Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 9 / 23 (50.000 ký tự/trang)
གྱིས་དགེ་བའི་བཤེས་གཉེན་དང་ཕྲད་ལ། དེས་གོ་རིམས་བསྟན་
པའི་ཕྱིར་ཐེག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་བཞི་པོ་ཡོད་པར་ནི་མ་ཡིན་ཏེ། གཅིག་ཉིད་ཁྱད་པར་དུ་བྱས་པའོ། །ཉོན་མོངས་པ་ལ་སོགས་པ་བག་ཆགས་ཀྱི་ས་བོན་མི་གནས་པར་སྟོན་ཏེ། ཉོན་མོངས་པ་ནི་ལྔའོ། །ཁམས་རྣམས་ཞེས་པ་ནི་བཅོ་བརྒྱད་དོ། །དག་པའི་
བདག་ཅེས་པ་ནི་རང་བཞིན་གྱིས་ལུས་སུ་གྱུར་པའོ། །ལས་ཀྱི་ཁམས་རྣམས་ཞེས་པ་ནི་གསུམ་སྟེ་ཟད་པར་བྱེད་པའོ། །ཆུའི་རྒྱ་མཚོ་ནི་འདོད་པ་དང་། སྲིད་པ་དང་། ལྟ་བ་དང་། མ་རིག་པའོ། །བརྒལ་བ་ནི་ཐར་པའོ། །དེ་ཡང་སྦྱོར་བ་ནི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བའོ། །སེམས་

དབེན་པ་ཐོབ་པའི་དགོན་པ་ལས་འབྲས་བུ་འབྱུང་བས་ན། ཐེག་པའི་བྱེ་བྲག་བླ་ན་མེད་པ་ལ་དགོས་པ་ཡོད་དོ། །བག་ཆགས་དང་རྗེས་སུ་མཐུན་པར་ས་བོན་བྲལ་བ་ནི་མ་རིག་པ་དང་། སྲེད་པ་དང་། ལེན་པ་ལ་ཉོན་མོངས་པ་ཞེས་བྱའོ། །སྲིད་པ་དང་། འདུ་བྱེད་ལ་ཉེ་བའི་ཉོན་མོངས་
པ་ཞེས་བྱའོ། །རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱ་སྟེ། གཏན་སྤངས་པ་ནི་དུག་སྔགས་ཀྱིས་བཏུལ་བས་དུག་ཏུ་མི་འགྱུར་བ་བཞིན་ནོ། །བདེ་བ་ཆེན་པོའི་ཐབས་ཁོ་ནར་གྱུར་པ་མ་
ཡིན་ཏེ། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། ཞེས་པས་ཟུང་དུ་འཇུག་པའོ། །དེས་ཇི་ལྟར་འགྱུར་བ་ནི། དོན་ཆེན་འགྲོ་བའི་དོན་བྱེད་པ། །ཞེས་སོ། །དེ་ཡང་འགོག་པའི་སྙོམས་པར་འཇུག་པའི་དོན་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དོན་དང་། གཟུགས་ཀྱི་ཁམས་ཀྱི་དོན་དང་།
གཟུགས་མེད་པའི་ཁམས་ཀྱི་དོན་སྤོང་བས་ན། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །ཞེས་པ་ནི་བཅོམ་ལྡན་འདས་སོ། །རྣམ་ཤེས་ནི་རྣམ་ཤེས་མཐའ་ཡས་ལ་སོགས་པ་སྟེ། གཟུགས་མེད་པའི་སྐྱེ་གནས་ཀྱི་དོན་ནི་འགོག་པར་བྱེད་པའོ། །གང་གི་དོན་བྱེད་པ་བསྟན་པའི་ཕྱིར། །སེམས་
ཅན་ཀུན་གྱི་ཡུལ་དང་ལྡན། །ཞེས་གསུངས་ཏེ། ཡིད་དང་མཐུན་པར་རོ། །དེས་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་ཐུགས་སེམས་ཅན་གྱི་རིགས་པར་ནུས་སོ། །དཔེ་ཉེ་བར་གྲུབ་པ་མ་ཡིན་ཏེ། སེམས་ཅན་ཀུན་གྱི་ཡིད་ལ་གདོད་མ་ནས་སངས་རྒྱས་ཀྱི་ཐུགས་གནས་པར་སེམས་
ཅན་དེ་དག་གི་སེམས་དག་དང་། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རང་བཞིན་གཅིག་པས་མཐུན་པར་འཇུག་པའོ། །གཞན་གྱི་དོན་གྱིས་འགྱུར་བ་མ་ཡིན་ཏེ། །སེམས་ཅན་གྱི་ཡིད་ཚིམ་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་སེམས་ཅན་ཀུན་གྱི་ཡིད་ཚིམ་པར་བྱེད་པ་སྟེ། རྣམ་རྟོག་ཟད་པར་བྱེད་པའོ། །དེ་ཙམ་
དུ་མ་ཟད་ཀྱི། སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པས་ལྷན་ཅིག་སྐྱེས་པ་ཐོབ་པའོ། །གཏན་ལ་ཕབ་པའི་ཡིད་མེད་པས་གྲུབ་པའི་མཐར་ཕྱིན་འཁྲུལ་པ་མེད་པའོ། །ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་པས། དོན་ཇི་ལྟ་བ་ལ་བློ་ཇི་ལྟ་བ་བཞིན་ཞུགས་པའོ། །དོན་གསུམ་ནི་འདས་པ་

དང་མ་འོངས་པ་དང་། ད་ལྟར་བྱུང་བ་གསུམ་དུའོ། །ཐེ་ཚོམ་མེད་པའི་བློ་ཞེས་པ་ནི་རྒྱུན་གཅིག་པར་རོ། །ཀུན་དོན་ནི་གཡོ་བ་དང་མི་གཡོ་བ་ཀུན་གྱི་དོན་མཛད་པའོ། །དེའི་འཐད་པ་ནི། ཡོན་ཏན་གསུམ་གྱི་བདག་ཅེས་བྱ་སྟེ། རྡུལ་མུན་པ་སྙིང་སྟོབས་གསུམ་ཡང་འགྲོ་བའི་དོན་དུ་བསྟན་པའོ། །ཉན་ཐོས་ལ་ཕུང་པོ་དང་དོན་
གསུམ་དུ་བདག་མེད་པར་སྟོན་པའོ། །ཐེག་པ་ཆེན་པོ་ལ། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པ་སྟེ། རྒྱུའི་དུས་སུ་དགེ་བའི་ཆོས་ཚོལ་བ་དང་ཐོས་པ་དང་བསམ་པ་དང་བསྒོམ་པ་ཐམས་ཅད་ཤེས་རབ་ཀྱིས་སོ་སོར་རིག་པས་སོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ་ནི་འབྲས་བུའི་དུས་
ན་ཟད་པའི་ཡེ་ཤེས་དང་། །མི་སྐྱེ་བའི་ཡེ་ཤེས་ཐོབ་པར་སྟོན་ཏོ། །རྒྱུ་འབྲས་རྗེས་སུ་མཐུན་ཏེ། ལྷན་ཅིག་སྐྱེས་པའི་རྐྱེན་ནི་དུ་མ་ཡིན་ལ། ཉེ་བར་ལེན་པའི་རྒྱུ་ནི་གཅིག་ཁོ་ནས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པས་རྒྱུ་འབྲས་རྗེས་སུ་མཐུན་པས་ཐམས་ཅད་གཅིག་པ་ཉིད་དོ། །ལུས་མི་འབྱུང་བ་མ་ཡིན་ཏེ།
ལུས་མེད་ཅེས་པས་རྣམ་པར་སྨིན་པའི་ལུས་མེད་ཅེས་ནི་ཆོས་ཀྱི་སྐུ་ཅན་ནོ། །ལུས་ཀྱི་མཆོག་ཅེས་པས་ཡེ་ཤེས་ཀྱི་ཕུང་པོ་ཅན་དུ་སྣང་བའོ། །དུ་མ་དང་སྣ་ཚོགས་འབྱུང་བ་ནི་ལུས་ཀྱི་མཐའ་རྟོགས་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པའོ། །ཇི་ལྟར་འགྱུར་བ་ནི་ནོར་བུ་རིན་ཆེན་ལྟར་རོ། །དགའ་བ་མ་
ཡིན་ཏེ། རིན་ཆེན་རྟོག་ཅེས་པས་ཁམས་གསུམ་གྱི་རྒྱལ་མཚན་ནི། །དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པའོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་བསྡུས་ཏེ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་རྟོགས་པ་དང་མཁྱེན་པ་དང་། མངོན་དུ་མཛད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་གསུམ་དང་། བླ་ན་
མེད་པའི་བདེ་བ་ཆེན་པོ་སྟེ། བྱ་བ་ནན་ཏན་དེ་བཞིན་དུ་འདིར་ཡང་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་རྟོགས་པར་བྱ་བ་དང་། ཐམས་ཅད་སེམས་ཀྱི་ཁྱད་པར་དུ་ཤེས་པར་བྱ་བ་དང་། འབད་པ་མེད་པ་རང་གི་ངང་གིས་འབྱུང་བ་ལ་མངོན་དུ་བྱུང་བ་ནི་བླ་ན་མེད་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཉིད་གསལ་བར་
བྱ་བའི་ཕྱིར། གསང་སྔགས་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཡེ་ཤེས་ཉིད་དང་། དེའི་རྣམ་འཕྲུལ་དང་། མ་རིག་པའི་རླུང་དང་། རླུང་བཅུ་དང་། ངག་དང་། ཡི་གེ་དང་། མིང་དང་། ཚོགས་རྣམས་ནི་བསམ་གྱིས་མི་ཁྱབ་པའི་གསང་སྔགས་འབྱུང་བས་སྐྱེ་གནས་སོ། །ཡི་གེ་མེད་ཅེས་པ་ནི་དེ་ཉིད་གདོད་མའི་

གནས་སུ་ཐིམ་པས་སྤྲོས་པ་ལས་འདས་པའོ། །དེ་ཉིད་མཚོན་པར་བྱེད་པ་ནི་ཡི་གེ་སྟེ། ཨོཾ་ཨཱཿཧཱུཾ་ངོ་། །དེ་ལ་གསང་སྔགས་ཆེན་པོ་ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རིགས་ཡིན་པའི་ཕྱིར་རོ། །དེ་ལས་རིགས་ལྔ་དང་། དྲུག་ཏུ་འགྱུར་ཞིང་གསང་སྔགས་ཀྱི་དོན་མཆོག་དང་ཐུན་མོང་གི་དངོས་
གྲུབ་དོན་ཀུན་སྐྱེད་པ་པོར་བྱེད་པ་ནི་བྱ་བ་ནན་ཏན་ནོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་རིགས་གཉིས་སུ་བསྡུ་བའི་ཕྱིར། ཐིག་ལེ་ཆེན་པོ་ཞེས་བྱ་སྟེ། ཨེ་ཝཾ། དེ་ཡང་བདེ་བ་ཆེན་པོའི་རིགས་གཅིག་ཏུ་བྱ་བའི་ཡི་གེ་མེད་ཅེས་བྱའོ། །དེ་ཉིད་ཡི་གེ་སྣ་ཚོགས་སུ་སྣང་བས་སྟོབས་པོ་ཆེ་ཞེས་བྱའོ། །དབྱངས་ཡིག་བཅུ་
གཉིས་སོ། །ཡི་གེ་ལྔ་སྟེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨའོ། །ཐིག་ལེ་རང་གི་ས་བོན་ཏེ། མུཾ་སེམས་ཀྱི་ངོ་བོའོ། །སྟོང་པ་ནི་རིག་པར་འཛིན་པ་མེད་པར་རོ། །ཡི་གེ་བརྒྱ་ཞེས་པ་ནི་ཕྱོགས་གཅིག་མཚོན་པ་ཙམ་དུ་ཟད་ཀྱི། རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དུ་ཡང་འགྱུར་ལ། ཡོན་ཏན་ཡང་དེ་སྙེད་དུ་འགྱུར་བ་སྟེ། དོན་སྔར་བཤད་པའི་ཡི་གེ་
དྲུག་གི་རང་བཞིན་དུ་བསྡུ་བར་བྱའོ། །རྣམ་པ་ཀུན་ལྡན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །རྣམ་པ་མེད་པ་དེ་ཉིད་གཟུགས་བརྙན་གྱི་རྣམ་པར་རོ། །བཅུ་དྲུག་གི་དབྱངས་ཡིག་གོ། །ཕྱེད་ནི་གྲོང་ཁྱེར་དཀྲུགས་པའོ། །གཉིས་པ་ནི་གླེང་གཞིའོ། །ཐིག་ལེ་ནི་རྡོ་རྗེ་འཆང་དང་མི་བསྐྱོད་པའོ། །འཆང་བ་ནི་དབུགས་དབྱུང་བའོ། །
ཡན་ལག་མེད་པ་ནི་ཕྱི་རོལ་གྱི་རྫས་དགག་པའོ། །རྩིས་ནི་བརྟགས་པའོ། །དེ་ལས་འདས་པ་ནི་བདེ་བ་ཆེན་པོའོ། །བསམ་གཏན་བཞི་ནི་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་དང་། དྲན་པ་སྟེ་དགའ་བ་ལ་སོགས་པ་ཉིད་དོ། །རྩེ་མོ་ཅན་ནི་རོ་གཅིག་པ་ཉིད་དོ། །འཇིག་རྟེན་པར་འགྱུར་བ་མ་ཡིན་ཏེ། བསམ་གཏན་
ཡན་ལག་ཀུན་ཤེས་ཤིང་། །ཞེས་པས་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་ནི་དང་པོའོ། །རྟོག་པ་དང་བཅས་དཔྱོད་པ་མེད་པའི་དགའ་བ་དང་། བདེ་བ་ནི་གཉིས་པའོ། །དགའ་བ་མེད་པའི་བཏང་སྙོམས་དང་། དྲན་པ་ཡང་དག་པར་བརྗོད་པ་ནི་གསུམ་པའོ། །སྡུག་བསྔལ་དང་། བདེ་བ་མེད་པ་བཏང་སྙོམས་ཀྱི་དྲན་པ་
ཡོངས་སུ་དག་པ་ནི་བཞི་པའོ། །མཁྱེན་པས་དོན་ཡོད་པ་ནི་ཏིང་ངེ་འཛིན་གྱི་རིགས་དུ་མ་དང་། གང་ཟག་གི་རྒྱུད་དུ་མ་རིག་པས་རྩེ་གཅིག་བསྒོམ་པའི་རིགས་ཀྱི་དབྱེ་བས་ཉན་ཐོས་ལ་སོགས་པའི་གཟུང་བའི་མཆོག་ལ་དབུགས་དབྱུང་གཉིས་ལྷག་པར་སྟོན་ཏེ། །ཏིང་འཛིན་ལུས་ཅན་ནི་གང་ཟག་གོ། །ལུས་ཀྱི་

མཆོག་ནི་ཆོས་སྐུའོ། །དེ་ཉིད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། ལོངས་སྤྱོད་རྫོགས་པ་ལ་སོགས་པར་སྣང་ངོ་། །ཐུན་མོང་འཕྲུལ་པ་ནི། དེ་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་སྟེ། ལྷའི་དབང་པོ་ནི་ཁྱབ་འཇུག་གོ། །ལྷའི་ལྷ་ནི་ཚངས་པའོ། །ལྷའི་བདག་པོ་ནི་བརྒྱ་བྱིན་ནོ། །ལྷ་མ་ཡིན་གྱི་བདག་པོ་ནི་རཱ་ཧུ་ལའོ། །
འཆི་མེད་དབང་པོ་ནི་ཉེ་དབང་ངོ་། །ལྷའི་བླ་མ་ནི་ཕུར་བུའོ། །འཇོམས་བྱེད་ནི་ཐགས་བཟངས་རིས་སོ། །གཉིས་པ་ནི་སྲིན་པོའི་བདག་པོའོ། །དབང་ཕྱུག་ནི་མ་ཧཱ་དེ་བ་སྟེ། བཅོམ་ལྡན་འདས་ལ་སོགས་པའི་རང་རང་གི་རྒྱལ་པོར་བསྟོད་པའོ། །དེ་བས་སེམས་ཅན་ཐམས་ཅད་སྲེད་པའི་དགོན་པ་ལས་རྒལ་བར་མཛད་
པ་ནི་སྟོན་པ་གཅིག་པུ་སྟེ། དེ་བས་ན་འགྲོ་བའི་བླ་མར་གྱུར་པའོ། །དེ་ལྟར་གྱུར་པར་བསྟན་པའི་ཕྱིར་འཇིག་རྟེན་ལ་སོགས་པའོ། །དགོངས་པ་ཇི་ལྟ་བུ་མངའ་བ་བསྟན་པའི་ཕྱིར། བྱམས་པའི་གོ་ཆས་ཆས་པ་སྟེ། །ཞེས་པ་ནི་ཕྱོགས་མེད་པའོ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་པ་ནི་སྡུག་བསྔལ་དང་བྲལ་བར་བྱེད་
པ་སྟེ་བསྲུང་བའོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པ་ནི་རྟགས་དང་དོན་ཏེ་ཤེས་རབ་དང་རིགས་པས་ནང་དང་། ཕྱིའི་སྒྲོ་འདོགས་མི་མངའ་བ་དང་ཁ་སྦྱོར་སྙོམས་པར་འཇུག་པའོ། །མི་ཤེས་པ་ནི་གཏི་མུག་གོ། །གཡུལ་ངོ་ནི་སེམས་དང་པོ་བསྐྱེད་པའི་དུས་སོ། །སེལ་བ་ནི་དག་པར་མཛད་པའོ། །
དཔའ་བོ་ནི་བཅོམ་ལྡན་འདས་སོ། །བདུད་ནི་བཞིའོ། །དགྲ་ནི་ལོག་པར་འདྲེན་པའོ། །བདུད་འདུལ་བ་ནི་བཏུལ་བ་སྟེ་རྡོ་རྗེ་གདན་ལའོ། །དེའི་མཐུ་ནི་བདུད་བཞི་ལ་སོགས་པའོ། །མཆོད་པའི་འོས་སུ་བསྟན་པའི་ཕྱིར། དེ་བས་ན། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་བྱ་སྟེ། ཁྱོད་ཉིད་ཐམས་
ཅད་དུ་འཁྲུལ་ཞིང་རིམ་གྱིས་དབང་པོའི་བྱེ་བྲག་དང་མཐུན་པར་བསྟན་པ་ཁྱོད་ཉིད་དུ་མ་གྱུར་པ་དང་། མི་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་འདི་དག་ལ་གཉིས་སྦྱར་ཏེ། རྟགས་ནི་གཞུང་ལྟར་རོ། །གཞན་པ་ཡང་མཆོད་འོས་ནི་ཐོས་པ་དང་དྲན་པ་མཐར་ཕྱིན་པའོ། །བསྟོད་འོས་ནི་རང་བཞིན་གཅིག་
ཏུ་རྟོགས་པའོ། །ཕྱག་གི་གནས་ནི་ཐམས་ཅད་ཀྱི་སྐྱེ་གནས་སུ་གྱུར་པས་སོ། །རྟག་ཏུ་རི་མོར་བྱ་བའི་འོས་ནི་ཐེག་པ་གསུམ་གྱི་རང་རང་གི་ལམ་རྒྱུད་ལ་སྦྱངས་པའོ། །བཀུར་འོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ལམ་དངོས་བསྟན་པའོ། །བརྗོད་པར་བྱ་བའི་མཆོག་ནི་ཐེག་པ་ཆེན་པོ་པ་རྣམས་

ཀྱི་སྟེ་རང་བཞིན་གྱིས་དོན་ཕུན་སུམ་ཚོགས་པ་སྣང་བས་སོ། །ཕྱག་བྱ་བའི་འོས་ནི་སྔགས་སྤྱོད་པ་རྣམས་ཀྱི་སྟེ་རང་རིག་སྟོན་པས་སོ། །བླ་མའི་རབ་ནི་དབང་ཐོབ་པ་རྣམས་ཀྱི་སྟེ། དེ་ཁོ་ན་ཉིད་མཐོང་བ་དང་། ཆོས་ཐམས་ཅད་བྱིན་གྱིས་བརླབས་པས་སོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཐུགས་སུ་ཆུད་པའི་
རྫུ་འཕྲུལ་གྱིས་འཇིག་རྟེན་ལ་སོགས་པའོ། །གསུམ་རིག་ནི་དུས་མཁྱེན་པ་དང་། མཆོད་པ་མཁྱེན་པ་དང་མཉམ་པའི་མཚན་ཉིད་མཁྱེན་པ་ཡིན་ལ། གཙང་མ་དག་པ་སྟེ། ཞེས་བྱ་བ་ནི་མི་སླུ་ཞིང་རིག་པ་ལ་ཐེ་ཚོམ་མི་མངའ་བའོ། །མངོན་ཤེས་དྲུག་ལྡན་ནི་ལྷའི་མིག་ལ་སོགས་པའོ། །རྗེས་དྲན་དྲུག་ནི་
སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཡི་དམ་དང་ཚིག་དྲན་པ་མངའ་བའོ། །བྱང་ཆུབ་སེམས་དཔའ་ནི་ཐེག་པ་གཞན་གྱི་ཡབ་ཏུ་གྱུར་པའོ། །སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཡང་ཡབ་ཏུ་གྱུར་པའོ། །རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །འཇིག་
རྟེན་འདས་པ་ལ་སོགས་པ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །མཇུག་བསྡུ་བར་བྱ་བའི་ཕྱིར། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་བྱ་བའི་དོན་ནི་འདིར། ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་བྱ་བའི་དོན་ཏེ། རིགས་ཕྱག་རྒྱ་བཞི་ནི་བསྐྱེད་པའི་རིམ་པའོ། །རྟགས་ཕྱག་
རྒྱ་བཞི་ནི་བྱིན་གྱིས་བརླབས་པའི་དུས་སུའོ། །དོན་ཕྱག་རྒྱ་བཞི་ནི་ལམ་གྱི་དུས་སུའོ། །ཉེས་མཆིས་གྱུར་པ་ལ་སོགས་བཟོད་པར་མཛོད། །ཤེས་རབ་ཡུལ་ནི་མཐའ་དང་བྲལ། །ཟབ་མོའི་དོན་ནི་གཞལ་དཀའ་བས། །གཞལ་བྱ་འཇལ་བྱེད་ཀྱིས་སྟོང་པའི། །
འགྲོ་ཀུན་སྙིང་པོ་ལེན་པར་ཤོག །སྔགས་པ་རྣལ་འབྱོར་ལ་མི་མཁས། །ཕལ་ཆེར་བག་མེད་ལམ་འགྲོ་ལ། །སྙིང་པོ་མངོན་རྟོགས་འདི་བརྗོད་པས། །ཐམས་ཅད་རྣལ་འབྱོར་ལ་འཇུག་ཅིང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །དོན་ནི་ངོ་
བོར་འགྱུར་བར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་ཆེན་པོ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་བྱས་པའོ།། །།

༄༅། །རྒྱ་གར་སྐད་དུ། མནྟྲ་ཙརྱ་དཤ་ཀ་སྭ་བྷཱ་བ་ས་ནཱ་མ། བོད་སྐད་དུ། རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བླ་མ་དང་ནི་ལྷག་པའི་ལྷ། །ཐ་དད་མེད་པར་མཆོད་པར་བྱ། །
འགྲོ་བ་རྣམས་དང་རང་ཉིད་ལ། །བདག་གཞན་མི་འབྱེད་དུས་གསུམ་གཏེར། །ལུས་དང་ལོངས་སྤྱོད་སྲོག་རྣམས་ཀྱིས། །འགྲོ་བའི་མཆོག་གཙོ་བཙལ་བས་རྙེད། །དེ་ཡིས་དབང་བསྐུར་རིན་པོ་ཆེ། །དུས་གསུམ་དུ་ནི་དྲན་པར་བྱེད། །ཕྱི་དང་ནང་གི་ཆོས་སྤྱོད་ཀུན། །གཉེན་པོ་བསྟེན་པས་
མ་ཡིན་ཞིང་། །དད་པའི་སྟན་ལས་གང་འོངས་པ། །ཁ་ཟས་བཞིན་དུ་བསྟེན་པར་བྱ། །ལྷ་ཡི་རྣལ་འབྱོར་འབྱོར་བ་ཅན། །ཡང་ན་རིགས་གཟུངས་མཆོག་གཙོ་བོར། །བྱས་པའི་གང་ཡིན་དེ་དག་ནི། །ཐུན་བཞིར་བསྟན་པས་བསྒོམ་པར་བྱ། །གལ་ཏེ་རྫོགས་པའི་སྐལ་ཡོད་ན། །ཡེ་ཤེས་སྐུ་སྟེ་
རབ་འབྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །བཟླས་བརྗོད་དོན་དང་ཀློག་པ་དང་། །བྱ་བའི་རིམ་པ་ལ་མོས་ན། །རིགས་གཞན་དུ་མ་མ་ཡིན་པའི། །རང་གི་རིགས་ལ་བསླབ་པར་བྱ། །གང་ཟག་འོ་མར་ལྡན་པ་དང་། །དེ་བཞིན་བཟའ་དང་མཐུན་
པའི་དུས། །སངས་རྒྱས་རྣམས་ནི་བསྡུས་བྱས་ལ། །བདུད་རྩི་མྱང་བ་བསྒྲུབ་པར་བྱ། །གླུ་དང་གར་ནི་ཇི་སྙེད་དང་། །དེ་བཞིན་ཡུལ་ལ་རོ་སྙོམས་ན། །ཡུལ་གྱིས་བསླང་བ་མ་ཡིན་ཞིང་། །རང་གི་ཉམས་ཀྱིས་རོལ་པར་བྱ། །དབེན་པའི་གནས་ལ་བརྟེན་དུས་སུ། །གཙང་སྦྲ་ངོ་ཚ་སྤྱོད་པས་མིན། །
དོགས་པ་ཀུན་ལས་གྲོལ་བའི་སེམས། །བསྙུང་དང་དཀའ་ཐུབ་གནས་མི་བྱ། །སྐྱོ་དུབ་སྡུག་བསྔལ་ཅི་བྱུང་ཡང་། །དམ་པའི་དྲིན་གྱིས་གཟེངས་བསྟོད་དེ། །ཡི་ཆད་སྒྱིད་ལུག་མི་འགྱུར་བར། །སེམས་དགེ་བ་ལ་གནས་པར་བྱ། སྔགས་ཀྱི་སྤྱོད་པ་ལ་གནས་པའི། །སྔགས་པ་མཁའ་
སྤྱོད་གནས་སུ་འགྲོ། །སྔགས་ལ་ཞུགས་ནས་སྤྱོད་པ་སྤོབ། །མཁའ་འགྲོ་སྐྲག་ཅིང་མནར་མེད་འགྲོ། །རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ། དཔལ་ལྡན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།

༄༅། །རྒྱ་གར་སྐད་དུ། སྭ་པ་ན་ཨི་ཀྵ། བོད་སྐད་དུ། རྨི་ལམ་བརྟག་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་རྟག་ཏུ་དང་བ་ཡིས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བཏུད་དེ། །རིགས་ཀྱི་ཕྱག་རྒྱ་རིན་ཆེན་ལྟ་བུ་ཡི། །
གང་དགོངས་འགྱུར་ཕྱིར་རྨི་ལམ་བཤད་པར་བྱ། །ཀུ་ཤའི་གདན་ལ་གནས་ནས་ཀྱང་། །དྲི་ལྡན་རྩྭ་ལ་སྔས་སུ་གཞུག །ཛཱ་ཏ་ཀ་ཡི་ཕྲེང་བ་བཅིང་། །བུ་མོ་གཞོན་ནུའི་འོ་མ་ལ། །སྔགས་ཀྱི་ཕྲེང་བ་བཟླས་ཤིང་བདར། །གཞན་དང་ལྡན་པ་མིག་ལ་བྱུགས། །དང་པོའི་ཆ་ནི་བག་ཆགས་འཁྲུག །གཉིས་པར་ཡི་
དྭགས་རྒྱུ་བར་འགྱུར། །ཐ་མར་རྨི་ལམ་བརྟགས་ལ་ཉལ། །མེ་ལོང་ལག་ཏུ་ཐོགས་པ་དང་། །ཚེས་གཅིག་ཟླ་བ་མཐོང་བ་དང་། །ཤིང་རྟའི་འཁོར་ལོ་ཞོན་པ་དང་། །གོས་དཀར་རྒྱན་དཀར་གྱོན་པ་དང་། །གླང་པོ་ལྕགས་ཀྱུས་འདུལ་བ་དང་། །སྙིང་རྗེས་དེད་དཔོན་བྱེད་པའོ། །རྨི་ལམ་ན་ནི་གསེར་རྙེད་
དང་། །རང་བཞིན་ཁྲུས་ལ་འཇུག་པ་དང་། །བུམ་པ་སྤྱི་གཙུག་བཞག་པ་དང་། །གླིང་གཞན་ཀུན་ལ་དབང་སྒྱུར་དང་། །རྟ་ཞོན་ནོར་བུའི་གླིང་འགྲོ་དང་། །མི་ཡི་ཁྱོགས་ཀྱིས་འདེགས་པའོ། །མེ་ཏོག་པདྨོ་ཐུ་བ་དང་། །གླེགས་བམ་ལག་ན་ཐོགས་པ་དང་། །དུང་ལ་སོགས་པ་འབུད་པ་དང་། །མེ་ཏོག་ཕྲེང་
བ་འདོགས་པ་དང་། །རྨ་བྱ་རྙི་ཡིས་འཛིན་པ་དང་། །སྙིང་རྗེས་པདྨ་ཆོས་འཆང་བའོ། །མཚོན་ཐོགས་གཡུལ་ལས་རྒྱལ་བ་དང་། །རྒྱལ་པོ་འཁོར་དུ་གྱུར་པ་དང་། །དམག་མི་གཡུལ་དུ་བསྐོར་བ་དང་། །ཞི་བའི་ལས་ལ་འགོད་པ་དང་། །བྱ་ཤར་ཏེ་རུ་ཕོ་ཉར་གཏོང་། །ནགས་ཚལ་མེ་ཡིས་བསྲེགས་
པའོ། །ཆུ་ལ་མི་ནུབ་རྐྱལ་བ་དང་། །ནམ་མཁའ་ལ་ཡང་འགྲོ་ཞིང་ལྡིང་། །ཉི་ཟླ་རྒྱན་དུ་གོན་པ་དང་། །སེང་གེ་ཁྲི་སྟན་གནོན་པ་དང་། །གདུགས་དཀར་ཕུབ་ཅིང་རྒྱལ་མཚན་བསྒྲེང་། །ཀུན་གྱིས་མཆོད་པའི་འོས་འགྱུར་བའོ། །ཁྲག་དང་ཆུ་སེར་ཟག་པ་དང་། མེ་དཔུང་རྫི་ཞིང་མི་འཇིགས་དང་། །
སྦྲུལ་དང་སྡིག་པ་ཟ་བ་དང་། །རྡོ་རྗེ་དྲིལ་བུ་འཛིན་པ་དང་། །རི་བོ་རྩེ་ལ་གནོན་པ་དང་། །གྲོང་ཁྱེར་མཛུབ་མོས་སྐྱོར་བའོ། །བླ་མ་ཡི་དམ་མཆོད་པ་དང་། །གླེགས་བམ་འདྲི་ཞིང་མཆོད་རྟེན་བརྩིག །གཅེར་བུར་བྱུང་གླུ་གར་བྱེད་དང་། །དགེ་སློང་ཚོགས་དང་ལྷན་ཅིག་འགྲོགས། །གོས་

བཟང་གྱོན་ཞིང་ཤིང་འབྲུ་ཟ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་སྟེ། །ཤིས་པ་བརྗོད་ཅིང་ལུང་སྟོན་བྱེད། །ཆུ་ཡི་རྫིང་ཆེན་འཁྱིལ་བ་དང་། །གནས་ཁང་མཐོན་པོ་བརྩིག་པ་དང་། །ཡིད་དང་མཐུན་པར་འབྱུང་བའོ། །དགྲ་ཡིས་རྒྱན་དང་བྲལ་བ་དང་། །ན་ཆུང་མྱ་ངན་བྱེད་པ་དང་། །ཁྲི་མོན་ནང་དུ་བཅུག་
པ་དང་། །ནོར་ཕྲོགས་ལྕགས་སུ་བཅུག་པ་དང་། །འགྲོ་བ་ངན་པས་རྫི་བ་དང་། །གཅན་གཟན་ལུས་ལ་འཕྱང་བ་དང་། །སྲད་བུས་དཀྲིས་ཤིང་དྲི་མས་གཡོགས། །དྲི་མ་ཟ་ཞིང་དྲི་མ་འཐུངས། །བླ་མ་སློབ་དཔོན་གྲོགས་པོ་དང་། །ཕ་མ་རྣམས་ནི་མཐོང་ནས་འབྲོས། །ཤིན་ཏུ་གཅོང་རོང་མི་མེད་
དང་། །ཡང་ན་འབྲོག་དགོན་ལ་སོགས་པར། །ཟས་དང་སྐོམ་གྱིས་ཉམ་ཐག་སྟེ། །ཀྱི་ཧུད་བདག་སྡུག་ཟེར་གྱི་གཡའ། །གོ་ཆ་བཤུས་ནས་མཚོན་གྱིས་འདེབས། །ནགས་ཀྱི་དཀྱིལ་ན་ཕྱིན་ནས་ཀྱང་། །སྟག་དང་ཅེ་སྤྱང་དུད་འགྲོ་འདེབས། །དེ་སོགས་ཡིད་གདུང་བར་འབྱུང་བ། །དགེ་དང་མི་
དགེའི་ལྟས་སུ་རིགས། །རྣམ་པར་སྣང་མཛད་རིན་ཆེན་འབྱུང་ལྡན་དང་། །འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་། །མི་བསྐྱོད་པ་དང་རྡོ་རྗེ་སེམས་རིགས་དྲུག །གོ་རིམས་ཉིད་དང་སྣ་ཚོགས་འདྲེས་པའོ། །ཤིས་པའི་རྨི་ལམ་ལ་ནི་སྒྲུབ་པ་རྩམ། །རིན་ཆེན་ཕྱག་རྒྱར་བཤད་པའི་ཆོ་ག་བཞིན། །མི་
དགེའི་ལྟས་ལ་ཏིལ་གྱི་སྦྱིན་སྲེག་བྱ། །རིགས་དེ་ཞིག་ལ་སྟོང་གིས་སྦྱངས་པའོ། །བག་ཆགས་ཡི་དྭགས་ཡིད་བྲིད་པ། །འཁོར་བའི་ཆོས་ཀུན་རྨི་ལམ་བཞིན། །རྣལ་འབྱོར་པ་ཡིས་བལྟ་བར་བྱ། །འཁྲུལ་པ་ཡང་དག་མིན་ཕྱིར་རོ། །བཟང་པོ་རྟོགས་ལས་ཡེ་ཤེས་སྐྱེ། །བློས་བརྟགས་དོན་ནི་
སྐྱེ་བ་མེད། །དེ་ཕྱིར་གསང་སྔགས་རྟེན་འབྱུང་གི །ཐབས་ལ་རག་ལས་གཙོ་བོར་གཟུང་། །བྱང་ཆུབ་སེམས་བསྐྱེད་པ་དང་དབང་བསྐུར་བའི། །རྨི་ལམ་བསྟན་པ་ཀླུ་སྒྲུབ་གཞུང་ལས་བཏུས། །ལེགས་དང་ཉེས་པའི་རིམ་པ་གསལ་བྱེད་པས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་
ཞལ་མཐོང་ཤོག །རྨི་ལམ་བརྟག་པ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།

༄༅༅། །རྒྱ་གར་སྐད་དུ། །ས་མཱ་དྷི་བུདྡྷ་བི་ཥ་གཱ་ཏ་བོ་དྷི་དཱི་པཾ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་གྱི་དུག་སེལ་བར་བྱེད་པའི་མར་མེ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་དམ་པའི་ཞབས་ཀྱི་པདྨོ་ལ། །
ཡུན་རིང་བཏུད་པའི་མཐུ་ནི་གཟི་བརྗིད་ལྡན། །གང་ཞིག་རྒྱུད་ལ་བཙན་ཐབས་འཇུག་བྱེད་པ། །ཤེས་རབ་མིག་དང་མི་ལྡན་ཉམ་ངར་རྒྱུག །གདུང་བ་གཅོད་བྱེད་རྒྱུ་ནི་སེམས་པའི་ཤེས་རབ་སྟེ། །ཐམས་ཅད་ཐེག་ཆེན་ལམ་དུ་འཇུག་པའི་རིགས། །རབ་ཏུ་བྱེད་པའི་ལམ་དུ་མ་ཞུགས་པའི།། །།
བསམ་གཏན་པ་ནི་ནགས་ཀླུང་བུང་བ་བཞིན། །རིག་པའི་གནས་ལྔ་རྒལ་ཏེ་ཚར་གཅོད་གང་། །གཞུང་ལུགས་མི་ལྡན་པས་ནི་དོན་མ་རྙེད། །ཚོགས་རྒྱས་པ་ཡིས་རབ་ཏུ་ང་རྒྱལ་བ། །རྒྱལ་པོའི་སྒོ་བ་བཞིན་དུ་བདེ་བླག་བྲལ། །ཡེ་ཤེས་དྲུག་གི་ཡུལ་ལ་མ་ཞུགས་ན། །ཡིད་ནི་ངང་ཚུལ་ངན་པས་རྒྱ་
ཆེར་མིན། །རྟོགས་དང་ཉམས་སུ་མྱོང་བའི་མཐའ་བྲལ་བས། །བརྟེན་དང་གོམས་པ་མ་རྙེད་ཏ་ལ་འདྲ། །ཆོས་རྣམས་རྣམ་པར་དག་པའི་ཡེ་ཤེས་ནི། །གསེར་ལ་རྩིས་བསྒྱུར་རྒྱན་དུ་བྱས་པ་བཞིན། །གང་ཞིག་འབྲེལ་མེད་ཏིང་འཛིན་གང་བསྒོམ་པ། །ཐམས་ཅད་མཁྱེན་པར་མི་རུང་སངས་རྒྱས་མིན། །
བསྐྱེད་པའི་རིམ་ལ་གནས་ན་རྫོགས་རིམ་མཆོག །དེ་ཡང་སྙིང་པོ་སྦྱངས་ནས་གཅིག་འགྱུར་བ། །རྣམ་པའི་མཆོག་དང་ལྡན་པའི་བདེ་ཆེན་དེ། །ཡིད་བཞིན་ནོར་བུ་གཙུག་ཏུ་བཏགས་པ་བཞིན། །བསྐྱེད་པའི་རིམ་པ་གཅེས་སྤྲས་མཛོད་འཛིན་ན། །ལྷ་ཡི་བག་ཆགས་ཉིད་ཀྱིས་གྲོལ་མི་འགྱུར། །དེ་
བཞིན་ནང་དང་ཟབ་མོའང་དེ་ཡིན་ཏེ། །གླང་ཆེན་མིག་སྲུང་ཟུག་རྔུར་གྱུར་པ་བཞིན། །ལྡོག་པ་གཅོད་ལ་ཆོས་རྣམས་བརྒྱད་ཁྲིར་བདེན། །དེ་ཕྱིར་རིགས་དང་ཡེ་ཤེས་བདེ་གཤེགས་གསུང་། །རང་བཞིན་ཤེས་ན་གར་ཡང་བདེ་བ་མེད། །མི་བདེན་མེད་ཕྱིར་ཀུན་མཁྱེན་ཚིག་གིས་དབུལ། །དེ་ལྟར་བྱ་
བའི་རིམ་པ་ཞེས་པ་ནི། །ཀ་ཤི་ཝ་རྣམས་མུ་ཏིག་རྙེད་པ་བཞིན། །སངས་རྒྱས་ཐམས་ཅད་བདེ་བ་ཆེ་ལ་གནས། །གོ་ཅིག་འདྲེས་ཤིང་འདུས་པས་མཉམ་པ་ཉིད། །གཅིག་ལ་བསྟོད་པས་ཐམས་ཅད་བསྟོད་འགྱུར་བ། །ཡེ་ཤེས་སེམས་དཔའ་བརྗོད་པ་ཐུགས་མཐུན་ཡིན། །འཁོར་དང་མྱང་

འདས་ཆོས་སུ་ཅི་སྣང་དང་། །སྣ་ཚོགས་འབྲུ་དང་སྣ་ཚོགས་བྱེད་པ་དང་། །སོ་སོའི་རྒྱུད་ལ་བདེན་པར་སྣང་མོད་ཀྱང་། །ཡེ་ཤེས་སེམས་དཔའི་སྤྲུལ་པ་ནོར་བུ་བཞིན། །འོད་ཀྱང་ཀུན་རྫོབ་ཙམ་དུ་ཐམས་ཅད་ཡོད། །གསུང་དག་པ་ལ་བརྟེན་ནས་འཕགས་པ་མཐོང་། །ཡིད་འོང་དེ་ནི་དགེ་བའི་ལས་
ལས་བྱུང་། །སྡུག་བསྔལ་མི་བསྟེན་ཕྱིར་ན་སྤང་བས་བྱ། །དེ་ཕྱིར་གསང་སྔགས་རྟེན་འབྲེལ་འབྱུང་བ་ཡི། །མན་ངག་རྒྱ་མཚོའི་གནས་ནི་རིན་ཆེན་བརྒྱུད། །འདི་ལས་འབྱུང་བཞིན་རྣལ་འབྱོར་པ་རྣམས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་རིམ་པར་བགྲོད། །མ་རིག་དང་བཅས་ཤེས་པ་འདི་ཡིས་ནི། །
གོ་བར་མི་རིགས་ཞེན་པའི་མཐུ་ལས་བྱུང་། །མི་གནས་སྙིང་པོ་རྒྱུད་ལས་སྐྱེས་པས་ན། །འཁྲུལ་པར་མི་རིགས་གདོད་མའི་མཐུ་ལས་བྱུང་། །རང་བཞིན་རྟག་ཅིང་མི་འགྱུར་རྟག་པ་ཉིད། །དྲི་ལྡན་ངེས་ཤེས་རང་རིག་རྒྱུད་ལས་བྱུང་། །རང་བཞིན་རྒྱུད་ལ་ཇི་ལྟར་ཡང་གནས་པ། །བསམ་པར་མི་ནུས་
ཨེ་མ་ངོ་མཚར་ཆེ། །སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་གྱི་དུག་སེལ་བའི་མར་མེ་ཞེས་བྱ་བ། །རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།
༄༅༅། །རྒྱ་གར་སྐད་དུ། །ཛྙཱ་ན་སཏྭ་མཉྫུ་ཤྲཱི་ས་མཱ་དྷི་ཙཀྲ་མཱ་ན་ཨ་བ་ཏཱ་ར་ནཱ་མ། །བོད་སྐད་དུ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་ལྟར་དཀར་ལ་དྲི་མ་མེད་པའི་སྐུ།
རབ་ཏུ་སྐུ་མཛེས་གཞོན་ནུར་བཞུགས་ཤིང་ཡིད་དང་གནས། །ཡེ་ཤེས་སེམས་དཔའ་སངས་རྒྱས་ཀུན་གྱི་རང་བཞིན་ནི། །ཐུགས་ཀར་བཞུགས་ཤིང་ཉི་མ་སྟོང་ལྡན་འཁོར་ལོ་འཁྲུག །སེམས་ཅན་ཁུར་ཁྱེར་གླང་པོ་དེ་ལ་ཕྱག་འཚལ་ཏེ། །རྒྱུད་ཀྱི་གསང་སྔགས་འཁོར་ལོ་ཡིད་འཇུག་པ། །
གློག་གི་ཕྲེང་བ་ལྟ་བུས་བདུད་ཚོགས་ཟིལ་གནོན་ཅིང་། །བགེགས་དང་ལོག་པར་འདྲེན་པ་ཚར་གཅོད་མཚོན་ཆ་ཆེ། །རིགས་ལྔའི་དཔའ་བོའི་འཁྲུལ་འཁོར་བྲི་བར་བྱ། །དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣལ་འབྱོར་པས། །གནས་ཁོང་ཡིད་དུ་<འོད་‚འོང་>ཞིང་དབེན་ལ་བཀྲ་ཤིས་པ་ལྟར་

ཏེ། །སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ལ་མཆོད་བསྟོད་དེ། །སྔགས་ཀྱི་ཕྲེང་བ་ལན་བདུན་དུ་བརྗོད་པ་པོ། །སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་ས་བོན་ལ་བསྡུས་པས། །འོག་ནས་འབྱུང་བ་དང་མཐུན་པ་ཡི་སྐུར་གྱུར་ཏེ། །སྔགས་ཀྱི་ཕྲེང་བ་འདི་མགལ་
མེའི་འཁོར་ལོ་ལྟ་བུར་སྟོང་ཕྲག་བཅུའི་བཟླས་པ་བྱའོ། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ། ཨ་ཨ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷ། སརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི། ཤུདྡྷི་ཏ་མུ་པ་ད་ཡེ་ཏི་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན། ཛྙཱ་ན་མཱུརྟི། བཱ་གཱི་
ཤྭ་ར། མ་ཧཱ་པཱ་ཙ། སརྦ་དྷརྨ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿདེ་དག་བསྙེན་པའོ། །དེ་ནས་ལྷག་པའི་རིས་ཀྱི་མདུན་དུ་དམ་ཚིག་དང་ཆང་སྦྱར་བའི་མཎྜལ་གྲུ་བཞི་པ་བྱའོ། །དེ་ནས་དཀྱིལ་དུ་མེ་ཏོག་སྔོན་པོ་དྲི་ཞིམ་པ་སྤུངས་ཏེ། ཨོཾ་སརྦ་དྷརྨ་ཨ་བྷཱ་བ། སྭ་བྷཱ་བ་བི་ཤུདྡྷ་
དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་ལན་བདུན་བཟླས་པས། འཇམ་དཔལ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རིག་པ་དང་ལྡན་པ་བསྐྱེད་དོ། །དེ་ནས་མེ་ཏོག་སེར་པོ་དྲི་ཞིམ་པ་དང་ལྡན་པ་ལྷོའི་ངོས་སུ་སྤུངས་ཏེ། ཨོཾ་ཙཀྵུ་ཨ་ཨ་ཨཱཾ་ཨ་པྲ་ཀྲྀ་ཏི་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་ལན་བདུན་བཟླས་པས།
འཇམ་དཔལ་རིན་ཆེན་འབྱུང་གནས། སྐུ་མདོག་སེར་པོ་རིག་པ་དང་ལྡན་པ་བསྐྱེད་དོ། །དེ་ནས་མེ་ཏོག་དཀར་པོ་དྲི་ཞིམ་པ་ཤར་གྱི་ངོས་སུ་སྤུངས་ཏེ། ཨོཾ་སརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་ལན་བདུན་བཟླས་པས། འཇམ་དཔལ་རྣམ་པར་སྣང་མཛད་སྐུ་མདོག་
དཀར་པོ་རིག་པ་དང་ལྡན་པ་བསྐྱེད་དོ། །དེ་ནས་མེ་ཏོག་དམར་པོ་དྲི་ཞིམ་པ་ནུབ་ཀྱི་ཕྱོགས་སུ་སྤུངས་ཏེ། ཨོཾ་མཉྫུ་ཤྲཱི་ཤུདྡྷི་ཏ་མུ་པ་ཏ་ཡེ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་ལན་བདུན་དུ་བཟླས་པས་འཇམ་དཔལ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་རིག་པ་དང་ལྡན་པ་བསྐྱེད་དོ། །དེ་ནས་མེ་ཏོག་
ལྗང་སེར་དྲི་ཞིམ་པ་བྱང་གི་ངོས་སུ་སྤུངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་ལན་བདུན་བཟླས་པས་འཇམ་དཔལ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་རིག་པ་དང་ལྡན་པ་བསྐྱེད་དོ། །དེ་དག་ཐམས་ཅད་ཀྱང་ཞལ་གསུམ་པ་ཕྱག་བཞི་པ་ཁྲོ་ཞིང་ཅུང་ཟད་

ཞི་བ། །རིན་པོ་ཆེའི་རྒྱན་གྱིས་སྤྲས་པའོ། །དང་པོ་ནི་སྔོ་བ་དང་དཀར་བ་དང་དམར་བའི་ཞལ་ཅན། རལ་གྲི་དང་། རྡོ་རྗེ་དང་། པོ་ཏི་དང་། དྲིལ་བུ་འཛིན་པའོ། གཉིས་པ་ནི་དཀར་བ་དང་། སྔོ་བ་དང་། དམར་བའི་ཞལ་ཅན། རལ་གྲི་དང་། པོ་ཏི་དང་འཁོར་ལོ་དང་། དྲིལ་བུ་འཛིན་པའོ། །གསུམ་པ་ནི་སེར་
བ་དང་སྔོ་བ་དང་། དཀར་བའི་ཞལ་ཅན། རལ་གྲི་དང་། པོ་ཏི་དང་། རིན་པོ་ཆེ་དང་། དྲིལ་བུ་འཛིན་པའོ། །བཞི་པ་ནི་དམར་བ་དང་། སྔོ་བ་དང་། དཀར་བའི་ཞལ་ཅན། རལ་གྲི་དང་། པོ་ཏི་དང་། པདྨ་དང་། དྲིལ་བུ་འཛིན་པའོ། །ལྔ་པ་ནི་ལྗང་གུ་དང་། སྔོ་བ་དང་། དཀར་བའི་ཞལ་ཅན། རལ་གྲི་དང་། པོ་ཏི་དང་།
སྣ་ཚོགས་རྡོ་རྗེ་དང་། དྲིལ་བུ་འཛིན་པའོ། །ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ། གཅེར་བུ་སྐྲ་གྲོལ་ཞིང་གཡོན་ནས་གཡས་སུ་འཁྱུད་པ་རྡོ་རྗེའི་དྲིལ་བུ་དང་ལྡན་པའོ། །དེ་དག་ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་བརྒྱན་པ་ལ་བཞུགས་པ་སྟེ། རྣམ་པར་སྣང་མཛད་ནི་ཟླ་
བའི་དཀྱིལ་འཁོར་ལའོ། །དེ་ནས་རབ་ཏུ་གནས་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་དང་། རྒྱས་གདབ་པ་དག་གིས་ཡོངས་སུ་རྫོགས་པར་བྱས་ནས། མཆོད་ཅིང་མཚན་ཡང་དག་པར་བརྗོད་པའི་བསྟོད་པ་བརྒྱ་ཕྲག་བཅུའི་བར་དུ་བྱས་ཏེ། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་
ཕོ་བྲང་དུ་ཞུགས་པ་ནི་ཐུན་མཚམས་ཀྱི་དེ་ཉིད་དེ་ཉེ་བར་བསྙེན་པའི་ཆོ་གའོ། །དེ་ནས་སྲུང་བའི་འཁོར་ལོ་ཡོངས་སུ་རྫོགས་པའི་ནང་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་གསུམ་ཕྱག་བཞི་པའི་རྣལ་འབྱོར་ལ་གནས་ཏེ། ཆོ་ག་རྫོགས་པ་དང་། ནམ་མཁའི་བདག་པོ་འཁོར་ལོ་དང་བཅས་
པའི་སྙིང་གར་བཞག་སྟེ། རིགས་ཀྱི་བསྙེན་པ་ཡེ་ཤེས་སེམས་དཔའི་ཡང་ཕོ་བྲང་དུ་ཇི་སྲིད་སྤྲོའི་བར་དུ་བླངས་ཤིང་གོ་རིམས་ཀྱིས་ཁྲི་ཕྲག་རེ་རེ་ཚད་དུ་བྱའོ། །ཐུན་མཚམས་སུ་ནི་སྔར་དང་མཐུན་པའི་མཚན་ཉིད་ཀྱི་བསྟོད་པ་དག་ཀྱང་བྱས་ཏེ། དེ་དག་ནི་སྒྲུབ་པའོ། །དེ་ནས་ནམ་མཁའི་ཕོ་བྲང་ཅི་འབྱོར་པའི་
མཆོད་པས་མཉེས་པར་བྱ་སྟེ། ཚོགས་ཀྱི་འཁོར་ལོའི་མཆོད་པ་ཆེན་པོ་ཡང་བྱས་ལ། མཚན་གྱི་བསྟོད་པ་བྱས་ཏེ། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ལ་བདག་ཉིད་ཀྱིས་ཐབས་དང་ཤེས་རབ་ཡན་ལག་མཆོག་གི་དབུས་སུ། ཨ་ཐུང་ངུ་ལ་མ་ལུས་པར་རྫོགས་པར་བསྟིམ་ནས།

འདོད་པའི་དོན་ཆེན་པོ་ལ་རོལ་ན་བདེ་བའི་ཡེ་ཤེས་ཟད་མི་ཤེས་པའི་རང་རིག་ལ་སྐད་ཅིག་དེ་ཉིད་ལ་རྒྱུན་མི་འཆད་པར་འགྱུར་བ་ནི། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །
སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་
ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་
བྱ་བ་ནི་དེའི་བར་དུ་བྱེད་པའོ། །རབ་ཏུ་གནས་པ་ཡང་འདི་ཉིད་ཀྱིས་བྱ་སྟེ། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་བྱའོ། །སྲུང་བའི་འཁོར་
ལོ་ནི་ནས་དཀར་པོའམ་ཏ་ལའི་ལོ་མ་ལ་དྲི་ཞིམ་པ་སྣ་ཚོགས་ཀྱིས་བྱུགས་ཏེ། གུར་གུམ་གྱིས་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་དང་ལྡན་པ་བྲིས་ལ་ཨོཾ་བཱ་གཱི་ཤྭ་རི་མུཾ་ནམ་སྭཱ་ཧཱ། དཀྱིལ་དུའོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿདེའི་ཕྱི་རིམ་དུའོ། །སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟི། ར་ཧཾ་བུདྡྷོ་བུདྡྷཱ་ནཱཾ། ཏྱཻ་དྡྷཱ་བརྟི་
ནཱཾ་མ་མ་རཀྵ་སྭཱ་ཧཱ། དེའི་ཕྱི་རིམ་དུའོ། །ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ནཱ་མཿརཀྵ་སྭཱ་ཧཱ། ལྟེ་བའི་མུ་ཁྱུད་ལའོ། །རིགས་ཀྱི་དང་པོ་ནི་ལྟེ་བའི་ཁོར་ཡུག་ཏུའོ། །གཞན་རྣམས་ནི་འཁོར་ལོ་ལའོ། །ཕྲེང་སྔགས་ནི་ཕྱིའི་མུ་ཁྱུད་ལའོ། །དེ་ལ་སྔར་བཞིན་བསྐྱེད་དེ། ཆོ་
ག་རྫོགས་པར་བྱས་ནས་འཁོར་ལོར་གྱུར་པ་དེ་སྤྱི་གཙུག་ཏུ་བཏགས་ན། དུས་སུ་འཆི་བའང་ཟློག་པར་འགྱུར་ཏེ། གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ནི་སྒྲུབ་པ་ཆེན་པོའོ། །བསོད་ནམས་ཡོངས་རྫོགས་ཡེ་ཤེས་ཟླ་བཞིན་འཕེལ། །བཀྲ་ཤིས་ཕུན་ཚོགས་བསྟན་པ་ཡུན་རིང་རྒྱུ། །བདུད་དགྲ་ཕ་མ་

པར་བྱེད་པའི་སྒྲུབ་ཐབས་འདིས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞབས་གྲུབ་ཤོག །བདག་ནི་བློ་དམན་རབ་འབྱེད་རྒྱུད་ལ་རྨོངས། །དམ་པ་སྙན་བརྒྱུད་ལ་བརྟེན་ཚིག་འགའ་ཞིག །བྲིས་པ་འདི་ལ་བློ་བཟང་དང་གྱུར་ན། །རང་གི་བུ་བཞིན་ཁྱེད་ཀྱིས་བཟོད་པ་མཛོད། །འཇམ་དཔལ་ཡེ་ཤེས་
སེམས་དཔའི་ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ༄༅༅། །།རྒྱ་གར་སྐད་དུ། ཏི་ལ་ཀ་སིདྡྷི། བོད་སྐད་དུ།
ཐིག་ལེ་གྲུབ་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་བློ་དྲི་མའི་རྒྱུན་འཛག་གང། །ངེས་པར་བྱེད་པའི་ཐིག་ལེ་རིམ། །གང་གིས་གང་ལ་དེ་བསྟན་ན། །བདེ་བ་ཆེན་པོའི་རྒྱུན་འཛག་འགྱུར། །མཆོག་བཟང་བླ་མའི་ཞབས་པད་ལ། །དཀོན་མཆོག་
གསུམ་དང་མཚུངས་བཏུད་དེ། །ཡེ་ཤེས་རྡོ་རྗེ་འཆང་བླ་མ། །གསང་བའི་ཐིགས་པ་བཤད་པར་བྱ། །བདག་ཉིད་ལྷའི་རྣལ་འབྱོར་གྱིས། །ས་བོན་ཆོ་འཕྲུལ་ཀུན་བསྡུས་ཏེ། །དེ་ཉིད་ལ་ནི་དམིགས་པ་ཡིས། །ཡི་གེ་དྲན་པ་རྫོགས་པར་འགྱུར། །སྐད་ཅིག་ལ་ནི་རྣམ་གྲངས་བརྒྱད། །གོ་རིམས་
བཟླས་པ་བསྟན་པ་དང་། །ཐིག་ལེ་ཆེན་པོར་ཡང་བསྡུས་ཏེ། །རེག་བྱའི་དྲན་པ་རྫོགས་པར་འགྱུར། །དེ་ཉིད་བཅུ་དྲུག་གྱུར་པ་གང་། །ཡི་གེའི་ཕྲེང་བས་བགྲང་བྱས་ཏེ། །འཕོ་དང་འཇུག་པའི་རྣལ་འབྱོར་གྱིས། །རླུང་གི་དྲན་པ་རྫོགས་པར་འགྱུར། །རྣམ་ཤེས་ཡེ་ཤེས་མཐོང་བ་གང་། །ཡུལ་
མིན་ཤེས་པའི་མཚན་ཉིད་ལས། །འགྲོ་དང་འོང་བ་མི་དམིགས་པ། །ཐིག་ལེ་དྲན་པ་རྫོགས་པར་འགྱུར། །སྟེང་དང་འོག་ལ་དམིགས་པའི་ཡིད། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཡིད་གནས་ལྡང་འཇུག་མེད་པ་དང་། །སྟོང་པ་ཆེན་པོ་ཡི་གེ་ལྔ། །འོག་གི་གནས་ལ་དམིགས་ནས་
ཀྱང་། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཕྱེད་ཆ་ལྷག་པ་ཟླ་བའི་གནས། །གསང་སྔགས་ཆེན་པོ་རིགས་གསུམ་པ། །འབྱུང་དང་འཇུག་དང་དྲན་པར་བཟླས། །གསང་སྔགས་ལས་བྱུང་ཡི་གེ་མེད། །གནས་མེད་གནས་ལ་གནས་པ་གང་། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་

བྱང་ཆུབ་བླ་ན་མེད། །སྦྱོར་བ་རྫོགས་དང་སྦྱོར་བ་གཅིག་པ་དང་། །དྲན་པས་གནས་དང་ལོངས་སྤྱོད་ཆེན་པོ་དང་། །བསམ་མི་ཁྱབ་དང་ལྔ་ཡིས་ཐིག་ལེ་གྲུབ། །དམ་པའི་ཞལ་གྱི་ཚིག་གིས་འཆིང་བ་གྲོལ། །རི་ཁྲོད་མགོན་པོ་ལས་རྙེད་པའི། །མན་ངག་གཞུང་གི་དབུ་མ་ལྔ། །
ནང་གི་ནང་ལ་འཇུག་པའི་རིམ། །ཀུན་ཀྱང་བདེ་གཤེགས་གནས་ཐོབ་ཤོག །ཐིག་ལེ་གྲུབ་པ་རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།
༄༅༅། །རྒྱ་གར་སྐད་དུ། །ཏི་ལ་ཀ་ཨེ་ཀ་ནཱ་མ། བོད་སྐད་དུ། ཐིག་ལེ་གཅིག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །རང་བཞིན་བདེ་བ་བརྙེས་པ་ཡི། །ཡེ་ཤེས་སེམས་ལ་ཕྱག་འཚལ་ལོ། །དམིགས་པ་ལ་ནི་སེམས་བཞག་ནས། །སྦྱོར་
བ་ཡེ་ཤེས་ཐིག་ལེ་བཤད། །སྣ་ཚོགས་ཆོས་ཀུན་ཤེས་རབ་ཀྱིས་བལྟས་ནས། །གཅིག་དང་དུ་མ་མཐའ་ཡིས་བརྟགས་པ་དང་། །གཅིག་ཀྱང་མི་དམིགས་རང་བཞིན་སྟོང་པ་ཡིན། །ཐམས་ཅད་རིག་པའི་ངོ་བོར་གསལ་འགྱུར་བ། །གཉིས་ཀྱི་མཐའ་ཡིས་དབེན་པ་གཉིས་མེད་དེ། །རྣམ་པ་
ཐམས་ཅད་ལྡན་པ་ཡེ་ཤེས་སྐུར། །བསྒོམས་ཏེ་ས་བོན་ཉིད་དུ་སེམས་གནས་བྱ། །དེ་ལ་དམིགས་པ་ཉེ་བ་ཉིད་དུ་གྱུར་པ་ནི། །གསལ་དང་མི་གསལ་ཕྱི་མའི་བློ་ཡིས་བརྟགས་ན་ཡིད་ཀྱི་ཡི་གེ་ཉིད། །རྗེས་ལ་འགྲོ་བ་རྣམ་པར་དག་བྱས་ལ། །རྟེན་དང་བརྟེན་པ་སྐུལ་བའི་ཀུ་རུ་བཞག །ཡི་གེ་ལ་
སེམས་གཟུང་བའི་ཐིག་ལེ་དང་པོའོ།། །།ཐབས་དང་ཤེས་རབ་ཁ་སྦྱོར་ལ། །ཤིགས་པ་མེད་པའི་ཡི་གེ་ནས། །ཚངས་པའི་མིག་གསུམ་བཞི་ཡིས་བསྐོར། །དེ་ལ་རྣམ་ཤེས་བརྟན་པ་དང་། །འདྲེན་པ་བརྒྱད་དང་དགུར་ལྡན་པའོ། །བདེ་བའི་ལྷག་པའི་བཟླས་པ་བྱ། །རེག་བྱ་ཆེན་པོ་
སྐྱེས་པ་ནི། །ལྷག་པའི་ཐིག་ལེ་ཆེན་པོར་བསྡུ། །མཐར་ཕྱིན་རེག་བྱ་སྐྱེས་པ་ན། །སྟེང་གི་གནས་སུ་འཕོ་བར་བྱ། །རེག་བྱ་ལ་སེམས་གཟུང་བའི་ཐིག་ལེ་སྟེ་གཉིས་པའོ།། །།ཡེ་ཤེས་སེམས་དཔའ་རབ་མཛེས་སྐུ། །ཟླ་བ་ལྟར་རྒྱས་རྡོ་རྗེ་ལ། །བཅུ་དྲུག་ཐིག་ལེ་གཅིག་པ་གང་། །བཅུ་

བདུན་ལྡན་པར་བཟླས་བྱ་སྟེ། །འཕོ་བ་འབྱུང་ལ་བཟླས་པ་བྱ། །འཇུག་པ་ཐིག་ལ་བཟླས་པ་བྱ། །གསལ་དང་བདེ་དང་ཡོངས་རྫོགས་ནས། །དབྱུ་གུ་དྲུག་ཅུའི་གྲངས་སུ་བགྲང་། །ཕྲ་མོའི་རྣལ་འབྱོར་རྫོགས་འགྱུར་བ། །བག་དང་ལྡན་པའི་སྦྱོར་བས་བརྩམ། །ཕྲ་མོ་ལ་སེམས་གཟུང་བའི་ཐིག་ལེ་སྟེ་
གསུམ་པའོ།། །།རྣམ་པར་ཤེས་པའི་རྡོ་རྗེའི་སྐུ། གངྒཱའི་ཀླུང་གི་སངས་རྒྱས་ཀྱིས། །བྱིན་གྱིས་བརླབས་ལ་བསྒོམ་པར་བྱ། །དེ་ཉིད་ཡེ་ཤེས་ཐིག་ལེ་བསྒོམ། །མི་ཤིགས་ས་བོན་འཛིན་པ་ཅན། །དྲན་པ་ལྷན་ཅིག་སྐྱེས་པ་གསལ། །འགྲོ་འོང་མེད་པར་ཉིན་མཚན་དུ། །ཡུལ་མིན་ཤེས་པའི་མཚན་
ཉིད་ནི། །གནས་པའི་ཐིག་ལེ་རྫོགས་པ་ཡི། །ཅུང་ཟད་མི་གསལ་ཕྲ་མོར་གསང་། །ཡེ་ཤེས་ལ་སེམས་གསང་བའི་ཐིག་ལེ་སྟེ་བཞི་པའོ།། །།རྣལ་འབྱོར་ལམ་ལ་བསླབ་པ་ནི། །སྟེང་དང་འོག་གི་མདུད་པ་ལ། །ཨོཾ་དང་ཧཱུཾ་གི་ཐིག་ལེ་བལྟ། །ཐིག་ལེ་སྟོང་པའི་ས་བོན་ལས། །ཨཱ་ལི་ཀཱ་ལི་འཛག་
པའི་ཕྲེང་། །རླུང་གིས་མནན་ལ་སོ་ཀར་བསྟིམ། །དེ་ལ་ལེགས་རོལ་སྐྱེས་པ་དང་། །འོག་གི་ཐིག་ལེ་སྟོང་པ་ལས། །ཉིས་འགྱུར་ཕུལ་ལ་སྟེང་དུ་བསྟིམ། །དེ་ལ་ལེགས་རོལ་སྐྱེས་པས་ན། །རང་འབྱུང་ཡེ་ཤེས་ཆེན་པོ་བསྒོམ། །དབང་པོ་ལྔ་ལ་ཡི་གེས་ཁྱབ། །ཡུལ་ལྔ་ལེགས་རོལ་ཆེན་
པོར་བསྒོམ། །དེ་ནས་བཅོམ་ལྡན་འདས་མ་ལས། །ཐིག་ལེ་ཡི་གེ་མེད་པ་གཉིས། །དབུགས་འབྱུང་ཆེན་པོ་བདག་མེད་བསྒོམ། །ལྷན་ཅིག་སྐྱེས་དགའ་རྣ་བའི་དུས། །གསལ་སྟོང་བདེ་བ་དབྱེར་མེད་པ། །གཉུག་མ་ཉམས་སུ་མྱོང་བས་ཤེས། །གལ་ཏེ་མི་གསལ་གྱུར་པ་ན། །རྡོ་རྗེའི་
བཟླས་པ་བརྩམ་པར་བྱ། །སྦྱོར་བ་ལས་བྱུང་འོད་གསལ་སེམས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་
པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཐིག་ལེ་ཆེན་པོ་གྲུབ་པ་བསྟན་པ་སྟེ་ལྔ་པའོ།། །།མན་ངག་བདུད་རྩི་ལྟ་བུ་གྲོལ་བའི་རིམ་པ་ཐིག་ལེ་གྲུབ་པ་གསལ་བྱེད་གཅིག་པ་བསྟན། འདི་ལས་བྱུང་བའི་བསོད་ནམས་ཇི་སྙེད་དེས། །བདེ་བ་ཆེན་པོའི་

གནས་དངོས་རྙེད་པར་ཤོག །ཐིག་ལེ་གཅིག་པ་ཞེས་བྱ་བ། །སློབ་དཔོན་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་བ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་ས་ར་སིདྡྷི་
ནཱ་མ། །བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྙིང་པོ་གྲུབ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོར་འགྲོ་བ་ཀུན་གནས་པ། །འོད་གསལ་རང་བྱུང་ཡིད་ཀྱིས་གུས་ཕྱག་འཚལ། །འགྲོ་བ་རྣམས་ལ་ཇི་ལྟར་བདེན་
དོན་ཉིད། །སེམས་དཔའི་ཡེ་ཤེས་འགག་པ་མེད་པར་བཤད། །འདས་དང་མ་འོངས་ད་ལྟ་དུས་རྣམས་སུ། །དུས་གསུམ་མཉམ་པའི་སྐུ་ཤར་གཞན་རྒྱུ་མེད། །དེ་ཕྱིར་ཡང་དག་མཚན་བརྗོད་གོ་བ་ཡིས། །འཁོར་འདས་ཡེ་ཤེས་སེམས་དཔའི་ལུས་རིག་བྱ། །རྡུལ་དང་མུན་པ་སྙིང་སྟོབས་གསུམ་
གྱི་བདག །དེ་ཉིད་ཡིན་ཕྱིར་སེམས་ཀྱིས་སུན་མི་དབྱུང་། །ཕུང་པོ་ལྔ་ཡི་ཁུར་བོར་ཉན་ཐོས་རྣམས། །ལམ་གྱི་དང་པོར་འབད་དེ་གཟུང་བར་བྱ། །རང་རྒྱལ་ཐེག་པ་བག་མེད་སྤོང་བའི་ཕྱིར། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ལ་བསླབ། །དགེ་ཆོས་ཚོལ་ལ་དགེ་བའི་བཤེས་གཉེན་
བསྟེན། །ཤེས་རབ་གསུམ་ནི་ཤེས་རབ་ཀྱིས་ཤེས་བྱ། །ཟད་པ་ཤེས་པས་རྣམ་པར་དག་འགྱུར་ཏེ། །སྐྱེ་མེད་ཤེས་པས་ཡེ་ཤེས་ལུས་སུ་འགྱུར། །སྐད་ཅིག་གཅིག་ལ་རྣམ་པར་གྲོལ་བ་ནི། །རང་རིག་ངོ་བོར་སངས་རྒྱས་ཐམས་ཅད་འཆང་། །ཡུལ་དང་དབང་པོ་བདེ་བར་བྱིན་བརླབས་པས། །
ཡེ་ཤེས་སེམས་དཔའི་ལུས་སུ་བདག་རྫོགས་འགྱུར། །ཐམས་ཅད་དགེ་བར་མཐོང་བས་མི་དགེ་མེད། །སྙིང་རྗེ་ཆེན་པོའི་ཆ་ལས་སྣ་ཚོགས་གཟུགས། །རྒྱུ་ལམ་འབྲས་བུ་ཀུན་དུ་དགག་མི་བྱ། །ཤེས་རབ་ཕ་རོལ་ཕྱིན་པས་སྟོང་པ་ཉིད། །དུས་གསུམ་དུ་ནི་མི་གནས་འཕོ་བ་མེད། །བདེ་བ་
ཆེན་པོའི་མངལ་དུ་ཡིད་ཞུགས་ན། །རྣལ་འབྱོར་ཡིད་ལ་མི་བྱེད་བླ་མའི་སྐུ། །ཡུལ་དང་གཉེན་པོར་བཅས་དང་མཐོང་བ་དང་། །དེར་ཤེས་པ་དང་ནུབ་པའི་ཡེ་ཤེས་ཉིད། །རྩ་བ་བྲལ་བའི་སེམས་ནི་བརྟན་པ་ལ། །རྒོད་དང་གཡེང་བའི་དྲི་མས་གོས་མི་འགྱུར། །རང་འབྱུང་ཡེ་ཤེས་བརྟན་དང་ཐོས་

པ་ཡིས། །བརྟགས་པའི་རྒྱུ་བ་རྣམས་ལ་གནས་པ་མེད། །འཁྲུལ་པ་ཞིག་པས་སྣང་བའི་རྒྱུ་བ་བྲལ། །དབྱེ་བ་སྤངས་པ་ཡེ་ཤེས་སེམས་དཔའི་གནས། །ཡང་དག་སངས་རྒྱས་ལམ་རིག་བྱིང་རྨུགས་མེད། །ངེས་འབྱུང་མཐའ་ལ་གནས་པ་ཐེ་ཚོམ་མེད། །རྒྱུན་ཆད་མེད་པའི་ཡེ་ཤེས་འགྱོད་པ་སྤངས། །
ཉོན་མོངས་གཉེན་པོ་མི་བྱེད་ལེ་ལོ་མིན། །སངས་རྒྱས་ཐམས་ཅད་གཅིག་པས་ཞུམ་པ་མེད། །འཁོར་བ་རྣམ་པར་དག་པས་གཉིད་སོགས་བྲལ། །ཡོན་ཏན་ཐམས་ཅད་རྫོགས་པས་རྡོ་རྗེ་འཛིན། །རང་བཞིན་ཆོས་ལ་གནས་པས་ཐོབ་བྱ་སྤངས། །རྡོ་རྗེ་ལྟ་བུ་ཡིན་ཕྱིར་བདུད་ཐམ་གྱུར། །དོགས་པ་
མེད་པའི་གནས་ཐོབ་ཤིན་ཏུ་བདེ། །ཀུན་རྫོབ་རྣམ་པར་དག་པས་ཨེ་མ་མཚར། །བཅོམ་ལྡན་མགོན་པོ་གང་གི་ལུང་ཐོབ་པས། །རྒྱུད་དངོས་གྲུབ་པ་སྒྲུབ་པའི་ཐབས་འདི་བྱ། །ཕུན་སུམ་ཚོགས་འགྱུར་ཚོགས་གཉིས་འབྲས་བུ་གང་། །འགྲོ་བ་རྣམས་ཀྱིས་དུས་འདིར་རྙེད་པར་ཤོག །འཇམ་དཔལ་ཡེ་ཤེས་སེམས་དཔའི་
སྙིང་པོ་གྲུབ་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ༄། །གདམས་ངག་ཉེ་བར་བསྡུས་པ་བཞུགས།། ༄༅༅། །འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་
དཔའ་ལ་ཕྱག་འཚལ་ལོ། །ཆོས་ཀུན་རང་བཞིན་འཇམ་དཔལ་ཡེ་ཤེས་སེམས། །མ་ལུས་བདེ་གཤེགས་ཀུན་གྱི་མཚན་གྱུར་པ། །རྡོ་རྗེ་འཆང་ཆེན་རྣམས་ཀྱི་གླུར་བླངས་དོན། །ཟབ་ཅིང་རྒྱ་ཆེའི་སྐྱེ་བོ་བློ་བཟངས་དོན། །བྱང་ཆུབ་སེམས་ལྡན་ལྷག་པའི་ལྷར་མོས་ལ། །སྒྱུ་མའི་རྟེན་འབྲེལ་
རྣམ་གསུམ་སྦྱོར་བ་ལས། །མ་ལུས་གཉིས་མེད་མཁའ་ཁྱབ་སྤྲུལ་ཚོགས་དགུའོ། །མ་སྐྱེས་མི་འགག་སྒྱུ་འཕྲུལ་དྲ་བའི་ཚོགས། །རྡོ་རྗེ་མིག་གིས་སྣང་ཐོབ་བར་དུ་བལྟ། །སྒྱུ་མ་བྲག་ཅ་ནམ་མཁའི་རང་བཞིན་དུ། །ཡོངས་སུ་ཤེས་ནས་མ་ཞེན་སེམས་ཀྱིས་བཀླག །གསང་སྔགས་
ཚུལ་ཆེན་ལམ་ནི་འདི་ཡིན་ཏེ། །ཇི་ལྟར་དངོས་རྣམས་མཁའ་ལ་གནས་པ་བཞིན། །དམ་ཚིག་དཀྱིལ་འཁོར་ཕྱག་རྒྱ་ཆེ་ལ་གནས། །དོན་དེ་མི་ཤེས་དཀའ་བའི་ལམ་གཞན་གྱིས། །འཁོར་བའི་གྲོང་གསུམ་དག་ལ་དེ་མི་གཡོ། །དེ་ལྟའི་དོན་ཤེས་རང་བཞིན་ཉེས་པ་སྤངས། །སྤོས་ཀྱི་

གླང་པོ་ཀེ་ཏ་ཀ་ཟོས་བཞིན། །ཉེས་པའི་ཚོགས་བཅོམ་གཞུང་ཚོགས་ཡོན་ཏན་ལྡན། །འགག་པ་མེད་པའི་ཆོས་ཀྱི་རྒྱལ་པོར་འགྱུར། །ཐུགས་ཀྱི་གསང་མཛོད་གཙུག་གི་རིན་པོ་ཆེ། །འགྲོ་ཀུན་སེམས་ཀྱི་རང་བཞིན་ཆོས་རྣམས་ལུང་། །རྒྱུད་ཀུན་དབང་པོ་རྡོ་རྗེ་ཚིག་ཏུ་གནས། །
མཁན་པོའི་རྗེས་འབྲང་ཉེ་བར་གྱུར་པ་ཡིན། །སློབ་དཔོན་ཆེན་པོ་དཔལ་མཻ་ཏྲིའི་གདམས་ངག་ཉེ་བར་བསྡུས་པ་རྫོགས་སོ།། ༄། །འཕགས་པ་འཇམ་དཔལ་གྱི་ཟབ་ཅིང་རྒྱ་ཆེ་བའི་འགྲེལ་བ་བཞུགས།། ༄༅༅། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རྟེན་ལྡན་དེ་
ཉིད་སྒྲུབ་འདོད་པས། །བདག་གཞན་དོན་འབྱུང་སྔགས་ཚུལ་ལམ། །ཡེ་ཤེས་ལྔ་ཁྱབ་ལ་བཏུད་ནས། །ཟབ་ཅིང་རྒྱ་ཆེན་གསལ་བར་དབྱེ། །ཆོས་ཀུན་ཞེས་བྱ་བ་ལ་སོགས་པའི་ངག་དང་པོ་འདིས་བརྗོད་པར་བྱ་བ་དང་། བརྗོད་དགོས་པ་དང་། བརྗོད་བྱའི་དགོས་པ་ལ་སོགས་པ་བརྗོད་པ་ཡིན་
ནོ། །བྱང་ཆུབ་སེམས་བསྐྱེད་ཅེས་བྱ་བ་ནས། ཚུལ་འདི་ཡིན་ཞེས་བྱ་བས་ཐབས་བརྗོད་པ་ཡིན་ནོ། །ཇི་ལྟར་མཁའ་ལ་ཞེས་བྱ་བ་ནས། ཆོས་ཀྱི་རྒྱལ་པོར་འགྱུར་ཞེས་བྱ་བས་ལམ་དམན་པ་དགག་པས་ཁྱད་པར་བརྗོད་པ་ཡིན་ནོ། །ཐུགས་ཀྱི་གསང་མཛོད་ཅེས་བྱ་བ་ནས་ཉེ་བར་བསྡུས་བཤད་ཅེས་
བྱ་བས་བརྗོད་བྱ་དང་རྗོད་པའི་ཁྱབ་པ་བསྟན་པ་ཡིན་ནོ། །དེ་ལྟའི་ལམ་ནི་ཞེས་བྱ་བ་ནས། བྱས་པ་ཡིན་ཞེས་བྱ་བས་གཞུང་ཉེ་བར་བསྡུས་པ་ཡིན་ནོ། །དོན་གྱི་བརྗོད་བྱ་འཇམ་དཔལ་གྱི་ངོ་བོ་གསལ་བར་བྱ་བའི་ཕྱིར། ཆོས་ཀུན་རང་བཞིན་འཇམ་དཔལ་ཡེ་ཤེས་སེམས། །ཞེས་བྱ་བ་སྨོས་ཏེ། ཆོས་
ནི་ཕུང་པོ་ལྔ་ལ་སོགས་པ་རྣམས་ཏེ། རང་གི་མཚན་ཉིད་འཛིན་པ་རྣམས་སོ། །དེ་དག་གིས་ཤེས་བྱ་བསྡུས་པར་འགྱུར་བའམ། ཡང་ན་དེ་དག་ལ་ཉོན་མོངས་པ་ལྔ་དང་སྤྱི་བསྡུས་པ་དང་ལྡན་པའི་ཆོས་ཀུན་ནི་རྒྱུད་འདིར་འདོད་དོ། །དེའི་རང་བཞིན་ནི་ངོ་བོ་ཉིད་དེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། འདུས་མ་བྱས་པ་བཞི་དང་ལྡན་པའོ། །འདིས་ནི་འགྲོ་བ་དབྱིངས་ཉིད་དུ་ཁྱབ་པ་བླངས་པ་ཡིན་ནོ། །ངེས་པའི་ཡུལ་ལ་བྱེད་པ་པོ་མེད་པ་དང་རྒྱུ་ཉིད་ཡིན་པས་ན་འདི་ནི་ངོ་བོ་ཉིད་དུ་རིག་པའོ། །འདིའི་དོན་ཡང་། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་

བཞིན་འཛིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་གསུངས་པས་གྲུབ་པ་ཡིན་ནོ། །དེ་ཙམ་ཡིན་ཡང་ངེས་པའི་ཡུལ་ལ་བྱེད་པ་པོ་མེད་ན་འགྲོ་བ་དང་སངས་རྒྱས་ཁྱད་པར་མེད་པ་དེའི་
མངོན་དུ་བྱེད་པའི་ལམ་བསྟན་པ་ནི། སེམས་ཞེས་བྱ་བ་ནི་རྒྱུན་མི་འཆད་པ་སྟེ། སེམས་ཀྱི་གནས་སྐབས་འདིར་ནི་ལམ་ཤེས་ལ་རྒྱུན་གྱིས་འཇུག་པ་མི་མཐུན་པ་དང་། གཉེན་པོ་གཉིས་སུ་ཤེས་ནས་ཉམས་སུ་མྱོང་བར་གྱུར་པའི་ལམ་འཆད་པ་རྣམས་སོ། །འདིའི་དོན་ཡང་ཉེས་པ་སྤངས་པ་སྐྱོན་མེད་པ། །
ཤིན་ཏུ་སད་པ་སད་པའི་བདག །ཅེས་གསུངས་པས་བཤད་པ་ཡིན་ནོ། །འདི་ནི་ངོ་བོ་ཉིད་གློ་བུར་བ་དང་ལྡན་པ་དག་ལ་ལམ་གྱིས་འབྱིན་པར་དགོངས་པའོ། །ཡང་སྤོང་བ་དང་སྒྲུབ་པ་རྒྱུན་འཆད་པར་གྱུར་པ་ནི། འཇམ་དཔལ་ཡེ་ཤེས་ལ་བྱ་སྟེ། འབྲས་བུ་ཉིད་དུ་བདག་དགོངས་པའི་རྒྱུད་འདིར་ཟུག་
རྔུ་ལྔ་ལ་སོགས་པ་དང་། འཆིང་བ་ལས་གྲོལ་ཞིང་དབྱིངས་བཞི་ལུས་ལ་ཡེ་ཤེས་རྣམས་རོ་མཉམ་དུ་འདྲེས་པ་དེ་ལ་འཇམ་པ་ཞེས་བྱའོ། །འདི་ཉིད་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པའི་གཞིར་གྱུར་པས་དཔལ་ཡིན་ནོ། །སེམས་ཞེས་བྱ་བ་ནི་རྒྱུན་དང་ཉིད་དང་རང་བཞིན་ཡིན་པས་
གསུམ་པར་ཡང་སྦྱར་རོ། །དེ་ཡང་སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །བདག་རིག་གཞན་རིག་ཐམས་ཅད་ལ། །ཀུན་ལ་ཕན་པའི་གང་ཟག་མཆོག །ཅེས་གསུངས་སོ། །དེ་ལྟར་སྟོན་པས་བརྗོད་བྱ་
དམིགས་པའི་ཡུལ་དུ་ཐུགས་ལ་བཞག་ནས། དེ་ཡི་བརྗོད་པ་བསྟན་པ་ནི། །བདེ་གཤེགས་མ་ལུས་ཀུན་གྱི་མཚན་གྱུར་པ། །ཞེས་བྱ་བ་སྨོས་ཏེ་དེ་བཞིན་ཉིད་དུ་གཤེགས་པ་དང་། དེ་བཞིན་ཉིད་དུ་གཤེགས་པ་ལས་བྱོན་ཞིང་སྟོན་པའོ། །མ་ལུས་པ་ཞེས་བྱ་བ་ནི། འགྲོ་བ་ཀུན་རྫོབ་ཅན་གྱི་ངོ་བོར་བྱུང་
བ་དང་། ཀུན་རྫོབ་གྱི་ཆར་གཤེགས་ཤིང་སྟོན་པ་སྟེ། དུས་དང་ཕྱོགས་མ་ལུས་པའི་མ་ལུས་པ་ལ་ཀུན་དུ་ཞེས་བསྟན་པ་ནི་ཁ་ཅིག་ཟད་པར་གྱི་མིང་དང་དོན་ལ་ཟེར་རོ། །འདི་ནི་ཀུན་ནས་ཉོན་མོངས་པའི་མཚན་རྣམས་གསུངས་པ་ཡིན་པས་དེ་འཛིན་པའོ། །གང་གི་ཕྱིར་མ་དག་པ་མཚན་དུ་གྱུར་

པ་ནི། །ངོ་བོས་ཁྱབ་པ་དང་། དེའི་རྣམ་པར་འཕྲུལ་པ་དང་། དེ་ལས་བྱུང་བའི་ཕྱིར་རྒྱུ་ལ་གུས་པའོ། །མཚན་གྱུར་ཞེས་བྱ་བ་ནི། མཚན་དག་སྔགས་ཀྱི་སྤྱད་པ་སྤྱོད་པ་ལ་ལྷག་པར་འགྱུར་བའོ། །དེ་ཡང་བཅུ་ཕྲག་བརྒྱད་དང་དྲུག་ཉིད་དང་། བརྒྱ་ཕྲག་གཅིག་དང་བརྒྱད་ཅུ་གཅིག །
བཅུ་ཕྲག་བདུན་ལ་གཅིག་ལྷག་པ། །བརྒྱ་ཕྲག་གཉིས་དང་བདུན་ཅུ་ལྔ། །བརྒྱ་ཕྲག་གཅིག་དང་དེ་ལ་ལྔ། །བརྒྱ་ཕྲག་གཅིག་ལ་ལྔ་མེད་པའོ། །ལྔ་ཕྲག་བཅུ་ལ་གསུམ་ལྷག་དང་། །དེ་བཞིན་དུ་ནི་སྔ་མའི་གྲངས། །ཞེས་བྱ་བའི་ཚིགས་བཅད་ཀྱིས་བསྟན་པའོ། །བརྗོད་པ་དེ་དག་གང་གིས་ཇི་ལྟར་བརྗོད་
པ་ནི། རྡོ་རྗེ་འཆང་ཆེན་རྣམས་ཀྱི་གླུར་བླངས་དོན། །ཞེས་བྱ་བ་ལ། སྟོང་པ་ཉིད་ཀྱི་བདག་ཉིད་ཏིང་ངེ་འཛིན་གྱིས་འཛིན་པ་ནི་རྡོ་རྗེ་འཆང་བ་སྟེ། བདེ་བ་ཆེན་པོ་བློ་མཉམ་པའི་སྐུའོ། །དེ་ཡང་མི་ཉམས་ཤིང་ཀུན་ལ་ཁྱབ་པས་དེ་ལ་དེ་སྐད་ཅེས་བྱའོ། །རྣམས་ཞེས་བྱ་བ་ནི། ཁྱབ་པ་པོའི་སྐུ་ཉིད་ཀུན་རྫོབ་
ཀྱི་ངོར་དུས་མེད་དུས་ཀྱི་རྣམ་པར་སྣང་བ་སྟེ། དངོས་པོའི་ཆ་འཛིན་པའི་ཕྱིར་རོ། །དེ་དག་གིས་སྐུ་ཉམས་སུ་བསྟར་བའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དེ་གསལ་བར་གདུལ་བྱ་ལ་དབྱེ་བ་ནི་གླུར་བླངས་པའོ། །དེ་སྐད་དུ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་བྱོན་
རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་པའོ། །
དོན་དམ་པར་དུས་གསུམ་དུས་མེད་རྟོགས་པའོ། །སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །ཞེས་གསུངས་པས་འཆང་བ་ཡིན། དེ་ལྟར་བརྗོད་པ་བསྟན་པ་དེའི་དགོས་པ་ནི། །དེ་བཞིན་བྱ་བས་བསྟན་པ་ཡིན་ནོ། །དོན་ནི་གང་གིས་ཇི་ལྟར་བརྗོད་པའི་དོན་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའི་ལམ་
འབྲས་བུ་དང་བཅས་པའི་དམིགས་པའོ། །དེ་ཡང་། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཞེས་བྱའོ། །ཚིག་གི་བདག་པོ་ནི་བརྗོད་བྱའི་དགོས་པ་མཐོང་བའོ། །ཚིགས་

སུ་བཅད་པ་ནི། རྗོད་བྱེད་མཚན་དོན་མཐོང་བའོ། །གསང་སྔགས་རྒྱལ་པོ་ནི་བརྗོད་བྱའི་དགོས་པ་ལམ་གྱི་ཁྱད་པར་རོ། །དྲུག་ལྡན་ནི་ལམ་དེའི་དམིགས་པ་དང་། མི་མཐུན་པ་དྲུག་ཏུ་གཟིགས་པ་སྟེ། དེ་ཡང་གསང་སྔགས་རིགས་ཆེན་ཐམས་ཅད་དང་། རིགས་ཆེན་གཙུག་ཏོར་ཆེར་
གཟིགས་ནས། །ཞེས་པའི་བར་གྱིས་བསྡུས་སོ། །འདི་དག་གི་འབྲེལ་པ་གང་གིས་རྟོགས་པ་ནི། །སྐྱེ་བོ་བློ་བཟང་ཉོན་ཞེས་བྱ་བར་འབྲེལ་བའོ། །བློ་བཟང་བ་ནི་རྡོ་རྗེ་འཛིན་པ་རང་དང་མཚུངས་པ་སྟེ། སྐྱེ་བོ་ཞེས་སྨོས་པས་སྒྲུབ་པ་པོ་མཚན་ཟབ་པ་དང་། རྒྱ་ཆེ་བར་གཏོགས་པར་འདྲའི་དབྱིབས་
དང་ཆ་བྱད་ཀྱང་བུམ་པ་ལ་སོགས་པས་ནི་མ་ཡིན་ནོ། །ཉོན་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པས་དགོས་འབྲེལ་ཤེས་ནས་ཉམས་སུ་བླང་བྱ་ལ་གུས་པར་གདམས་པའོ། །ཟབ་ཅིང་རྒྱ་ཆེན་ཞེས་བྱ་བ་ནི། །བརྗོད་བྱའི་དགོས་པ་སྟོན་ཏེ། ཟབ་པའི་བདག་གིས་བསྡུས་པའི་སྐུའོ། །རྒྱ་ཆེ་བ་ནི་གཞན་
གྱིས་བསྡུས་པའི་སྐུའོ། །དེ་ཡང་། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་དགོས་པ་ལ་སོགས་པས་ཞུགས་པ་རྣམས་ཇི་ལྟར་འབྲས་བུ་དེ་ལྟར་
བསྒྲུབ་པར་བྱ་སྙམ་པ་ལ་ཐབས་བསྟན་པའི་ཕྱིར། བྱང་ཆུབ་སེམས་བསྐྱེད་ལྷག་པས་ལྷར་དམིགས་ལ། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ནམ་མཁའ་ལྟ་བུ་དང་སེམས་ཅན་ལ་ཕན་པའི་རྣམ་པའོ། །དེ་ནས་དེའི་ཆེད་དུ་སྤྱོད་པ་དྲི་མ་མེད་པ་སྒྲུབ་པར་འདོད་པའོ། །ཐམས་ཅད་མཁྱེན་པའི་
རྒྱུ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེ་ཡང་སྙིང་རྗེ་རྩ་བ་ལས་པ་ཡི། །ཐབས་ཀྱི་མཐར་ནི་སོན་པའོ། །ཞེས་གསུངས་སོ། །དེ་ཡང་རྒྱ་ཆེ་བ་དང་སྙིང་རྗེས་རྒྱུན་ཆགས་བྱ་བའི་བསོད་ནམས་ཀྱི་ཚོགས་སོ། །ཆོས་ཐམས་ཅད་དོན་དམ་པར་ལྷག་པར་མོས་པ་ནི་ཡེ་ཤེས་སོ། །དེ་སྐད་དུ་ཡང་། བྱང་ཆུབ་
སེམས་དཔའི་ལམ་ནི་མཐའ་ཡས་ཏེ། མདོར་བསྡུ་ན་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཞེས་པ་དང་། རྒྱུད་འདི་ཉིད་ལས་ཀྱང་། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཚོགས་གཉིས་ཚོགས་ནི་བསགས་པའོ། །རྟག་པ་ཀུན་རྒྱལ་

རྣལ་འབྱོར་ཅན། །ཞེས་གསུངས་པས། འཁོར་གསུམ་དམིགས་པ་མེད་པ་བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ནི་སེམས་བསྐྱེད་དེ། སྲིད་པ་དང་ཞི་བ་ལས་རྣལ་འབྱོར་བསྲུང་བའོ། །དེས་བདག་གི་སྲུང་བ་ཡང་འགྱུར་ཏེ། ལྷག་པས་ལྷར་དམིགས་ལ་ཞེས་པ་ལ་བདག་གི་
སེམས་ཇི་ལྟར་སྦྱངས་པའི་དག་པ་ནི་ལྷག་པའི་དོན་དང་ཕྲད་པར་བྱེད་པས་ལྷག་པའོ། །དེ་ཉིད་ལས་ཁ་དོག་དང་དབྱིབས་ཀྱི་དམ་ཚིག་ཏུ་ལྟ་བ་ནི་དོན་གྱིས་ལུས་ལས་བྱུང་བས་ལྟ་ཞེས་བྱའོ། །དམིགས་པ་ནི་དེ་དག་གཉིས་མེད་པར་སྦྱོར་བའོ། །འདིས་རྣལ་འབྱོར་པ་ཁྱད་པར་ཅན་དང་། །རྒྱུད་ཁྱད་
པར་ཅན་གྱིས་མཆོག་གི་རྣལ་འབྱོར་པ་བླ་མའི་ཁ་ལས་བརྒྱུད་པར་དགོངས་སོ། །སྲུང་བ་གཉིས་སྔོན་དུ་སོང་བས་ཇི་ལྟར་བསྒྲུབ་སྙམ་པ་ལ། རྟེན་འབྲེལ་རྣམ་གསུམ་སྒྱུ་མའི་སྦྱོར་བ་ཡིས། །མ་ལུས་གཉིས་མེད་མཁའ་ཁྱབ་སྤྲུལ་ཚོགས་དགུ། །ཞེས་བྱ་བ་ལ་རྟེན་འབྲེལ་ནི་རང་བཞིན་གྱིས་མ་བཅོས་
པ་སྟེ། གང་གི་ཕྱིར་མཐའ་གཉིས་རྟེན་འབྲེལ་ལ་མི་སྲིད་པའི་ཕྱིར་རོ། །དེ་ལ་བརྟེན་པ་འདུས་ཤིང་གློ་བུར་དུ་རྟེན་ཅིང་འབྱུང་བ་ནི་མིང་ཙམ་དང་གདོད་མ་ནས་མི་སྐྱེ་བ་དང་འབྲེལ་བའོ། །རང་བཞིན་དེའི་བྱེད་པ་ནི་སྦྱོར་བ་སྟེ། འདུས་པ་ལ་བརྟེན་པ་དང་འབྲེལ་པ་དང་ཞེས་བྱ་བ་ནི་མ་སྐྱེས་པར་གཏོགས་
པའི་རྣམ་གྲངས་སོ། །འདི་ཉིད་བྱ་བ་གསུམ་གྱིས་བྱེད་དེ། དག་པའི་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་པའི་ཀུན་རྫོབ་བོ། །འདི་ཡང་མི་བདེན་ལྟ་བུར་སྣང་བས་ངོ་བོ་མ་ཡིན་པས་སྒྱུ་མའོ། །དེ་ཡང་རང་བཞིན་མེད་པའི་སྣང་བ་ལ་སྒྱུ་མ་ཞེས་བརྟགས་སོ། །གཉིས་པར་གྱུར་པ་སྒྱུ་མ་དང་རྟེན་འབྲེལ་
ནི་སྐྱེས་བུ་རྣམས་དབྱེར་མེད་པ་ལ་སྒྱུ་མར་མ་རྟོགས་པ་དག་ལ་འདོད་པ་བསྒྲུབས་པའོ། །ཡིད་ཅེས་བྱ་བ་ནི་རྣལ་འབྱོར་གྱི་བྱེད་པ་པོར་དགོངས་པའོ། །དོན་དམ་པར་མ་སྐྱེས་པས་ཀུན་རྫོབ་ཀྱང་ནི་རིགས་པའི་ཡུལ་དུ་གྱུར་པ་ལ་རིགས་པའི་ཡུལ་མ་ཡིན་པས་སྒྱུ་མ་ཉམས་པའོ། །སྒྱུ་
མ་ཡང་སྒྱུ་མ་ཉིད་ལ་སྣང་གི་གཞན་དུ་སྐྱེ་བ་དང་འགག་པ་ལ་སེལ་བ་དང་བསྒྲུབ་པར་མི་འདོད་དོ། །གང་ཡང་རྣམ་པར་རིག་པ་ཙམ་ལ་སོགས་པ་རྟེན་འབྲེལ་དོན་དུ་ཁས་བླངས་པ་ལ་ནི་རྣམ་པར་བཅད་པ་འདོད་པ་ཡིན་གྱི། ཕྱོགས་གཞན་གྱི་ངོར་མི་སྣང་བ་དང་ཡོད་པར་ཡང་མ་ཡིན་ནོ། །

རིགས་པའི་ཤེས་པའི་ཡུལ་ལ་སྣང་བའི་ཐ་སྙད་འགག་པ་དང་ལྡན་པའི་ཡུལ་མ་ཡིན་ཏེ། རྟོག་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར། །མ་ལུས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཁྱབ་པའི་ཆོས་རྣམས་སོ། །གཉིས་མེད་པ་ནི་དེ་དག་ལ་གཉིས་མེད་པ་དང་དེ་དག་གཉིས་མེད་
དེ། །ཀུན་རྫོབ་དང་དོན་དམ་པའི་འཇུག་པ་གཉིས་མ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་མི་བདེན་པར་རྟོག་པས་འཇུག་པ་དང་། བདེན་པ་ལ་མི་རྟོག་པས་འཇུག་པ་གཉིས་ཡིན་ནོ་ཞེ་ན། དེ་བཞིན་ཉིད་མ་གཏོགས་པ་རྣམས་ལ་ནི་སྐྱེས་བུས་འདོད་པས་ཀྱང་བཞག །དེ་ཡང་དེ་ཉིད་མཐོང་བ་མ་ཡིན་ཏེ།
ཕ་རོལ་སྨྲ་བ་པོའི་ངོར་རྣམ་པར་བཅད་པ་དང་། ཡོངས་སུ་བཅད་པས་བཞག་པའི་ཕྱིར་རོ། །འདིར་ནི་ཉམས་སུ་མྱོང་བའི་ཡུལ་དུ་གྱུར་པ་ལ་དེ་མེད་པས་རང་ལ་སྣང་བའི་མཁའ་ཁྱབ་པོ། །སྤྲུལ་པ་ནི་རྟེན་འབྲེལ་ལས་བྱུང་བས་སོ། །ཚོགས་ནི་དེའི་བདག་མེད་པའི་ལྷ་ཚོགས་རྣམས་སོ། །
འདི་ཇི་ལྟར་མི་འགལ་ཞེ་ན། མ་སྐྱེས་མི་འགག་ཅེས་བྱ་བ་ནི། གང་སྐྱེ་བའི་ཟླས་དྲང་བ་འགག་པ་ཡིན་ལ་འདི་མ་སྐྱེས་པའི་ཆོས་རྣམས་ལ་འགག་པ་འབྱུང་བ་མ་ཡིན་ཏེ། གང་ནས་གང་སྐྱེ་བ་མེད་པ་ལ་གང་དུ་གང་གནས་པ་དང་འགག་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་
གཟུགས་ནི་གང་ནས་ཀྱང་མ་བྱུང་གང་དུ་ཡང་མི་གནས། གར་ཡང་གནས་པར་འགྱུར་བ་མེད་དོ་ཞེས་གསུངས་སོ། །དེའི་ཕྱིར་མ་སྐྱེས་པ་ཉིད་མི་འགག་པས་འབྱུང་བ་དེའི་སྐྱེ་བ་དང་། འགག་པ་ཉིད་མ་ཡིན་པའོ། །དེ་བས་ན་སྒྱུ་འཕྲུལ་དྲ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་
བསྡུས་པའི་ཚིག་དགུ་ཡིན་ནོ། །དེ་ཡང་སེམས་དང་སེམས་ལས་བྱུང་བ་ནི་སྒྱུ་མ་ཉིད་དུ་འཕྲུལ་པ་དང་། སྒྱུ་མ་ཉིད་དུ་རྟོགས་པའི་དྲ་བ་ནི་བདག་ཉིད་གཅིག་པའི་འབྲེལ་པའོ། །དེ་ལྟར་རྣལ་འབྱོར་བསྒྲུབས་ནས། ད་ནི་བསྒོམ་པ་དང་བཟླས་པའི་རྣལ་འབྱོར་བསྟན་པའོ། །རྡོ་རྗེ་མིག་གིས་གནང་བ་
མ་གསལ་བར་དུ་བལྟ་ཞེས་བྱ་བ་ལ། འདི་ལྟ་བུའི་རྡོ་རྗེའི་མིག་གི་ཡུལ་ཡིན་པས་རྡོ་རྗེའི་མིག་སྟེ། ཡེ་ཤེས་ཀྱི་མིག་གིས་བལྟ་བར་འདོད་དོ། །གཟུང་བའི་ཆོས་རྣམས་ནི་འདིར་དེ་བཞིན་གཤེགས་པའི་ཕྱག་རྒྱར་བལྟའོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ཡོངས་སུ་གྲུབ་པའི་མེ་ལོང་གི་

གཟུགས་བརྙན་ལྟར་བལྟའོ། །མི་བསྐྱོད་པ་སེམས་དང་སེམས་ལས་བྱུང་བ་ནི་རྡོ་རྗེ་སེམས་དཔའི་མིག་གིས་བལྟ་བའི་ཕྱིར་ཡུལ་ཡིན་པས་རྡོ་རྗེ་སེམས་དཔའ་སྟེ། དེ་ལྟར་བལྟ་བའི་ཡུལ་ཅན་ལ་ཡང་མིང་དེ་སྐད་ཅེས་གྲགས་སོ། །དེ་ཡང་ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་
ལུས་ཅན་དེ་བཞིན་གཤེགས། །ཞེས་བྱ་བ་ལས་དང་། སྟོང་པ་ཉིད་ལ་སྟོང་ཉིད་མཐོང་། །མིག་ནི་མི་འགྱུར་བརྟན་པའོ། །ཞེས་བྱའོ། །སྣང་གསལ་བར་དུ་བལྟ་ཞེས་བྱ་བ་ནི། དོན་དེ་དག་ལ་དང་པོ་རྣལ་འབྱོར་བསྟན་པས། ཡིད་ཆེས་པ་སྔོན་དུ་སོང་བས། ཟག་པ་མེད་པའི་བདུད་རྩིར་གྱུར་པས་
བདག་འདྲིས་པའི་བར་དེ་སྲིད་དུ་ཤེས་རབ་ཀྱིས་བལྟ་ཞིང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །དེ་ནས་འབད་པ་མེད་པའི་མཚན་བརྗོད་པ་ནི།
སྒྱུ་མ་བྲག་ཅ་ནམ་མཁའི་རང་བཞིན་དུ། །ཞེས་བྱ་བ་ལ། ཇི་སྐད་བཤད་པའི་དཀྱིལ་འཁོར་ན་སྒྱུ་མ་ཡིན་པས་ཕྱི་དང་ནང་དང་བྲལ་བའི་སྣང་བར་མཐོང་བ་དང་། མཚན་གྱི་སྔགས་བཟླས་པ་རྣམས་ནི། བྱེད་པ་པོ་ལ་སོགས་པ་གསུམ་མེད་པས་ཕྱི་དང་ནང་དུ་གསལ་བའི་བྲག་ཅའོ། །འདི་
གཉིས་ནི་གཟུགས་དང་སྒྲའི་རྣམ་པ་སྟེ། མཚན་མའི་རང་བཞིན་དུ་གྱུར་པ་སྟེ། ཇི་སྐད་དུ། སྦྱོར་བའི་ལམ་པ་ནི། སྤྲུལ་སྐུའི་ཡུལ་གསུང་གི་ལོངས་སྤྱོད་དང་། མི་གཡོ་བ་ལ་གནས་པ་ནི་སྐུའི་ཡུལ་ལོ། །དེ་ལྟར་ན་དབྱིབས་དང་སྔགས་ཀྱིས་ནི་འདི་དག་ལ་ཐུགས་རྡོ་རྗེའི་རང་བཞིན་གྱི་ཡེ་
ཤེས་དངོས་སུ་སྐྱེད་པར་བྱེད་པས། སྤྲོ་བ་བསྡུ་བའི་བདག་ཉིད་ཅན་ལ་སོགས་པ་ཀུན་འདིར་ལྡན་པའོ། །དེ་བས་ན་ཡོངས་སུ་ཤེས་ནས་ནི་ཁོང་དུ་ཆུབ་པར་བྱས་ནས་སོ། །དེ་ཡང་སེམས་ཀྱིས་ཏེ། །ཡེ་ཤེས་ལས་བྱུང་བས། ཡེ་ཤེས་ཡེ་ཤེས་མཚོན་པའི་བརྡའི་མཚན་གདགས་
པས་བྱ་བ་ནི་རླག་ཅེས་པའི་དོན་ཏོ། །གང་གི་ཕྱིར་སེམས་དང་སེམས་ལས་བྱུང་བའི་སྐུ་དང་གསུང་དང་ཐུགས་ཐམས་ཅད་འདིར་བཤད་ཅེ་ན། དེའི་ཕྱིར། །གསང་སྔགས་ལམ་ནི་རྣལ་འབྱོར་ཚུལ་འདིས་བྱེད། །ཅེས་པ་ལ། གསང་བ་ནི་སྔར་བསྟན་པའི་ཟབ་པ་ཉིད་ཀྱི་དཀྱིལ་འཁོར་ཏེ།

ཉན་ཐོས་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཕྱིར་རོ། །འདི་ཉིད་མྱུར་བ་ཉིད་དུ་དམན་པ་ལས་སྐྱོབ་པས་ན་སྔགས་ཡིན་ཏེ། གང་གི་ཕྱིར་འདིར་ནི་འབྲས་བུ་ཡན་ལག་བདུན་དང་ལྡན་པའི་འབྲས་བུ་ལ་སོགས་པ་དེ་ཡང་ཕུན་སུམ་ཚོགས་པ་བཞི་དང་ལྡན་པའི་འབྲས་བུས་རློབས་ནས།
ཆོས་བདག་མེད་པ་དང་བསྲེས་ནས་ཚོགས་བདུད་རྩི་རྫོགས་པར་གྱུར་པས། འཇིག་རྟེན་པའི་ཞེན་པ་དང་སྣང་བ་མྱུར་དུ་ཉམས་པ་ཡིན་ནོ། །དེ་ཡང་རྒྱུན་མི་འཆད་པར་འབྱུང་བས་རྣལ་འབྱོར་ཏེ། འགྲོ་བ་ལ་དགོངས་པའི་ཡེ་ཤེས་ཁྱད་པར་ཅན་དེས་ལྡོག་པ་ཡིན་པས། ཚུལ་འདིས་བྱེད་པ་
ཡིན་པར་འདོད་དོ། །དེ་ཡང་། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བས་ནི། །གསང་སྔགས་ཀྱི་ལམ་དེ་གསུངས་སོ། །རྣལ་འབྱོར་བསྒོམ་པ་ལས་བྱུང་བ། །ཞེས་པས། ལམ་དེའི་རྒྱུན་གསུངས་པ་ཡིན་ནོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་བྱ་བས་འབྲས་བུ་གསུངས་པ་ཡིན་
ནོ། །འདི་སྐད་སྟོན་ཏེ། ཡིད་དང་བའམ། མཐུན་པའི་གནས་སུ་སྔ་དྲོ་ལ་སོགས་པའི་དུས་གསུམ་དང་དམ་ཚིག་ཉམས་པ་མེད་པ་གདོང་བཀྲུ་བ་ལ་སོགས་པ་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། བྱང་ཆུབ་དང་སེམས་ཅན་ལ་དམིགས་པའི་བློས་རང་ཉིད་ཀྱིས་རྒྱུན་བཤགས་བྱའོ། །འདི་ཉིད་ལ་
འཁོར་གསུམ་དམིགས་པ་མེད་པར་ཆོས་ཐམས་ཅད་ལྷག་པར་མོས་པར་བྱའོ། །དེ་ནས་རང་ཉིད་དམ་ཚིག་དང་དབྱིབས་སུ་ལངས་ལ། ཧྲཱིཿདང་ཧཱུཾ་ལས་ཀྱེ་རྡོ་རྗེར་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཧཱུཾ་ཨ་ཨོཾ་ཨཱཿཞེས་བྱ་བས། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་
ཆེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་བྱ་བར་བྱིན་གྱིས་བརླབ་པོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཐེ་བོ་མཐེའུ་ཆུང་རྡོ་རྗེར་སྦྲེལ། །རྡོ་རྗེ་འཁོར་ལོའི་མིང་བརྗོད་ཅིང་། །དཀྱིལ་འཁོར་ཐམས་ཅད་སློང་བའོ། །དེའི་མཐར།
ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་གསུངས་པས་སེམས་དང་སེམས་ལས་བྱུང་བའི་དབྱིངས་དང་རིགས་བསྡུས་པའི་ངེས་པ་ལྔ་དང་། ཏིང་ངེ་འཛིན་སུམ་ཅུ་རྩ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་བརྒྱད་དང་། མཐོང་བ་དང་བསྒོམ་པ་ནི་ངོ་བོ་ཉིད་དོ། །དེ་ནས་རིམ་པ་ཕྱི་མ་

ལ། དྲི་མ་དང་བྲལ་བའི་སངས་རྒྱས་རལ་གྲི་དང་འཁོར་ལོ་ཅན་དང་། བདུད་འདུལ་བར་རལ་གྲི་དང་རྡོ་རྗེ་ཅན་དང་། འདོད་ཆགས་ལ་རལ་གྲི་དང་པདྨ་ཅན་དང་། སྤེལ་དུ་ཡོད་པར་རལ་གྲི་དང་། རིན་པོ་ཆེ་དང་སྣ་ཚོགས་པར་རལ་གྲི་དང་། སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་དང་།
བླ་མ་དང་སློབ་དཔོན་རྣམས་དང་། དམ་ཚིག་གི་ཕྱག་རྒྱས་བཏབ་པ་པོས་གདུལ་བྱ་གནས་གསུམ་པ་བལྟ་བར་བྱའོ། །དེ་ནས་བརྡ་རྣམས་ནི་སྐུ་རྡོ་རྗེར་བལྟའོ། །མཚོན་ཆ་རྣམས་ནི་གསུང་རྡོ་རྗེར་བལྟའོ། །བདག་ཉིད་ནི་ཐུགས་སུ་བལྟ་བར་བྱའོ། །དེ་ལ་བརྡ་ནི་ངོ་བོ་ཉིད་དོ། །མཚོན་པ་ནི་མཚན་
ཉིད་དོ། །བདག་ནི་རང་བཞིན་གྱིས་སྙིང་སྐུལ་བར་བྱེད་པས་ན་སྐད་ཅིག་མ་དང་པོར་རྣལ་འབྱོར་པ་བདག་ཉིད་ལ་དེ་དག་ངེས་པར་བསྒོམ་མོ། །ཆོས་ཐམས་ཅད་རྟོགས་པའི་མཆོག་སྐྱེས་ནས་སློབ་མ་རྣམས་ལ་བདག་གི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དད་པ་དང་མོས་པ་དང་། ངེས་པར་མཚོན་པ་
བརྗོད་པར་བྱའོ། །དེ་ནས་བསྟོད་པ་དང་སྤྲོ་བསྡུ་དང་དོན་རྟོགས་པ་རྣམས་ཡིན་ཏེ། དེ་ནས་མཐར་ཡང་རིགས་དྲུག་གི་བདག་ཉིད་ལ་རང་ལ་བསྡུས་ལ་ཇི་སྐད་བཤད་པའི་ནང་གི་རྣལ་འབྱོར་ཡེ་ཤེས་གནས་པར་བྱེད་པ་རྟག་ཏུ་བསྒོམ་པར་བྱའོ། །དེ་ཡང་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་དོན་གྱི་
ཕྱིར་རོ། །དེ་ལྟར་ཐབས་བརྗོད་ནས། ལམ་འདིའི་སའི་ངོ་བོ་བརྗོད་པས་དམན་པ་དགག་པ་ནི། །མཁའ་ལ་དངོས་རྣམས་ཇི་ལྟར་གནས་བཞིན་དུ། །ཞེས་བྱ་བ་ནི་དཔེ་བརྗོད་པ་སྟེ། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་གསུངས་པས་ས་ལ་དང་དེའི་ཁྱབ་པ་ནི། ནམ་མཁས་ཁྱབ་ཅིང་དེ་ལས་མ་
གཡོས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པ་སེམས་དང་སེམས་ལས་བྱུང་བའི་དམ་ཚིག་གི་དཀྱིལ་འཁོར་རྣམས་ནི་འོད་གསལ་བའི་ཡེ་ཤེས་ལས་བྱུང་ཞིང་མ་གཡོས་པས་བེམས་པོ་དང་དངོས་པོར་ཐང་ཆད་པས་མ་ཡིན་ནོ། །དེ་སྐད་དུ་ཡང་། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་
ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །ཞེས་གསུངས་སོ། །འདི་ཉིད་དམ་ཚིག་དཀྱིལ་འཁོར་ཡང་ཡིན་ལ། ཕྱག་རྒྱ་ཆེན་པོ་ཡང་ཡིན་པས་ན། དམ་ཚིག་གི་དཀྱིལ་འཁོར་ཏེ། བརྡ་དང་མཚན་པའི་ཕྱིར་རོ། །དེ་ཡང་སྙིང་པོ་ལེན་པའི་དཀྱིལ་འཁོར་ནི་ཕྱག་རྒྱ་ཆེན་པོར་

གནས་པས། གཞན་དུ་མི་འབྱུང་གཞན་ལ་མི་གནས་ཏེ། ཕྱོགས་གཞན་ནི་ཆད་པ་དང་ངེས་པ་པོ་མེད་པའི་ཕྱིར་རོ། །ཇི་སྐད་དཔལ་མཁའ་འགྲོ་མ་གུར་ལས་ཀྱང་། ཐབས་ནི་སྟོང་པར་མ་བཤད་དོ། །གལ་ཏེ་སྟོང་ཡུལ་ཐབས་ཡིན་ན། འབྲས་བུ་རྒྱུ་ལས་མི་གཞན་ཕྱིར། །དེ་ནི་སངས་རྒྱས་ཉིད་མི་
འགྱུར། །དེས་ན་དཀྱིལ་འཁོར་འཁོར་ལོ་དང་། །བདེ་བའི་ཐབས་སུ་སྡོམ་པའོ། །ཞེས་གསུངས་སོ། །ངེས་པ་མེད་པར་ཡང་འབྱུང་བ་མ་ཡིན་ཏེ། དཔལ་དམ་ཚིག་བཀོད་པ་ལས་ཀྱང་། སེམས་ནི་དྲི་མེད་པར་རྟོགས་ན། །དཀྱིལ་འཁོར་ཐམས་ཅད་འབྱུང་འགྱུར་གྱི། །མཁའ་ལ་རྟོག་པའི་
དྲི་མར་བཅས། །དེ་སྲིད་བར་དུ་དེ་མི་སྣང་། །ཞེས་གསུངས་སོ། །དེ་ལྟར་ན་འགྱུར་གྱི་ཕྱོགས་གཞན་ཡང་མི་འགོག་སྟེ། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་གསུངས་པས་དཀྱིལ་འཁོར་བདག་མེད་པ་ལ་ཐང་ཆད་པ་མ་ཡིན་ཞེ་ན། དོན་དེ་མི་ཤེས་དཀའ་བའི་ལམ་གཡེང་བས། །འཁོར་བའི་
དྲི་གསུམ་དག་ལས་གཡོ་བ་མིན། །ཞེས་བྱ་བ་ནི། གང་ཡང་རྒྱུ་འབྲས་བུ་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་འཇུག་པ་ལས་ཐབས་སུ་འོས་ན་ནི་འདིར་མཐུན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ནི་རེ་ཞིག་དབུགས་དབྱུང་བར་དགོངས་ཀྱི། བདག་མེད་པ་ལ་སོགས་པ་ལས་ལྡོག་པ་ནི་ངེས་པའི་ལུང་
དང་རིགས་པས་གནོད་པའི་ཕྱིར་རོ། །གང་འདི་ལྟར་སྣང་བ་ནི་བག་ཆགས་ཀྱི་ཚོགས་ལས་བྱུང་གི །གང་གི་ཕྱིར་སངས་རྒྱས་དང་སེམས་ཅན་འདྲ་བ་ཉིད་དུ་ཐལ་ཞེས་བྱའོ། །ཇི་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པ་ལས་ཀྱང་ཤེས་རབ་དང་བྲལ་བའི་ཐབས་ཀྱི་ཡུལ་ནི་བཅིངས་
པའོ། །ཐབས་དང་བྲལ་བའི་ཤེས་རབ་ཀྱང་བཅིངས་པའོ། །དེ་ཡང་ཡོད་པ་དང་མེད་པ་ནི་རྟག་པ་དང་ཆད་པར་འགྱུར་བས། མི་གནས་མྱ་ངན་འདས་པ་པོ། །ཞེས་བྱ་བ་ཡང་མི་འགྲུབ་པས། དོན་དེ་མི་ཤེས་པ་ནི་སྔར་བསྟན་པ་དག་མི་ཤེས་པའོ། །དཀའ་བའི་ལམ་ནི་གཡེང་
བས་ན་ཡུན་རིང་བ་ཉིད་འདོད་པ་བརྟགས་པ་ལ་ཞེན་པའི་ཕྱིར། འཕགས་པ་དང་མི་མཐུན་པའི་རྣམ་པར་རྟོག་པ་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་ཡུལ་དམན་པ་དང་ཞེན་པའི་ཚོགས་ཀྱིས་གནས་གསུམ་གྱི་འཁྲུལ་འཁོར་བཅུ་གཉིས་ལས་མི་གཡོ་བ་དག་གོ། །འདིར་ནི་དེ་གཉིས་

ཉམས་པའི་ཐབས་དང་ཤེས་རབ་ཕུལ་དུ་ཕྱིན་པ་དང་། འབྲས་བུ་དང་རྗེས་སུ་མཐུན་པས་ལམ་ཆེན་པོ་ཡིན་ནོ། །དེ་ཡང་། སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེའོ། །དེའི་ཕྱིར་རྟོགས་པའི་འབྲས་བུ་བསྟན་པ་
ནི། དེ་ལྟའི་དོན་ཤེས་རང་བཞིན་ཉེས་པའི་ཚོགས། བཅོམ་པ་སྤོས་ཀྱི་གླང་པོ་ཀེ་ཏ་ཀ །ཟོས་བཞིན་བཅོམ་ལྡན་གཞུང་ཚོགས་ཡོན་ཏན་ཐོབ། །འགག་པ་མེད་པའི་ཆོས་ཀྱི་རྒྱལ་པོར་འགྱུར། །ཞེས་བྱ་བ་ལ། དེ་ལྟའི་དོན་ཤེས་པ་ནི་སྔར་བསྟན་པ་དང་རྟོགས་པའོ། །རང་བཞིན་ཉེས་པ་ནི་མ་རིག་
པའི་ཡུལ་ལོ། །དེའི་ཚོགས་ནི་ཉོན་མོངས་པ་དང་ལས་དང་སྲིད་པའི་ཆའོ། །དེ་འཇོམས་པ་ནི་དཔེའི་བརྗོད་པའོ། །དེ་ཡང་གཞི་གཅིག་ལ་རྟོགས་པས་རྫས་མི་འཆིང་བའོ། །འདི་ཇི་ལྟར་འགྱུར་ཞེ་ན། རྟོག་པའི་ཡུལ་གྱིས་སྟོང་པ་ཉིད་ནི་གཉེན་པོས་བཅོམ་པའོ། །གཉེན་པོ་དང་མི་མཐུན་པ་
ནི་ནུས་པ་མཉམ་དུ་ཟིན་པས། ཐོག་མ་དང་མཐར་ཡུལ་ཡོད་པ་དང་མེད་པས་ཕྱེ་བས་ཡུལ་ཅན་ཡང་འཐད་པའོ། །དེའི་ཚོགས་ནི་རྒྱུད་མེད་པའི་ཕྱིར་མི་སྐྱེ་བའོ། །གཉིས་པ་ནི་དེའི་ཐབས་མེད་པར་མི་རུང་བའི་ཕྱིར་རོ། །འདིར་ནི་འཕགས་པ་དང་མི་མཐུན་པའི་རྣམ་པར་རྟོག་པའི་སྣང་
བ་ལ་གྲགས་པ་དང་སེམས་ལས་བྱུང་བའི་རྣལ་འབྱོར་པའི་ཀུན་རྫོབ་འཇོམས་པའོ། །གཞུང་ཚོགས་ཡོན་ཏན་ཐོབ་ཅེས་བྱ་བ་ནི། གདུལ་བྱ་འཇུག་པས་གནས་སྐབས་པའོ། །དེའི་མཐར་ཐུག་པ་ནི་ཉན་ཐོས་དང་རང་རྒྱལ་བའི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ་ཞེས་པ་ནས། འགག་
པ་མེད་པའི་ཆོས་ཀྱི་རྒྱལ་པོར་འགྱུར་བ་མཐར་ཐུག་པ་སྟེ། དཔལ་མཆོག་དང་པོའི་ངོ་བོ་ཉིད་ནི་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་རང་བཞིན་མ་བཅོས་པ་ཉིད་ལ་བཤད་ཀྱི། གཞན་དུ་སྐྱེ་བ་དང་འགག་པ་ལ་སོགས་པ་ནི་བྱས་པ་ཅན་ཉིད་དུ་
འགྱུར་རོ། །དེའི་ཕྱིར་འདི་ལ་རྒྱུའི་རིམ་པས་བྱས་པ་མེད་པས་མཐར་འགག་པ་ཡང་མེད་དོ། དེ་སྐད་དུ་ཡང་། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་པ་ཡིན་ནོ། །གང་ཡང་དུས་ཀྱི་མཐའི་སྐད་ཅིག་ལ་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནི་རྒྱུ་ཡིན་ལ།

དེའི་རྒྱུ་ནི་སངས་རྒྱས་ཡིན་པས། །སངས་རྒྱས་ཐོག་མ་དང་ལྡན་ལ་མཐའ་ནི་མེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ལམ་ལ་སོགས་པའི་འབད་པ་བྱ་མི་དགོས་པར་འགྱུར་རོ་སྙམ་ན་ནི། དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། སངས་རྒྱས་ནི་དབྱིངས་དང་ཡེ་ཤེས་བྱ་བ་ཡིན་གྱི། དབྱིངས་དང་བྲལ་བའི་
ཡེ་ཤེས་ནི་གང་གི་ཡེ་ཤེས་ཀྱང་མ་ཡིན་པས། དབྱིངས་ནི་སྔར་བརྗོད་པ་ཡིན་ཏེ། གནས་སྐབས་ཀྱི་ཡེ་ཤེས་ནི་རྟོགས་པའི་ངེས་པ་སྟེ། དེ་ནི་ཐོག་མ་དང་ཐ་མ་གཉིས་པར་ཡང་གྱུར་པས་ལམ་ཡང་དགོས་པར་སྨྲ་བ་དེའི་མཐོང་བར་བྱས་པ་ནི་ཐོག་མའོ། །དེའི་ཡུལ་མཐའ་དང་བྲལ་བས་ཡུལ་ཡང་མཐའ་
མེད་པར་རིགས་པ་ཡིན་ནོ། །དེའི་ཕྱིར་འདིར་ཐ་སྙད་གཉིས་ཀྱིས་འཇུག་སྟེ། རྒྱུའི་ཐ་སྙད་ནི་ངོ་བོ་ཉིད་དེ་རང་བཞིན་སྟོང་པ་ཉིད་ལ་སོགས་པ་མི་འགྱུར་བའི་རང་བཞིན་ནོ། །དེའི་རྐྱེན་ནི་ཐོས་པ་ལ་སོགས་པའི་དེ་དང་མཐུན་པར་རྗེས་སུ་ཞུགས་པ་ཡིན་ནོ། །དེ་དང་དེའི་བདག་ཉིད་ཕྲད་པ་ནི།
འབྲས་བུར་ཡང་ཐ་སྙད་བཏགས་ཀྱང་དེའི་ཡུལ་ལས་ངེས་པ་པོ་གཞན་ན་མེད་པའི་ཕྱིར་རོ། །གལ་ཏེ་གཞན་དུ་གྱུར་པ་ནི་ནམ་ཡང་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཀུན་དུ་བརྟགས་པའི་ཕྱིར་རོ། །དེ་བས་ན་རྒྱུ་དང་འབྲས་བུའི་ཐ་སྙད་ནི་རྐྱེན་གྱིས་རྣམ་པར་བཞག་གི། དེ་ལ་འཕེལ་བ་དང་
འགྲིབ་པའི་ཆོས་གང་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟ་བུའི་འབྲས་བུ་དང་རྗེས་སུ་མཐུན་པའི་ལམ་དེ་ལས་བྱུང་བ་གཞུང་གི་ཚོགས་དུ་མ་བཤད་པའི་མཐར་འབྱུང་བས། ཕྱོགས་བཅུར་དམ་པའི་ཚོགས་ཀྱི་སྣང་བའི་རྒྱུན་མི་འཆད་པའི་ཆོས་ཀྱི་རྒྱལ་པོར་ཞེས་བྱ་བ་དཔལ་མཆོག་དང་པོའི་ཡུལ་ཐོག་
མ་དང་ཐ་མ་མེད་པས་ཡུལ་ཅན་ལ་དགོངས་པའོ། །མ་འགགས་པའི་འབད་པ་ནི་བྲལ་བའི་རང་བཞིན་གྱི་དབང་གིས་འབྱུང་བ་ནི་རྒྱུན་ཆད་པ་ཡིན་པས། རང་གི་དག་པའི་ཡེ་ཤེས་མི་འགག་པས་འདིའི་སྣང་བ་དང་མཛད་པ་དེ་འདྲའོ། །འདི་ནི་མི་གནས་མྱ་ངན་འདས་པ་པོ། །ཕྱོགས་
བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ལམ་གྱི་ཆེ་བ་བརྗོད་ནས། བརྗོད་བྱ་དང་བརྗོད་པའི་ཁྱབ