་རྣམ་པར་དག་པ་ནི་བརྟན་པའི་རྡོ་རྗེ་མའོ། །ཆུའི་ཁམས་རྣམ་པར་དག་པ་ནི་སྦྱོར་བའི་རྡོ་རྗེ་མའོ། །མེའི་ཁམས་རྣམ་པར་དག་པ་ནི་འབར་བའི་རྡོ་རྗེ་མའོ། །རླུང་གི་ཁམས་རྣམ་པར་དག་
པ་ནི་སྟོབས་ཀྱི་རྡོ་རྗེ་མའོ། །གཟུགས་རྣམ་པར་དག་པ་ནི་གཟུགས་རྡོ་རྗེའོ། །སྒྲ་རྣམ་པར་དག་པ་ནི་སྒྲ་རྡོ་རྗེ་མའོ། །དྲི་རྣམ་པར་དག་པ་ནི་རྡོ་རྗེ་མའོ། །རོ་རྣམ་པར་དག་པ་ནི་རོ་རྡོ་རྗེ་མའོ། །རེག་རྣམ་པར་དག་པ་ནི་རེག་རྡོ་རྗེ་མའོ། །ཆོས་རྣམ་པར་དག་པ་ནི་ཆོས་རྡོ་རྗེ་མའོ། །ཞིང་རྣམ་
པར་དག་པ་ནི་ཞིང་རྡོ་རྗེ་མའོ། །སྣང་བ་རྣམ་པར་དག་པ་ནི་སྣང་བ་རྡོ་རྗེ་མའོ། །ཚོར་བ་བདེ་བ་རྣམ་པར་དག་པ་ནི་རྡོ་རྗེ་ལྕགས་ཀྱུའོ། །ཚོར་བ་སྡུག་བསྔལ་རྣམ་པར་དག་པ་ནི་རྡོ་རྗེ་ཞགས་པའོ། །ཚོར་བ་བཏང་སྙོམས་རྣམ་པར་དག་པ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །དེ་དག་གི་བག་

ཆགས་རྣམ་པར་དག་པ་ནི་རྡོ་རྗེ་དྲིལ་བུའོ། །འོད་གསལ་བདེ་ཆེན་མི་རྟོག་རྟག་ཆད་རྣམ་པར་དག །པདྨོ་ཐོད་པ་དབུགས་བྲལ་དབང་ཕྱུག་ཨུ་མའི་གདན། །དུས་གསུམ་མཐར་ཕྱིན་སྐྱོབ་དྲུག་ཐབས་དང་ཤེས་དག་ཕྱིར། །ཞལ་གསུམ་ཕྱག་དྲུག་ཕྱག་རྒྱ་དྲུག་ཞབས་བརྒྱད་བསྐུམ་ཉིད། །དེ་བཞིན་
དུ་རྡོ་རྗེ་འཁོར་ལོ་ལ་སོགས་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་གདན་དང་ཕྱག་མཚན་ལ་སོགས་པ་རྣམ་པར་དག་པ་ཡང་ཅི་རིགས་སུ་རིག་པར་བྱའོ། །གང་ཡང་དཀྱིལ་འཁོར་བ་ལ་རྒྱས་གདབ་པའི་ཕྱག་རྒྱ་ལྔའམ་དྲུག་ཀྱང་རྣམ་པར་རིག་པར་བྱ་སྟེ། རེ་ཞིག་བླ་མ་དང་ལྷག་པའི་
ལྷ་ལ་ཕྱག་འཚལ་བའི་དོན་དུ་སྤྱི་གཙུག་ཏུ་འཁོར་ལོ་སྟེ། དེ་ནི་མི་བསྐྱོད་པའི་བདག་ཉིད་རྣམ་པར་དག་པའོ། །རྡོ་རྗེ་འཛིན་པའི་བཀའ་བསྒོ་བ་ཉན་པའི་ཕྱིར་རྣ་བ་ལ་རྣ་ཆ་སྟེ། དེའི་འོད་དཔག་མེད་ཀྱི་བདག་ཉིད་རྣམ་པར་དག་པའོ། །གསང་སྔགས་ཟབ་མོ་བཟླས་པའི་ཕྱིར་མགུལ་བ་ལ་མགུལ་
དོ་སྟེ། དེ་ནི་རིན་ཆེན་འབྱུང་བའི་བདག་ཉིད་རྣམ་པར་དག་པའོ། །སྲོག་ཆགས་ཐམས་ཅད་ལ་འཚེ་བ་སྤངས་པའི་ཕྱིར་ལག་པ་ལ་ལག་གདུབ་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་རྣམ་པར་དག་པའོ། །ཕྱག་རྒྱ་ཉེ་བར་བཀོད་པ་བསྟན་པའི་ཕྱིར་རྐེད་པ་ལ་སྐེ་རགས་ཏེ། དེ་ནི་དོན་ཡོད་
གྲུབ་པའི་བདག་ཉིད་རྣམ་པར་དག་པའོ། །རང་གི་ཤེས་རབ་དང་ལྷན་ཅིག་པའི་ཕྱིར་ཚོམ་བུ་སྟེ། དེ་ནི་རལ་བ་གཅིག་པའི་བདག་ཉིད་རྣམ་པར་དག་པའོ། །དེ་ནས་གཞལ་ཡས་ཁང་གི་ཆ་ཉི་ཤུ་རྩ་བཞི་ཤར་གྱི་འདབ་མ་ནས་བརྩམས་ཏེ་བྱང་གི་སྒོའི་བར་ཡུལ་ཉི་ཤུ་རྩ་བཞིར་རྣམ་པར་དག་པ་སྦྱར་
བར་ཤེས་པར་བྱ་ཞིང་རང་གི་ལུས་ཀྱི་ཆ་ཉི་ཤུ་རྩ་བཞི་ཡང་ཡུལ་ཉི་ཤུ་རྩ་བཞིར་རྣམ་པར་དག་པ་ལྷ་དང་སྦྱར་བ་ཡང་རྟོགས་པར་བྱ་སྟེ། དང་པོ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གནས་སྙིང་གི་དབུས་སུ་དཔལ་རྡོ་རྗེ་རལ་གཅིག་པའོ་ཞེས་པ་འདི་ནི་ཁྱད་པར་རོ། །པུ་ལླི་ར་མཱ་ལ་ཡ་མགོ་ལ་རྡོ་རྗེ་
འཁོར་ལོ་ཞེས་པ་ནས། ཛཱ་ལནྡྷ་ར་སྤྱི་གཙུག་དང་། །ཨཽ་ཏྱན་རྣ་བ་གཡས། །ཨརྦུ་དཱ་སྟེ་གླད་པའི་རྒྱབ། །གོ་དཱ་ཝ་རི་རྣ་བ་གཡོན། །ར་མེ་ཤྭ་ར་སྨིན་མའི་དབུས། །དེ་བཱི་ཀོ་ཊ་མིག་གཉིས་དང་། མ་ལ་ཝ་ནི་ཕྲག་པ་གཉིས། །ཀཱ་མ་རུ་པ་ནི་མཆན་ཁུང་གཉིས། །ཨོ་ཏྲེ་ནུ་མ་གཉིས་

ཡིན་ནོ། །ཏྲི་ཤ་ཀུ་ནེ་ལྟེ་བ་དང་། །ཀོ་ས་ལ་ནི་སྣ་ཡི་རྩེ། །ཀ་ལིཾ་ག་ནི་ཁ་ཉིད་དེ། །ལམྤཱ་ཀ་ནི་མགུལ་པའོ། །ཀཱཉྩི་སྙིང་གི་རྩེ་མོ་དང་། །ཧི་མ་ལ་ཡ་ལྒང་པ་གཉིས། །བྲེ་ཏ་པུ་རི་མཚན་མ་དང་། །གྲྀ་ཧ་དེ་བ་གསང་བའི་གནས། །སཽ་རཱཥྚ་ནི་བརླ་གཉིས་ཏེ། །སུ་བརྞ་དྭཱི་པ་བྱིན་
པ་གཉིས། །ན་ག་ར་ནི་སོར་མོ་རྣམས། །སིནྡྷུ་རྐང་པའི་རྒྱབ་ཏུའོ། །མ་རུ་མཐེ་བོ་རྣམ་གཉིས་ཏེ། །ཀུ་ལུ་ཏཱ་ནི་པུས་མོ་གཉིས། །རྡོ་རྗེ་དྲིལ་བུ་ཞེས་བྱ་བའི་བར་དུ་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །དེ་རྗེས་ཡབ་དང་ཡུམ་རིམ་རྡོ་རྗེ་སྔོན་པོ་དང་། །པདྨ་དམར་པོའི་རྒྱས་གདབ་གོ་ཆ་དྲུག་
དྲུག་བཅིང་། །དུད་མདོག་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་དང་། །ཁྲག་མདོག་ཨ་ཨི་ཨུ་ཨེ་ཨོ་དང་ཨཾ་ཉིད་དོ། །དེ་ལ་སྙིང་གར་ནི་ཧའོ། །མགོ་བོ་ལ་ནི་ཧིའོ། །སྤྱི་གཙུག་ཏུ་ཧུའོ། །ཕྲག་པ་གཉིས་ནི་ཧེའོ། །མིག་གཉིས་ལ་ནི་ཧོའོ། །ཡན་ལག་ཐམས་ཅད་ལ་ནི་ཧཾ་ངོ་། །དེ་བཞིན་དུ་ལྟེ་བར་ནི་ཨའོ། །
སྙིང་གར་ནི་ཨིའོ། །ཁར་ནི་ཨུའོ། །མགོ་ལ་ནི་ཨེའོ། །སྤྱི་གཙུག་ཏུ་ཨོའོ། །ཡན་ལག་ཐམས་ཅད་ལ་ནི་ཨཾ་ངོ་། །དེའི་འོག་ཏུ་དམ་ཚིག་པའི་འཁོར་ལོ་ཡོངས་སུ་རྫོགས་པ་ཉིད་བརྟུལ་ཞུགས་དང་། ཆོ་ག་དེ་ཁོ་ན་ཉིད་ཀྱིས་བྱིན་གྱི་རླབས་བཅུག་པས་ངེས་པར་བརྟེན་པར་བྱ་བའི་དོན་དུ།
ཡེ་ཤེས་པའི་འཁོར་ལོ་དྲི་མ་མེད་པ་དེ་སྤྱན་དྲངས་ཏེ། ཡང་དག་པར་གཞུག་པར་བྱའོ། །མཛུབ་མོ་མདུད་བྱས་གུང་མོ་རྩེ་སྤྲད་ཅིང་། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །སོར་མོ་གཞན་གདེངས་དཔྲལ་བའི་དབུས་གཞག་ལ། །བསྐོར་ཞིང་བསྐོར་བས་ཡོངས་སུ་བསྒྱུར་བར་བྱ། །གཡོན་
བརྐྱང་གཡས་མནན་གྱེན་དུ་བལྟ། མིག་སྒྱུར་ཕེཾ་གྱི་སྒྲ་སྒྲོགས་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་དགུག །ཅེས་བྱ་བ་འདི་ལྟ་བུས་ཉིད་ཀྱི་གནས་ནས་དམ་ཚིག་རྗེས་སུ་དྲན་པས་མདུན་གྱི་ནམ་མཁའི་ངོས་འདིར་མངོན་པར་
བྱོན་པར་གྱུར་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཐོག་མར་སྐུ་ཁྲུས་གསོལ་བའོ། །ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞལ་བསིལ་དབུལ་བའོ། །ཨོཾ་ཨཉྩ་མཱ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་བའོ། །ཨོཾ་པདྨ་སཱུརྱ་ཙཎྜ་མཎྜལ་མ་ཡེ་སྭཱ་ཧཱ། གདན་དབུལ་ལོ། །དེ་ནས་

ཐོག་མར་ལུས་ཐམས་ཅད་ཉེ་བར་འདུད་པས་ཕྱག་བྱས་ཏེ། གང་ཞིག་སྣ་ཚོགས་རོ་གཅིག་དབང་པོའི་གཞུ་འདྲ་བ། །ཉོན་མོངས་རྡུལ་བྲལ་བདེ་ཆེན་འོད་གསལ་སྤྲོས་བྲལ་ཞིང་། །ཡེ་ཤེས་རྒྱུན་འབབ་རྡོ་རྗེའི་དཀྱིལ་འཁོར་ཆེར་འབྱུང་ལ། །གུས་པའི་ཁུར་གྱིས་མགྲིན་པ་སྨད་ནས་བདག་ཕྱག་
འཚལ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས་དབུལ་བར་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བི་དྱེ་ཨཿཧཱུྃ། ལན་གསུམ་གསུམ་གྱིས་སོ། །ཁ་དོག་སྣ་ཚོགས་དྲི་ཞིམ་དབྱིབས་མཛེས་མེ་ཏོག་དང་། །བདུག་སྤོས་
ཨ་ཀ་རུ་དང་སྦྲུལ་གྱི་སྙིང་པོ་དང་། །སྣོད་མཛེས་རིན་ཆེན་སྒྲོན་མེ་སྣང་བ་དྲིར་བཅས་དང་། །ཆུ་གཙང་དྲི་མཆོག་སྙིང་པོ་སྦྱོར་བ་དཔག་མེད་དང་། །མདོག་བཟང་རོ་བརྒྱ་ལྡན་པའི་ཞལ་ཟས་མང་པོ་རྣམས། །གུས་བཅས་ཡིད་འོང་ལྷ་མཆོག་ཚོགས་ལ་འབུལ་ལགས་ཀྱིས། །སེམས་ཅན་
མ་ལུས་སྲིད་པའི་གདུང་བ་ཞི་བ་དང་། ཟག་མེད་བདེ་ཆེན་ཡེ་ཤེས་བདུད་རྩིས་མྱོས་པར་མཛོད། །ཨོཾ་ན་མོ་བྷ་ག་ཝཱན་ཨེ་ཀ་ཛ་ཊཱི་སརྦ་མཎྜལ་ཙཀྲ་དེ་བ་ཏཱ་པུཥྤེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པ་ནས། ནེེ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་བྱ་བའི་བར་དུ་སྦྱར་བས་
དབུལ་བར་བྱའོ། །པི་ཝང་གླིང་བུ་རྫ་རྔ་རྔ་ཟླུམ་བཞད་མ་དང་། །སྒེག་མོ་གླུ་མ་གར་མ་གཟུགས་མཛེས་རོ་དང་རེག །མཎྜལ་ཆོས་མ་རྒྱན་སོགས་དེ་བཞིན་བཀོད་པ་ནི། །ཟབ་ཅིང་རྒྱ་ཆེ་རྒྱ་མཚོ་སྤྲིན་འཕྲོ་གཞན་ཡང་མཆོད། །ཨོཾ་ཨཱཿབཛྲ་བི་ནི་ཧཱུྃ། ཨོཾ་ཨཱཿབཛྲ་བཾ་སེ་ཧཱུྃ། ཨོཾ་ཨཱཿབཛྲ་
མུརྫི་ཧཱུྃ། ཨོཾ་ཨཱཿ མྲྀ་ཏཾ་གེ་ཧཱུྃ། ཨོཾ་ཨཱཿབཛྲ་ཧཱ་སྱེ་ཧཱུྃ། ཨོཾ་ཨཱཿབཛྲ་གཱི་ཏི་ཧཱུྃ། ཨོཾ་ཨཱཿབཛྲ་ནྲྀརྟི་ཧཱུྃ། ཨོཾ་ཨཱཿབཛྲ་ཨཱ་དཪྴེ་ཧཱུྃ། ཨོཾ་ཨཱཿབཛྲ་ར་སེ་ཧཱུྃ། ཨོཾ་ཨཱཿབཛྲ་སྤཪྵེ་ཧཱུྃ། ཨོཾ་ཨཱཿབཛྲ་མཎྜ་ལེ་ཧཱུྃ། ཨོཾ་ཨཱཿབཛྲ་དྷརྨེ་ཧཱུྃ། ཨོཾ་ཨཱཿབཛྲ་སརྦ་ཨ་ལཾ་ཀཱ་རེ་ཧཱུྃ། ཨོཾ་ཨཱཿབཛྲ་སརྦ་པཱུ་ཛཱརྠ་མེ་གྷ་ས་མུ་
དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། འདི་དག་ནི་ཕྱིའི་ཡོ་བྱད་ཀྱི་མཆོད་པའི་རིམ་པའོ། །དེ་ནས་རྒུན་འབྲུམ་མམ་བུ་རམ་ཤིང་ལ་སོགས་པ་ལས་བཏུང་བ་བཟང་པོ་སྦྱར་ཏེ། མཚན་མ་བཟང་པོའི་ཀ་པཱ་ལ་གང་བར་བྱས་ནས་སྒྲོན་མ་དང་། བདུད་རྩིའི་རོ་དང་ལྷན་ཅིག་ཏུ་གྱུར་པ་མདུན་དུ་གཞག་སྟེ་སྣོད་སྦྱངས་

ལ། །ཨོཾ་ཨཿབཛྲ་མ་ཧཱ་ས་མ་ཡ་ཧོ་ཞེས་བྱ་བས་དམ་ཚིག་དྲན་པར་བྱའོ། །མན་ངག་ཇི་བཞིན་པས་ལག་པ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། གཡས་ཀྱི་མཐེ་བོང་དང་། མཛུབ་མོ་དང་། གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་དང་། ལག་མཐིལ་རྣམས་ལ་
གོ་རིམས་ལྟར། ཧ་ཧི་ཧུ་ཧེ་ཧོ་ཧཾ། ཞེས་བྱ་བའི་ཡིག་འབྲུ་གནས་ལ་དཀར་བ་དང་། སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྗང་བ་དང་། མཐིང་གའི་མདོག་ཅན་ཡབ་ཀྱི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་རེག་པ་ལས་ཡོངས་སུ་གྱུར་པའི་གཟུགས་ཀུན་དུ་འོད་དང་། རྡོ་རྗེ་འཛིན་པ་དང་། ནོར་
གྱི་དབྱིག་དང་། འོད་ཟེར་ཅན་དང་ལས་ཀྱི་བདེ་དང་། འཇིགས་བྱེད་རྒྱལ་པོ་རྣམས། གཡོན་ཟླ་བའི་གདན་ལ་རྣམ་པར་གནོན་ཅིང་། གཡས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མངོན་པར་དགྱེས་པ་རང་གི་ས་བོན་གྱི་ཁ་དོག་ཅན། འཁོར་ལོ་ལ་སོགས་པ་སངས་རྒྱས་ལྔའི་མཚན་མ་དང་། གྲི་
གུག་གིས་གཡས་ཀྱི་ཕྱག་མཚན་པ་དང་། ཐམས་ཅད་ཀྱང་གཡོན་ན་ཁྲག་གི་བདུད་རྩིས་རབ་ཏུ་གང་བའི་ཐོད་པ་ཅན་ནོ། །དེ་བཞིན་དུ་གཡོན་གྱི་མཐེ་བོ་ལ་སོགས་པར་ཡང་གྲངས་ཇི་ལྟ་བས། ཨ་ཨི་ཨུ་ཨེ་ཨོ་ཨཾ་ཞེས་བྱ་བའི་ཡིག་འབྲུ་གནས་བ་ལ་དཀར་བ་དང་། སྔོ་བ་དང་། སེར་བ་དང་། རབ་ཏུ་
དམར་བ་དང་། ལྗང་གུ་དང་། སིནྡྷུ་རའི་མདོག་ཅན། ཡུམ་གྱི་ཐུགས་ཀའི་བཾ་ལས་འཕྲོས་པའི་འོད་ཟེར་རེག་པ་ལས་ཡོངས་སུ་གྱུར་པའི་གཟུགས་རབ་གསལ་མ་དང་། རབ་བརྟན་མ་དང་། རྒྱན་ཅན་མ་དང་། འོད་འཆང་མ་དང་། ཚོགས་ཅན་མ་དང་། སྐྲག་མཛད་མ་རྣམས་གཡས་ཉི་མའི་གདན་
ལ་གནོན་ཅིང་གཡོན་གྱི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡོངས་སུ་དགྱེས་མ། རང་གི་ས་བོན་གྱི་ཁ་དོག་ཅན་འཁོར་ལོ་ལ་སོགས་པ་སངས་རྒྱས་ལྔའི་མཚན་མ་དང་། །ཀ་པཱ་ལ་གཡས་ཀྱི་ཕྱག་མཚན་པ། ཐམས་ཅད་ཀྱང་གཡོན་ན་ཁྲག་གི་བདུད་རྩིས་རབ་ཏུ་གང་བའི་ཐོད་པ་ཅན་ནོ། །དེ་
ནས་གོ་ཆ་དེ་དག་ལ་ཡེ་ཤེས་ཀྱི་ལྷ་ཡང་དག་པར་བཀུག་སྟེ། དམ་ཚིག་ལ་བཅུག་ནས་ཡིད་ལས་བྱུང་བའི་མཆོད་པས་མཆོད་ཅིང་ཐལ་མོ་མཉམ་པར་སྦྱར་བས་ཕན་ཚུན་རྗེས་སུ་ཞུགས་པ་དང་། དེ་བསྡམས་པས་ཕན་ཚུན་ཡོངས་སུ་ཐིམ་པར་བལྟའོ། །གང་ཐིམ་པར་གྱུར་པ་དེ་ཡང་ཧཱུྃ་ཨ་ཞེས་

གསུང་མཐོན་པོས་བོས་བས་སྟོང་པ་ཉིད་དང་ཐིག་ལེར་མི་གནས་པར་ཡི་གེ་གཉིས་ཀྱི་གཟུགས་སུ་མངོན་པར་བལྟ་བར་འགྱུར་རོ། །དེ་ནས་གཡས་ཀྱི་སྲིན་ལག་གིས་དམ་ཚིག་ལ་རེག་ཅིང་ཆོས་འབྱུང་བསྣོལ་བ་བྲི་བར་བྱ་སྟེ། ཟུར་དྲུག་ལ་གོ་ཆའི་ཡི་གེ་དྲུག་བརྗོད་པས་ཡི་གེ་དེ་དག་གིས་མཚན་པར་བྱ་
བ་དང་། དེའང་གཡས་ཀྱི་མཐིལ་གྱི་ས་བོན་ཧཱུྃ་ལས་མངོན་པར་སྐྱེས་པའི་རྒྱུན་བདུད་རྩིར་འཛག་པ་ནས་འབྱུང་བའོ། །དེ་བཞིན་དུ་གཡོན་པའི་སྲིན་ལག་གིས་དམ་ཚིག་ཅན་ལ་རེག་ཅིང་ཆོས་འབྱུང་བསྣོལ་བ་སྔར་གྱི་རྗེས་སུ་བྲིས་པས་འོག་ཏུ་གསལ་བར་བྱ་སྟེ། ཟུར་དྲུག་ལ་གོ་ཆ་མའི་ཡི་གེ་དྲུག་བརྗོད་
པས་ཡི་གེ་དེ་དག་གིས་མཚན་པར་བྱ་བ་དང་། དེའང་གཡོན་གྱི་མཐིལ་གྱི་སྔར་གྱི་ས་བོན་ཨ་ལས་མངོན་པར་སྐྱེས་པའི་རྒྱུན་བདུད་རྩི་འཛག་པ་ནས་འབྱུང་བའོ། །མཐར་གཡས་དང་གཡོན་གྱིས་ཡབ་དང་ཡུམ་གྱི་ཆོ་གའི་དཀྱིལ་འཁོར་གྱི་དབུས་སུ་རེག་པས་ཧོ་དང་བཾ་ལྷན་ཅིག་གནས་
པ་ཡང་བལྟས་ལ། སེ་གོལ་གཏོགས་ཏེ་ཧ་ཅང་མི་རིང་བའི་སྟེང་གི་མཁར་འཕགས་པར་བཞུགས་སོ། །དེ་རྗེས་གཡས་གཡོན་སྙིང་གར་ཟླ་བ་ཉི་མ་དང་། ཆུ་སྐྱེས་དབུས་ནས་སྐུ་གསུང་ཐུགས་བལྟས་མིང་བརྗོད་པས། །དཀར་བསིལ་དམར་ཚ་རབ་ཏུ་སྔོ་འཇམ་འོད་རེག་ཕྱིར། །དྲི་མེད་རབ་བཞུ་
ལྷ་ཚོགས་སྦྱོར་བས་བདུད་རྩི་དབབ། །དེ་ལྟར་འོད་ཀྱིས་བསྐུལ་བ་ན་དབུས་ཀྱི་ཡི་གེ་ལས་གྱེན་དུ་འགྲེང་བའི་ཟེར་གྱི་ཆོ་ག་དང་བཅས་པའི་བཅོམ་ལྡན་འདས་ཡབ་<ཡུབ་‚ཡུམ་>སྤྱན་དྲངས་ནས་ནམ་མཁའི་ཡི་གེ་ལ་བསྟིམས་ཏེ། དེ་མ་ཐག་ཏུ་ལྷ་བཅུ་བཞིའི་བདག་ཉིད་དུ་གྱུར་ནས་སྙོམས་པར་
ཞུགས་པ་དང་། ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཐིག་ལེ་བདུད་རྩི་རྒྱུན་ལྟུང་བས་དམ་ཚིག་བཞུ་བའི་ཁུ་བ་བསིལ་ཞིང་རྣམ་པར་དཀར་བ་གྱ་ནོམ་པར་བྱའོ། །རིམ་གྱིས་བདེ་བ་ཆེན་པོའི་རོ་མ་བཟོད་པའི་ཕྱིར་གོ་ཆ་བཅུ་བཞི་འོད་ཀྱི་རྣམ་པར་ཞུ་བ་བདག་པོ་ལ་ཐིམ་པ་དང་། དེ་ཡང་
མི་འཕྲོགས་པའི་དགའ་བས་རྣམ་པར་མྱོས་པའི་ཕྱིར་ས་བོན་གྱི་ངོ་མཚར་ཞུ་བར་བསམ་མོ། །དེ་ནས་བཾ་ཧོ་བརྗོད་པས་བསམ་གྱིས་མི་ཁྱབ་པའི་རོ་ཅན་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡོན་ཏན་བྱེད་པར་བལྟའོ། །དེ་བཞིན་དུ་ཡི་གེ་དེ་ཡང་རྩ་བའི་ཡི་གེ་ལ་ཐིམ་ཞིང་དེ་ཡང་

འོད་ཀྱི་གོང་བུར་ཞུ་བས་དམ་ཚིག་ལ་ཁྱབ་པར་བསྟིམས་ལ། མ་ལུས་པའི་དཀྱིལ་འཁོར་པ་ཐམས་ཅད་མཉེས་པར་གྱུར་པས་དགྱེས་པའི་རྒྱུར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཐལ་མོའི་གར་སྒྱུར་བ་དང་ལྡན་པས་ཡང་དག་པར་མཆོད་པར་བྱའོ། །འདི་དག་ནི་ནང་གི་
དམ་ཚིག་གིས་མཆོད་པའི་ཆོ་གའོ། །ལྟེ་བའི་དབུས་ལས་བྱུང་བ་ཡིས། །དཔལ་མོ་དང་ནི་སྒྲ་ལྡན་མ། །དུང་ཅན་མ་དང་བདུད་རྩི་འཛག །དགའ་བྱེད་མ་དང་མྱོས་བྱེད་མ། །ཞིང་སྐྱོང་མ་དང་འོད་ཀྱི་དཔུང་། །སྣ་ཚོགས་གླུ་གར་རོལ་མོ་བྱེད། །རྫས་བཅུ་དག་པའི་བདུད་རྩིའི་རྒྱུན། །པདྨའི་
སྣོད་ཐོགས་མཆོད་པར་བསམ། །གཙོ་ཆེན་དུར་ཁྲོད་བཅས་དཀྱིལ་འཁོར། །དངོས་དང་བདག་པོ་ལས་སྤྲུལ་པའི། །ཤེས་རབ་ཐབས་ལྡན་སྙོམས་ཞུག་པས། །ཟག་མེད་བདེ་ཆེན་མྱོས་གྱུར་མཆོད། །དགའ་བ་ཆེན་པོ་འོད་སྐྱེད་དེ། །ལུས་ཅན་ཀུན་གྱི་སྡུག་བསྔལ་བསལ། །
སླར་འདུས་ཆགས་པ་ཆེན་པོའི་རོ། །སད་པར་བྱས་ཏེ་སྙིང་རྗེས་བསླང་། །འདི་དག་ནི་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རོ། །དེའི་འོག་ཏུ་སྡིག་པ་བཤགས་པ་ལ་སོགས་པ་རང་ཉིད་ཀྱི་ཕྲིན་ལས་ལ་ཉེ་བར་སྦྱར་བར་བྱ་སྟེ། །འབྲས་བུ་མི་བཟད་རང་བཞིན་མི་དགེ་དཔག་མེད་
དང་། །བགྱི་བ་མ་ལགས་ཐུབ་པའི་བཀའ་ལས་འདས་གྱུར་གང་། །ཟབ་མོ་ལེགས་སྔགས་དམ་ཚིག་རྡོ་རྗེའི་རྒྱ་དྲལ་བ། །རིང་ནས་གང་བསགས་སྡིག་པའི་ཕུང་པོ་<དི་‚དེ་>རིང་བཤགས། །དཀྱིལ་འཁོར་བདག་པོ་རྒྱལ་བ་ཡབ་ཡུམ་འགྲོ་དོན་བརྩོན། །ལྷ་ཚོགས་སྲས་མང་དེ་ཡི་
རྗེས་འཇུག་ཕྲིན་ལས་བྱེད། །སྔགས་འཆང་རྣམས་ཀྱང་ཉིན་རེ་མཆོད་པའི་ལས་བརྩོན་པ། །མ་ལུས་ངོ་མཚར་བསོད་ནམས་རྒྱ་མཚོ་རྗེས་ཡི་རང་། །ཁྲག་འཐུང་ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་གསལ་བ་ལ། །ཐུགས་རྗེའི་རྒྱུན་གྱིས་ཟག་མེད་སྙོམས་འཇུག་རོལ་པ་དང་། །འབར་
བའི་འོད་བཀྱེ་གསང་སྔགས་རྒྱལ་པོ་བཀའ་བསྒོ་ཞིང་། །བླ་མེད་ལམ་སྟོན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྟོང་པར་བཞུགས་དང་ཧ་ཅང་མི་བསྙེལ་ཞི་བ་དང་། །སྒྲུབ་པོ་གང་ཞིག་དམ་ཚིག་མེད་དང་བག་མེད་ལ། །སྡང་མཛད་སྙོམས་མཛད་མི་སྣང་སྟོན་པར་བཞེད་

རྣམས་ལ། །གདུང་བས་ཇི་སྲིད་དངོས་གྲུབ་བར་དུ་བརྟན་བཞུགས་གསོལ། །སྐུ་གསུང་རང་བཞིན་རལ་པ་གཅིག་མཆོག་སྟོན་པ་དང་། དེ་ཡི་ཉེར་བསྟན་རིམ་གཉིས་བདུད་རྩིའི་རྒྱུན་འདྲའི་ཆོས། །རྗེས་འཇུག་བློ་བཟང་གོ་ཆ་བཟང་ལ་རྟུལ་ཕོད་པ། །མཉམ་མེད་སྐྱབས་མཆོད་རིན་ཆེན་
གསུམ་ལ་བདག་སྐྱབས་མཆི། །ཤིན་ཏུ་ངོ་མཚར་དེ་ཉིད་སྙིང་པོས་ཀུན་ཁྱབ་ཀྱང་། །མ་རྟོགས་སྡུག་བསྔལ་རྣམ་མང་སྐྱོན་གྱིས་གཟིངས་པ་ཡི། །མགོན་མེད་གཉིས་ཚོགས་འགྲོ་བ་ནམ་མཁའ་མཉམ་པའི་ཕྱིར། །ས་གསུམ་དབང་ཕྱུག་རྡོ་རྗེའི་སྐུ་གསུང་ཐུགས་ཐོབ་བགྱི། །རྡོ་རྗེ་
འཁོར་ལོ་པདྨ་ལས་ཀྱི་རིགས། །ཇི་བཞིན་ཇི་སྙེད་དམ་ཚིག་སྡོམ་པ་མ་ལུས་གཟུང་། །གང་ཞིག་སྔོན་ཆད་མ་སྨིན་མ་སྒྲོལ་མ་བསྒྲལ་བ། །དེ་དག་སྨིན་ཅིང་མྱུར་གྲོལ་བསྒྲལ་ཕྱིར་བདག་གིས་འབད། །ཉི་ཟླའི་སྦྱོར་བས་མུན་པ་ཟད་འགྱུར་གྲོང་མཆོག་ལམ། །བདུད་རྩི་སྒྲོན་མ་ཆུ་གཏེར་
ཡིད་འོང་རིན་པོ་ཆེ། །རྡུལ་མེད་རྡུལ་བྲལ་ཡེ་ཤེས་དབང་ཕྱུག་ཕྱག་རྒྱ་ཆེ། །བདེ་ཆེན་འོད་གསལ་མི་རྟོག་འཕྲུལ་པ་ཐོབ་པར་ཤོག །དེ་རྗེས་གཞན་ཡང་སྣ་ཚོགས་མཆོད་བྱས་བསྟོད་སྤྲིན་རྒྱ་མཚོ་རབ་བསྟོད་དེ། །དཀྱིལ་འཁོར་གཙོ་བོར་དབང་བསྐུར་ཕྱིར་ནི་གསོལ་བཏབ་རྩེ་གཅིག་ཡིད་
ཀྱིས་འདུག །དེ་ནས་དེས་སྤྲུལ་སྙིང་ག་ལས་འོངས་བདེ་གཤེགས་ལྔ་བདག་ལྷ་མོ་ལྔས། །རྣམ་དག་ཡེ་ཤེས་བདུད་རྩིའི་རྒྱུན་ཕབ་བདག་ལུས་ངག་ཡིད་དག་པར་བྱ། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པར་འཇོམས་དང་རྣམ་མཚན་བྲལ། །དགའ་དང་མཆོག་དགའ་དགའ་
བྲལ་དང་། །ལྷན་ཅིག་སྐྱེས་དགའི་མཚན་ཉིད་དོ། །དགོད་དང་འཕྲད་འཁྱུད་འཁྲིག་པ་དག །རྣམ་པར་དག་ཕྱིར་བུམ་པ་དང་། །གསང་དབང་ཤེས་རབ་བདེ་བ་ཆེ། །དབང་བཞིར་རྒྱལ་པོ་ཐོབ་པར་འགྱུར། །ཐ་མའི་ཐིགས་པས་རིགས་འཇོག་པ། །གཙོ་བོ་མི་བསྐྱོད་རྡོ་རྗེས་མཚན། །
རྡོ་རྗེ་འཁོར་ལོ་ལ་སོགས་བཞི། །འཁོར་ལོ་ལ་སོགས་བཞི་ཉིད་དོ། །གཏི་མུག་རྡོ་རྗེ་སོགས་བཞི་ཡང་། །འཁོར་ལོ་ལ་སོགས་རིམ་བཞིན་ཏེ། །སྦྱོར་བའི་རྡོ་རྗེ་མ་ལ་སོགས། །མཚམས་བཞིར་བདག་པོའི་རྒྱ་ཉིད་དམ། །ཡང་ན་འཁོར་ལོ་སོགས་རིམ་ཉིད། །དེ་བཞིན་གཟུགས་མཛེས་རྡོ་རྗེ་

སོགས། །འཁོར་ལོ་ལ་སོགས་རིམ་བཞིན་ཏེ། །ཕྱོགས་བཞིར་རེག་བྱ་རྡོ་རྗེ་སོགས། །གྲངས་བཞིན་རིགས་བཞིན་ཉིད་དང་ནི། །གཙོ་བོའམ་རིམ་དེ་ཉིད་བཞིན་བརྟག །དེ་ནས་མདུན་གྱི་ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་དེ་ཉིད་ཆེར་དགུག་པ་དང་། གཞུག་པ་དང་།
བཅིང་བ་དང་། མཉེས་པར་བྱ་བའི་ཕྱག་རྒྱ་དང་། སྔགས་ཀྱིས་རང་གི་དམ་ཚིག་ལ་མངོན་པར་གཞུག་པར་བྱའོ། །རྡོ་རྗེ་ཐལ་སྦྱར་མཛུབ་གཉིས་བཀུག །རྡོ་རྗེ་བསྡམས་པ་ཉིད་དང་ནི། །དེ་བཞིན་མཐེ་བོང་གཉིས་ནང་བཅུག །སླར་ཡང་གར་བསྐོར་འདི་ཡི་རྒྱ། །ཛཿཧཱུྃ་བཾ་ཧོཿདེ་ལྟར་དཔལ་ལྡན་
དམ་ཚིག་ཆེ་བཀོད་ཡེ་ཤེས་མཐུ་ལྡན་རོ་གཅིག་གིས། །སྒྲུབ་པོ་མཁས་རྣམས་ང་རྒྱལ་བརྟན་གནས་དངོས་གྲུབ་མཆོག་ཕྱིར་སླར་ཡང་ནི། །གསང་སྔགས་རྒྱལ་པོ་དོན་ཀུན་སྒྲུབ་བྱེད་ཉི་ཤུ་དྲུག་བཅས་མགལ་མེའི་ཚུལ། །དེ་བཞིན་གང་ཡང་སྔགས་རིགས་གཞན་བཟླས་རང་རང་དབུས་
གནས་འོད་འཕྲོ་བའོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷ་རྨཱ་ཡོ་ག་ཤུདྡྷོ྅་ཧཾ། དཔལ་ཆེན་དཔལ་མོ་ཆེན་གཉིས་ཐུགས། །འདམ་སྐྱེས་དམར་དབུས་ཧཱུཾ་དང་བཾ། །ཁ་དོག་སྔོན་པོ་དམར་བསམས་ལ། །དེ་མཐའ་ཉིད་གཉིས་སྔགས་ཀྱིས་བསྐོར། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏོ་གརྦྷེ་བཛྲ་ཏ་ཏྭ་ཛྙཱ་ན་
ཛཱ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏོ་མཱ་ཏྲི་བཛྲ་ཏ་ཏྭཱ་པ་ཡ་སྥ་ར་ཎ་བཾ་ཧཱུྃ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྔགས་སོ། །ཨོཾ་ཨཱཿབཛྲ་ཛྙཱ་ན་ཧཱུྃ་ཕཊ། ཨོཾ་ཨཱཿབཛྲོ་པ་ཡ་ཧཱུྃ་ཕཊ། བཅོམ་ལྡན་འདས་ཡབ་ཡུམ་གྱི་ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿབཛྲ་ཙཀྲ་ཨ་ཧཱུྃ།
ཨོཾ་ཨཱཿབཛྲ་རཏྣ་ཨེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པདྨ་ཨུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བི་ཤྭ་ཨེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་མོ་ཧ་ཨཱ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བ་ར་ན་ཨཱི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་རཱ་ག་ཨཱུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྭེ་ཥ་ཨཻ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སྠི་ར་ཨོ་ཧཱུྃ་ཕཊ་
སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཡོ་ག་ཨཽ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཛྭ་ལ་ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བ་ལ་ཨཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་རཱུ་པ་ནི་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཤབྡ་ཅ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གནྡྷ་ཊ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ར་ས་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་

སྤཪྵ་པ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷརྨ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཀྵེ་ཏྲ་ཤ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀ་ཀྵ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤ་རྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པཱ་ཤ་རཱྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བནྡྷ་ལྀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གྷཎྜ་ལཱྀ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་ཉི་ཤུ་རྩ་
བཞིའི་སྙིང་པོའི་སྔགས་སོ། །ཡི་གེ་རེ་རེ་འབུམ་ཕྲག་གང་ཡིན་ཡབ་ཡུམ་མཉེས་བྱེད་ཡིན་བཤད་གཞན། །པདྨ་དང་ནི་འཁོར་ལོའི་ལྷ་དང་ཁྱམས་བཅས་གོ་རིམས་བཞིན། །འབུམ་ཕྲག་གསུམ་དང་གཉིས་དང་གཅིག་བཟླས་མངོན་སུམ་གཞལ་ཡས་ཁང་། །མཐོང་བའམ་རྨི་
ལམ་བརྟན་དང་གསལ་སྣང་མཆོག་ཐོབ་ཏིང་འཛིན་མཐུ་གྲུབ་བརྟན་པའི་ལྟས། །དམིགས་པས་དུབ་པར་གྱུར་པ་དང་། །རྩེ་གཅིག་བསམ་གཏན་གོ་འཕང་གཉེར། །རིམ་པ་གཞན་ཡང་གོམས་འདོད་པས། །དེ་ནས་རྣམ་པར་མི་རྟོག་བསྒོམ། །སྤྱི་ཡི་སྙིང་ག་ལྟེ་བར་ནི། །ཟླ་
བ་པདྨ་ཉི་སྟེང་དུ། །ཧཾ་དང་ཧཱུཾ་དང་ཨཾ་ཞེས་ཀྱི། །ཡི་གེ་བདེ་གསལ་མི་རྟོག་རྒྱུ། །སྣོད་བཅུད་རླུང་རྒྱུན་བརྟན་གཡོ་མཁའ། །ཉི་མ་ཟླ་བ་སྒྲ་གཅན་འཛིན། །རྨི་ལམ་ནམ་མཁའི་སྦྱོར་བ་ཡིས། །བློ་ཆེན་རྣམ་འབྱོར་བསྒྲུབ་པར་བྱ། །སྤྲོ་དང་སྡུད་དང་གཟུང་བ་དང་། །དམིགས་
བྲལ་དང་ནི་རྣམ་པར་དག །སྣ་ཚོགས་མངོན་པར་སྤྲུལ་པ་ནི། །རིམ་སོགས་བླ་མ་རྒྱས་པར་འཆད། །ཐུན་མཚམས་རྟག་ཏུ་བཏོར་མ་སྔོན་འགྲོ་ཇི་སྙེད་འབྱོར་པའི་ཚོགས་འཁོར་ལོས། །ལེགས་མཆོད་ཐལ་སྦྱར་དངོས་གྲུབ་གསོལ་བཏབ་དམ་ཚིག་མ་གྱུར་ཀུན་བཟོད་གསོལ། །
དེ་རྗེས་མདུད་པས་རྡོ་རྗེའི་གར་བསྐོར་སེ་གོལ་བརྡབས་པས་ཡེ་ཤེས་ཀྱི། །དཀྱིལ་འཁོར་མཁར་བསྐྱོད་ཤིན་ཏུ་ལེགས་ཞེས་དབུགས་ཕྱུང་མི་སྣང་གྱུར་པར་བསམ། །དེ་ལྟར་སྔགས་པ་བློ་གྲོས་ཅན་བརྟུལ་ཞུགས་ཟབ་མོ་སྤྱོད་པར་ནུས་པས་ཇི་སྐད་བཤད་པའི་ཆོ་ག་འདི་དག་ཉིན་
རེ་བཞིན་ཐུན་གསུམ་གསུམ་བསྙེན་པར་བྱེད་ཅིང་། བླ་མ་དང་ལྷག་པའི་ལྷ་ལ་མངོན་པར་དད་པ་རྒྱུན་མི་འཆད་པས་སྦྱོར་བར་བྱེད་ན། དེས་ཅི་ནས་ཀྱང་ཟླ་བ་བདུན་ལས་མི་རིང་བར་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་མཚན་མ་གདོན་མི་ཟ་བར་མཐོང་བར་

འགྱུར་ཏེ། འདི་ལ་ཐེ་ཚོམ་མི་བྱའོ། །ཇི་སྙེད་འདོད་པའི་དངོས་གྲུབ་དང་ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་དང་ཡེ་ཤེས་དང་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ཡང་མངོན་དུ་འགྱུར་རོ། །སྦྱིན་བདག་དང་སློབ་མའི་ཚོགས་དང་། རྒྱལ་པོ་དང་།
བྲམ་ཟེ་ལ་སོགས་པ་ཐམས་ཅད་ཀྱི་རྗེ་དཔོན་ཐོབ་པར་འགྱུར་ཞིང་། སྐྱེ་བོ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་འགྱུར་ཏེ། མདོར་ན་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ན་སྟོན་པ་ལྟ་བུར་བལྟ་བར་བྱའོ། །དཔལ་ལྡན་བླ་མེད་རྒྱུད་རྒྱལ་དེ་ཉིད་རྒྱལ་བ་
རྣམས་ཀྱི་སྐུ་གསུང་ཐུགས་མཛད་མ་ལུས་པ་ཡི་གཏེར་གང་ཡིན། །སྔགས་འཆང་ཉིད་ཀྱི་ཤིན་ཏུ་བཀའ་བསྒོས་རྡོ་རྗེ་ཅན་དང་ཐོད་ཕྲེང་ཞེས་བྱ་མཁའ་འགྲོ་གཉིས་ཀྱིས་རིམ་གསུམ་རྒྱས་བཏབ་སྦས་པ་ནི། མགོན་པོ་དེ་ཉིད་མཐོང་བའི་བློ་མངའ་སྤྱན་གསུམ་ལྡན་པས་གློ་བུར་ཁ་ཕྱེ་ཁྲག་འཐུང་
དཀྱིལ་འཁོར་ལས་བྱུང་བ། །སྤྲོས་མེད་རལ་པ་གཅིག་འཆང་ཇི་བཞིན་སྒྲུབ་ཐབས་བདག་གི་བླ་མ་མཆོག་གི་སྒྲོན་མེ་ལ་བརྟེན་མཐོང་། །གནས་འདིར་འབད་བྱས་པ་ལས་རྙེད་པ་ཡི། །དགེ་བ་དྲི་མེད་བདག་ལ་གང་ཞིག་ཡོད། །དེ་མྱུར་འགྲོ་འདིར་རལ་པ་གཅིག་མཆོག་གི། །
གོ་འཕང་ཉི་ཤུ་ལྔ་ཡི་བདག་ཉིད་ཤོག །དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡ་
དང་། དེ་ཉིད་ཀྱི་ཞབས་ཀྱི་པདྨོའི་རྡུལ་ལ་སྤྱི་བོས་རེག་ཅིང་གསུང་གི་བདུད་རྩིའི་རོ་མྱང་བ། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛ་ཊཱི་བྷ་ག་ཝཱན་སཱ་དྷ་ནཾ། བོད་སྐད་དུ། དཔལ་
བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། རྗེ་བཙུན་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཚོགས་བསགས་པ་སྔོན་དུ་འགྲོ་བས་པདྨ་དང་། ཀ་པཱ་ལ་དང་། རོའི་གདན་བལྟས་ལ་དེའི་སྟེང་དུ་ཧཱུྃ་དང་བཾ་ལས་ཡབ་དང་ཡུམ་རལ་པ་

གཅིག་འཕྱང་བའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །ཤར་དང་། ལྷོ་དང་ནུབ་དང་། བྱང་གི་པདྨའི་འདབ་མ་དག་ལ་ནི་རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་སྣ་ཚོགས་རྣམས་བསམ་མོ། །བྱང་ཤར་ལ་སོགས་པའི་མཚམས་བཞིར་ནི་བདུད་རྩི་ཀ་པཱ་ལ་དག་
གོ། །དེའི་ཕྱི་རོལ་དུ་ཁྱམས་ཀྱི་ཕྱོགས་བཞིར་གཏི་མུག་རྡོ་རྗེ་མ་དཀར་མོ་སྒྲོན་མ་ཐོགས་པ་དང་། བག་ཆགས་རྡོ་རྗེ་མ་སེར་མོ་རྡོ་རྗེ་ཐོགས་པ་དང་། འདོད་ཆགས་རྡོ་རྗེ་མ་དམར་མོ་ཞགས་པ་ཐོགས་པ་དང་། ཞེ་སྡང་རྡོ་རྗེ་མ་ལྗང་གུ་རལ་གྲི་ཐོགས་པ་རྣམས་བསྒོམ་མོ། །ཁྱམས་
<གྱི་‚ཀྱི་>གྲྭ་བཞིར་ནི་བྱང་ཤར་ནས་བརྩམས་ཏེ་བརྟན་པའི་རྡོ་རྗེ་མ་སེར་མོ་རི་རབ་ཐོགས་པ་དང་། སྦྱོར་བའི་རྡོ་རྗེ་མ་དཀར་མོ་ཟླ་བ་ཐོགས་པ་དང་། འབར་བའི་རྡོ་རྗེ་མ་དམར་མོ་ཉི་མ་ཐོགས་པ་དང་། སྟོབས་ཀྱི་རྡོ་རྗེ་མ་ལྗང་གུ་བ་དན་ཐོགས་པ་རྣམས་དགོད་དོ། །བརྒྱད་པོ་འདི་དག་ནི་པདྨ་དང་
རོའི་གདན་ལ་རྣམ་པར་དགོད་པ་ཡིན་ནོ། །དེ་བཞིན་དུ་ཤར་དང་། ལྷོ་དང་ནུབ་དང་། བྱང་གི་སྒོ་བཞིར་ཡང་གོ་རིམས་ལྟར་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པ་རྣམས་དཀར་བ་དང་། སེར་བ་དང་། དམར་བ་དང་། ལྗང་གུའི་མདོག་ཅན་རྣམས་
བསྒོམ་པར་བྱའོ། །ཇི་ལྟར་དམ་ཚིག་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་གཞུག་པ་ཉིད། གསང་སྔགས་བཟླས་ཤིང་བསྒོམ་པ་དང་། །རྫོགས་པའི་རིམ་སོགས་ཆོ་ག་བཞིན། །དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་མན་ངག་ཁུངས་ཕྱུང་བ། སློབ་དཔོན་ཆེན་པོ་མི་ཕམ་
སྦས་པས་བསྡུས་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་མི་ཏྲ་དང་། གནུབས་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝཱན་ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་
ཐབས། རྗེ་བཙུན་རལ་པ་གཅིག་མ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གསང་བའི་རྟོག་པ་ལས། །རྣལ་འབྱོར་པ་ལ་ཕན་བྱེད་པ། །བླ་མའི་དྲིན་ཐོབ་དགའ་བའི་མཐུས། །རལ་པ་གཅིག་འཕྱང་སྒྲུབ་ཐབས་བྲི། །རབ་ཏུ་བསྔགས་པའི་གནས་སུ་ནི། །བློ་མཆོག་སྒྲུབ་པ་པོ་

ཡིད་ཐུལ། །དམ་ཚིག་ཚ་དང་རབ་ལྡན་པས། །དང་པོ་སྟོང་ཉིད་བསྒོམས་པར་བྱ། །ཨོཾ་སྭཱ་བྷཱ་བཤུདྡྷཿསརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོ྅ཧཾ། དེ་རྗེས་འཁོར་ལོ་བཅིང་བྱས་ལ། །སྣ་ཚོགས་པད་སྟེང་ཉི་ཟླ་དང་། །ཐོད་པ་དང་བཅས་དབུགས་བྲལ་ལ། །ཧཱུྃ་ཡིག་འབར་བ་བསམ་
པར་བྱའོ། །ཧཱུྃ་བཾ་མ་ཨ་ཀྵཾ་དོན་གཉིས་མཛད་དེ་ཡོངས་གྱུར་པས། །རྡོ་རྗེས་མཚན་པའི་གྲི་གུག་ཅན། །རྡོ་རྗེའི་འོད་ཀྱིས་རྣམ་བརྒྱན་པ། །ཡེ་ཤེས་སྐུ་མཆོག་བསྒོམ་པའོ། །ཨོཾ་ཨཱཿཧཱུྃ་བརྐྱང་བསྐུམ་ཞབས་གཉིས་སྟབས་མཛད་ཅིང་། །ཞལ་གསུམ་ཕྱག་བཞི་འགྱིང་བག་ཅན། །རྡོ་རྗེ་
དང་ནི་ཐོད་ཁྲག་འཛིན། །རལ་གྲི་ཨུཏྤལ་གཡས་དང་གཡོན། །ནམ་མཁའི་མདོག་ཅན་ཞི་ཞིང་ཁྲོ། །དམར་སེར་རལ་པ་གཅིག་འཕྱང་མ། །མི་ཐུང་གཟུགས་ཅན་བཞད་མོ་ཆེ། །རྡོ་རྗེ་རིན་ཆེན་རུས་པས་བརྒྱན། །སངས་རྒྱས་ལྔ་ཡིས་དབུ་བརྒྱན་ཅིང་། །དུས་གསུམ་སངས་རྒྱས་
རྟགས་འཆང་མ། །གར་གྱི་ཉམས་དགུས་དགྱེས་བཞུགས་ཉིད། །ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་པའོ། །སྐུ་གསུང་ཐུགས་ཀྱི་དག་པ་ཡིས། །རྡོ་རྗེའི་ཕྱག་རྒྱ་བརྟན་བྱས་ལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །རྡོ་རྗེ་དྲིལ་བུའི་རིགས་པས་སྦྱང་། །དེ་རྗེས་མཆོད་སོགས་སྔོན་འགྲོ་བས། །
སྙིང་རྗེ་ཆེན་པོ་མདུན་བཞག་སྟེ། །ས་གསུམ་རྣམ་པར་སྦྱང་བ་ཡི། །རིག་སྔགས་རྒྱལ་པོ་བཟླས་པར་བྱ། །ཧྲཱིཾ་ཏྲིཾ་ཧཱུྃ་ཕཊ། ཏིང་འཛིན་ཚོགས་པ་ཚང་བ་ཡི། །སྒྲུབ་པ་པོ་ནི་རབ་དང་ལྡན། །བླ་མ་མཉེས་བྱེད་རྣལ་འབྱོར་བརྩོན། །འབུམ་ཕྲག་བཞི་ཡིས་དངོས་གྲུབ་བྱེད། །སྡིག་
པ་ཐམས་ཅད་འཇིག་བྱེད་ཅིང་། །དོན་ཀུན་སྒྲུབ་བྱེད་གསང་སྔགས་འདི། །དེ་རྗེས་ལུས་ཅན་སྙིང་བརྩེ་བས། །གཙོ་བོ་ཉེ་བར་བྱ་ཕྱིར་བཟླས། །ཨོཾ་ཨཱཿཧཱུྃ་བཛྲོད་བྷ་བ་ཀ་ར་ཛྙཱ་ན་པྲ་ཏིཥྛ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་ཐུགས་རྗེ་བ། །གསང་སྔགས་རྒྱལ་པོ་རྡོ་རྗེ་ཅན། །རལ་
པ་གཅིག་མཆོག་དཔལ་ལྡན་མ། །དེ་མཉེས་མན་ངག་འདི་ཡིན་ནོ། །དཔལ་བཅོམ་ལྡན་འདས་རལ་པ་གཅིག་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རོལ་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་མ་ཧཱ་ཤྲཱི་ཛཱ་ག་ཏ་མི་ཏྲ་ཨཱ་ནནྡ་རཱ་ཛ་དང་། གནུབས་

ལོ་ཙ་བ་མཻ་ཏྲི་ཤྲཱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛ་ཊཱི་བྷ་ག་ཝཱན་སཱ་དྷ་ན། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། བཅོམ་ལྡན་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །དངོས་གསུམ་བདག་ཉིད་རྣམ་
གསུམ་པོ། །དེ་དག་དངོས་མེད་དངོས་བྲལ་བ། །མཁའ་འདྲ་དབང་པོ་གཞུ་འདྲ་བ། །འབར་བའི་སྐུ་གསུང་ཐུགས་རྟག་འདུད། །དེ་ཞལ་དེ་ཡི་བཀའ་དྲིན་གྱིས། །མཐོང་ཐོས་བྱིན་གྱིས་བརླབས་པའི་རྒྱུས། །རྒྱ་མཚོ་ཆེ་ལས་མར་བཞིན་དུ། །དད་ལྡན་རྣམས་ལ་བསྡུས་ཏེ་བསྟན། །
དེ་ལ་རེ་ཞིག་སྔགས་པས་ཕུན་སུམ་ཚོགས་པའི་གནས་སུ་འདུག་སྟེ། ཇི་སྐད་འབྱུང་བའི་ལེགས་པར་སྤྱད་པ་རྣམས་ཀྱིས་ལུས་དང་ངག་དང་ཡིད་བསྲུང་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ལ་ལུས་དང་སེམས་རབ་ཏུ་སྦྱངས་པ་ལས་ངང་གིས་
འབྱུང་བའི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ནི། སྣ་ཚོགས་པདྨ་མཛེས་པའི་དབུས། །མཚན་ལྡན་ཀ་པཱ་ལ་ཡི་ནང་། །རོལ་པའི་བདུད་རྩིས་རབ་གང་ལ། །མི་རོ་ཡིས་ནི་ཁ་བརྒྱན་པའོ། །དེ་སྟེང་གྲི་གུག་ཐོད་པ་དག །ཤེས་རབ་ཐབས་ཀྱི་བདག་ཉིད་བསམ། །སངས་
རྒྱས་ལ་སོགས་མཆོད་ཚོགས་དང་། །མ་ལུས་འགྲོ་བའི་དོན་བསྒྲུབས་པའོ། །འོད་ཕྲེང་དཀར་པོ་འདུས་པ་ལས། །ཆོས་ཀུན་རོ་གཅིག་ཡེ་ཤེས་དངོས། །ཡེ་ཤེས་སྙིང་པོ་ཧཱུྃ་ཡིག་བསམ། །དེ་བཞིན་དེ་ལས་རྡོ་རྗེར་གྱུར། །དེ་བཞིན་དེ་གྱུར་དཔལ་ཆེན་པོ། །བཅོམ་ལྡན་རལ་
པ་གཅིག་མཆོག་བསྒྲུབ། །དམར་མོ་གཞོན་ནུ་སྒེག་མོ་དཔལ། །རལ་གཅིག་མ་ནི་མདུན་དུའོ། །ནམ་མཁའི་མདོག་ཅན་ཞི་ཞིང་ཁྲོ། །སྣ་ཚོགས་རྒྱན་གྱིས་མཛེས་པར་སྤུད། །གྲི་གུག་ཐོད་ཁྲག་ཕྱག་གཉིས་ཀྱིས། །དམ་པར་འཁྱུད་པས་བདེ་ཆེན་འཆང་། །རལ་གྲི་ཨུཏྤལ་
གཡས་དང་གཡོན། །རྣམ་བཞི་ཡུམ་ཡང་དེ་བཞིན་ནོ། །གཡས་བརྐྱང་གཡོན་བསྐུམ་ལྷ་མོ་དང་། །དབང་ཕྱུག་འཇིགས་པ་མནན་པར་བལྟ། །དེ་ཡི་ཐུགས་ཀར་པད་དབུས་སུ། །རང་རིག་རྒྱལ་པོ་ཧཱུྃ་ཡིག་གོ། །སྙིང་པོ་གསང་བའི་སྔགས་འབྲུ་བཞི། །ཟླ་བ་སྐར་མའི་ཕྲེང་བ་བཞིན། །

ཧྲཱིཾ་ཏྲིཾ་ཧཱུྃ་ཕཊ། དེ་ནས་ཚད་མེད་རྣམ་བཞི་ཡི། །མི་ཟད་ཡིད་ཀྱི་རླུང་བསྐྱོད་པས། །འོད་ཟེར་མེ་ལྕེ་ལྟར་འབར་གྱུར། །དོན་གཉིས་དོན་གསུམ་བསྒྲུབས་ནས་ནི། །བཟླས་པའི་འཁོར་ལོ་འཁོར་ལོ་བཞིན། །ས་གསུམ་ཡི་གེ་གསུམ་གྱི་འོད། །ས་གསུམ་འཁོར་ལོ་གསུམ་
དངོས་ཏེ། །དངོས་གསུམ་དག་པ་གསུམ་དུ་འདོད། །བདེ་གསལ་རྣམ་པར་མི་རྟོག་དང་། །གདོད་ནས་དེ་བཞིན་ཉིད་རྫོགས་བསྒོམ། །དེ་ནས་གཏོར་མ་སྦྱིན་པ་ནི། །ཆོ་ག་སེམས་བསྐྱེད་སྔོན་བཏང་ནས། །རང་ཉིད་ལྷ་མྱུར་བསྐྱེད་ནས་ནི། །ཆོ་ག་རྣམ་གསུམ་ཕྱག་རྒྱར་བཅས། །
དཔའ་ཆེན་རང་ཉིད་ལྷར་དྲན་ལས། །མཆོད་རྫས་བདུད་རྩི་མཆོག་གྱུར་པར། །བསམ་བྱས་སྙིང་གི་འོད་ཟེར་གྱིས། །དགུག་པའི་འགྲོན་རྣམས་ཚིམ་པར་བྱ། །ཨོཾ་ཨཱཿཧཱུྃ་ཧྲཱིཾ་ཏྲིཾ་ཧཱུྃ་བྱིན་གྱིས་བརླབ་པའོ། །ཨོཾ་ཨཱཿརཏྣ་གུ་རུ་ཤྲཱི་བྷ་ག་ཝཱན་ཨེ་ཀ་ཛ་ཊཱི་སརྦ་ཨཥྚ་དེ་བ་ཏཱ་སརྦ་དྷརྨ་བ་ལིཾ་ཏ་ཁ་ཁ་
ཁཱ་ཧི་ཁཱ་ཧི། མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཉེ་བར་སྦྱིན་པའོ། །མ་ལུས་ལྷ་སྐུ་གསང་སྔགས་དང་། །ཏིང་འཛིན་གང་ཞིག་གང་གིས་ནི། །གང་དུ་ཇི་ལྟར་བསྒོམ་པ་ཉིད། །ཀུན་རྫོབ་དོན་དམ་མཚན་ཉིད་ཀྱིས། །རྨི་ལམ་ནམ་མཁའ་དཔེ་ཡིས་ནི། །མཁས་པས་ཆོས་རྣམ་རྟོགས་པར་
འགྱུར། །བློ་སྒྲ་དཔེ་ཞེས་བྱ་བ་ཡིས། །བསམ་བརྗོད་མཚོན་པར་མི་ནུས་པ། །སོ་སོ་རང་རིག་འོད་གསལ་ཡུལ། །གང་དེ་ནམ་མཁའི་མཚན་ཉིད་དོ། །ཇི་སྲིད་སྣ་ཚོགས་སྐུ་གསུང་ཐུགས། །འདི་དག་སྣང་བ་རང་སྣང་བ། །བདེན་བརྫུན་གཉིས་དང་གཉིས་མིན་ཚུལ། །རྨི་ལམ་
གྱི་ནི་གྲོང་སོགས་བཞིན། །དཔལ་ལྡན་ཤར་ཕྱོགས་རིག་འབྱུང་གནས། །ག་ཨུ་ར་ཡི་བྲམ་ཟེའི་གྲོང་། །མཉམ་མེད་ཚངས་དབང་གཙུག་ལག་ཏུ། །གྲོགས་པོའི་མིང་དོན་ལྡན་བསྐུལ་ནས། །རྗེས་འཛིན་འགྲོ་བའི་དོན་དུ་བྱས། །དགེ་བས་རྡོ་རྗེ་འཛིན་ཐོབ་ཤོག །རྒྱ་གར་གྱི་
སློབ་དཔོན་ཆེན་པོ་ཤྲཱི་བཛྲ་ཀཱིརྟིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། །དཔལ་རལ་གཅིག་མའི་སྒྲུབ་ཐབས། ཇོ་མོ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །དྲན་པ་ཙམ་གྱིས་སེམས་ཅན་རྣམས། །

ཡོ་བྱད་འཕེལ་ཞིང་བར་ཆད་ཞི། །དགྲ་རྣམས་འདུལ་ཞིང་བྱང་ཆུབ་ཉེ། །རལ་གཅིག་མ་ལ་ཕྱག་འཚལ་ལོ། །སེམས་ཅན་ཉོན་མོངས་བསོད་ནམས་ཆུང་། །འཁོར་བར་ཡུན་རིང་གནས་པ་ལ། །མཆོག་དང་ཐུན་མོང་ཐོབ་བྱའི་ཕྱིར། །ཇོ་མོའི་སྒྲུབ་ཐབས་
བརྩམ་པར་བྱ། །དུར་ཁྲོད་ལ་སོགས་ཉམ་ང་བར། །མི་རོའི་སྟན་ལ་རབ་འདུག་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དངོས་སམ་ཡང་ན་ཡིད་ཀྱིས་ཀྱང་། །ཡན་ལག་བདུན་ནམ་རྣམ་བཞི་སྒོམ། །སྟོང་པའི་ངང་ལས་པདྨའི་གདན། །རོ་དང་ཉི་མ་ཟླ་བ་ལ། །སྐད་ཅིག་
དྲན་པ་ཙམ་གྱིས་ཀྱང་། །དཔལ་ལྡན་ཆེན་མོ་སྐུ་མདོག་གནག །ཞལ་གཅིག་མ་ལ་ཕྱག་བཞི་པ། །གཡས་གཉིས་རལ་གྲི་གྲི་ག