Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 49
Văn bản gốc(Tây Tạng)
Trang 6 / 23 (50.000 ký tự/trang)
་ པ་ཞིབ་མོའི་རྒྱལ་པོ་སྟེ། །གང་དེ་རྨོངས་པའི་བདག་ཉིད་དང་། །སྙིགས་མ་ལྔ་ཡི་དུས་ཡིན་པས། །དཀའ་བའི་སེམས་ནི་འབའ་ཞིག་དག །རྟོག་གེ་སྐམ་པོའི་བདག་ཉིད་དོ། །གཞན་ཡང་རྟོག་གེ་སྐམ་པོ་ཡིས། །གལ་ཏེ་སེམས་ནི་ཞི་གྱུར་ན། །དེས་ན་ཐམས་ཅད་སངས་རྒྱས་སུ། །མངོན་སུམ་ཉིད་དུ་ གདོན་མི་ཟ། །ཉེ་བར་བསྡུས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་བསྟན་པའི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བདུན་པའོ།། །།འདིར་ནི་གཞན་ཡང་བརྗོད་བྱ་བ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །གང་ཕྱིར་ཚིགས་བཅད་བཅོ་ལྔས་འདིར། །དགུ་བཅུ་རྩ་ལྔའི་མིང་ཅན་ཏེ། །འོད་གསལ་ ལས་ནི་ཡང་དག་བྱུང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་སོ། །དེ་དག་མཚན་ནི་བསྟན་པ་ཡང་། །སེམས་ཉིད་སྒོམ་པར་འགྱུར་ཕྱིར་རོ། །སངས་རྒྱས་ཀུན་ཞེས་རྫོགས་པ་ནས། །དཔལ་དང་ལྡན་པ་མཆོག་མཐར་རོ། །དེ་ལ་མཚན་ནི་འདི་དག་ཀུན། །རྣལ་འབྱོར་སྒོམ་པ་པོ་ ཡི་རྟགས། །སངས་རྒྱས་ཀུན་གྱིས་རྟོགས་བྱ་ནི། །དབང་དུ་བྱེད་པའི་རྒྱལ་པོར་གསུངས། །སངས་རྒྱས་བྱང་ཆུབ་ཅེས་པའི་སྒྲ། །བདུད་རྩི་རབ་ཏུ་ཞི་བའི་མཚན། །བླ་མེད་དེ་བཞིན་གཤེགས་བྱ་བ། །སངས་རྒྱས་མཉམ་པའི་བསམ་གཏན་ཅན། །ཡི་གེ་མེད་ཅིང་རྟོག་བྲལ་བའོ། ། གསང་སྔགས་ལས་བྱུང་ཞེས་པ་ནི། །དྲི་མ་རབ་ཏུ་ཞི་བའི་མཚན། །གསང་སྔགས་ཞེས་པ་རིགས་གསུམ་པ། །རྨོངས་པ་སྟོན་པའི་སངས་རྒྱས་སོ། །གསང་སྔགས་དོན་ཀུན་སྐྱེད་པ་ནི། །དེ་བཞིན་གཤེགས་པ་རོལ་པའོ། །ཐིག་ལེ་ཆེན་པོ་ཞེས་བཤད་པ། །དགེ་བཟང་པོ་ཡི་ མཚན་ཞེས་བྱ། །གང་ཕྱིར་ཡི་གེ་མེད་པའི་ཚིག །གཞན་ཡང་རྣམ་པའི་ཡེ་ཤེས་ཤུགས། །ཡི་གེ་ལྔ་ནི་སྨྲ་བའི་དབང་། །སྟོང་པ་ཆེ་ནི་ལྷ་ཆེན་པོ། །ཐིག་ལེ་སྟོང་ནི་བློ་གྲོས་ཟབ། །ཡི་གེ་དྲུག་ཅེས་བྱ་བ་ནི། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །རྣམ་པ་ཀུན་ལྡན་རྣམ་མེད་ནི། །ཆོས་ཀྱི་སྟོབས་ ཞེས་བྱ་བའི་མཚན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །འཇིག་རྟེན་གསུམ་མཆོད་སངས་རྒྱས་སོ། །དུས་དང་དུས་མིན་ཞེས་པ་ནི། །དེ་བཞིན་སྒྲ་གཅན་ཉི་མའི་སྙིང་། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །དེ་བཞིན་གཤེགས་པ་རྒྱལ་མཚན་གྲོལ། །བསམ་གཏན་དུས་ཀུན་ཤེས་ཞེས་པ། ། སྨན་པ་མཆོད་པའི་མཚན་ཞེས་པ། །ཏིང་འཛིན་རིགས་དང་རྒྱུད་འཛིན་པ། །དེ་བཞིན་གཤེགས་པ་མེ་ཏོག་འོད། །ཏིང་འཛིན་ལུས་ཏེ་ལུས་མཆོག་ནི། །དགེ་བའི་གཙུག་ཕུད་ཅེས་པའི་མཚན། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །དེ་བཞིན་གཤེགས་པ་བདུད་རྩི་འོད། །སྤྲུལ་པའི་སྐུ་སྟེ་ སྐུ་མཆོག་ནི། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འོད། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །རྒྱ་མཚོ་བརྟན་ཞེས་བྱ་བའི་མཚན། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་ནི། །བདེ་གཤེགས་རིན་ཆེན་ཕུང་པོའོ། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །རོལ་པའི་སྟོབས་ཞེས་བྱ་བའི་མཚན། ། ལྷ་ཡི་ལྷ་ནི་ཉི་མའི་མཚན། །ལྷ་ཡི་དབང་པོ་དག་པའི་འོད། །ལྷ་མིན་དབང་ནི་རིན་ཆེན་གཙུག །སྲིད་པའི་བདག་པོ་ཞེས་པ་ནི། །དཔལ་ནི་རྗེས་སུ་མཐུན་པའི་མཚན། །འཆི་མེད་དབང་པོ་སེང་གེའི་འགྲོས། །ལྷ་ཡི་བླ་མ་ཞེས་པ་ནི། །དེ་བཞིན་གཤེགས་པས་གསུངས་པའོ། །འཇོམས་ བྱེད་ཅེས་པ་མེ་ཏོག་སྦྱིན། །འཇོམས་བྱེད་དབང་ཕྱུག་གྲོལ་བའི་འོད། །སྲིད་པའི་དགོན་པ་ལས་རྒལ་ནི། །དེ་བཞིན་གཤེགས་པ་པདྨོའི་མཚན། །གཅིག་ཅེས་པ་ནི་ཡེ་ཤེས་འདོར། །སྟོན་པ་རོལ་པ་བཀོད་པའོ། །འགྲོ་བའི་བླ་མ་ཞེས་པའི་ཚིག །དོན་ཡོད་གནས་པ་ཞེས་པའི་མཚན། ། རབ་གྲགས་ལ་སོགས་བརྟན་པའི་འོད། །ཆེ་བ་པོ་ནི་རྒྱལ་མཚན་ཏོག །བྱམས་པའི་གོ་ཆ་བགོས་པའོ། །དེ་བཞིན་གཤེགས་པ་བདེ་བའི་བསམ། །སྙིང་རྗེའི་ཡ་ལད་གྱོན་པ་ནི། །རྣམ་གྲོལ་རྒྱལ་པོ་ཞེས་པའི་མཚན། །ཤེས་རབ་རལ་གྲི་མདའ་གཞུ་ནི། །བྱང་ཆུབ་སེམས་དཔའི་ཚུལ་ཤེས་ པ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །རྒྱ་མཚོ་ཞེས་པའི་སངས་རྒྱས་སོ། །བདུད་དགྲ་ཞེས་པ་རིན་ཆེན་འཛིན། །བདུད་འདུལ་ཞེས་པ་མི་ཐུབ་པའོ། །དཔའ་བོ་འགྲོ་བ་མཉེས་པའོ། །བདུད་བཞིའི་འཇིགས་པ་སེལ་བྱེད་པ། །དེ་བཞིན་གཤེགས་པ་སྒྲ་ཆེན་པོ། །བདུད་ཀྱི་དཔུང་ ལས་རྒྱལ་བྱེད་པ། །དེ་བཞིན་གཤེགས་པ་དུལ་བའི་མཚན། །རྫོགས་སངས་རྒྱས་ཞེས་མངོན་གསུངས་པ། །དཀྱིལ་འཁོར་དྲུག་པོ་དག་གི་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་དག་ཀུན་གྱི་རྫོགས་སངས་རྒྱས། །དེ་བཞིན་གཞན་ཡང་ནང་དུ་གནས། །འཇིག་རྟེན་འདྲེན་ པ་ཞེས་པའི་མཚན། །དངོས་པོ་སྲིད་པའི་དྲི་མ་སྤོང་། །ཕྱག་ཅེས་པ་ནི་མཆོག་གི་མུ། །མཆོད་པ་ཞེས་པ་ལྷ་མང་སྒྲ། །བསྟོད་པའི་གནས་ནི་རིན་ཆེན་སྟོབས། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །དེ་བཞིན་གཤེགས་པ་པདྨའི་ཕྱག །བཀུར་འོས་མཆོད་ཅེས་བྱ་བ་ནི། །དེ་བཞིན་གཤེགས་པ་ དགྲ་ལས་རྒྱལ། །ཕྱག་ཅེས་པ་ནི་རྟོག་པ་གྲུབ། །བླ་མའི་རབ་ནི་ཡུལ་བཟང་པོ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མི་རྟོག་འོད་ཅེས་བྱ་བའི་མཚན། །མཁའ་ལྟར་མཐའ་མེད་རྣམ་མེད་དེ། །དེ་བཞིན་གཤེགས་པ་སེང་གེའི་སྒྲ། །གསུམ་རིག་པ་ནི་ཟླ་བ་སྨྲ། །ཐོས་ པ་པོ་ནི་རྡུལ་བཀྲུས་པའོ། །གཙང་མ་ཞེས་པ་མི་གཡོའི་མཚན། །མངོན་ཤེས་དྲུག་ནི་བློ་གྲོས་མཚན། །རྗེས་དྲུག་ལྡན་ཞེས་བྱ་བའི་སྒྲ། །བསོད་ནམས་མར་མེའི་རྒྱལ་པོའོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི། །རྟོག་པའི་སྒྲ་ཞེས་བྱ་བར་བརྗོད། །སེམས་དཔའ་ཆེ་ནི་གཽ་ ཏམ། །འཇིག་རྟེན་ལས་འདས་གཟི་བརྗིད་སྟོབས། །སྒྱུ་འཕྲུལ་ཆེ་ཞེས་བྱ་བའི་ཚིག །བློ་རྣམས་གཟུགས་ཞེས་བྱ་བའི་མིང་། །ཤེས་རབ་ཕ་རོལ་ཕྱིན་མཐའ་ནི། །དེ་བཞིན་གཤེགས་པ་ཟླ་བ་བཟང་། །ཤེས་རབ་དེ་ཉིད་ཅེས་པ་ནི། །བྱང་ཆུབ་ཡན་ལག་མེ་ཏོག་མཚན། །ཐོབ་ ཅེས་པ་ནི་སྟོན་པའོ། །བདག་རིག་ཅེས་པ་གཟི་བརྗིད་བཟང་། །གཞན་རིག་ཅེས་ནི་བྱ་བའི་ཚིག །ཡེ་ཤེས་གཟི་བརྗིད་སྟོབས་ཞེས་བརྗོད། །ཐམས་ཅད་ཅེས་པ་དགེ་བའི་འོད། །ཀུན་ལ་ཞེས་པ་བརྟེན་པའི་སྟོབས། །གང་ཕྱིར་གང་ཟག་མཆོག་ཅེས་པ། །ལྷ་ཡི་བུ་ཞེས་ པ་ཡི་མཚན། །དཔེར་བྱ་ཀུན་ལས་འདས་པ་ནི། །དེ་བཞིན་གཤེགས་པ་རབ་ཞི་བའོ། །ཤེས་བྱ་ཞེས་པ་ཉི་མའི་ཞལ། །ཤེས་བྱའི་བདག་པོ་གྲོལ་བའི་འོད། །མཆོག་ནི་ཚུལ་ཁྲིམས་འོད་ཅེས་བརྗོད། །ཆོས་ཀྱི་སྦྱིན་བདག་ཅེས་པ་ནི། །དཀའ་ཐུབ་རྣམ་པ་ཞེས་པའི་མཚན། །གཙོ་བོ་དེ་ བཞིན་རྡུལ་མེད་པའོ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པའོ། །དེ་བཞིན་གཤེགས་པ་རྒྱ་མཚོའི་གསུང་། །བསྙེན་བཀུར་གནས་ཀྱི་མཆོག་ཅེས་པ། །མིག་སྨན་ཞེས་པའི་མཚན་དུ་བརྗོད། །འགྲོ་བ་ཞེས་པ་ཀུན་ལས་རྒྱལ། །ངེས་འབྱུང་གསུམ་ནི་སེམས་ཅན་འོད། །བགྲོད་རྣམས་ ཤེས་པ་དྲི་མ་མེད། །དམ་པའི་དོན་ཞེས་བྱ་བ་ནི། །དྲན་པའི་དབང་པོ་ཞེས་སུ་བརྗོད། །རྣམ་དག་དཔལ་ནི་ཞལ་རས་སྡུག །འཇིག་རྟེན་གསུམ་སྐལ་བཟང་ཞེས་པ། །རྒྱལ་མཚན་མཐའ་ཡས་ཞེས་པའི་མཚན། །ཆེན་པོ་ཞེས་པ་བློ་མཆོག་གོ། །འབྱོར་པ་ཀུན་ཞེས་བྱ་བ་ནི། དེ་བཞིན་དཔུང་ཞི་རབ་ཞིའི་མཚན། །དཔལ་ལྡན་ཞེས་པ་རིན་ཆེན་འདོད། །འཇམ་དཔལ་ཞེས་པ་ཆོས་དབང་ཕྱུག །དཔལ་དང་ལྡན་པ་མཆོག་གི་མིང་། །དེ་བཞིན་གཤེགས་པ་སྣ་ཚོགས་ལྷ། །ཀུན་གྱི་ཚིག་དོན་བརྗོད་པ་དག །མིང་ཉིད་སྔགས་ཀྱི་མཚན་དག་སྟེ། །དེ་དག་ལྟར་ ན་བུ་གའི་མདའ། །སངས་རྒྱས་མཚན་ནི་སྦྱོར་ལ་སྐྱེ། །དཀྱིལ་འཁོར་གཅིག་གི་དབུས་སུ་ཡང་། །སྔར་བཤད་ལྟོས་པས་བཞི་པའོ། །ཨ་ཝ་དྷཱུ་ལ་བརྟེན་རྣལ་འབྱོར། །ས་ལ་སོགས་པའི་དཀྱིལ་འཁོར་བཞི། །གཡས་པ་དང་ནི་གཡོན་གཉིས་ལ། །ཉི་མ་དང་ནི་ཟླ་བ་འབབ། ། དཀྱིལ་འཁོར་རེ་རེ་དག་ལ་ཡང་། །དཀྱིལ་འཁོར་བཞི་བཞི་དག་ཏུ་བརྟགས། །ཡང་ན་དབུས་ནི་གཅིག་ལ་ཡང་། །ཁྱབ་པར་ཐམས་ཅད་སྐྱེ་བར་འགྱུར། །གོ་རིམས་ཇི་ལྟར་བཞི་འགྱུར་གྱིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་དག་བགྲངས་པའི་ཡོན་ཏན་འགྱུར། །སྟོང་ཕྲག་ བརྒྱད་ཅུ་རྩ་བཞིའོ། །ལྷག་མ་བརྒྱ་ཕྲག་དྲུག་པོ་ནི། །དྲུག་དང་བརྒྱད་ཀྱི་གྲངས་འགྱུར་ལས། །སྟོང་ཕྲག་བརྒྱ་དང་དྲུག་བརྒྱའོ། །རེ་རེ་ལ་ཡང་གོ་རིམས་བཞིན། །བརྒྱ་ཕྲག་དྲུག་ཏུ་ཤེས་པར་བྱ། །དྲུག་བརྒྱ་དག་གི་ཡོན་ཏན་ནི། །དེ་ཀུན་སྟོན་པའི་གྲངས་ཤེས་ནི། །ཁྲི་ཕྲག་བཞི་དང་སྟོང་ ཕྲག་གསུམ། །དེ་ནི་བརྒྱ་ཕྲག་གཅིག་གི་འགྱུར། །གཉིས་ཀ་བསྡོམ་པའི་གྲངས་ཉིད་ཀྱང་། །འབུམ་ཕྲག་བཞི་བཅུ་རྩ་གསུམ་མོ། །བྱ་དང་བྱེད་པར་གསུངས་པ་སྟེ། །དེ་ལྟར་འཁོར་ལོ་དྲུག་པོ་ལ། །དབུགས་རྒྱུ་བ་ནི་ལྷ་རྣམས་སོ། །འཁོར་ལོ་གཉིས་སུ་བཤད་པར་བྱ། ། གཅིག་ནི་ནང་དུ་བསྒོམ་བྱ་སྟེ། །སྤྱི་གཙུག་སོགས་ནས་གསང་བའི་མཐར། །རྒྱུད་དང་རྒྱུད་ཀྱི་ནང་དུ་གསུངས། །གཉིས་པ་རྡོ་རྗེ་དབྱིངས་ལ་སོགས། །བྱ་བ་གྲུབ་པའི་ཡེ་ཤེས་མཐར། །དེ་དག་ཇི་བཞིན་རིམ་པ་བཞིན། །མགྲིན་པ་སྤྱི་གཙུག་སྙིང་ག་དཔྲལ། །དེ་བཞིན་གསང་བ་ལྟེ་བ་ རུ། །ཡང་ན་མིང་གི་རྣམ་གྲངས་ནི། །ངག་གི་དབང་ཕྱུག་ཆོས་དབྱིངས་ཀྱི། །མིང་ཅན་སྤྱི་གཙུག་འཁོར་ལོའོ། །ཆོས་དབྱིངས་རྣམ་པར་དག་པ་ཡི། །མིང་ནི་མགྲིན་པར་གསུངས་པའོ། །མེ་ལོང་ཡེ་ཤེས་སྐུ་ཡི་ནི། །ཆོས་ཀྱི་དཀྱིལ་འཁོར་འདོད་པའོ། །སོ་སོར་རྟོག་པའི་ཡེ་ ཤེས་ནི། །ལྟེ་བའི་འཁོར་ལོའི་མིང་ཅན་ནོ། །དཔྲལ་བའི་འཁོར་ལོར་གསུངས་པ་ནི། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱི། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །གསང་བའི་འཁོར་ལོའི་བདག་ཉིད་དོ། །དེ་ལྟར་རྣལ་འབྱོར་རྒྱུད་ཀུན་ལ། །སྟོན་པའི་རྒྱལ་པོ་ཆེན་པོས་ཁྱབ། །སྣ་ཚོགས་ཡེ་ཤེས་ལྔ་ བདག་ཉིད། །སངས་རྒྱས་ལྔ་ཡི་བདག་ཉིད་དངོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གོང་ནས་གོང་དུ་བརྒྱུད་པའོ། །གཞན་དག་ལྷག་མ་གཞན་ཀུན་ནི། །སློབ་དཔོན་ལ་སོགས་བདག་ཆེན་རྣམས། །ཀུན་གྱིས་བསྒོམ་པར་བྱ་བ་དང་། །བཀླགས་པ་ཙམ་གྱིས་གྲོལ་ བར་འགྱུར། །ཉེ་བར་བསྡུས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བརྒྱད་པའོ།། །།ད་ནི་རྣལ་འབྱོར་དེ་དག་གི །ཡེ་ཤེས་ལྔ་པོ་བརྗོད་པར་བྱ། །ཕྱག་འཚལ་འདུད་ལ་སོགས་པ་ནས། །ཡེ་ཤེས་སྐུ་ཉིད་ཚིག་གི་མཐར། །གང་ཕྱིར་ཚིགས་ སུ་བཅད་པའི་ཚིག །ཉི་ཤུ་བྱ་དང་བྱེད་པ་སྟེ། །བདག་ཉིད་ཆེན་པོའི་ཚིགས་བཅད་ནི། །དང་པོ་ཉིད་དུ་བྱེད་པའི་རྒྱུད། །ལྷག་མ་བཞི་ནི་གསུངས་པ་ནི། །གང་ཕྱིར་བྱ་བ་ཇི་ལྟར་རིམ། །དེ་དག་ཡེ་ཤེས་ལྔ་ཉིད་དེ། །རྒྱུ་ལ་སོགས་པ་ཇི་ལྟར་རིམ། །རྒྱུ་དང་རྐྱེན་གྱི་ཡེ་ཤེས་དང་། ། གནད་ཀྱི་ཡེ་ཤེས་དེ་བཞིན་གཞན། །སྒོམ་པའི་ཡེ་ཤེས་གསུངས་པ་དང་། །ལྔ་པ་གྲོལ་བ་ཡེ་ཤེས་སོ། །རྒྱུ་ནི་མེ་ལོང་ཡང་དག་བཤད། །རྐྱེན་ནི་ཆོས་ཀྱི་དབྱིངས་ཉིད་དོ། །སོ་སོར་རྟོག་པ་གནད་ཀྱིའོ། །མཉམ་པ་ཉིད་ནི་བསྒོམ་པའི་མཆོག །གྲོལ་བའི་ཡེ་ཤེས་བྱ་གྲུབ་ཀྱིའོ། །དེ་ལྟར་རིམ་བཞིན་ ཤེས་པར་བྱ། །རྒྱུ་ཡི་ཡེ་ཤེས་རྣམ་པ་བཞི། །ཕྱི་རོལ་དང་ནི་ནང་དུ་འདོད། །ཕྱི་རོལ་དཔེ་ཡི་མཚན་ཉིད་དེ། །ནང་ཉིད་དཔེ་ཡིས་མཚོན་པའོ། །མཆོག་སྦྱིན་རྡོ་རྗེ་འདུད་ཅེས་པ། །དགའ་བ་བཞི་ཡི་རང་བཞིན་ནས། །ཡང་དག་མཐའ་ཡི་བར་དུ་ནི། །བདེ་བའི་ལོངས་སྤྱོད་བཞི་ཡི་མཆོག །གང་ཕྱིར་ སྟོང་པ་ཉིད་ཀྱི་ཚིག །རྟག་ཏུ་གཞི་ལ་དྲན་མེད་ཐོབ། །དེ་བཞིན་སྙིང་པོ་ཞེས་པའི་ཚིག །བདེ་དང་སྟོང་ཉིད་དབྱེར་མེད་པའོ། །སངས་རྒྱས་བྱང་ཆུབ་ཅེས་པ་ཡང་། །རྣལ་འབྱོར་དག་ནི་སྔོན་བྱང་ཆུབ། །དེ་དག་དཔེ་ཙམ་གཞན་ཡོད་མིན། །བདེ་ཡང་གསུངས་ཤིང་བསྟོད་པའི་མཆོག །ཕྱག་ འཚལ་འདུད་པ་རྣམ་བཞི་སྟེ། །མཆོད་དང་མཆོད་བྱའི་རང་བཞིན་ཅན། །རྟག་ཏུ་མཆོད་བྱའི་ལས་བྱ་བའང་། །སྔར་གསུངས་མེ་ལོང་ཡེ་ཤེས་ལའོ། །དེ་བཞིན་དུ་ནི་མཆོད་པའི་མིང་། །བླ་མ་རྡོ་རྗེ་འཛིན་པའི་དངོས། །དེ་ཉིད་འོད་གསལ་བར་ནི་བཤད། །སྟེང་འོག་སྦྱོར་ལ་ཕྱག་འཚལ་ལོ། །དེ་ལྟར་ རྣལ་འབྱོར་རྣམ་གསུངས་པ། །དཔེ་ཡིས་ཉེ་བར་མཚོན་པའི་མཆོག །ཕྱི་རོལ་གཉིས་གཉིས་སྙོམས་འཇུག་པས། །གཞན་ཡང་ཤེས་རབ་ཡེ་ཤེས་སོ། །ཐབས་དང་རྒྱུ་ཡི་སྦྱོར་བས་ནི། །ཕྱི་རོལ་སྟོན་པ་མ་ཡིན་ནོ། །དེས་ན་སངས་རྒྱས་ཆགས་པ་སོགས། །བཅུ་དྲུག་པོ་ཡི་ཚིག་རྣམས་ནི། ། དེ་བཞིན་དགའ་བ་བཅུ་དྲུག་སྟེ། །ཚིག་ནི་རེ་རེའི་མཐའ་ཉིད་དོ། །དེ་ལ་སངས་རྒྱས་ཆགས་པའི་ཚིག །དགའ་བ་བཞི་ཡི་མཚན་ཉིད་དོ། །རྣལ་འབྱོར་དབང་པོ་མཛད་དུས་སུ། །ཐོག་མ་ཐ་མ་དབུས་ཉིད་ཡིན། །དེ་ཡི་ཆགས་ཆེན་ཞེས་པ་ནས། །གང་དེ་བཞི་པ་ཞེས་པའི་མཐར། །གང་ ཕྱིར་རྟག་ཏུ་ཆོས་དབྱིངས་ནི། །རྡོ་རྗེ་མཆོག་ཅེས་བྱ་བར་གསུངས། །སངས་རྒྱས་སྐུ་ཞེས་བྱ་བའི་གཞི། །ཡང་དག་མཐའ་རུ་གསུངས་པའོ། །ཆོས་ཀྱི་སྐུ་ཞེས་གསུངས་པ་ནི། །དགའ་བྲལ་བ་ནི་བཞི་པའོ། །སངས་རྒྱས་དགྱེས་པའི་ཚིག་ཉིད་ནི། །དེ་བཞིན་སྟོང་ཉིད་སྙིང་པོ་ལས། །ལྷན་ཅིག་སྐྱེས་ པའི་དུས་ཉིད་དུ། །གཉིས་སྤངས་པར་ནི་གསུངས་པའོ། །དེ་བཞིན་སངས་རྒྱས་རོལ་པ་ནི། །སངས་རྒྱས་བྱང་ཆུབ་རྐྱེན་ཅན་ནོ། །དགའ་བ་ལ་སོགས་བཞི་པ་ཡི། །ལྷག་མ་ལྷག་མའི་བར་དུ་སྟེ། །གང་ཕྱིར་སངས་རྒྱས་འཛུམ་པའི་ཚིག །སོ་སོར་རྟོག་པ་གསུང་བའོ། །གནད་ཀྱི་ཡེ་ཤེས་བཤད་པ་ ཡང་། །བཅུ་གཉིས་དང་པོ་གནད་ཀྱི་སྒོ། །སངས་རྒྱས་བཤད་པ་ཞེས་པའི་ཚིག །ལས་ཀྱི་བྱ་བའི་རང་བཞིན་ཅན། །རྣམ་པ་གཉིས་སུ་ཡང་དག་བཤད། །ཕྱི་རོལ་དང་ནི་ནང་དུ་འདོད། །སངས་རྒྱས་ཉིད་ཅེས་བྱ་བའི་མཚན། །ལས་ཀྱི་ཕྱག་རྒྱ་ཉིད་ཀྱི་བརྡས། །དེ་ལ་ཨ་ཝ་དྷཱུ་ཏཱི་གནས། །སྲོག་དང་རླུང་ དུ་རྣམ་པར་གསུངས། །སངས་རྒྱས་འབྱུང་བ་ཞེས་པའི་ཚིག །ལོངས་སྤྱོད་དུ་ཡང་གསུངས་པའོ། །སྤྲུལ་པ་དག་ནི་མ་ལུས་དང་། །ལྷན་ཅིག་སྐྱེས་དང་ཆོས་སྐུ་མཆོག །དེ་དག་གང་ཕྱིར་མེད་ལས་བྱུང་། །མེད་པ་རྟག་ཏུ་སྟོང་པ་སྟེ། །ཡེ་ཤེས་འབྱུང་བ་ཉིད་དུ་བཤད། །སྐུ་བཞི་པོ་དག་གྲངས་ མེད་པའི། །དེ་ལ་གཞན་ཡང་སངས་རྒྱས་འབྱུང་། །རང་བཞིན་ཉིད་ནི་སྐུ་དང་ལྡན། །ནམ་མཁའ་ཞེས་པའི་མཚན་ཉིད་ནི། །བཞི་པ་ལ་ལྟོས་ལྔ་པ་ཡི། །དེ་ཡི་རང་བཞིན་སངས་རྒྱས་ཉིད། །ནམ་མཁའ་ལས་བྱུང་རབ་བརྟགས་པ། །མཁའ་ནི་ལྷན་ཅིག་སྐྱེས་པར་བཤད། །རྣལ་འབྱོར་པ་དང་ རང་ལས་སྐྱེས། །ཡེ་ཤེས་ལས་བྱུང་བ་ཡི་ཚིག །ཇི་ལྟར་སེམས་ནི་བཞི་པའི་མཐའ། །ཡོད་དང་མེད་ལས་རྣམ་པར་འདས། །རང་རིག་པ་ཡི་སངས་རྒྱས་མཆོག །སྒྱུ་འཕྲུལ་ཞེས་པའི་ཚིག་ཉིད་ཀྱང་། །བཤད་པ་ནང་གི་བདག་ཉིད་འདོད། །རྣལ་འབྱོར་མ་རྣམས་སྒྱུ་འཕྲུལ་ཚིག །དྲ་བ་མཆོག་ཏུ་ བདེ་བའོ། །སངས་རྒྱས་རོལ་པ་ཞེས་པའི་ཚུལ། །རྣལ་འབྱོར་རྒྱུད་དང་རྣལ་འབྱོར་མའོ། །ཐམས་ཅད་ལྷན་ཅིག་སྐྱེས་པ་ཙམ། །བསམ་གཏན་བཞི་ཡི་ནང་ལས་སྐྱེ། །ཐམས་ཅད་ཐམས་ཅད་ཅེས་པ་ནི། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཤེས་དང་ཤེས་བྱ་ཉིད་དུ་གསུངས། །རྡོ་རྗེ་སྙིང་ པོ་རྩེ་མོ་ཅན། །དགའ་བ་ཞེས་པའི་མིང་ཉིད་ནི། །གསང་བའི་གནས་སུ་སྐྱེ་བ་སྟེ། །བཅུ་དྲུག་ཚིག་ཏུ་ཤེས་པར་བྱ། །དང་པོ་སོགས་ནས་གང་བའི་མཐར། །དང་པོ་རེག་པའི་དགའ་བའོ། །དེ་བཞིན་གཞན་ཡང་ཆགས་པའི་དགའ། །འདོད་པའི་དགའ་བ་གསུམ་པོ་ཡང་། ། རུས་སྦལ་དགའ་བ་མཆོག་ཏུ་འདོད། །ཟླ་བའི་དགའ་བ་དེ་བཞིན་གཤེགས། །ཀེང་རུས་དགའ་བ་དྲུག་པའོ། །བདུན་པ་རུ་ནི་གསུངས་པ་ནི། །སྒྲ་ཡི་དགའ་བ་མ་ལུས་པའོ། །འཇིགས་པའི་དགའ་བ་བརྒྱད་པར་གསུངས། །དེ་བཞིན་གཞན་ཡང་སྣ་ཚོགས་དགའ། །བཅུ་པ་བཅུ་ཡི་དགའ་བའོ། ། གཞན་ཡང་སྙིང་གི་དགའ་བའོ། །བཅུ་གཉིས་པ་ནི་ནམ་མཁའི་དགའ། །དེ་དགའ་བ་དང་མཆོག་ཏུ་དགའ། །བཅོ་ལྔ་པར་ནི་གསུངས་པ་ནི། །ལྷན་ཅིག་སྐྱེས་པའི་དགའ་བར་འདོད། །བཅུ་དྲུག་པ་ཡི་མཚན་ཉིད་ནི། །དགའ་བྲལ་དུ་ནི་བཤད་པ་ཡིན། །དེ་དག་དགའ་ཆེན་བཅུ་དྲུག་ནི། ། ཟླ་བ་ལྟ་བུའི་དབུས་ནའོ། །དཀར་པོའི་ཕྱོགས་ལ་ཡང་དག་བཤད། །གང་བ་གསུམ་གྱི་བྱེ་བྲག་གིས། །གོ་རིམས་ཇི་བཞིན་བཤད་པ་ཡང་། །དགའ་བ་གསུམ་སྟེ་རྩ་གསུམ་པའོ། །ཐམས་ཅད་གཟུང་བར་ལྡན་པ་ནི། །གོ་རིམས་ཇི་བཞིན་འཕོ་བ་སྟེ། །ཤེས་རབ་དེ་ཉིད་ཁྱབ་པར་རོ། ། ཐབས་ནི་བཅུ་དྲུག་གསུངས་པ་ཡང་། །རྟག་ཏུ་སྟོང་པ་ཉིད་ལ་བཤད། །དང་པོ་སོགས་ནས་གནམ་སྟོང་བར། །གང་ཕྱིར་ཕྱག་འཚལ་བ་ཡི་ཚིག །བཅུ་དྲུག་པ་ཡི་མིང་ཅན་ནོ། །གཉིས་མེད་རྣལ་འབྱོར་ཕུན་སུམ་ཚོགས། །དཀར་ནག་ཕྱོགས་ནི་གཉིས་མེད་འདོད། །བདག་ཉིད་ཆེན་ པོར་གང་སྤྱོད་དེ། །སྲིད་པ་ལས་ནི་རྒལ་ནས་འགྲོ། །ལྷན་ཅིག་སྐྱེས་པ་གཙང་བ་ཡིན། །ལྷན་ཅིག་སྐྱེས་པ་རྟོགས་པའང་ཡིན། །ལྷན་ཅིག་སྐྱེས་པ་བླ་མ་ཡིན། །མཆོད་པའི་གནས་ཀྱང་ལྷན་ཅིག་སྐྱེས། །སློབ་མ་ལྟ་བུ་མཁས་པའང་དེ། །མཆོད་པ་པོ་ནི་སྒོམ་པ་དངོས། །གང་ཕྱིར་ ལྷན་སྐྱེས་གཉིས་མེད་ནི། །ལྷན་སྐྱེས་བྱ་བ་དེ་ཡི་མཆོག །ལྷན་སྐྱེས་བྱ་བ་རུ་ཡང་བཤད། །ལྡང་དང་ཉལ་ལ་སོགས་པའང་དེ། །ཇི་སྲིད་ལྷན་སྐྱེས་ཙམ་ཉིད་ལ། །སེམས་ཉིད་ངལ་སོ་སྤྱོད་ཡུལ་ལོ། །དེ་ལ་བྱ་དང་བྱེད་པ་ཡི། །གཉིས་པོ་དག་ལས་གཉིས་མེད་འབྱུང་། །དེ་ནི་རྟོག་མེད་ མཚན་ཉིད་དེ། །རྣལ་འབྱོར་མ་ཡི་ཁ་ན་ལས། །དེ་དག་དེ་རྣམས་གསུངས་པ་ནི། །བདག་ཉིད་འབའ་ཞིག་དྲན་པའོ། །ཡང་ན་དད་པ་ཅན་དག་གི། །རང་གི་སློབ་མ་བརྒྱུད་པ་ལས། །མངོན་པར་དགའ་དང་ཀླགས་པ་དང་། །མཉན་པ་དང་ནི་སྒོམ་པ་དང་། །གཞན་དག་ལ་ནི་བསྟན་པ་སྟེ། །སྐལ་དང་ སྐལ་མེད་རྣམ་དཔྱད་ནས། །དེ་དག་གསང་བའི་འཁོར་ལོ་ཡི། །ཚིགས་བཅད་དག་ལ་གོ་རིམས་བཞིན། །དགུ་པ་དང་ནི་བཅོ་ལྔ་ལྔ། །དེ་བཞིན་དུ་ནི་སྟེང་འོག་གཉིས། །གཅིག་པ་ཉིད་ནི་སྤྱི་གཙུག་དབུས། །ཀུན་བསྡུས་སུམ་ཅུ་རྩ་གཉིས་མཆོག །ཉེ་བར་བསྡུས་པ་ལས་ཡེ་ཤེས་ལྔའི་བསྟོད་ པ་དོན་བསྡུས་པ་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་དགུ་པའོ།། །།དེ་བཞིན་གཞན་ཡང་ཕན་ཡོན་ནི། །ཚིགས་བཅད་ལྔ་ཡི་ནང་དུ་སྟེ། །འདི་དེ་རྡོ་རྗེ་ལ་སོགས་པ། །བསྟོད་པ་ཡི་ནི་ནང་དུ་གསུངས། །གཞན་དག་ཀྱང་ནི་རྙེད་བླ་བ། །ཉེ་བར་བསྡུས་པར་ངས་མ་བཤད། །བླ་མ་རྡོ་རྗེ་འཛིན་ པ་དང་། །སངས་རྒྱས་གཟུགས་ནི་གྲངས་མེད་རྣམས། །བྱང་ཆུབ་སེམས་དཔའི་ཚོགས་མཆོག་ཉིད། །མ་ལུས་བདག་ལ་བཟོད་པར་གསོལ། །སྒྱུ་འཕྲུལ་དྲ་སོགས་མདོར་བསྡུས་ནས། །གླེང་གཞི་མཆོག་ཏུ་གསུངས་པ་སྟེ། །བསོད་ནམས་དེ་ཡིས་འཇིག་རྟེན་པ། །ཇི་ལྟར་དེ་བཞིན་རོལ་ པར་སྨོན། །གནས་ནི་ཕྲ་བ་པུ་རི་རུ། །གཞན་དག་གིས་ནི་གསོལ་བཏབ་ནས། །མཚོན་མ་མཆོག་དག་མཐོང་གྱུར་པས། །གཉིས་སུ་མེད་པའི་རྡོ་རྗེས་བྱས། །ཉེ་བར་བསྡུས་པ་ལས་ཕན་ཡོན་རྟོགས་པར་སླ་བ་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བཅུ་པའོ།། །།མཚན་ཡང་དག་པར་བརྗོད་ པའི་ཉེ་བར་བསྡུས་པ་རྣམ་པར་རྟོག་གེ་ཞེས་བྱ་བ་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་བཛྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དཔྱལ་སེར་ཙ་བསོད་ནམས་རྒྱལ་མཚན་ གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་གྱིས། །གནས་མཆོག་སྨིན་ལུང་གཙུག་ལག་ཁང་། །རྫོགས་པའི་རིམ་པའི་སྐལ་ལྡན་མང་། །དེ་དག་དོན་དུ་ལེགས་པར་བསྒྱུར།། །། ༄། །འཇམ་དཔལ་གྱི་སྔགས་དོན་རྣམ་གཟིགས་དང་། །ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་གཉིས་ཀྱི་དོན་བསྡུས་པ་མཚན་གྱི་སྒྲོན་མེ་བཞུགས་སོ།། ༄༅༅། །ཀླུ་རིགས་མཆོག་ཏུ་སངས་རྒྱས་ཀྱང་། །ཀུན་དུ་གཟིགས་པས་གདོད་བྱོན་པ། །སངས་རྒྱས་ཀུན་བསྐྱེད་ཡབ་འགྱུར་ཞེས། །མཚན་གསོལ་འཇམ་དབྱངས་དེར་བཏུད་ ནས། །རྙེད་ལ་གདུ་སོགས་ཕྱིར་མིན་གྱི། །མ་འདྲེས་མཚན་ལ་དད་སེམས་ཀྱིས། །བདག་དྲན་ཕྱིར་བྱས་འགལ་བ་མེད། །གཞན་དུ་གྱུར་ནའང་དེ་མི་འགལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་བདག་གི །མཚན་རྣམས་ཡང་དག་བརྗོད་པ་ལ། །སྤྱི་དོན་ བཅུ་བཞི་དེར་བསྡུས་བཞི། །དེ་ལ་སྤྱི་དོན་བཅུ་བཞི་ཡི། །རྣམ་པར་དབྱེ་བར་བྱ་བ་ནི། །ཞུས་ནས་སླར་གསུངས་རིགས་དྲུག་གཟིགས། །རྫུ་འཕྲུལ་མངོན་པར་བྱང་ཆུབ་དང་། །རྡོ་རྗེ་འཆང་ཆེན་དཀྱིལ་འཁོར་དང་། །རྣམ་པར་སྣང་མཛད་མི་བསྐྱོད་དང་། །ཚེ་དཔག་མེད་དང་རིན་ཆེན་འབྱུང་། །དོན་ ཡོད་འཁོར་ལོ་དག་བསྟོད་པ། །ཕན་ཡོན་དང་ནི་སྔགས་རིངས་དང་། །བསྡུས་པའི་ཚིགས་སུ་བཅད་པའོ། །ཞུས་ལ་ཚིགས་བཅད་བཅུ་དྲུག་སྟེ། །དེ་ལ་ནང་གསེས་རྣམ་པ་བདུན། །གང་གིས་ཞུས་ལ་ཚིགས་བཅད་ལྔ། །གང་ལྟར་ཞུས་ལ་ཚིགས་བཅད་གཅིག །གང་ཕྱིར་ཞུས་ལ་གཉིས་སུ་ གནས། །གང་ལ་ཞུས་ལ་གཅིག་ཡིན་ནོ། །གང་ཞུས་པ་ལ་ཚིགས་བཅད་བཞི། །ཇི་སྐད་ཞུས་པའི་དོན་བཞིན་དུ། །སྒྲུབ་པར་ཁས་བླངས་པ་ལ་གཉིས། །དེ་ཕྱིར་གུས་ཉན་ཚིགས་བཅད་གཅིག །སླར་གསུངས་པ་ལ་ཚིགས་བཅད་དྲུག །ནང་གི་དབྱེ་བ་རྣམ་པ་བདུན། །གང་གིས་གསུངས་ ལ་ཚིག་རྐང་གཉིས། །གང་ལྟར་གསུངས་ལ་ཤློ་ཀ་གཉིས། །གང་ལ་གསུངས་ལ་ཤློ་ཀ་ཕྱེད། །གང་ཕྱིར་གསུངས་ལ་ཚིག་རྐང་གཉིས། །གང་གསུངས་པ་ལ་རྐང་པ་གསུམ། །རྣ་གཏོད་ཉོན་ཅིག་འདོམས་པ་ལ། །ཚིགས་བཅད་ཕྱེད་དང་གཉིས་སུ་བཞེད། །གནང་ནས་གཏང་རག་ ཕུལ་རྐང་གཅིག །རིས་དྲུག་གཟིགས་ལ་ཚིགས་བཅད་གཉིས། །འདིས་གཟིགས་དང་པོ་ཚིག་རྐང་གཉིས། །དེ་འོག་ཚིག་གཅིག་སྤྱི་ལ་གཟིགས། །ལྷ་དྲུག་དོན་ཡོད་རྣམ་སྣང་མཛད། །མི་བསྐྱོད་མཐའ་ཡས་རིན་ཆེན་འབྱུང་། །རྡོ་རྗེ་སེམས་དང་དྲུག་རིམ་བཞིན། །གཞུང་ལུགས་ གཞན་ལ་གཞན་དུ་སྣང་། །དེ་ལ་གཟིགས་ནས་འདི་མཚན་བརྗོད། །དཀྱིལ་འཁོར་དྲུག་དང་བསྟོད་པ་དང་། །ཕན་ཡོན་སྔགས་རིགས་བསྡུས་སོགས་ཀྱི། །གཞུང་ཚད་མཚན་དོན་གོ་རིམས་བཞིན། །རང་རང་སྐབས་སུ་འོག་ནས་འཆད། །བསྡུས་པའི་དོན་བཞིར་གཞག་པ་ཡིན། །རྣམ་པར་དབྱེ་ བར་བྱ་བ་ནི། །ཞུས་དང་སླར་གསུངས་རིགས་དྲུག་གཟིགས། །དམིགས་པའི་ཡུལ་དུ་གཞག་པར་བྱ། །མངོན་རྟོགས་དཀྱིལ་འཁོར་དྲུག་དང་བསྟོད། །སྔགས་རིངས་དང་དགུས་ཉམས་བླང་ཐབས། །ཕན་ཡོན་གྱིས་ནི་བསྐྱེད་པ་དང་། །ཐོབ་བྱའི་འབྲས་བུ་བསྟན་པ་ཡིན། །བསྡུས་པའི་ ཚིགས་སུ་བཅད་པ་ལྔས། །དམིགས་ཐབས་འབྲས་བུ་གསུམ་བསྡུས་བསྟན། །འདིས་ཞུས་འདིས་གསུངས་འདི་གསུངས་གསུམ། །འཁོར་དང་སྟོན་པ་རྣམ་པ་གསུམ། །མཆོག་གསུམ་རྒྱུ་འབྲས་ཐབས་དང་གསུམ། །ཐོབ་བྱའི་ཡུལ་དུ་གཞག་པ་ཡིན། །གཞན་ཡང་ཞུས་ ལན་གཟིགས་པ་གསུམ། །ཐབས་དང་དེ་བཞིན་ཤེས་རབ་དང་། །གཉིས་སུ་མེད་དང་རྣམ་གསུམ་དུ། །ནང་གི་ཚེ་ན་གཞག་པ་ཡིན། །ཉམས་སུ་བླང་བའི་ཐབས་དག་ནི། །རྣལ་འབྱོར་གཞུང་གི་འཁོར་ལོ་སྟེ། །དེ་ཡང་ཕྱི་ནང་དབྱེ་བ་ཡིས། །རྣམ་པ་གཉིས་སུ་བསྟན་པ་ཡིན། །ཕྱི་རོལ་ ལ་ཡང་རྣམ་གསུམ་སྟེ། །སྙིང་ག་ཤེས་རབ་འཁོར་ལོ་དང་། །ཕོ་བྲང་ལྷ་ཡི་འཁོར་ལོ་དང་། །འཁྲུལ་འཁོར་ལས་ཀྱི་འཁོར་ལོའོ། །ནང་གི་འཁོར་ལོ་གཅིག་ཉིད་དེ། །ལུས་གནས་རྩ་ཡི་འཁོར་ལོའོ། །འཁོར་ལོ་བཞི་པོ་དེ་དག་ལ། །རེ་རེ་ལ་ཡང་བདུན་བདུན་ནོ། །དེ་ལ་ཤེས་རབ་ འཁོར་ལོ་ནི། །ཇི་ལྟར་རྣམ་པར་བསམ་ཞེ་ན། །དང་པོར་རང་རང་འདོད་པའི་ལྷ། །ས་བོན་མདོག་དང་སོ་སོའི་རྒྱ། །དེ་ཐུགས་དང་པོའི་སངས་རྒྱས་ནི། །ཞལ་ལྔ་ཕྱག་བརྒྱད་ཀུན་ཐུན་མོང་། །དེ་ཡི་ཐུགས་ཀར་འཁོར་ལོ་ནི། །རིགས་དྲུག་དབྱེ་བས་རྣམ་པ་དྲུག །བསྡུས་པ་དང་ནི་བདུན་ གྱུར་ཏེ། །ལྟེ་བ་རྩིབས་དང་རྩིབས་རྟེན་ཅན། །ལྟེ་བ་མུ་ཁྱུད་གཉིས་ཀྱིས་བསྐོར། །རྩིབས་རྟེན་མུ་ཁྱུད་གཉིས་ཡོད་པ། །ལྟེ་བའི་མུ་ཁྱུད་ནང་མ་ལ། །སྔགས་རིངས་གཉིས་ཕྱི་རྩ་བ་དགོད། །ཕྱི་ལ་ཨཱ་ལི་རྣམས་དགོད་དེ། །རྩིབས་རྟེན་མུ་ཁྱུད་ནང་མ་ལ། །སྔགས་རིངས་གཉིས་ ཕྱེ་ཕྲེང་སྔགས་དགོད། །ཕྱི་ལ་ཀཱ་ལི་ལེགས་པར་དགོད། །མུ་ཁྱུད་སྔགས་དང་མདོག་དཀར་མཚུངས། །རྩིབས་གྲངས་སོ་སོའི་དང་པོ་ལ། །དྲུག་སྟེ་སྔགས་དྲུག་མཚན་རེ་དགོད། །མདོག་དྲུག་ལྡན་པར་དགོད་པར་བྱ། །དབུས་སུ་ཨ་ནི་དཀར་པོར་བཀོད། །སོ་སོར་རྟོག་ པའི་རྩིབས་བརྒྱད་ལ། །བཛྲ་ཏིཀྵྞཱ་ལ་སོགས་དགོད། །ཡིག་འབྲུ་རེ་རེ་ཁ་དོག་དམར། །དབུས་སུ་ཧྲཱིཿཡང་ཁ་དོག་མཐུན། །མེ་ལོང་ལྟ་བུའི་རྩིབས་ཀྱི་བརྒྱད། །དུཿཁ་ཙྪེ་ད་ལ་སོགས་པ། །འབྲུ་རེ་རེ་སྟེ་ཁ་དོག་སྔོ། །ལྟེ་དབུས་ཧཱུཾ་ཡང་མདོག་མཆོག་སྔོ། །ཆོས་དབྱིངས་ཡེ་ཤེས་རྩིབས་ བཅུ་པ། །རྩིབས་རྣམས་ཀུན་ལ་དགོད་པ་ནི། །པྲཛྙཱ་ཛྙཱ་ན་ལ་སོགས་བཅུ། །དབུས་ཀྱི་ཨ་དང་དེ་ཀུན་དཀར། །བྱ་གྲུབ་ཡེ་ཤེས་འཁོར་ལོ་ནི། །རྩིབས་བརྒྱད་ཛྙཱ་ན་ཀཱ་ལ་སོགས། །རྩིབས་རེ་འབྲུ་རེ་ལྟེ་བར་ཨཱ། །ཤིན་ཏུ་མཛེས་པའི་ལྗང་གུའོ། །མཉམ་ཉིད་འཁོར་ལོ་རྩིབས་བརྒྱད་པ། ། དེ་ལ་བཱ་གཱི་ཤྭ་ར་སོགས། །འབྲུ་རེ་དགོད་ཅིང་ཁ་དོག་སེར། །དབུས་སུ་ཨོཾ་ཡང་རབ་ཏུ་སེར། །དྲུག་པའི་འཁོར་ལོ་རྩིབས་བརྒྱད་པ། །ཨ་ར་པ་ཙ་ལ་སོགས་པ། །ཡིག་དགུ་གཅིག་ལ་གཉིས་དགོད་བྱ། །དབུས་སུ་ཨཱ་ནི་རབ་ཏུ་དཀར། །ཤེས་རབ་འཁོར་ལོའི་ལྟེ་བ་རུ། །དང་པོ་ ལ་ནི་ཡེ་ཤེས་སེམས། །ཐུན་མོང་མཚན་དང་ལྡན་པར་བསམ། །གཞན་ལ་མཚན་ཡང་སོ་སོ་སྟེ། །སོ་སོར་རྟོག་ལ་རྡོ་རྗེ་རྣོ། །མེ་ལོང་རལ་གྲི་སྡུག་བསྔལ་གཅོད། །ཆོས་དབྱིངས་ཤེས་རབ་ཡེ་ཤེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་སྐུ། །མཉམ་པ་ཉིད་ལ་ངག་དབང་ཕྱུག །རྡོ་རྗེ་སེམས་ ལ་མཚན་མཆོག་ནི། །ཨ་ར་པ་ཙ་ན་ཞེས་པ། །མདོག་དང་ཕྱག་མཚན་སོ་སོར་བསམ། །མངོན་རྟོགས་ལ་ནི་ཚིགས་བཅད་གསུམ། །ཚིགས་བཅད་དངོས་གཅིག་སྔགས་ལ་གཉིས། །དེ་ལྟར་ཤེས་རབ་འཁོར་ལོ་ནི། །གཞུང་ཚད་བཅས་པ་ལེགས་བསྟན་ནས། །ད་ནི་ཕོ་བྲང་ལྷ་ འཁོར་ལོ། །དེ་ཡི་དབྱེ་བ་བསྟན་པར་བྱ། །རྣམ་པར་སྣང་མཛད་ཆེ་ཞེས་པ། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི། །ལྔ་ཡི་རང་བཞིན་དྲུག་པ་སྟེ། །རྩ་བའི་དཀྱིལ་འཁོར་ལྷ་དང་མཚན། །གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །མཚན་ རྣམས་རྣམ་པ་གཉིས་སུ་བཞེད། །དེ་ཡི་ཐུགས་ཀའི་ཟླ་དཀྱིལ་ན། །མཚན་ནི་རྣམ་པ་གཉིས་ཡིན་ཏེ། །རྫོགས་སངས་རྒྱས་དང་ཨ་ལས་བྱུང་། །དེ་སྟེང་ཨ་ལ་རྣམ་གསུམ་སྟེ། །ཨ་ནི་ཡིག་འབྲུ་ཀུན་མཆོག་དང་། །དོན་ཆེན་ཞེས་ནི་འབྱུང་བ་དང་། །ཡི་གེ་དམ་པ་ཞེས་པ་གསུམ། །དེ་ལྟར་དེ་ དག་གསུམ་པོ་ནི། །མཚན་མཆོག་རྣམ་པ་བདུན་དུ་བཞེད། །གསང་བའི་ཡུམ་བཞིའི་རྣམས་ལ་ནི། །ཁོང་ནས་བྱུང་དང་སྐྱེ་མེད་གཉིས། །སཏྭ་བཛྲི་མ་ཡི་མཚན། །ཚིག་ཏུ་བརྗོད་པ་སྤངས་གཅིག་པུ། །རཏྞ་བཛྲི་མ་ཡི་མཚན། །བརྗོད་པ་ཀུན་གྱི་རྒྱུ་མཆོག་ཉིད། །དྷརྨ་བཛྲི་མ་ཡི་མཚན། ཚིག་ཀུན་ཤེས་ནི་འབྱུང་བ་དང་། །རབ་ཏུ་གསལ་བྱེད་མ་དང་གཉིས། །ཀརྨ་བཛྲི་མ་ཡི་མཚན། །དེ་དག་ལ་ནི་མཚན་དྲུག་སྟེ། །དང་པོ་ཐ་མ་གཉིས་གཉིས་སོ། །རྒྱལ་བ་ལྔ་ལ་ཚན་གསུམ་གསུམ། །ཚིག་རྐང་དང་པོ་གཉིས་གཉིས་སོ། །གོང་མ་གོང་མ་ལ་གཉིས་གཉིས། །འོག་མ་ འོག་མ་རེ་རེ་ལ། །མཆོད་པ་ཆེན་པོ་ཆགས་ཆེན་ནས། །ཁྲོ་བ་ཆེན་པོ་དགྲ་ཆེའི་མཐར། །རྒྱལ་རྣམས་བཅོ་ལྔ་ཡུམ་བཞི་དྲུག །ཉི་ཤུ་རྩ་གཅིག་དག་ཏུ་བཤད། །འདོད་པ་ཆེ་དང་བདེ་བ་ཆེ། །རྡོ་རྗེ་སེམས་དང་རྒྱལ་པོ་གཉིས། །དགའ་བ་ཆེ་དང་མགུ་ཆེ་གཉིས། །ཆགས་པ་དང་ནི་ ལེགས་པའི་མཚན། །ཚིག་རྐང་གཉིས་ལ་བཞིར་བཞེད་དེ། །བྱང་ཆུབ་སེམས་ཀྱི་མཚན་རྣམས་སོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་ནས། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཚིགས་སུ་བཅད་པ་གཅིག་ལ་ནི། །སེམས་དཔའ་བཞི་སྟེ་མཚན་རྣམས་ལྔ། །གཟི་བརྗིད་མཆོག་ཆེ་ལུས་ཆེ་གཉིས། །དེ་དག་ དབང་བསྐུར་སེམས་དཔའ་བཞི། །ཤེས་རབ་མཚོན་ཆེན་འཆང་བ་ནས། །སྣང་བ་ཆེན་པོ་གསལ་ཆེའི་མཐར། །ཚིགས་སུ་བཅད་པ་གཅིག་ལ་ནི། །སེམས་དཔའ་བཞི་སྟེ་མཚན་མཆོག་བདུན། །རྐང་པ་དང་པོ་རྡོ་རྗེ་ཆོས། །མཚན་མཆོག་གཅིག་ཏུ་ཤེས་པར་བྱ། །རྣོན་པོ་ལ་ནི་ གཉིས་ཡིན་ཏེ། །ཉོན་མོངས་ལྕགས་ཀྱུ་ཆེ་དང་མཆོག །རྒྱུ་ལ་གྲགས་ཆེན་སྙན་གྲགས་གཉིས། །སྨྲ་ལ་སྣང་ཆེ་གསལ་ཆེ་གཉིས། །ཡེ་ཤེས་སེམས་དཔར་གྲགས་པ་ཡིན། །མཁས་པ་སྒྱུ་འཕྲུལ་ཆེ་འཆང་ནས། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་མཐར། །ཚིགས་བཅད་གཅིག་ ལ་སེམས་དཔའ་བཞི། །མཚན་རྣམས་དྲུག་ཏུ་བཞེད་པ་ཡིན། །མཁས་པ་སྒྱུ་འཕྲུལ་ཆེ་འཆང་གཉིས། །རྡོ་རྗེ་ལས་སུ་ཤེས་པར་བྱ། །སྒྱུ་འཕྲུལ་ཆེ་དང་དོན་གྲུབ་པ། །རྡོ་རྗེ་བསྲུང་བའི་མཚན་ཡིན་ནོ། །ལྷག་མ་གཉིས་ལ་རེ་རེའོ། །སེམས་དཔའ་དེ་དག་བཞི་པོ་ནི། །ལས་ ཀྱི་སེམས་དཔའ་རྣམས་ཡིན་ནོ། །སེམས་དཔའ་བཅུ་དྲུག་རྣམས་ལ་ནི། །ཚིགས་སུ་བཅད་པ་ཕྱེད་དང་བཞི། །མཚན་རྣམས་ཉི་ཤུ་རྩ་གཉིས་ཏེ། །སེམས་དཔའི་བསྡུས་དོན་དེ་ཡིན་ནོ། །སྦྱིན་བདག་ཆེན་པོ་ཞེས་པ་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོའི་བར། །ཕ་རོལ་ཕྱིན་བཅུའི་ ཚིགས་བཅད་གཉིས། །ལྷ་མོ་བརྒྱད་དང་སྒོ་མར་བཞེད། །སྦྱིན་བདག་ཆེན་དང་གཙོ་བོ་གཉིས། །སྒེག་མོ་ཡི་ནི་མཚན་ཡིན་ནོ། །ཚུལ་ཁྲིམས་ཆེན་དང་འཆང་མཆོག་ནི། །ཕྲེང་བ་མ་ལ་གཉིས་སུ་བཞེད། །བཟོད་ཆེན་འཆང་དང་བརྟན་པ་གཉིས། །གླུ་མ་ཡི་ནི་མཚན་ཡིན་ནོ། །བརྩོན་འགྲུས་ ཆེ་དང་བརྟུལ་བ་གཉིས། །གར་མཁན་མ་ཡི་མཚན་ཡིན་ནོ། །མེ་ཏོག་མ་ལ་མཚན་གཅིག་སྟེ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེ་དང་ལུས་འཆང་གཉིས། །བདུག་པ་མ་ཡི་མཚན་ཡིན་ནོ། །བསམ་གཏན་ཞེས་པ་མར་མེ་མ། །ཐབས་ཆེན་ཞེས་པ་དྲི་ ཆབ་མ། །སྟོབས་ནི་དད་སོགས་རྣམ་པ་ལྔ། །ཡེ་ཤེས་རྒྱ་མཚོ་མཐོང་སྒོམ་གཉིས། །ཡན་ལག་བདུན་དང་འཕགས་ལམ་བརྒྱད། །སྟོབས་དང་ཡེ་ཤེས་སྒོམ་པར་བཞེད། །གསང་མཆོད་ལ་བརྒྱད་ཕྱི་ལ་ལྔ། །སྒོ་བ་ལ་གཉིས་སྤྱིར་བཅོ་ལྔ། །བྱམས་ཆེན་རང་བཞིན་ཞེས་པ་ནས། ། མཁས་པ་ཆེན་པོ་ཐབས་ཆེའི་བར། །ཚིག་རྐང་བཞི་ལ་རིམ་བཞིན་དུ། །ཤར་ཕྱོགས་གནས་པའི་སྐལ་བཟངས་བཞི། །ཚིག་རྐང་དང་པོ་བྱམས་པ་ཡིན། །སྙིང་རྗེ་དང་ནི་བློ་མཆོག་གཉིས། །འཇམ་དཔལ་གྱི་ནི་མཚན་ཡིན་ནོ། །སྤོས་གླང་ཤེས་རབ་བློ་ཆེན་གཉིས། །མཁས་པ་ ཆེ་དང་ཐབས་ཆེ་གཉིས། །ཡེ་ཤེས་ཏོག་གི་མཚན་ཡིན་ནོ། །ལྷོ་ཡི་སེམས་དཔའ་རྣམ་བཞི་ནི། །རྫུ་འཕྲུལ་སྟོབས་ལྡན་བཟང་སྐྱོང་གི། །ཤུགས་ཆེན་མགྱོགས་པ་ཆེན་པོ་ནི། །བློ་གྲོས་རྒྱ་མཚོའི་མཚན་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །བློ་གྲོས་མི་བཟད་པ་ཡི་མཚན། ། སྤོབས་པ་བརྩེགས་པ་ཞེས་བྱ་བ། །སྟོབས་ཆེན་ཕ་རོལ་གནོན་གཅིག་པུ། །ནུབ་ཀྱི་ཕྱོགས་ཀྱི་སེམས་དཔའ་བཞི། །སྲིད་པའི་རི་བོ་ཆེ་འཇོམས་ནས། །འཇིགས་ཆེན་འཇིགས་པར་བྱེད་པའི་མཐར། །མཐུ་ཆེན་ཐོབ་དང་ངན་སོང་འདྲེན། །མྱ་ངན་འཇོམས་དང་དྲ་བ་ཅན། །གོ་རིམས་བཞིན་ དུ་ཚིག་རེ་ལ། །མཚན་ཡང་རེ་རེ་དག་ཏུ་འདོད། །བྱང་ཕྱོགས་ཀྱི་ཡང་སེམས་དཔའ་བཞི། །མགོན་པོ་རིགས་མཆོག་ཆེན་པོ་ནས། །ཐེག་པ་ཆེན་པོ་ཚུལ་མཆོག་མཐར། །གོ་རིམས་བཞིན་དུ་ལེགས་སྦྱར་ཏེ། །མགོན་པོ་རིགས་དང་མཆོག་ཆེན་གཉིས། །ཟླ་འོད་གཞོན་ནུའི་མཚན་ ཡིན་ནོ། །འོད་དཔག་མེད་དང་ནམ་མཁའ་མཛོད། །སྒྲིབ་པ་རྣམ་པར་སེལ་དང་གསུམ། །ཚིག་གསུམ་མཚན་གསུམ་གོ་རིམས་བཞིན། །ཚིགས་བཅད་དག་ནི་བཅུ་བཞི་སྟེ། །མཚན་དོན་བརྒྱད་ཅུ་རྩ་དྲུག་བཞེད། །རིགས་བསྡུས་ཚེ་ན་དབུས་དཀྱིལ་འཁོར། །བདེ་གཤེགས་ དཀྱིལ་འཁོར་ལྷ་རྣམས་ནི། །སེང་གེ་དང་ནི་རབ་གསལ་བྱེད། །ཐུབ་པ་དང་ནི་མེ་ཏོག་དང་། །མེ་ཏོག་མཛེས་དང་སྤྱན་བཟང་པོ། །ཀུན་དེད་དཔོན་དང་ཕྱག་རྒྱ་ཆེ། །སྟོབས་པོ་ཆེ་དང་རྒྱུ་སྐར་རྒྱལ། །སྨན་པ་དང་ནི་གྲགས་པ་དང་། །རྒྱལ་མཚན་དང་ནི་འོད་ཟེར་ཆེ། །གྲོལ་ཕུང་དང་ནི་རྣམ་སྣང་ མཛད། །ཉི་བཟང་པོ་དང་ཟླ་བ་བཟང་། །འོད་ཟེར་ཅན་དང་འོད་འཕྲོ་བཟང་། །མྱ་ངན་མེད་དང་དེ་བཞིན་སྐར། །འོད་འཕྲོ་འཛིན་དང་ཡོན་ཏན་འོད། །དོན་སྟོན་པ་དང་མར་མེ་ལྡན། །རབ་བཟང་དང་ནི་སྨན་བཟང་པོ། །དཔའ་བོ་དང་ནི་མཛོད་སྤུ་དང་། །བརྟན་པོ་དང་ནི་དཔལ་གྱི་ལྷ། ། མཐོང་བར་དཀའ་དང་ཡོན་ཏན་འོད། །སྐྲ་ཅན་དང་ནི་གྲངས་ཅན་དང་། །ཚངས་པའི་དབྱངས་དང་བརྟན་པའི་མཚམས། །རིག་པ་ལྡན་དང་འོད་མཛད་པ། །རི་བོ་ཆེ་དང་རྡོ་རྗེ་ཆེ། །རྒྱལ་མིན་དང་ནི་འཇིགས་མེད་པ། །རིན་པོ་ཆེ་དང་པདྨ་དང་། །སྟོབས་སྡེ་ཅན་དང་མེ་ཏོག་འོད། །ཡེ་ཤེས་ འོད་དང་ལྷ་ཆེན་པོ། །ཚིག་གི་བདག་དང་སྣང་མཐའ་ཡས། །ཀླུས་སྦྱིན་དང་ནི་བསྟན་པའི་རིམ། །དོན་ཡོད་མཐོང་དང་དབང་པོ་སྦྱིན། །མི་ལྷུང་བ་དང་སེང་རྒྱལ་མཚན། །རྒྱལ་བ་དང་ནི་ཚོགས་པ་པོ། །དགའ་བའི་རྒྱལ་དང་དོན་འདོད་པ། །དགའ་བར་མཛད་དང་ཆུ་ཡི་ལྷ། །ཡོན་ཏན་ ལག་དང་སྤོས་གླང་པོ། །དོན་ཡོད་དབྱངས་དང་ཐུགས་བཟང་པོ། །ཟླ་བ་དང་ནི་རི་བོང་ཅན། །གྲགས་ཆེན་པ་དང་གཙུག་ནོར་བུ། །དྲུག་པོ་དང་ནི་སེང་གེ་འགྲོས། །ངང་པ་དང་ནི་རྣམ་རྒྱལ་དོན། །ཤེས་རབ་བརྩེགས་དང་ལེགས་གནས་པ། །བློ་གྲོས་དང་ནི་ཡན་ལག་སྐྱེས། ། བདུད་རྩི་བུ་དང་གཟུགས་བཟང་པོ། །ཡེ་ཤེས་ཅན་དང་འོད་ཟེར་ཅན། །དཀའ་ཐུབ་བརྟན་དང་བཀྲ་ཤིས་ལྡན། །བདེ་བའི་ཏོག་དང་པདྨ་དང་། །མི་ཡི་ཐེག་དང་བདེ་བའི་ཕྱག །ཡེ་ཤེས་མཛད་བློ་དང་འོད་བྲལ། །ཚངས་པས་བྱིན་དང་རིན་ཆེན་མཛོད། །མེ་ཏོག་ལྷ་དང་ལེགས་པའི་དོན། ། ཆོས་དབང་ཕྱུག་དང་བློ་གྲོས་གྲགས། །རྡོ་རྗེ་ཏོག་དང་པདྨ་སྒྲུབ། །རྣམ་པར་རོལ་དང་དུ་མའི་ལྷ། །རི་ཡི་ཏོག་དང་འོད་ཀྱི་ཚོགས། །མི་ཟད་པ་དང་རིན་ཆེན་སྙིང་། །བཟོད་ཆེན་པ་དང་ཆོས་ཀྱི་བློ། །ཡིད་ཀྱི་ཡུལ་དང་ཡོན་ཏན་གྲགས། །ཟླ་བའི་འོད་དང་གསལ་བའི་རོ། །སེང་གེ་ཏོག་དང་ ལུས་ལས་བཟློག །སྙིང་པོའི་དཔལ་དང་ངེས་པའི་ཏོག །<ཀློག་‚གློག་>གི་འོད་དང་གསེར་སྦྱིན་ཆ། །གཞན་གྱིས་མི་ཐུབ་ཏོག་གི་རྒྱལ། །རབ་ཏུ་གྲགས་དང་བརྩོན་འགྲུས་བརྟན། །དཔེ་བྲལ་གྲགས་དང་གཤིན་འཇིགས་འགྱུར། །དགྲ་བཅོམ་ལྷ་དང་མར་མེ་ཆེ། །འཇིག་རྟེན་འོད་དང་དྲི་ དང་པོ། །ཡོན་ཏན་འཛིན་དང་མུན་བྲལ་འགྱུར། །སེང་གེ་སྤྲོ་དང་རིན་ཆེན་གྲགས། །སྐྱེ་རང་བཞིན་དང་ཡིད་སྐྱེས་ཟླ། །ལེགས་པར་སྟོན་དང་གཟུགས་བརྙན་བརྒྱན། །ནོར་བུ་བཟང་དང་རིན་ཆེན་ཏོག །ཆོས་འབྱུང་གནས་དང་རྣམ་ངེས་དོན། །ཆོས་སྟེར་བ་དང་རིན་ཆེན་གནས། ། རྒྱལ་དབང་པོ་དང་རིན་ཆེན་མནན། །གནས་པའི་བློ་དང་བསྐལ་བྲལ་གདུགས། །རྣམ་སྣང་དཔལ་དང་སེང་གེ་སྒྲ། །རྣམ་པར་རོལ་དང་ཀླུ་ཡི་འོད། །མེ་ཏོག་རོ་དང་ཀླུ་དབང་ཅན། །རི་དབང་ཕྱུག་དང་ཤིན་ཏུ་བསམ། །སྟོབས་ཀྱི་ལྷ་དང་ཡོན་ཏན་ཕྲེང་། །ཀླུ་ཡི་ཕྱག་དང་གཟུགས་བརྙན་ བརྒྱན། །རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ། །བདུད་རྩི་སྒྲ་དང་བདེན་པར་སྨྲ། །རབ་ཞི་བློ་དང་མཐའ་ཡས་གཟུགས། །རྣམ་སྣང་མཛད་དང་རིན་ཆེན་ཏོག །འདོད་པ་བྲལ་དང་ལེགས་གཞིབས་པ། །དོན་ཡོད་སངས་རྒྱས་རྟོགས་པ་འཆང་། །མེ་ཏོག་དང་ནི་རྡོར་དབང་རྒྱལ། །གཟི་བརྗིད་ ཅན་དང་དོན་སྟོན་པ། །ཚེ་དཔག་མེད་དང་ཁྲོ་དབང་ཕྱུག །དོན་གནས་ཅན་དང་མི་ཤིགས་གྲགས། །མྱ་ངན་མེད་དང་དྲི་མ་བྲལ། །ཚངས་པའི་ལྷ་ཞེས་བྱ་བའོ། །འདི་ཡི་གཞུང་གི་ཚད་དག་ཀྱང་། །ཚིགས་བཅད་ཉི་ཤུ་རྩ་ལྔར་ནི། །ཚིག་རྐང་གཅིག་གིས་མ་ཚང་བ། །རྒྱལ་བ་ལྔ་ལ་རིམ་བཞིན་དུ། སུམ་ཅུ་རྩ་དྲུག་རྩ་དྲུག་མཚན། །བསྡོམས་པས་བརྒྱ་དང་བརྒྱད་ཅུ་གཅིག །མི་བསྐྱོད་དཀྱིལ་འཁོར་ལྷ་རྣམས་ནི། །རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས། །ཁྲོ་བོ་རྣམ་རྒྱལ་སྒྱུ་འཕྲུལ་དྲ། །ཕྱག་རྡོར་དབང་བསྐུར་རྒྱུད་ལས་གཉིས། །རྡོ་རྗེ་བརྒྱན་དང་རིག་པ་མཆོག །བདེ་མཆོག་རྒྱན་ དང་རྡོ་རྗེ་འདུས། །དོན་ཡོད་ཞགས་དང་རྡོ་རྗེ་ཐོད། །གསང་བ་འདུས་དང་རྣམ་སྣང་དྲ། །དམ་ཚིག་ཆེ་ནང་ཟླ་གསང་ཐིག །གཉིས་མེད་མཉམ་དང་ཟླ་གསང་ཐིག །རྒྱུ་དེ་རྣམས་ལས་མཚན་རེ་རེ། །སྒྱུ་འཕྲུལ་དྲུག་སྟོང་པ་ལས་གཉིས། །འབྱུང་པོ་ཕྱག་རྡོར་ས་འོག་རྒྱུད། །སྒྱུ་འཕྲུལ་དྲ་ དང་བདེ་མཆོག་རྒྱུད། །ཁྲོ་བོ་བདེ་མཆོག་སད་དང་ནི། །རྒྱུད་དེ་རྣམས་ལ་མཚན་རེ་འབྱུང་། །ཁྲོ་བོ་རྣམ་རྒྱལ་རྒྱུད་གཉིས་ལས། །ཁྲོ་ཟླ་དང་ནི་རྟ་མཆོག་རྒྱུད། །མཚན་ནི་རེ་རེ་ཤེས་པར་བྱ། །མི་མཉམ་མཉམ་དང་གསང་རྒྱུད་དེ། །རྒྱུད་དེ་ལས་ནི་བཞི་འབྱུང་ངོ་། །དཔལ་མཆོག་དང་པོ་གསང་བ་ འདུས། །གསང་བ་མཛོད་དང་གསང་བ་འདུས། །རྡོ་རྗེ་གསང་རྒྱན་ནོར་བུ་གསལ། །དེ་ཉིད་འདུས་པའི་རྒྱུད་དང་ནི། །རྒྱུད་དེ་རྣམས་ལས་མཚན་རེ་རེ། །དམ་ཚིག་ཆེན་པོའི་རྒྱུད་ལས་གཉིས། །རྣམ་སྣང་མངོན་བྱང་ཆུབ་ལས་གཉིས། །གཉིས་མེད་མཉམ་དང་ཁམས་གསུམ་རྒྱལ། །རྒྱུད་དེ་ ལས་ནི་རེ་རེའོ། །རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི། །རྒྱུད་ལས་ཁྲོ་བོ་བཞི་འབྱུང་ངོ་། །རྡོ་རྗེ་སྙིང་པོའི་རྒྱུད་ལས་གཉིས། །རྡོ་རྗེ་ཐོད་ཕྲེང་རྒྱུད་ལས་གཉིས། །ཁྲོ་བོ་རྣམ་རྒྱལ་རྒྱུད་ལས་གཉིས། །དཔུང་བཟངས་རྒྱུད་དང་ལེགས་པར་གྲུབ། །ཡི་གེ་དྲུག་ དང་འབུམ་པ་དང་། །འཇམ་དཔལ་རྒྱུད་དང་མངོན་དམ་རྒྱན། །དེ་བཞིན་ཁམས་གསུམ་རྣམ་རྒྱལ་དང་། །རྒྱུད་དེ་རྣམས་ལས་རེ་རེའོ། །འཇམ་དཔལ་རྒྱུད་ལས་གཉིས་འབྱུང་ངོ་། །འདི་ཡི་གཞུང་ཚད་བསྟན་པ་ནི། །ཚིགས་བཅད་བཅུ་དང་རྐང་པ་གཅིག །མཚན་རྣམས་བདུན་ཅུ་རྩ་གཅིག་སྟེ། ། རྒྱལ་བ་ལྔ་ལ་བཅུ་བཞི་རེ། །རྒྱུད་སྡེ་སོ་སོར་ལྷ་དབྱེ་བྱས། །པདྨ་གར་དབང་དཀྱིལ་འཁོར་གྱི། །ལྷ་རྣམས་ངེས་པར་བརྗོད་པ་ནི། །ཡེ་ཤེས་གྲགས་དང་དེ་བཞིན་རྒྱལ། །ཡོན་ཏན་འོད་དང་ཁྱད་པར་ཆེ། །ཟླ་བ་རྒྱལ་དང་པདྨའི་འོད། །དཀའ་ཐུབ་རྒྱལ་དང་མར་མེ་བཟང་། ། གློག་གི་ཏོག་དང་འོད་ཀྱི་རྒྱལ། །གསལ་བ་པ་དང་དཔེ་བྲལ་གྲགས། །པདྨ་གྲགས་དང་མེ་ཏོག་མཚན། །སྤྱན་བཟང་མཆོག་དང་གྲངས་མེད་དོན། །དྲག་པོ་སྡེ་དང་བསོད་ནམས་འོད། །ཁྱད་པར་ཅན་དང་ཐོགས་མེད་བློ། །རཱ་ཧུ་ལ་དང་ཡེ་ཤེས་འོད། །གྲགས་དབང་དང་ནི་ཡེ་ཤེས་དབང་། ། སྐར་མའི་ཏོག་དང་རཱ་ཧུ་ལ། །སྨན་པ་ཆེ་དང་སྨན་པའི་རྒྱལ། །བསོད་ནམས་དབང་དང་རྒྱུ་བ་པོ། །སྐར་མའི་རྒྱལ་དང་རྒྱལ་བ་པ། །ཉི་འོད་འཆར་དང་ཆོས་ཀྱི་མཛོད། །བློ་གྲོས་ལེགས་དང་རྒྱལ་དབང་པོ། །རྡོ་རྗེ་སྡེ་དང་རྡོ་རྗེ་བརྩེགས། །ལེགས་པར་གནས་དང་རྒྱལ་བའི་བློ། །ཚངས་པའི་ དབྱངས་དང་ཀླུ་དབང་པོ། །ཡོན་གསལ་དབང་དང་མངོན་ཤེས་ཏོག །འོད་ཀྱི་ཏོག་དང་དགའ་ཚངས་པ། །སྒྲ་མི་སྙན་དང་རོལ་པའི་གར། །ཀླུ་སྦྱིན་དང་ནི་བདེ་བའི་ཏོག །མཁས་དང་གཞན་གྱིས་མི་ཐུབ་དབྱངས། །རིན་ཆེན་འོད་དང་གསུང་དབྱངས་སྦྱིན། །སེང་གེ་དང་ནི་ཉི་སྣ་ཚོགས། །ཡེ་ ཤེས་དཔལ་དང་པད་ཕུང་པོ། །མེ་ཏོག་དང་ནི་རྣམ་མནན་འགྲོ། །བསོད་ནམས་དཔུང་དང་མཆོག་གྱུར་བློ། །གསལ་བ་དང་ནི་ཟླ་མར་མེ། །མི་བཟད་པ་དང་བློ་བཟངས་སྤྱན། །ཡན་ལག་གཙུག་དང་ཤེས་རབ་ཡུལ། །མཆོག་ཏུ་གྱུར་དང་རབ་འཇོམས་ཟེར། །ཤེས་རབ་སྦྱིན་དང་འཇམ་ པའི་དབྱངས། །ཚིག་མེད་སྤྱོད་དང་ཐུ་བོ་སྦྱིན། །དག་པ་དང་ནི་ཡེ་ཤེས་གནམ། །བདེ་གཤེགས་འོད་དང་དབང་པོའོ། །ཐུབ་པ་འཆང་དང་ལྷ་ཞེས་པ། །འོད་ཟེར་བཟང་དང་གཟུགས་བཟང་པོ། །རྒྱལ་པོ་དང་ནི་དོན་གྲུབ་མཛད། །སེང་གེ་དང་ནི་དྲི་ལྡན་དང་། །གྲགས་པ་ཞེས་དང་རྒྱལ་ བའོ། །མཆོག་སྙིང་དང་ནི་བསོད་ནམས་ཟེར། །མདོག་བཟངས་དང་ནི་ཉན་འདོད་པ། །མར་མེ་དང་ནི་རིན་ཆེན་བརྩེགས། །ཚོགས་མེད་ལྷ་དང་ས་ཡི་བདག །གྲོལ་བར་འགྲོ་དང་གསེར་གཙུག་ཕུད། །སྒྲ་གཅན་བཟང་དང་མི་ཐུབ་པ། །རང་བཞིན་ཐུབ་དང་ཟླ་བའི་འོད། །གསེར་ མདོག་བཟང་པོ་དང་དགེ་བ། །ཡོན་དབང་ལྷ་དང་ཆོས་ཀྱི་གདུགས། །ཡོན་ཏན་ལེགས་དང་གྲོལ་ཞེས་པ། །ཡེ་ཤེས་རྫོགས་དང་ཞིབ་མོའི་བློ། །འོད་རབ་འབར་དང་སྐྱབས་ཀྱི་སྨན། །རྣམ་གྲོལ་ཏོག་དང་ཤེས་རབ་མཆོག །ཡེ་ཤེས་རྒྱལ་དང་འཇིགས་པའི་གཟུགས། །གློ་བུར་ འཇོམས་དང་ཐོགས་མེད་གྲགས། །བདེན་པར་གསུང་དང་ངག་སྙན་པ། །རི་དབང་གྲགས་དང་ཆོས་བརྩེགས་ལ། །འགྲོ་བའི་འོད་དང་ལེགས་པར་བརྒྱན། །རང་གི་ལུས་དང་ཡེ་ཤེས་དག །སེང་མཆེ་རྣོ་དང་སེལ་བ་པོ། །འགྲོ་བ་མཆོད་དང་སེང་གེ་གྲགས། །ཆོས་ཀྱི་མཚན་དང་ སྐལ་བ་བཟང་། །མི་བསྐྱོད་མདོག་དང་འབར་བའི་རྒྱལ། །རྟོགས་པ་དང་ནི་སྤྱན་བཟང་པོ། །དོན་རིག་བློ་དང་འཇིགས་མེད་གསེར། །དྲི་ཡི་འོད་དང་དགའ་བའོ། །དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག །མཆོག་གི་གཟུགས་དང་ཉན་པ་པོ། །གཙོ་བོ་གྲགས་དང་དྲག་པོ་སྦྱིན། །ཉི་མའི་ ལྷ་དང་གཤིན་འཇོམས་ལྷག །ཤིང་རྟའི་འགྲོས་དང་བློ་གྲོས་བཟང་། །གསེར་འོད་བཅོམ་དང་སྐལ་ལྡན་གཙུག །དབང་ཕྱུག་དང་ནི་དགའ་བ་བསྟན། །མོས་པ་འཇོམས་དང་ཡེ་ཤེས་མཛོད། །ཚངས་པའི་འགྲོས་དང་ཙནྡན་དང་། །མྱ་ངན་མེད་དང་སེང་གེའོ། །རྟོག་གི་ཡུལ་དང་ པདྨའི་སྙིང་། །འོད་མཐའ་ཡས་དང་ལྷ་ཡི་ཡུལ། །བསོད་ནམས་མེ་ཏོག་རིག་པའི་ལྷ། །ཡེ་ཤེས་དབང་དང་ཚངས་པ་གསལ། །རིན་ཆེན་ཕྱག་དང་དབང་པོ་ལྡན། །དཔེ་བྲལ་འགྲོས་དང་ཐེ་ཚོམ་ལྡན། །མཆོད་པ་དང་ནི་འབར་བ་དང་། །སངས་རྒྱས་གདུགས་དང་འདམ་གྱི་མཆོག ། ཡིད་འོང་ལྡན་དང་བྱ་གྲུབ་པ། །རྨ་བྱ་དང་ནི་ཆོས་ལྡན་དང་། །ཕན་ལྡན་གཟུགས་དང་ཡེ་ཤེས་དང་། །གྲགས་པ་དང་ནི་འོད་ཟེར་འབར། །མ་ལུས་ཕན་དང་བཻ་ཌཱུར་སྙིང་། །རྒྱུ་སྐར་དང་ནི་ལྷ་ཉིད་ལྡན། །རི་བོང་ཅན་དང་དྲ་བའི་འོད། །དགེ་བའི་འོད་དང་ཡོན་ཏན་ཟེར། །ཡིད་ལགས་ པ་དང་རིགས་ཀྱི་འོད། །སྤྱོད་པ་པོ་དང་རིགས་ཀྱི་མཚོ། །ཆོས་དབང་ཕྱུག་དང་སྐུ་ཡི་ལྷ། །ཡོན་ཏན་སྟོབས་དང་འཁོར་ལོ་དབང་། །ལེགས་པའི་དབྱངས་དང་ལེགས་པར་རེག །དོན་གྲུབ་པ་དང་གཟི་བརྗིད་དཔལ། །ཀུན་མཉམ་ཉིད་དང་བདུད་རྩི་དབྱངས། །བདེ་བར་སྣང་དང་ ལེགས་པའི་བློ། །རྣམ་གྲོལ་དོན་དང་ཁྱད་དབང་ཕྱུག །རོལ་པའི་མཆོག་དང་ལྷག་མཐོང་ནས། །ཉེས་པ་སྤངས་དང་ཉི་མའི་འོད། །བཀྲ་རྒྱལ་བློ་དང་པདྨའི་མཆོག །ཉི་མའི་འོད་དང་སོ་སོར་གསུངས། །ལེགས་པ་དང་ནི་ཚོགས་དབང་པོ། །འཇིགས་པ་བྲལ་དང་ཡེ་ཤེས་སྲིད། །སྤོབས་པའི་མཚན་ཉིད་དང་བློ་མཆོག །རི་བོང་ཅན་དང་ རིན་ཆེན་ཟླ། །མི་འཇིགས་པ་དང་མེ་ལོང་ཆེ། །ཚངས་པའི་དབྱངས་དང་སྙན་པའི་གསུང་། །ཤེས་རབ་འོད་དང་ཀུན་མཉམ་བློ། །རྡོ་རྗེ་དང་ནི་བློ་དང་ལྡན། །ནམ་མཁའི་དབང་དང་ངག་དབང་ཕྱུག །ཡོན་ཏན་དཔལ་དང་གནས་ཀྱི་དཔལ། །འཕགས་པའི་འོད་དང་གསལ་བའི་ཤུགས། །གསལ་བའི་རོ་དང་དྲི་དབང་ཕྱུག །འདོད་ཅན་གདོང་ དང་ཡེ་ཤེས་གསུང་། །ཞི་གནས་དང་ནི་ཡེ་ཤེས་ལེགས། །རབ་ཏུ་འདུག་དང་ཆོས་རྒྱལ་མཚན། །དྲི་མ་བྲལ་དང་ཆོས་དབང་ཕྱུག །སྐལ་བྲལ་སྒྲ་དང་གཟི་བརྗིད་འོད། །དྲང་སྲོང་དབང་དང་བློ་གྲོས་ངན། །སྤོབས་པའི་འཁོར་ལོ་དང་ཟླ་ཞལ། །ཉི་ཟླའི་འོད་དང་ཡོན་ཏན་མཚོ། །ཡོན་ཏན་གསུང་པད་བླ་མེད་རྟོག །བསོད་ནམས་རྟོག་དང་སྤོབས་ པའི་ཡུལ། །རིགས་པ་བསྐྱེད་དང་རྒྱལ་རིགས་དང་། །རྣམ་གྲོལ་བསམ་དང་དབང་ཕྱུག་གོ། །མཆོག་ཅེས་པ་དང་ཡེ་ཤེས་དབྱངས། །ནམ་མཁའི་མཐའ་དང་མཆོད་པ་དང་། །དཔུང་ཚོགས་དཔལ་དང་ཡོན་ཏན་ཟླ། །རཱ་ཧུ་ལ་དང་བདུད་རྩི་འོད། །རིན་ཆེན་འོད་དང་ཟླ་བའི་འོད། །སེང་གེ་སྟོབས་དང་ཡེ་ཤེས་སྐུ། །འདི་ཡི་གཞུང་ཚད་བསྟན་པ་ནི། །ཚིགས་ བཅད་བཞི་བཅུ་རྩ་གཉིས་སོ། །མཚན་ནི་ཉིས་བརྒྱ་བདུན་ཅུ་ལྔ། །ཡེ་ཤེས་ལྔ་པོ་རེ་རེ་ལ། །ལྔ་བཅུ་རྩ་ནི་ལྔ་ལྔའོ། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་གྱི། །ལྷ་རྣམས་མ་ལུས་བསྟན་པ་ནི། །དོན་གྲུབ་དཔལ་དང་ཡེས་ཉི་མ། །དོན་ཡོད་གྲུབ་དང་རི་དབང་བརྩེགས། །དགྲས་སྦྱིན་དང་ནི་པདྨ་དང་། །དགྲ་བཅོམ་གྲགས་དང་ཡེ་ཤེས་ཏོག །ཉོན་མོངས་ འཇོམས་དང་མེ་ཞེས་པ། །བདེ་བ་དྲི་དང་དཔེ་བྲལ་འོད། །རི་བོ་གྲགས་དང་སྲིད་མཐའ་སྟོན། །ཟླ་བ་དང་ནི་རིན་ཆེན་ཟླ། །སེང་གེ་རྒྱལ་དང་བསམ་གཏན་འདོད། །དཔེ་དང་བྲལ་དང་རྣམ་པར་རོལ། །ཡོན་ཏན་རིན་ཆེན་དང་དོན་གྲུབ། །དགྲ་བཅོམ་གྲགས་པ་རིན་ཆེན་འོད། །སྲིད་པ་བཅིངས་དང་སྤྱོད་ལམ་འཕྲུལ། །མཛོད་སྤུ་དང་ནི་སྤོབས་ པ་གྲགས། །རྡོར་ནོར་བུ་དང་ཚེ་དཔག་མེད། །ནོར་བུ་བཀོད་དང་དབང་ཆེན་པོ། །ཡོན་ཏན་འོད་དང་རི་བོ་གྲགས། །འོད་ཟེར་བཅུ་དང་གཉིས་དང་བྲལ། །ཀླུ་ཡི་སྟོབས་དང་ཡིད་དུ་འོང་། །རིན་ཆེན་ཟླ་དང་ཤུགས་ཅན་དང་། །གསལ་བ་དང་ནི་དགའ་དབང་ཕྱུག །གཙུག་ཕུད་འོད་དང་འཇིགས་བྲལ་དང་། །ཡོན་སྙིང་པོ་དང་དྲི་མེད་གྲགས། ། གཟི་བརྗིད་ཞིང་དང་གདང་བ་གྲགས། །ལྷ་མང་པོ་དང་ལེགས་པར་གྲགས། །སངས་རྒྱས་ལྔ་འདོད་རིན་ཆེན་གཟུགས། །སངས་རྒྱས་སྟོབས་དང་སེང་གེ་གཤོག །གྲོང་ཆེན་མཐོ་དང་བློ་གྲོས་ལེགས། །འཇིག་རྟེན་འོད་དང་རིན་ཆེན་ལྷ། །སྐལ་ལྡན་ཤིང་རྟ་ཡང་དག་རྒྱལ། །དགའ་བ་བཀོད་དང་འོད་ཀྱི་མུ། །དཀའ་ཐུབ་ཆེ་དང་ཟླ་བ་ དང་། །ཆོས་བསྟན་པ་དང་མི་ཐུབ་ཟླ། །རི་བོ་འོད་དང་ཚངས་པའི་དབྱངས། །བདེན་པའི་ལྷ་དང་ཡོན་ཏན་བརྩེགས། །སེང་གེ་ཟླ་དང་ནོར་གོ་ཆ། །ཟླ་བ་དང་ནི་སྐྲ་དང་མཚུངས། །གྲགས་ཆེན་དང་ནི་གཟི་བརྗིད་ཤུགས། །ཆོས་ཀྱི་གྲགས་དང་དགའ་བ་ལྡན། །དྲི་བཟང་པོ་དང་རི་རྒྱལ་མཚན། །དགའ་བའི་འོད་དང་མཆོད་ཡོན་ ཅན། །སྲིད་མཐའི་ནོར་བུ་དང་བདེན་མཚུངས། །རྣམ་སྣང་མཛད་དང་རྣམ་པར་ངེས། །གྲགས་པའི་མཐའ་དང་གློག་འཆང་བ། །སེང་གེ་འོད་ཟེར་སྲོག་དང་ལྡན། །འགྲོ་བའི་ཐེག་དང་ཐུན་ཚོད་དང་། །གྲགས་པ་མཆོག་དང་བློ་བཟང་ཆུབ། །ནོར་ལྷ་འོད་སྲུངས་ཐུབ་མི་བཟང་། །སྐར་རྒྱལ་དོན་བྱེད་དང་ནོར་འཁོར། །སེང་གེ་གླང་ དེས་ཡོན་ཏན་བརྒྱན། །རིན་ཆེན་འོད་ས་བྱ་བ་སྟེ། །མཉམ་ཉིད་ཡེ་ཤེས་འཁོར་ལོ་ལ། །གཞུང་ནི་ཚིགས་བཅད་ཉི་ཤུ་བཞི། །མཚན་ནི་བརྒྱ་དང་རྩ་བཞིའོ། །རིགས་རེ་ཉི་ཤུ་ཉི་ཤུ་སྟེ། །ཉི་ཤུ་རྩ་གཅིག་གྲངས་ལྷག་པ། །བཞི་ཕྲག་བཞི་དང་ལྔ་ཕྲག་གཅིག །རིགས་རྣམས་བཞི་དང་གཙོ་བོ་ལ། །གོ་རིམས་བཞིན་དུ་བརྟག་ པར་བྱ། །དེ་ཕྱིར་བརྒྱ་དང་རྩ་བཞིར་ངེས། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལྷ། །ངེས་པར་སྦྱར་བར་བྱ་བ་ནི། །དབང་བྱེད་རྒྱལ་དང་བདུད་རབ་ཞི། །སངས་རྒྱས་མཉམ་དང་རྟོག་བྲལ་དང་། །དྲི་རབ་ཞི་དང་རྨོངས་ལ་སྟོན། །རོལ་པ་དང་ནི་དགེ་བཟང་པོ། །ཡེ་ཤེས་ཐུགས་དང་སྨྲ་བའི་དབང་། །ལྷ་ཆེན་པོ་དང་བློ་གྲོས་བཟང་། །ཚེ་ དཔག་མེད་དང་ཆོས་ཀྱི་སྟོབས། །འཇིག་རྟེན་མཆོག་དང་སྒྲ་གཅན་ཉི། །རྒྱལ་མཚན་གྲོལ་དང་སྨན་པ་མཆོག །མེ་ཏོག་དང་ནི་དགེ་གཙུག་ཕུད། །བདུད་རྩི་འོད་དང་བྱང་སེམས་རྡོར། །རྒྱ་མཚོ་བརྟན་དང་རིན་ཆེན་དཔུང་། །རོལ་པའི་སྟོབས་དང་ཉི་མའི་དཔུང་། །དགའ་བའི་འོད་དང་རིན་ཆེན་དང་། །རྗེས་མཐུན་དཔལ་དང་ སེང་གེ་འགྲོས། །གསུངས་པ་པོ་དང་མེ་ཏོག་སྦྱིན། །གྲོལ་བའི་འོད་དང་པདྨ་དང་། །ཡེ་ཤེས་འོད་དང་རོལ་པའི་བཀོད། །དོན་ཡོད་གནས་དང་བརྟེན་པའི་འོད། །རྒྱལ་མཚན་ཏོག་དང་བདེ་བའི་བསམ། །རྣམ་གྲོལ་རྒྱལ་དང་སེམས་ཚུལ་ཤེས། །རྒྱ་མཚོ་དགའ་དང་རིན་ཆེན་འཛིན། །མི་ཐུབ་པ་དང་འགྲོ་བ་མཉེས། །སྒྲ་ ཆེན་པོ་དང་དུལ་བ་དང་། །དཀྱིལ་འཁོར་སྔར་གསུངས་ཀུན་ལྷ་དང་། །སྲིད་དྲི་སྤོང་དང་མཆོག་གི་མུ། །ལྷ་མང་སྒྲ་དང་རིན་ཆེན་སྟོབས། །པདྨའི་ཕྱག་དང་དགྲ་ལས་རྒྱལ། །རྟོགས་གྲུབ་དང་ནི་ཡུལ་བཟང་པོ། །མེ་ཏོག་འོད་དང་སེང་གེ་སྒྲ། །ཟླ་བ་སྨྲ་དང་རྡུལ་སྤངས་བ། །མི་གཡོ་བ་དང་བློ་གྲོས་དང་། །བསོད་ནམས་མར་མེ་ དང་རྟོགས་སྒྲ། །གཽ་ཏ་མ་གཟའ་ཡི་ཏོག །གཟི་བརྗིད་སྟོབས་དང་བློ་གནས་གཟུགས། །ཟླ་བ་གསང་དང་བྱང་ཡོན་ཏན། །སྟོན་པ་དང་ནི་གཟི་བརྗིད་བཟང་། །ཡེ་ཤེས་གཟི་སྟོབས་དང་དགེའོ། །བརྟེན་པའི་སྟོབས་དང་ལྷ་ཡི་བུ། །རབ་ཞི་བ་དང་ཉི་མའི་ཞལ། །གྲོལ་བའི་འོད་དང་ཚུལ་ཁྲིམས་འོད། །དཀའ་ཐུབ་དང་ནི་རྡུལ་མེད་དང། །རྒྱ་ མཚོའི་གསུང་དང་མིག་སྨན་དང་། །ཀུན་ལས་རྒྱལ་དང་སེམས་ཅན་འོད། །དྲི་མེད་འོད་དང་དྲན་པ་པོ། །ཞལ་རས་སྡུག་དང་རྒྱལ་མཐའ་ཡས། །བློ་ཡི་མཆོག་དང་དཔུང་རབ་ཞི། །རིན་ཆེན་འོད་དང་ཆོས་དབང་ཕྱུག །སྣ་ཚོགས་ལྷ་ཞེས་བྱ་བའོ། །བྱ་གྲུབ་ཡེ་ཤེས་འཁོར་ལོ་ལ། །ཚིགས་བཅད་བཅོ་ལྔ་གཞུང་ཚད་ཡིན། །མཚན་ནི་ དགུ་བཅུ་རྩ་ལྔ་སྟེ། །རིགས་རེ་རེ་ལ་བཅུ་དགུ་དགུའོ། །སྒྱུ་འཕྲུལ་མངོན་པར་བྱང་ཆུབ་པ། །ཚིག་གི་བདག་པོས་ཚིགས་བཅད་ནས། །ཡ་ཏེ་ན་མའི་མཐར་ཚིག་གསུམ། །མ་ལུས་པ་དང་དེ་བཞིན་དུ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི། །འདི་ལྟར་སངས་རྒྱས་བཅོམ་ལྡན་ནས། །ཚིག་ཀུན་གསལ་བར་བྱེད་པའི་མཐར། །གཉིས་ཏེ་ ལྔ་ཡིས་སྤྱི་གཙུག་འཁོར། །བྱམས་ཆེན་རང་བཞིན་ཞེས་པ་ནས། །ཐེག་པ་ཆེན་པོའི་ཚུལ་མཆོག་མཐར། །ཚིགས་བཅད་བཞི་དང་བདེ་གཤེགས་ཀྱི། །ཉི་ཤུ་རྩ་ལྔ་འཆང་བ་དང་། །མེ་ལོང་རྡོ་རྗེ་འཇིགས་བྱེད་ནས། །གླང་ཆེན་ཀོ་རློན་ཞེས་པའི་མཐར། །ཚིགས་བཅད་གསུམ་དང་རྐང་གཅིག་སྟེ། །སུམ་ཅུ་རྩ་གཉིས་དབྲལ་འཁོར་ལོ། ། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ཡི། །མཆོད་པ་ཆེན་པོ་ཆགས་ཆེ་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོའི་མཐར། །ཚིགས་བཅད་བརྒྱད་ཀྱིས་སྙིང་འཁོར་ལོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །གྲགས་ཆེན་ཧ་ཧ་ཞེས་སྒྲོགས་ནས། །སྒྲ་དང་ལྡན་མཐར་ཚིགས་བཅད་བདུན། །ལྟེ་བའི་འཁོར་ལོའི་ཚིག་ཏུ་འགྱུར། །སོ་སོར་རྟོག་པའི་ཡེ་ཤེས་ ཀྱི། །བཞི་བཅུ་རྩ་གཉིས་འཆང་བ་དང་། །མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་གྱི། །འདོད་པའི་དོན་གྲུབ་དམ་པ་ནས། །རྣམ་པ་ཀུན་རིག་སངས་རྒྱས་པར། །ཚིགས་སུ་བཅད་པ་བཅོ་ལྔ་སྟེ། །སྤྱི་སྡོམ་དྲུག་ཅུ་རྩ་བཞི་ཡིས། །ལྟེ་བའི་འཁོར་ལོར་རབ་ཏུ་གྲགས། །མཉམ་ཉིད་ཡེ་ཤེས་དགུ་ལུས་པའི། །སངས་རྒྱས་ཀུན་གྱི་སྤྲུལ་ སྐུ་ནས། །སངས་རྒྱས་ཀུན་གྱི་རང་བཞིན་མཐར། །བརྒྱད་ནི་མགྲིན་པའི་འཁོར་ལོར་བཞེད། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །ཚིགས་བཅད་བཅོ་ལྔ་ཚང་བ་ལ། །མཉམ་ཉིད་ཐ་མའི་ཚིག་བསྣན་པས། །བཅུ་དྲུག་གསུང་བའི་འཁོར་ལོའོ། །སྒྱུ་འཕྲུལ་མངོན་པར་བྱང་ཆུབ་དང་། །རྡོ་རྗེ་དབྱིངས་དང་དེ་བཞིན་གཤེགས། །རྡོ་རྗེའི་ རིགས་དང་པདྨའི་རིགས། །རིན་པོ་ཆེ་དང་ལས་རིགས་བདུན། །ཚིགས་བཅད་བརྒྱ་དང་སུམ་ཅུ་གསུམ། །ནང་གི་འཁོར་ལོ་དྲུག་པའོ། །འདབ་གྲངས་ཚིགས་བཅད་གྲངས་ཀྱང་མཉམ། །ཚིག་གཅིག་ལྷག་པ་ལྟེ་བར་བརྟགས། །ཀུན་གྱི་ལྟེ་བར་དེ་འགྱུར་བརྟགས། །གནས་ལུགས་གོང་དུ་བསྟན་པ་ཡིན། །ལས་སུ་བྱ་ བའི་འཁྲུལ་འཁོར་ཡང་། །ནང་གི་འཁོར་ལོ་ཇི་བཞིན་དུ། །འཁོར་ལོ་ཟླུམ་པོ་རིམ་པ་དྲུག །དང་པོ་འདབ་བདེ་གཉིས་པ་བརྒྱད། །རིམ་པ་གསུམ་ལ་བཅུ་དྲུག་སྟེ། །བཞི་པ་སུམ་ཅུ་རྩ་གཉིས་པོ། །ལྔ་པ་དྲུག་ཅུ་རྩ་བཞིའོ། །དྲུག་པ་ཡང་ནི་སུམ་ཅུ་གཉིས། །ཤྲི་ཁ་དྷ་སོགས་ཀྱི་ནི་བྲིས། །དབུས་སུ་བསྒྲུབ་བྱའི་མིང་ བཞག་ལ། །ཤར་དུ་ཨཿདང་བྱང་དུ་ཨཱཿ། །ནུབ་ཏུ་ཨཿདང་ལྷོ་རུ་ཨཱཿ། །དེ་ཡི་ཕྱི་རོལ་འདབ་བརྒྱད་ལ། །ཤར་དུ་ཨི་དང་ཤར་ལྷོར་ཨཱི། །ལྷོ་རུ་རྀ་དང་ལྷོ་ནུབ་རཱྀ། །ནུབ་ཏུ་ལྀ་དང་ནུབ་བྱང་ལཱྀ། །བྱང་དུ་ཨུ་དང་བྱང་ཤར་ཨཱུ། དེ་ཡི་ཕྱི་རོལ་འཁོར་ལོ་ནི། །གསུམ་པའི་འདབ་མ་བཅུ་དྲུག་ལ། །ཤར་དུ་ཨེ་ཨཻ་ཤར་ལྷོར་ཡང་། །ཡཾ་ཡཾ་ དེ་བཞིན་ལྷོ་རུ་ནི། །ཨར་ཨཱ་ར་ར་རཱ་བདེན་བྲལ་གཉིས། །ནུབ་ཀྱི་གཉིས་ལ་ཨ་ཨཱ་ལ་ལཱ། །ནུབ་བྱང་ལ་ལཱ་བྱང་དུ་ཨོ་ཨོ། །བྱང་ཤར་རྩིབས་གཉིས་ཝཾ་ཝཾའོ། །རིམ་པ་བཞི་པ་སུམ་ཅུ་གཉིས། །ཤར་གྱི་རྩིབས་ལ་ཙ་སྡེ་ལྔ། །ལྷོའི་རྩིབས་ལ་ཊ་སྡེ་ལྔ། །ནུབ་ཀྱི་འདབ་མ་ཏ་སྡེ་ལྔ། །བྱང་གི་འདབ་མར་པ་སྡེ་ལྔ། ། བྱང་ཤར་མཚམས་ཀྱི་འདབ་གསུམ་ལ། །ཀ་ཁ་ག་ང་ལེགས་པར་དགོད། །ཤར་ལྷོ་མཚམས་སུ་གྷ་ད་ཀྵ། །ལྷོ་ནུབ་མཚམས་ན་ན་ཐཱཥྚ། །ནུབ་བྱང་མཚམས་ན་ཤ་ཐཱ་ཧ། །དེ་ཡི་ཕྱི་རོལ་འདབ་མ་ནི། །དྲུག་ཅུ་རྩ་བཞི་པ་དེ་ལ། །ཕྱོགས་བཞིར་བསྒྲུབ་བྱའི་མིང་བཞི་བྲི། །ཤར་གྱི་འདབ་མ་བཅུ་གཉིས་ལ། །ཡ་ཡཱ་ ཡི་ཡཱི་ཡྲྀ་ཡྲྀ་དྲུག །ཡུ་ཡཱུ་ཡླྀ་ཡླཱྀ་ཡཾ་ཡཾ་དྲུག །དེ་ལྟར་བཅུ་གཉིས་དགོད་པར་བྱ། །དེ་ནས་ལྷོ་ཡི་བཅུ་གཉིས་ལ། །ར་རཱ་རི་རཱི་རྀ་རཱྀ་དྲུག །རུ་རཱུ་རླྀ་རླཱྀ་རཾར་སྟེ། །དེ་ལྟར་བཅུ་གཉིས་དགོད་པར་བྱ། །ནུབ་ཀྱི་འདབ་མ་བཅུ་གཉིས་ལ། །ལ་ལཱ་ལི་ལཱི་ལྼྀ་ལྼཱྀ་དང་། །ལུ་ལཱུ་ལླྀ་ལླཱྀ་ལཾ་ལ་དྲུག །དེ་ལྟར་བཅུ་གཉིས་དགོད་པར་བྱ། །བྱང་གི་ འདབ་མ་བཅུ་གཉིས་ལ། །ཝ་ཝཱ་ཝི་ཝཱི་ཝྼྀ་ཝྼཱྀ་དང་། །ཝུ་ཝཱུ་ཝླྀ་ཝླྀ་ཝཾ་ཝ་དྲུག །དེ་ལྟར་བཅུ་གཉིས་ལེགས་པར་བྲིས། །ཕྱོགས་ཀྱི་བསྒྲུབ་བྱའི་མིང་བཞི་དང་། །ལྷན་ཅིག་ཤར་དུ་ཧ་བྲི་སྟེ། །ནུབ་ཏུའང་ཧ་སྟེ་བྱང་དུ་ཧཱུཾ། །ལྷོ་རུ་ཧཱཿནི་ཚེག་དྲག་ཅན། །ཧི་ཧཱི་ཤར་སྟོད་གཡོན་སྐོར་དུ། ། ཧྲྀ་ཧྲཱྀ་ལྷོ་སྟོད་མེ་མཚམས་སུ། །ཧླྀ་ཧླཱྀ་ནུབ་སྟོད་བདེན་བྲལ་དྲུག །ཧུ་ཧཱུ་བྱང་སྟོད་རླུང་མཚམས་སུ། །ཧཱུཾ་ནི་ཤར་དུ་ཨཱཿནི་ལྷོར། །ཧོ་ནི་ནུབ་སྟེ་ཨོཾ་ནི་བྱང་། །དེ་ལྟར་ཡི་གེ་བཞི་པོ་ཡང་། །བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུའོ། །དབུས་ཀྱི་མིང་དང་ལྷན་ཅིག་ཏུ། །ཧཱུཾ་གཅིག་ལེགས་པར་བྲི་བར་བྱ། །དེ་ཡི་ ཕྱི་རོལ་རིམ་དྲུག་པ། །འདབ་མ་སུམ་ཅུ་རྩ་གཉིས་ལ། །ཤར་ནས་བརྩམས་ནས་གཡོན་སྐོར་དུ། །ཕྱོགས་མཚམས་བརྒྱད་ཀྱི་བཞི་བཞི་ལ། །བཛྲ་ཏིཀྵྞ་ཞེས་པ་ནས། །ཡ་ཏེ་ན་མཿཞེས་པའི་མཐར། །རིམ་པ་བཞིན་དུ་གཡས་སྐོར་དུ། །ཡི་གེ་བཞི་བཞི་དགོད་པར་བྱ། །དེ་ཡི་ཕྱི་རོལ་ལས་ ཀྱི་ནི། །དབྱེ་བས་འབྱུང་བ་བཞི་རྣམས་ཀྱི། །ཡི་གེ་ཡ་ར་ཝཾ་ལ་ཡིས། །བསྐོར་བ་འཁྲུལ་འཁོར་འཁོར་ལོ་སྟེ། །ཞུས་ནས་བྱ་གྲུབ་འཁོར་ལོའི་མཐར། །སྤྱི་དོན་བཅུ་བཞིའི་ཚིག་གྲངས་དང་། །བརྒྱ་དང་ལྔ་བཅུ་རྩ་བདུན་མཉམ། །ཚིག་གཅིག་ལྷག་པ་ལྟེ་བར་བརྟག །བསྟོད་པའི་རིམ་པར་ཕྱེ་བ་ལ། ། ཚིག་རྐང་ཉི་ཤུ་ཚིགས་བཅད་ལྔ། །མེ་ལོང་ཆོས་དབྱིངས་སོ་སོར་རྟོག །མཉམ་ཉིད་བྱ་གྲུབ་གོ་རིམས་བཞིན། །བྱང་སེམས་རྡོ་རྗེའི་འཁོར་ལོ་ལ། །ཚིགས་བཅད་ལྔ་པོ་ཀུན་གྱིས་བསྟོད། །ལྷག་མ་འཁོར་ལོ་ལྔ་ལ་ནི། །སྔར་སྨོས་ཡེ་ཤེས་ལྔ་དང་ནི། །འདུད་ཀྱི་ཚིགས་བཅད་རེ་རེ་དང་། །སྦྱར་ཞིང་ སོ་སོར་བསྟོད་པར་བྱ། །རིགས་ཀུན་བསྡུས་པའི་འཁོར་ལོ་ལ། །དང་པོའི་སྒོ་ནས་ཀུན་གྱིས་བསྟོད། །ལྷག་མ་སྒོ་རྣམས་སོ་སོ་ལ། །ཚིགས་བཅད་ཡེ་ཤེས་བསྟུན་ཞིང་བསྟོད། །གསང་བ་ལུས་ཀྱི་འཁོར་ལོ་ལ། །བསྟོད་པ་དག་དང་ཡེ་ཤེས་སུ། །སྦྱར་ཏེ་དང་པོ་འདུད་བཞིའོ། །མཆོག་གི་ དགའ་བཞི་མེ་ལོང་ངོ་། །ལྷག་མ་བཞི་ཚིག་བཅུ་དྲུག་གོ། །དགའ་བ་བཅུ་དྲུག་རིམ་པ་བཞིན། །ཆོས་དབྱིངས་ཀུན་རྟོག་མཉམ་ཉིད་དང་། །བྱ་གྲུབ་རིམ་གཞིན་འདུད་བཞི་བཞི། །ནང་གི་རྒྱས་བཤད་འདིར་མ་བྱས། །གསང་བའི་ཕྱིར་དང་མདོར་བསྡུས་ཕྱིར། །ཕན་ཡོན་བརྗོད་པའི་ གཞུང་ཚད་ནི། །བརྒྱ་དང་ལྔ་བཅུར་ཤེས་པར་བྱ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་པ་པོས་ནས་གསུངས་བདུན་ལ། །དང་པོ་གཉིས་ཀྱི་འཁོར་ལོ་ནི། །དང་པོ་ཡི་ནི་ཕན་ཡོན་བསྟན། །ལྷག་མ་བཞི་ནི་འཁོར་ལོ་བཞིའི། །རིམ་པ་བཞིན་དུ་ཕན་ཡོན་ཡིན། །ཞེས་པ་རང་ལ་བསྡུས་ཕན་ཡོན། །ཡང་ན་ ཀློག་སེམས་ལ་སོགས་སོ། །གསང་སྔགས་རིམ་པར་དབྱེ་བ་ཡིས། །གཞུང་ཚད་ཚིགས་བཅད་བྱེད་དང་བཞི། །དེ་ལ་དབྱེ་ན་རྣམ་གཉིས་ཏེ། །ཨོཾ་ཞེས་པ་ནས་ཨཾ་ཨཿའི་མཐར། །རྩ་བའི་སྔགས་སུ་ཤེས་པར་བྱ། །པྲ་ཀྲྀ་ཏི་ནས་ཨ་ཡི་མཐར། །ཕྲེང་བའི་སྔགས་ཞེས་བྱ་བ་ཡིན། །སྙིང་པོ་ལ་སོགས་སྔགས་ཀུན་ལ། །ཐུན་མོང་མིང་ ནི་རྣམ་བཞི་སྟེ། །མགོ་མེད་མཐའ་མེད་བསྡུས་པ་སྤྲུལ། །འདི་ནི་མཐའ་མེད་ཅེས་བྱ་ཡིན། །སྐུ་ཀུན་བསྐྱེད་པའི་སྔོན་དུ་ནི། །བཟླས་དང་རྒྱུན་དུ་བཟླས་པ་དང་། །འཁོར་ལོ་དགོད་པར་བྱ་བ་དང་། །བྱ་བ་ཐམས་ཅད་འདིས་བྱེད་དེ། །སངས་རྒྱས་མཛད་པ་ཀུན་བྱེད་ཕྱིར། །བསྡུས་པའི་ཚིགས་སུ་བཅད་པ་ལ། །ཚིག་རྐང་ཉི་ཤུ་ཚིགས་བཅད་ལྔ། ། བདེ་གཤེགས་རྣམས་ཀྱི་དྲི་མེད་ཤེས་རབ་སྐུ། །འཇམ་དབྱངས་མཚན་གསོལ་ཟབ་ཅིང་རྒྱ་ཆེ་བ། །དེས་ལུང་མི་འགལ་བླ་མས་མན་ངག་རྒྱུད། །དེ་ལ་བརྟེན་ནས་བདག་དོན་ཙམ་བརྩམས་ཏེ། །བཤད་མཛད་དགོངས་འགྲེལ་བདག་གིས་འགལ་བ་མེད། །ཉེས་པ་ཅི་མཐོང་བདག་བློ་དཔྱད་པའི་རིགས། །བདག་པས་དམན་ལ་ཕན་པ་འགའ་ སྲིད་ན། །དགེ་དེས་འགྲོ་ཀུན་མཚན་མཆོག་རྟོགས་གྱུར་ཅིག། །།འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་ཏིང་ངེ་འཛིན་དྲ་བའི་ལེའུ་ལས། འཕགས་པ་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པའི་བཤད་པ། །ནོར་བུའི་གླིང་དུ་སྐུ་འཁྲུངས་པ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་ཅན། །དཔལ་སྣ་ཚོགས་ གཟུགས་ཀྱིས་མཛད་པའི་འགྲེལ་པ། སྔགས་དོན་རྣམ་པར་གཟིགས་པ་དང་། །དེའི་རྗེས་སུ་འབྲངས་པའི་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པ། ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་དང་སྦྱར་བའི་བསྡུས་དོན་མཚན་གྱི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།པྲཛྙཱ་གུ་རུས་མཛད་དོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཛྙཱ་ན་ས་ཏྭ་མཉྫུ་ཤྲཱི་ནོ་པི་ཀ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འཇམ་ དཔལ་ཡེ་ཤེས་སེམས་དཔའ་ནི། །རྒྱལ་བ་ཀུན་གྱི་ཡབ་གྱུར་ཏེ། །འཁོར་ལོས་སྒྱུར་བཅས་ཐམས་ཅད་ཀྱིས། །རང་གི་རིགས་ལ་བསྟོད་བྱས་ཏེ། །བསྐྱེད་པའི་རིམ་ལས་རྫོགས་འགྱུར་བའི། །བརྗོད་དང་ངེས་བརྗོད་བཤད་པར་བྱ། །ཐོག་མར་བསམ་གཏན་པས་དབེན་ཞིང་ཉམས་ དགའ་བའི་ས་ཕྱོགས་སུ་ཅུང་ཞིག་བློ་བདེ་བར་གནས་ཏེ་སེམས་བསྐྱེད་པར་བྱའོ། །དེ་ནས་རང་གི་སྙིང་གར་ས་བོན་གྱི་ཡི་གེ་གཟི་བརྗིད་དང་ལྡན་པས་འགྲོ་བ་མ་ལུས་པ་སྦྱངས་ཤིང་དག་པར་ཡིད་ཀྱིས་བལྟས་ཏེ། དབྱངས་ཀྱི་ཡི་གེས་བསྟོད་ལ་རྗེས་སུ་བྱ་བ་ཉིད་ཀྱིས་གཞུག་ཅིང་རྣམ་པར་བསྒོམ་པར་བྱའོ། ། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་འགྲོ་བའི་བླ་མ་དང་ལྡན་པ་སྤྱན་དྲངས་ཏེ། འདུད་ཉི་ཤུས་བསྟོད་པར་བྱའོ། །དེ་ནས་སྔགས་ཀྱི་ཕྲེང་བ་ལན་བདུན་དུ་བླངས་ཏེ། མེ་ཏོག་གི་མཆོད་པས་སངས་རྒྱས་ཀྱི་དབང་བསྐུར་བ་མི་བཟད་པ་གནང་བས་བྱིན་གྱིས་བརླབས་པའི་སེམས་མི་གཡོ་བར་བྱའོ། ། དེ་ནས་ཡང་ཨཱ་ལིས་སྦྱངས་ཏེ། འོད་ཟེར་རྣོན་པོ་ཅན་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྱའོ། །དེའི་དཀྱིལ་དུ་སྣ་ཚོགས་པའི་པདྨ་ཤེས་རབ་དང་ཐབས་ཡང་དག་པར་འདུས་པའི་བློ་གྲོས་ཆེན་པོ་ཡེ་ཤེས་ཀྱིས་མཚན་པའི་ས་བོན་ལས་སྔར་གྱི་བདེ་བར་གཤེགས་པ་བླ་མ་དང་ལྡན་པའི་ཚོགས་ཇི་སྙེད་པ་བཅུག་ སྟེ། །དེ་དག་ལས་སྐྱེས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཞལ་གསུམ་པ་ཕྱག་དྲུག་པ། །རྡོ་རྗེ་སྐྱིལ་མོ་ཀྲུང་ལས་ཅུང་ཞིག་འགྱིང་བ། དཀར་བ་དང་སྔོ་ཞིང་དམར་བ་དང་། དམར་ཞིང་དཀར་བའི་མདོག་ཅན་ཉི་མ་དང་། ཟླ་བ་དང་། ཨུཏྤལ་བློ་གྲོས་ཆེན་པོས་མཚན་པ་དང་། ཟླ་བ་དང་། གཞུ་དང་། ཨུཏྤལ་རྩ་བ་དང་ལྡན་པ་ཡེ་ཤེས་ཆེན་པོས་མཚན་པའི་ཕྱག་རྒྱ་ཅན། ཁྲོ་བ་དང་ཞི་བ་མཉམ་པའི་ཉམས་མངའ་བ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་པ། ཟླ་བ་རྒྱས་པ་ལྟ་བུ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གིའི་ས་བོན་གྱིས་འཇམ་དཔལ་ཡེ་ཤེས་སེམས་ དཔའ་འམ། དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོ་སྤྱན་དྲངས་ཏེ། ཡང་བསྟོད་ནས་རབ་ཏུ་གནས་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་ནི་དེ་ཉིད་ལས་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཡང་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་ཐོབ་ནས། མཚན་ཡང་དག་པར་བརྗོད་པའི་བསྟོད་པ་བྱའོ། །དེ་དག་ ནི་བརྗོད་པའོ། །ཡང་སྐད་ཅིག་གིས་འཇམ་དཔལ་ཡེ་ཤེས་སེམས་དཔར་དམིགས་ཏེ། རང་གི་ས་བོན་ལས་སྤྱན་དྲངས་ནས། ཨ་དང་རེ་ཕ་ལས་གྱུར་པའི་ཤེས་རབ་དང་ཐབས་འདུས་བྱས་པའི་དབུས་སུ་ཡི་གེ་མུ་དམར་སེར་གྱིས་འགྲོ་བ་སྦྱངས་ནས། གཅིག་ཏུ་གྱུར་པའི་བཅོམ་ལྡན་འདས་ནམ་མཁའི་ཁམས་སུ་བཞུགས་སུ་གསོལ་ཏེ། སྟེགས་བུ་དྲི་ཞིམ་པ་རིན་པོ་ཆེའམ། མེ་ཏོག་གིས་གཅལ་བཀྲམ་པའི་སྟེང་དུ་གླེགས་བམ་བཞག་ལ། སརྫ་རརྫ་ལ་སོགས་པ་བཏུལ་ཏེ། ལྐོག་མ་སྦྱང་བ་བྱས་ནས། མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ། །དེ་ནས་ཡན་ལག་བདུན་པ་བྱས་ལ། ཡང་སྔར་བཞིན་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེ་ཐོབ་ ནས། །ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ལ་གནས་པར་བྱའོ། །འདི་དག་གི་རྣལ་འབྱོར་ནི་ཞལ་གསུམ་དཀར་ཞིང་ཞི་བ་དང་། ཕྱག་བཞི་པ་ཉི་མ་དང་ཟླ་བ་ཡངས་པའོ། །ཡིད་ལ་མི་བྱེད་པའི་རྣལ་འབྱོར་གླེགས་བམ་གྱི་གོ་འཕང་དང་ལྡན་པ་རྣམས་ཀྱིས་ནི་བྲག་ཅ་ལྟ་བུའི་ཁ་ཏོན་བྱ་སྟེ། ངེས་པར་བརྗོད་པའོ། །བདག་ གིས་མངོན་པར་རྟོགས་པ་འདིས། བླུན་པོ་རྣམས་ནི་བློ་འཕེལ་ཞིང་། །བློ་གྲོས་ཅན་རྣམས་བདེ་རྙེད་ནས། །ཡེ་ཤེས་སེམས་དཔའི་གནས་འགྱུར་ཤོག །རིན་ཆེན་རྒྱུད་རྒྱལ་འདི་ནི་ས་ཕྱོགས་གང་ན་གནས་པ་དང་། །འདོན་ཅིང་ཀློག་པར་བྱེད་པའི་སྐྱེས་བུ་དེ་ཉིད་ནི། །ཡིད་བཞིན་ནོར་བུ་བརྒྱ་བྱིན་གཙུག་ན་གནས་པ་ བཞིན། །བདུད་རྣམས་ཟིལ་གནོན་འཇིགས་པ་ཐམས་ཅད་བདེ་བར་འགྱུར། །འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་ན་བི་མ་ལ་རཏྣ་མུ་དྲ་བི་དྷི་ནཱ་མ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་རིན་པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །བདག་བློ་ཡངས་ལྡན་ཆོ་ག་རྫོགས་པ་དང་། །དྲིན་ལྡན་ མཉེས་གཤིན་བྱང་ཆུབ་སེམས་དཔའ་དེས། །རྩོད་དུས་རྐྱེན་དབང་ཤེས་རབ་ཉམ་ཆུང་ལ། །རྒྱུད་ཀྱི་རིན་ཆེན་ཕྱག་རྒྱ་བཏུད་དེ་བཤད། །སྙིང་རྗེ་ཆེ་དང་ཆེན་པོར་ལྡན། །བརྩེ་བས་དོན་བྱེད་སྐྱོ་བ་མེད། །སྤོབས་པ་ཆེ་ཞིང་ཕན་བློར་ལྡན། །ངང་ཚུལ་བཟང་ཞིང་སྐྱོ་བར་བཟོད། །ཤེས་རབ་ཆེ་ཞིང་ནུས་པ་ཡོད། །རྩོད་ དང་ཚིག་གི་སྦྱོར་སྡེབ་མཁས། །དཔའ་ཞིང་རྟུལ་ཕོད་བརྩོན་འགྲུས་ཆེ། །བཀས་བསྒོ་བ་ལ་དྲིང་མི་འཇོག །དད་དང་ཤེས་རབ་གཙོ་བོར་གནས། །བླ་མའི་བརྒྱུད་ཐབས་སྲོག་བཞིན་སྲུང་། །ཡིད་ལ་མི་བྱེད་དོན་བསྟན་ན། །པདྨའི་མདངས་འཕྲོ་གནས་ལས་ལྡོག །དམ་ཚིག་གསུམ་ནི་མིག་བཞིན་ དུ། །སྲུང་བྱེད་རིན་ཆེན་ཕྱག་རྒྱའི་སྣོད། །དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཐོས་པ་ཙམ་གྱིས་ཡིད་ལ་མོས་པར་འགྱུར་བའི་སྐྱེས་བུ་དེས་ནི་གྲུབ་པའི་ཚེགས་ཆུང་ངུས་བདག་གིས་བྱེད་པར་འགྱུར་རོ། །དེ་ཡང་བསམ་གཏན་གྱི་ཁང་པར་ཡིད་དུ་འོང་བའི་རས་རིས་ཀྱི་མདུན་དུ་གླེགས་ བམ་རབ་ཏུ་གནས་པར་བྱས་ཏེ་བཞག་ལ། དེ་དང་ཉེ་བར་ཙནྡན་དཀར་པོས་བྱུགས་པའི་མཎྜལ་ཁྲུ་གང་བ་གྲུ་བཞི་པའི་སྟེང་དུ་མེ་ཏོག་གི་ཚོམ་བུས་མཆོད་ལ། ཙནྡན་གྱི་བདར་བུ་དང་། མེ་ཏོག་དཀར་པོ་སྙིམ་པ་གང་ཐོགས་ཏེ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། ། ཡེ་ཤེས་སེམས་དཔའ་ཆེན་པོ་མཆོག་ཉིད་ལ་ཕྱག་འཚལ་ལོ། །མཚན་གྱི་འཁོར་ལོ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་གི་རྣམ་པར་ཤེས་པའི་ཚོགས་ཐམས་ཅད་དང་ཡང་དག་པའི་དོན་གྱི་རྣལ་འབྱོར་དུ་མཛད་དུ་གསོལ་ཞེས་ལན་ཉི་ཤུ་རྩ་གཅིག་ཏུ་བརྗོད་ལ། མེ་ཏོག་དཀར་པོའི་ཕྲེང་བ་མགོ་ ལ་བཅིངས་ཏེ། ཙནྡན་སེན་རྩེ་དང་། ཏིལ་མར་ལ་བདར་བའི་ཆུ་མིག་ལ་བྱུགས་ལ། རྨི་ལམ་བརྟག་པའི་ལྟས་ཀྱང་ཤེས་པར་བྱའོ། །དེ་ནས་ཐོ་རངས་ཅི་རིགས་པའི་རྣལ་འབྱོར་དུ་གནས་ཏེ། སློབ་མ་རྟགས་དང་རྨི་ལམ་གྱིས་ཤེས་པར་ཡོ་བྱད་ཀྱིས་སྤྲས་ནས་ཉེ་བ་དང་ལྷའི་མཎྜལ་དང་། སེམས་བསྐྱེད་པ་རིན་པོ་ ཆེའི་ཕྱག་རྒྱའི་ཡོན་ཕུལ་ཏེ། ཚུལ་དང་མཐུན་པའི་གནས་ལ། ཨོཾ་ཀྱེ་ཀྱེ་ཀྱེ་ཡེ་ཤེས་སེམས་དང་ཞི་བ་རབ་མཛེས་སྐུ། །ཁྱོད་ཐུགས་བསྐྱེད་པ་འགྲོ་ལ་སྨན་པའི་གཙོ། །འཁོར་ལོའི་ཕྱག་རྒྱས་གཏི་མུག་དྲལ་མཛད་ཅིང་། །མེ་ལོང་ལྟ་བུའི་མཚན་བསྟོད་ཐུགས་ཆུད་ལྟར། །སེམས་བསྐྱེད་ལ་མོས་ བདེ་གཤེགས་རིགས་འགྱུར་དག །འགྲོ་བ་རྣམས་ཀྱི་སྐུ་ཡི་གདུལ་བྱའི་ཕྱིར། །བདེ་གཤེགས་རིགས་ཀྱི་སེམས་བསྐྱེད་གཟུང་བར་བགྱི། །དཀྱིལ་འཁོར་འཁོར་ལོ་བདག་བྱིན་བརླབ་ཏུ་གསོལ། །ཞེས་ལན་གསུམ་དང་གསུམ་གསུམ་དུ་བརྗོད་པ་ནི་དབང་པོ་དང་ཤེས་པའི་བྱེ་བྲག་གིས་ཤེས་ པར་བྱའོ། །ཕྱག་རྒྱའི་བྱེ་བྲག་ནི་མན་ངག་གིས་སོ། །དེ་ནས་ཚེས་གཅིག་ནས་ཉེ་བར་བཟུང་སྟེ། རྣལ་འབྱོར་བས་རང་གི་སྤྱོད་པ་བཅུ་ལ་ཞུགས་ནས། ལྷའི་བསྒྲུབ་པ་ལྡན་པའི་མཚན་ཡང་དག་པར་བརྗོད་པའི་བསྙེན་པ་ཇི་སྲིད་སྤྲོའི་བར་བྱའོ། །ཐུན་མཚམས་དང་གློ་བུར་གྱི་ལས་ ནི་མཁས་པ་དག་གིས་ཅི་རིགས་པར་སྦྱར་རོ། །པཎྜི་ཏ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། དམག་དཔོན་དང་། བྲམ་ཟེ་སྒོ་བ་དང་། གྲོང་དུ་འཇུག་པ་དང་། དོན་གཉེར་བ་ལ་སོགས་པའི་ཚོགས་ན་གནས་པ་རྣམས་ཀྱིས་ནི་དྲན་པ་གཅིག་པའི་བྱིན་གྱིས་བརླབས་པ་ཙམ་ལ་ཅི་ རིགས་པས་བསྟོད་དེ། བདག་དང་འགྲོ་བ་སྦྱང་ཙམ་བྱའོ། །ཚེ་ལ་སོགས་པའི་སྦྱོར་བ་འཕེལ་བ་དང་། །འདིར་གསུངས་ཡོན་ཏན་རྣམས་ནི་འགྲུབ་པར་འགྱུར། །ལྷ་དང་མི་ཡི་མཆོག་གྱུར་གཙོ་བོ་བཞིན། །ལོ་ཀ་དག་ལས་ལྷག་པའི་གནས་སུ་འགྲོ། །མུན་ནག་མཐུག་པོ་ དག་གིས་དཀྲིས་པ་རྣམས། །ཟད་འགྱུར་དྲི་མ་མེད་པའི་འོད་ཟེར་སྤུང་། །པདྨའི་རྩ་བར་རྩི་ཡིས་མཆོག་གནས་གང་། །གྷ་ཏྲ་ཤིང་གི་འདབ་མས་ལེན་བཞིན་དུ། །བསྐལ་པའི་གྲངས་ལ་རག་ལས་མི་འགྱུར་བར། །མི་ཡི་ཚེ་འདི་ཉིད་ཀྱིས་འདོད་བཞིན་ཐོབ། །ཡང་དག་ མཚན་འདིའི་སྒོ་ལ་དད་པ་གང་། །དེ་ཡི་མཚམས་མེད་ལྔ་ཡང་སྐད་ཅིག་དེས། །དག་ན་འདོན་དང་ཀློག་པ་སྨོས་ཅི་དགོས། །རི་ཁྲོད་མགོན་པོ་ལས་ཐོབ་པའི། །རྒྱུད་ཀྱི་རིན་ཆེན་ཕྱག་རྒྱ་འདི། །སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན། །སྐྱེ་བའི་རིམ་འབྱུང་བྱམས་པས་བྱས། ། རིགས་གང་རིགས་ཀྱི་ལྷ་ལས་ནི། །དངོས་གྲུབ་ཐོགས་མེད་ཐོབ་གྱུར་ཅིག །ནམ་མཁས་གར་ཁྱབ་ལོ་ཀ་འགྲོ་བ་རྣམས། །མ་རིག་ཕྱག་རྒྱས་རབ་ཏུ་བཅིངས་གྱུར་པ། །བློ་གྲོས་ཆེན་པོའི་ཕྱག་རྒྱས་བཅད་ནས་ཀྱང་། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞབས་གྲུབ་ཤོག །འཕགས་པ་ འཇམ་དཔལ་ཡེ་ཤེས་སེམས་དཔའ་རིན་པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཊཱི་ཀཱ་སཱ་ར་ནོ་པི་ཀ་ནཱ་མ། བོད་སྐད་དུ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། གཟུགས་སོགས་དབང་པོའི་ཡུལ་ལས་འདས་པ་ཡི། །རྣམ་དག་འདུས་མ་བྱས་པའི་ཆོས་ཀྱི་སྐུ། །དབང་པོའི་གཞུ་འདྲས་ས་ལམ་རབ་གྲོལ་ཞིང་། །གཞོན་ནུའི་འོ་མས་བུ་ལྟར་གསོ་མཛད་ལྷ། །དམ་པའི་སྐྱེས་མཆོག་ངེས་སྟོན་མཛད་པ་ཡི། །ཞབས་ཀྱི་མཚོ་སྐྱེས་གནས་དེར་སྤྱིས་བཏུད་ ནས། །ཚིག་རྒྱས་པ་ཡི་ལས་རབ་བསྡུས་པའི་དོན། །དཔག་མེད་འབྱུང་གནས་ཐབས་མང་སྟོན་པའོ། །བློ་ནི་རྨོངས་འགྱུར་རིག་པའི་གནས་མེད་ཀྱང་། །རྗེ་བཙུན་དྲིན་གྱིས་རྒྱུད་རྣམས་ཀུན་གྱི་བཅུད། །རྟོགས་ཤིང་གསུང་རབ་ལ་སོགས་གཞུང་གཞན་ཡང་། །མཐོང་བས་སྙིང་པོའི་མངོན་ རྟོགས་བཤད་པར་བྱ། །རྒྱུད་གཞན་རིམ་པ་མ་ཡིན་པའི། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། །ཐིག་ལེ་བཞིར་འགྱུར་དགུར་བཅས་པ། །མདའ་གཉིས་རབ་ཏུ་ཕྱེ་བ་ལ། །རིམ་གཉིས་རབ་ཏུ་སྦྱོར་བ་སྟེ། །རྒྱུད་ཀྱི་རྒྱུད་ཉིད་བཤད་ཀྱིས་ཉོན། །དེ་ལ་རྒྱུད་འདི་ནི་རིན་པོ་ཆེ་ལྟ་བུ་ཡིན་ཏེ། དབང་པོ་བཞི་ དང་ཤིན་ཏུ་སྦྱོར་བའི་ཕྱིར་རོ། །ལ་ལ་དག་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐབས་དང་ཤེས་རབ་ཀྱི་རྒྱུད་ཁོ་ནའོ་ཞེས་ཟེར་ཏེ། །དེ་དག་ནི་སྙིང་པོ་ལ་སྤྱོད་པའི་གང་ཟག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་ཀྱིས་ དབེན་ཞིང་བརྟགས་པའི་རྟོག་པ་གང་གིས་ཀྱང་མ་གོས་པར་གཅིག་པས་དུ་མ་མི་གནས་ཀྱིས་ཀྱང་གདུལ་བྱའི་བློའི་ཁྱད་པར་གྱིས་དུ་མར་སྣང་ཞིང་རང་རང་གི་རྟོག་པ་ལ་བདེན་པར་འཛིན་པའི་ཕྱིར་རོ། །དེའི་ཕྱིར། སངས་རྒྱས་རྣམས་ཀྱིས་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་པར། ། ཆོས་ཀྱི་ཆར་གྱིས་ཚིམ་མཛད་པ། །སེམས་ཅན་གཞུག་པའི་ཆེད་དུ་གནས། །ཞེས་གསུངས་པས་སོ། །དེ་བས་ན་ཁོ་བོ་ནི་འོག་ནས་འབྱུང་བའི་འབྲས་བུ་ནི་གཙོ་བོར་སྟོན་ཏོ། །གཞན་གྱི་རིག་པ་མ་ཡིན་པའང་། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོས་ཐེག་དབྱེ་མ་མཆིས་ཀྱང་། ། གང་གིས་ཐེག་པ་གསུམ་བསྟན་པ། །ང་ནི་ཐབས་ལ་མཁས་པའི་དངོས། །ཞེས་གསུངས་པས་ན། དམན་པ་དང་འབྲིང་དང་རབ་ཀྱི་ཁྱད་པར་གྱིས་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་བསྟན་པ་ཡིན་ནོ། །རྒྱུད་དུ་སྟོན་པ་ཉིད་དུ་ཡང་རིགས་ཏེ། སྔོན་དུ་བྱུང་བས་ཡང་རྒྱུད་གཅིག་ཉིད་ ལ་དུ་མར་གཞག་པ་ཉིད་དེ། དེ་ལྟར་ཡང་རྒྱུད་གཅིག་ཉིད་ལ་དུ་མར་གོ་བའོ། །དེ་ཡང་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་གུར་ལས། སྐྱེས་བུ་བསྡུ་བར་བྱ་བའི་ཕྱིར། །རྣལ་འབྱོར་པ་ཡི་རྒྱུད་བཤད་དོ། །བཙུན་མོ་བསྡུ་བར་བྱ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །དམན་པ་ལས་ནི་ལས་ཀྱི་རྒྱུད། ། ལས་ཀྱི་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་ལྷག་རྣལ་འབྱོར། །བླ་མེད་རྣལ་འབྱོར་དེ་ལྟག་ལ། །ཞེས་གསུངས་པས་ན། རྟེན་ལ་སོགས་པའི་ཁྱད་པར་དུ་ཤེས་པར་བྱའོ། །གླིང་གཞི་བསྟན་པ་ཉིད་ཀྱིས་ཆོག་པ་མ་ཡིན་ཏེ། །སྔར་བཞིན་ནོ། །དབང་པོ་རབ་དང་ཡང་རབ་ཏུ་གྱུར་པ་ལ། ཨེ་ ཝཾ་མ་ཡ་ཤྲུ་ཏ་ས་མ་ཡ་ཨེ་ཀ །ཞེས་གསུངས་པ་ཉིད་ཀྱིས་སྙིང་པོ་ལ་འགྲོ་བ་བརྩོན་པར་འགྱུར་རོ། །ཐམས་ཅད་ཀྱང་ལྡན་པ་ཡིན་ཏེ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཡང་དག་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། ། ཝཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་གཉིས་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་དུ་འབྱུང་། །ཞེས་གསུངས་པས་སོ། །ཐམས་ཅད་དུ་མི་འགྱུར་བ་མ་ཡིན་ཏེ། ཐབས་དང་ཤེས་རབ་འདུས་བྱས་པའི་སྦྱོར་བ་ལས་ནམ་མཁའ་དང་མཉམ་པའི་སངས་རྒྱས་ཀྱི་ཆོས་གསུངས་པར་གྱུར་ཏོ། །དེ་བས་ན་ སྐྱེས་པ་དང་བུད་མེད་གཉིས་སྦྱོར་བ་ནི་མ་ནིང་སྟེ། དེ་འཇུག་པའི་ཁྱད་པར་གཅིག་པུ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་བརྗོད་པ་ནི་ངེས་པ་སྟེ། དེ་བས་ན། །གཅིག་པུ་ཐམས་ཅད་མཁྱེན་པ་སྟེ། །ཀུན་དུ་འགྲོ་བ་ཤིན་ཏུ་ཕྲ། །ཞེས་གསུངས་པ་དང་། གཞུང་གཞན་གྱིས་ཀྱང་ཤེས་ པར་བྱའོ། །དེ་ལྟར་དོན་གྱི་རང་བཞིན་གཏན་ལ་ཕབ་ནས། །ཚིག་གི་ཚོགས་བློ་ལ་རབ་ཏུ་སྦྱོར་བའི་དགོས་པས་དོན་བསྡུས་ནས་བསྟན་པར་བྱ་སྟེ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་བྱ་བའི་བར་གྱིས་ཐུན་མོང་མ་ཡིན་པའི་འཁོར་བསྟན་ ཏོ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་པ་ནས། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ