Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 49
Văn bản gốc(Tây Tạng)
Trang 12 / 23 (50.000 ký tự/trang)
ུག་དང་། །གཡོན་པ་ཨུཏྤལ་ཐོད་པ་བསྣམས། །རལ་པ་སེར་པོའི་ཐོར་ཚུགས་དང་། །འཕྱང་བའི་ཚུལ་ལ་རྣམ་པར་བརྒྱན། །སྤྱན་གསུམ་ཞལ་ནི་ མཆེ་བ་གཙིགས། །འཛུམ་པའི་མདངས་དང་ལྡན་པའོ། །སྟག་གི་ཤམ་ཐབས་བྱས་པའི་ཞབས། །གཡས་པ་བསྐུམ་ནས་གཡོན་པ་བརྐྱང་། །སེམས་དཔའི་སྐྱིལ་ཀྲུང་གར་གྱིས་བཞུགས། །སྦྲུལ་དང་ཐོད་པའི་རྒྱན་ལ་སོགས། །དུར་ཁྲོད་ཆས་ཀྱིས་བརྒྱན་པར་བསྒོམ། །ཡུལ་ གསུམ་སྐུ་གསུང་ཐུགས་ཀྱི་དབང་། །ཕྱི་ནང་གསང་བའི་ཚུལ་དུ་ཡང་། །སྐད་ཅིག་ཉིད་ལ་དབང་བསྐུར་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ལ། །བག་ཙམ་སྐྱོ་བར་གྱུར་པ་ན། །རིག་པ་འདི་ཡང་བརྗོད་པར་བྱ། །ཧྲཱིཾ་ཏྲིཾ་ཧཱུྃ་ཕཊ། །མཚན་དང་ལྡན་པའི་ཐོད་པའམ། །ཡང་ནི་ཅི་ཡང་རུང་བའི་སྣོད། ། ཤ་ལྔ་བདུད་རྩི་ལ་སོགས་པའི། །བ་ལིཾ་རྒྱན་གྱིས་མཆོད་པ་བྱ། །རྩ་བའི་སྔགས་ཀྱི་བསྟོད་པ་འདིས། །གདངས་དང་ལྡན་པར་བསྟོད་པར་བྱ། །པྲཱ་ཏ་ནི་ནི་ཌ་ལ་ཨ་རོ་པི་ཏ། གྷྲི་ཏ་བྷྲི་ཏ་གྷྲ་ར་ཨཊྚ་ཧཱ་ས་ན་ད། །པྲ་ཡ་ཧཱུྃ་ཁཊྚ་གྷཱ་ནཱི་ལ་ལ་ག་ལ་ཛ་ཏྲ་ཛུ་ཏྲ་ཨུ་གྷཱ་ནི་གྷཱ་པ་རཱ་ག་ཏི་ག་བུ་ ཛྙཱ་ཛ་ཏྲ་མ། ན་ས་ས་ཀ་པཱ་ལ། ཀི་ཏི་ར་ཛུ་གུ་ཏཾ་ཧཾ་ཨུཏྟ་ར་ཡེ་སཾ། ཐལ་ཆེན་ཁྲག་དང་སྦྱར་བ་ཡི། །དཀྱིལ་འཁོར་དག་ཀྱང་རྟག་ཏུ་དབུལ། །ཟབ་མོའི་དོན་ཡང་བསྒོམ་བྱ་སྟེ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །མི་ཡི་རོའམ་དུར་ཁྲོད་དམ། །གཙུག་ལག་ཁང་ངམ་ཁྱིམ་དག་ཏུ། ། ལུས་ངག་ཡིད་གསུམ་འབད་པ་ཡིས། །ཞག་གཅིག་བདུན་བདུན་དང་རྩ་གཅིག །གསུམ་ལོ་གཅིག་གིས་འགྲུབ་པར་འགྱུར། །ཞལ་གྱི་དཀྱིལ་འཁོར་བསྟན་ནས་ནི། །གང་ལྟར་འདོད་པ་དྲི་བ་གྱིས། །དེ་ལྟ་བུ་ཡི་ལུང་བསྟན་ནས། །དངོས་གྲུབ་རྣམ་ པ་གཉིས་ཀྱང་ཐོབ། །ཐུན་མོང་ཚེ་རིང་ནད་མེད་ཅིང་། །ཡོ་བྱད་དང་ནི་རིགས་རྒྱུད་འཕེལ། །ཀུན་གྱིས་ལྟ་བའི་འོས་སུ་འགྱུར། །མཆོག་ནི་བྱང་ཆུབ་ཐེ་ཚོམ་མེད། །དཔལ་ལྡན་ཆེན་མོ་གྲུབ་ནས་ཀྱང་། །གདུག་པའི་གནོད་སྦྱིན་རྣམ་པ་གཉིས། །དྲག་པོའི་ཤུགས་ཀྱིས་ཕྲིན་ ལས་བྱེད། །གཡས་ན་ཀཱ་ལ་ནག་པོ་ནི། །རལ་པ་ཁམ་ནག་གྱེན་དུ་བརྫེས། །<སྤྲུལ་‚སྦྲུལ་>དང་ཐོད་པའི་རྒྱན་དང་བཅས། །དར་ནག་གོས་ཀྱི་<ལའུ་ཅ་ན་‚ལེའུ་ཅན>། །ཞབས་ལ་སག་ཏི་ཡུ་ཐུང་གོན། །སྦྲུལ་ནག་གཅུས་པའི་སྐེ་རགས་བྱས། །གཡས་པ་རལ་གྲི་ཀླད་ལ་བསྐོར། །གཡོན་པ་ ཨུཏྤལ་དཀར་པོ་བསྣམས། །མཆེ་གཙིགས་ཏོག་ཏོག་རྐན་སྒྲ་ཅན། །གཡོན་ན་བྷི་ཀ་ལ་དམར་པོ། །རལ་པ་གསིགས་པས་ས་གཞི་ཁེབས། །ཁྲོ་གཉེར་དཔྲལ་བར་གཡོ་བཞིན་བསྡུས། །ལེ་བརྒན་དམར་པོ་སྐུ་ལ་གསོལ། །རྐང་པ་རྡེབ་ཅིང་གདུག་པ་འདུལ། །གྲི་གུག་གཡས་ པ་ཐོད་པ་གཡོན། །ཞལ་ནས་དྲག་པོའི་ངན་སྔགས་སྒྲོགས། །ཨ་ཡིན་ཧྲིང་སྲིང་ཧས་ཕྲིང་། །ཧང་ས་ཧུ་ཧང་ས་ཧུང་། །ཧས་ཕྲིང་ཨ་ཡིན་ཧྲྀང་སྲིང་། །གདུག་པའི་དྲག་སྔགས་འདི་དག་ཀྱང་། །གནོད་སྦྱིན་གཉིས་ཀྱི་སྲོག་ཀྱང་ཡིན། །དེ་དག་འགྲུབ་པར་གྱུར་པ་ན། །བསམས་ པ་ཙམ་གྱིས་རེངས་པ་དང་། །ཁྲོས་པ་ཙམ་གྱིས་འཆི་བར་འགྱུར། །ཐལ་མོ་བརྡབས་པའི་སྦྱོར་བ་ཡིས། །མི་མ་ཡིན་པའི་འབྱུང་པོ་རྣམས། །སེང་གེ་མཐོང་བའི་རི་དགས་བཞིན། །མཐོང་བ་ཙམ་གྱིས་འབྲོས་པར་འགྱུར། །དེ་ལྟར་ཡིན་གྱིས་གདམས་པ་འདི། །འགྲོ་ བ་རྣམས་ལ་ཕན་གྱུར་ཅིག །འདི་འདྲའི་གདམས་ངག་དམ་པ་འདི། །ཁ་ནས་མེ་འབར་ཁོང་དུ་སྦྲུལ་ཞུགས་པའི། །བུ་ངན་ཕལ་ལ་སྦྱིན་པ་མིན། །དཔལ་རལ་པ་གཅིག་མའི་སྒྲུབ་ཐབས་འཁོར་ལོ་གནོད་སྦྱིན་དང་བཅས་པ་རྫོགས་སོ།། །།རྗེ་གྲུབ་ཐོབ་ཆེན་པོའི་ ཐུགས་དམ་གནུབས་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཎི་ཨཱ་ལོ་ཀ་པ་རི་ནཱ་མ། །བོད་སྐད་དུ། །བསྔོ་བ་ནོར་བུའི་སྒྲོན་མ་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་རྡོ་རྗེ་འཛིན་སོགས་བདག་དགོངས་གསོལ། ། དཔལ་ཆེན་ཁྱོད་ཀྱི་དྲིན་ཚད་ཀྱིས། །བདག་ཅག་ཉོན་མོངས་དགྲ་ལས་རྒྱལ། །ལེགས་སོ་མགོན་པོ་ཁྱོད་ལེགས་སོ། །ཨེ་མ་ཧོ་རྡོ་རྗེའི་ཐུགས་སངས་རྒྱས། །ཨེ་མ་ཧོ་ཨེ་ཝཾ་རྡོ་རྗེའི་ཆོས། །ཨེ་མ་དེ་སྒྲུབ་དགེ་འདུན་ཚོགས། །སྐྱབས་གསུམ་རྡོ་རྗེ་གཅིག་ཁྱོད་འདུད། ། ས་གསུམ་མཁའ་སྤྱོད་གནས་གསུམ་དང་། །སྒོ་གསུམ་རྡོ་རྗེ་སྐུ་གསུང་ཐུགས། །མངོན་གསུམ་ཟབ་ཞི་དྲི་བྲལ་དུ། །སྟོན་པ་ཁྱོད་ལ་བདག་དགའོ། །དེ་ཕྱིར་བདག་དང་འགྲོ་ཀུན་གྱིས། །བགྱིས་དང་བགྱིད་འགྱུར་དགེ་ཆེན་འདི། །འོད་གསལ་བདེ་ཆེན་རྣམ་མི་རྟོག །སྐུ་ གསུམ་རྣམ་དག་མཐར་ཕྱིན་ཤོག །སྐྱེ་ཞིང་སྐྱེ་བ་ཀུན་དུ་ཡང་། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །ལག་ན་རྡོ་རྗེ་དྲིལ་འཛིན་ཅིང་། །ཟག་མེད་བདུད་རྩི་འཐུང་བར་ཤོག །དྲི་མེད་རང་འབྱུང་སྐྱོབ་བདེ་དང་། །དགའ་བདེ་འདུས་མ་བྱས་སྔགས་ཟབ། །དཀྱིལ་འཁོར་མཆོག་ ཚོགས་མི་སླུ་བའི། །བདེན་པས་དངོས་གྲུབ་མཆོག་ཐོབ་ཤོག །རྡོ་རྗེ་ཐེག་པའི་བསྔོ་བ་ནོར་བུའི་སྒྲོན་མ། །སློབ་དཔོན་མི་ཕམ་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་སུ་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ ཨེ་ཀ་ཛ་ཊཱི་བྷ་ག་ཝཱན་སྟོ་ཏྲ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པ་ལ་བསྟོད་པ། བཅོམ་ལྡན་འདས་རལ་པ་གཅིག་པ་ལ་ཕྱག་འཚལ་ལོ། །དཔའ་བོ་གང་ཞིག་དུས་གསུམ་རྒྱལ་བའི་ཐུགས་རྗེ་ཐུགས་ལས་སྤྲུལ་པའི་སྐུ། །མཁའ་ལྟར་སྟོང་ཉིད་མ་ལྟར་སྙིང་རྗེ་བྱམས་སོགས་ ཚད་མེད་ལས་བྱུང་བ། །པདྨ་ཉི་དབུས་བདེ་ཆེན་ཐོབ་པ་དེ་བཞིན་མི་རོ་ཁྲོས་པ་ཡི། །སྣ་ཚོགས་གདན་སྟེངས་ཡེ་ཤེས་ཡིག་འབྲུ་ཊཾ་ལས་ཡོངས་གྱུར་ཐོད་པ་དང་། །གྲི་གུག་ལས་གྲུབ་ཧཱུྃ་དང་ཕྱག་མཚན་འགྲོ་བའི་དོན་སྒྲུབ་བྱེད་པའི་རྒྱུ། །འབར་ལས་གཏམ་བྱས་འཇིགས་ པའི་སྐུ་ཆེན་ཤིན་ཏུ་མི་བཟད་རྔམས་པའི་སྐུ། །འགྱིངས་བག་རབ་བརྟན་གཟི་བརྗིད་དཔལ་འབར་ཉོན་མོངས་སྒྲིབ་ཚོགས་བསྲེག་པ་ཡི། །ཡེ་ཤེས་མེ་འབར་ཀུན་ནས་འཁྱིལ་བའི་འོད་ཟེར་དྲག་པོ་དཔུང་འཁྲིགས་ཤིང་། །སྡིག་པའི་རྔོམ་སྟབས་ཧཱུཾ་སྒྲ་དང་བཅས་དྲག་ པོའི་གད་མོ་ཅན། །ཕྱོགས་བཅུར་གར་འགྱེད་མི་ཐུབ་གཅིག་ཏུ་ལྷ་ཀླུ་ལྷ་མིན་དཔུང་ལས་རྒྱལ། །བདེ་ཆེན་རྒྱལ་པོ་གཉིས་མེད་མཆོག་དགས་རྟག་ཏུ་སྡུག་བསྔལ་རྣམས་གནོན་རྩལ། །རྒྱལ་བ་དགྲ་རྒྱལ་སྡུག་བསྔལ་སྡིག་འཇོམས་དཔའ་བོ་དཔའ་ཆེན་ལ་ཕྱག་འཚལ། །གར་ དགུའི་ཉམས་ལྡན་ཅུང་ཟད་ཞི་ལ་ཞི་ཞིང་ཁྲོ་དང་ཁྲོ་ཞིང་ཞི། །བརྟུལ་ཞུགས་མཆོག་འཛིན་སྟོབས་བཅུའི་དབང་ཕྱུག་མི་དང་ལྷ་ལས་རྣམ་པར་རྒྱལ། །ས་གསུམ་བདག་པོ་ལྷ་ཡི་ལྷར་གྱུར་བདེ་གཤེགས་མ་ལུས་ཕྲིན་ལས་བསྒྲུབས། །མི་གཡོ་མི་འགྱུར་རྟག་ཏུ་བརྟན་ནས་དེ་བཞིན་ ཉིད་ཡུལ་ཟབ་མོའི་ལམ། །སྒྱུ་མ་མཁའ་འགྲོ་ཉིད་ཀྱི་ཐུགས་ཆུད་མ་ལུས་འགྲོ་ལ་རྗེས་ཆགས་ནས། །སླར་ཡང་འདིར་ཞུགས་སྐལ་ལྡན་སྲོག་ཆགས་སྙིང་གི་པདྨོ་ཁ་ཕྱེ་ནས། །ཆགས་མེད་ཆགས་བྲལ་གཏི་མུག་ལས་གྲོལ་རབ་ཏུ་སྡང་བ་རྣམ་པར་བཤིག །ཀུན་དུ་རྟོག་ སྤངས་རབ་ཏུ་བརྟན་གནས་ངེས་པའི་སར་ཆུད་དེ་ཉིད་ཐུགས་རྗེས་ཁྲོས་པ་ཡི། །འཇིགས་བྱེད་སྐུར་བསྟན་འབར་བའི་ཞལ་གསུམ་དཀར་དང་དམར་པོ་སྔོན་པོའི་མདོག །སྤྱན་གསུམ་ཐོགས་མེད་སྨྲ་ར་སྨིན་སེར་གཡོ་བའི་བ་སྤུ་གྱེན་དུ་འགྲེང་། །དམར་ཟླུམ་སྤྱན་བཟློག་འོད་འབར་ ལས་བྱུང་བགེགས་ཚོགས་བསྲེག་པའི་མེ་སྟག་འཕྲོ། །ཡེ་ཤེས་རྣོན་པོའི་མཆེ་བ་གཉིས་གཙིགས་རྔམས་ཤིང་བཞད་པའི་ཞལ་བགྲད་དེ། །ཧ་ཧའི་སྒྲ་སྒྲོགས་རྟ་སྐད་མཚེར་བའི་ང་རོ་ཀུ་ཅོ་གད་རྒྱངས་འབྱིན། །རྟབས་ཤིང་རབ་བརྒྱལ་འཁྲུགས་པའི་སྐད་གསང་ངར་ངར་རབ་སེར་ འོ་དོད་འབོད། །གདུག་པའི་སྙིང་འབྱིན་མ་རུངས་སྣང་འཚེད་གཅོང་སྒྲ་དྲག་པོས་ས་འཁྲུགས་པ། །རྣམ་རྒྱལ་ཁྲོ་བོ་བདུད་དགྲ་དཔུང་འདུལ་ཕྲིན་ལས་ལྷ་དབང་ཁྱོད་ཕྱག་འཚལ། །དམར་སེར་འགྱིང་བའི་རལ་པ་གཅིག་བཅས་བདེ་གཤེགས་གཙོ་བོ་མི་བསྐྱོད་པས། ། དྲེགས་པའི་དབུ་རྒྱན་སངས་རྒྱས་རྣམ་ལྔའི་མི་ཐོད་འཇིགས་པའི་ཕྲེང་བ་ཅན། །ཨུཏྤལ་པདྨོ་མི་ཡི་རྒྱུ་ཞགས་སྦྲུལ་གདུག་ཁྲོས་པའི་རྣ་རྒྱན་ཅན། །དེ་བཞིན་མི་རུས་རིན་ཆེན་སྦྲུལ་རྒྱན་ཤིན་ཏུ་འོད་འབར་འཇིགས་པ་ཡི། །རྒྱན་རྣམས་ཀྱིས་བརྒྱན་སིལ་སིལ་སྒྲ་སྒྲོགས་ཀུན་ནས་ བསྡིགས་པའི་སྟབས་ཀྱིས་འགྱེད་པའི་ཚུལ། །ཕྱག་གཡས་གྲི་གུག་རྡོ་རྗེ་རལ་གྲི་དེ་བཞིན་གཡོན་ཕྱག་མགོ་ཕྱེད་དང་། །ཨུཏྤལ་སྡོང་མཛེས་དྲི་བསུང་ཡིད་འཕྲོག་ཕྱོགས་བཅུར་ངད་ལྡང་ཐུགས་ཀར་འཛིན། །དཔལ་ལྡན་གཙོ་བོའི་ཐུབ་པ་ཐུབ་མཆོག་མི་ཕམ་གཅིག་པུ་རྣམ་པར་གནོན། ། སྟང་སྟབས་<པ་གྲད་‚བགྲད་>པས་ཕཊ་ཅེས་བརྗོད་ཅིང་ལྷ་ཡི་བརྟན་པོ་མི་འགུལ་ཞབས་གཡས་ནི། །དབུགས་བྲལ་གཙོ་བོའི་མགོ་བོ་ནས་བརྫིས་གཡོན་པས་གཞིབས་པའི་རྐང་གཉིས་མནན། །དཔའ་བོ་སྟག་ལྤགས་སྤུ་རྩེ་རབ་འཁྲུག་དུ་བ་འཁྱིལ་འདྲ་གསོན་པ་ནི། །བཤུས་པའི་མོད་ལ་ ད་ལྟར་ཁྲག་འཛག་གློ་བུར་སྟབས་པས་བླངས་ནས་སུ། །ཁྲོས་པས་བསྐྱོད་འདྲ་མི་ཡི་སྐྱོབ་པ་ཕ་རོལ་དཔུང་རྣམས་རྣམ་བཟློག་ཅིང་། །ཉིད་ཀྱི་ཕྱོགས་བསྲུང་ཞི་རྒྱས་དབང་དྲག་མ་ལུས་གསང་སྔགས་མངོན་པར་བསྒྲུབ། །ཐོག་མེད་རབ་ལྟར་ཤིན་ཏུ་མི་ཟློགས་ཀུན་གྱིས་མི་ཐུབ་ཐུབ་དཀའ་ བ། །ནམ་མཁའ་ཀུན་ཁྱབ་ས་ཆེན་གཡོས་མཛད་བདེ་གཤེགས་གཙོ་བོ་ཁྱོད་ཕྱག་འཚལ། །གང་གི་སྙིང་ནི་གཙོ་བོ་ཆུ་སྐྱེས་གསར་འཁྲུངས་ཕྱོགས་ཀྱིས་མཚོན་འདྲའི་ཁ་དོག་ཅན། །དཀར་སེར་དམར་ལྗང་རབ་ཏུ་གསལ་རྒྱལ་དེ་དབུས་རབ་ཏུ་འབར་བའི་ཧཱུྃ། །ཡེ་ཤེས་འོད་ འཕྲོས་འགྲོ་བའི་སྡིག་བསྲེགས་ཕྱོགས་བཅུར་མཁས་ཁྱབ་འགེངས་པ་ཡི། །མེ་ལྕེའི་ཕྲེང་དཀྲིགས་མཁའ་ལ་ཉི་ལྟར་ཀུན་ནས་རྟག་ཏུ་ལྷམ་མེ་བ། །དེ་ཡི་མཐར་ནི་ངག་གི་ཡིག་འབྲུ་སྐར་མའི་འོད་ཅན་རྣམ་པ་བཞི། །གསལ་བར་བལྟས་ཏེ་མཆོད་སོགས་སྔོན་འགྲོ་ ཇི་བཞིན་ཇི་སྙེད་ཚོགས་བསྒྲུབས་ནས། །གྲུབ་པའི་ལས་ནི་རྣམ་བཞིའི་ཕྲིན་ལས་ས་གསུམ་ལུས་ཅན་ཀུན་སྤྲོ་མཛད། །དེ་ལས་སླར་འོངས་དཀར་བསིལ་ལུས་ངག་ཡིད་ཀྱི་དྲི་མ་རྣམ་པར་དག །བྱས་ནས་རྡོ་རྗེས་བླ་མའི་ཞལ་བླངས་དེ་ཉིད་ཡེ་ཤེས་མཉམ་གཞག་སྟེ། ། སྐུ་གསུང་ཐུགས་དག་དེ་བཞིན་དག་དེའང་དྲི་མེད་གང་ཡིན་གང་། །དེ་ཉིད་ཡེ་ཤེས་ཤེས་དང་ཤེས་བྲལ་མཐའ་རྣམས་ལས་དབེན་ཀུན་སྤྱོད་པ། །རྣལ་འབྱོར་ཆེན་པོ་བདེ་ཆེན་དེ་ནི་བླ་མའི་དྲིན་ཐོབ་ཁྱོད་ཀྱིས་བསྒྲུབས། །བརྩེ་བའི་རྒྱུད་བསྐྱོད་བྱིན་རླབས་མེ་ནི་རྣམ་ མདུན་རྣམ་གསུམ་ཡེ་ཤེས་སྙིང་པོ་ལྕེ་མདུད་བཅས། །ས་གསུམ་ན་ཁྱབ་བདག་དང་བདག་མེད་ཡོད་མེད་དྲི་མ་མ་ལུས་ལས། །རྣམ་དབེན་དེ་ནི་རྒྱལ་བའི་སྐུ་ཞེས་འདྲེན་པ་ཁྱོད་ཀྱིས་མཐུ་སྟོན་ཅིང་། །དེ་རྗེས་དྲི་མེད་སྒྱུ་འདྲ་མཁའ་འདྲ་རྣམ་གསུམ་རྣམ་ཐར་སྒོ་སྤྱོད་པ། །སོ་ སོ་རང་རིག་སྙིང་གི་དབུས་གནས་བདེ་གཤེགས་སྙིང་པོ་རྟོགས་དཀའ་བ། །རྟོགས་མཛད་དམ་པ་དྲང་སྲོང་མི་དབང་ལྷ་ཡི་དབང་ཕྱུག་རལ་པ་གཅིག །ཀུན་རྟོག་མི་ཟད་འཆིང་བ་མི་གནས་ཤེས་རབ་ཕ་རོལ་ཕྱིན་དབང་གིས། །གཅོད་པའི་མཚོན་ཆ་ཤེས་རབ་རལ་གྲི་ཆགས་མེད་ ཆགས་བྲལ་ཨུཏྤལ་མཚན། །བཟླས་བརྗོད་དཀའ་ཐུབ་སྦྱིན་སྲེག་གཏོང་སོགས་སྒྲུབ་པའི་མཚན་མ་བརྒྱ་ཕྲག་གིས། །མཉམ་པར་མི་ནུས་གང་ཞིག་ལམ་མིན་དེ་ཉིད་དེ་ལམ་གཞན་མིན་པ། །ཤིན་ཏུ་ཟབ་མོ་གསང་བའི་ལམ་གྱུར་ཡང་དག་སྦས་པ་མངོན་རྙེད་པ། །དཔལ་གྱི་ དཔལ་དབང་སྲིད་གསུམ་ཐིབས་པོའི་མུན་འཇོམས་རལ་པ་གཅིག་འཆང་ཁྱོད། །ཕྱག་འཚལ་དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་པོ། །སྐུ་གསུང་ཐུགས་དག་སྲིད་འཇོམས་པ། །ཞི་བས་མི་བསྙེལ་ཕྲིན་ལས་སྒྲུབ། །ལྷ་ཡི་ལྷ་མཆོག་རལ་པ་གཅིག །དུས་གསུམ་རྒྱལ་བའི་ ཡེ་ཤེས་ཀྱི། །མཁའ་དབྱིངས་ལས་བྱུང་ལྷ་མཆོག་ཉིད། །ཡེ་ཤེས་འོད་ཟེར་<སྟེང་‚སྟོང་>འབར་བ། །གཞན་གྱིས་མི་ཐུབ་རལ་པ་ཐུབ་པ་གཅིག །སྣ་ཚོགས་པད་ཉི་ཐོད་པར་རོ། །ཧཱུྃ་དང་གྲི་གུག་ལས་བྱུང་བ། །ཡེ་ཤེས་སྐུ་མཆོག་ཞལ་གསུམ་ཕྱག །བཞི་ལྡན་བཅོམ་ལྡན་ཁྱོད་ཕྱག་ འཚལ། །གྲི་གུག་རལ་གྲི་ཐོད་པ་དང་། །ཨུཏྤལ་འཛིན་མཛད་འཇིགས་པའི་སྐུ། །པདྨོ་ཡི་གེ་རྣམ་པ་ལྔས། །ས་གསུམ་སྦྱོང་མཛད་ཁྱོད་ཕྱག་འཚལ། །མ་དག་པ་དང་དག་པ་དག །དྲི་མེད་དེ་ནི་ཡེ་ཤེས་དངོས། །ཐོགས་མེད་རྟག་ཏུ་བསྒྱུར་ནས་ནི། །འགྲོ་བའི་དོན་བསྒྲུབ་ཁྱོད་ ཕྱག་འཚལ། །དྲན་པ་ཙམ་གྱིས་བདུད་འདུལ་ཞིང་། །དགྲ་འཇོམས་ཉོན་མོངས་ཀུན་བསྲེག་པ། །བདེ་ཆེན་སྙིང་རྗེ་སྟོང་པ་ཉིད། །རོ་མྱོང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དཔའ་མོ་ཁྲོ་མོའི་སྐུ། །གཞོན་ནུ་སྒེག་མོ་འཇིགས་མ་ཡི། །སྐུ་གསུང་ཐུགས་ཀྱི་དགྱེས་རོལ་གཅིག ། དམ་དུ་འཁྱུད་ཕྱག་བཅས་ཁྱོད་འདུད། །གདུལ་བྱའི་རིགས་ནི་ཇི་བཞིན་དུ། །ཁྱེད་ཀྱིས་མཛད་པའི་རིམ་པ་ཡང་། །དེ་བཞིན་ཉིད་དེ་ཕུན་སུམ་ཚོགས། །རལ་པ་གཅིག་མངའ་ཁྱོད་ཕྱག་འཚལ། །བཅོམ་ལྡན་འདས་དཔལ་རལ་པ་གཅིག་པ་ལ་བསྟོད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ བུདྡྷ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཆུང་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སྭ་ཙིཏྟ་བི་ཤྲཱ་མོ་པཉྩི་བཾ་ཤ་ཏི་ཀཱ་གཱ་ཐཱ་ནཱ་མ། བོད་སྐད་དུ། རང་གི་སེམས་ངལ་སོ་བའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ ལྔ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨེ་མའོ་གདོད་ནས་མ་སྐྱེས་པ། །འཁོར་དང་འདས་པའི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་ནས། །བླ་མའི་ཞལ་ལས་ཤེས་པར་འགྱུར། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པ་མ་ བརྗེད་ན། །དེ་ཤར་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེས་པའི་ཚུལ། །གཡས་བརྐྱང་གཡོན་བསྐུམ་སྡིགས་མཛུབ་གཏད། །རྡོ་རྗེའི་ལྟ་བས་ བལྟས་ནས་ནི། །རྟ་མཆོག་དལ་བུས་འགྲོ་འོང་ལ། །གནས་ནས་དུ་མ་གཅིག་ཏུ་བྱ། །རྐང་པ་རྒྱ་མཚོ་ཆེ་ལ་གཞག །ལག་པ་ས་སྟེང་ཀུན་དུ་ཉུལ། །མིག་གཉིས་ནམ་མཁའ་བལྟ་བྱ་སྟེ། །ཡིད་ནི་གང་དུའང་མི་གཡོའོ། །སྒེག་མོའི་མེ་ལོང་སྟོབས་ཀྱི་གྱད། །ཁྲི་བཙོན་ རྒྱལ་པོའི་བཙུན་མོ་དང་། །ཕྱག་དར་བ་དང་སྨད་འཚོང་བཞིན། །གཅིག་པུར་གྲོགས་དང་འགྲོགས་པར་བྱོས། །སྟག་དང་སེང་གེ་གླང་ཆེན་དང་། །རྔ་མོ་ཁྲི་སྙན་སྤྲེའུ་དང་། །ཙནྡན་སྡོང་པོ་མི་རོ་ལྟར། །མཁས་པས་སྟོང་ཉིད་རྣལ་འབྱོར་བྱ། །རི་གཟར་ཆུ་དང་རྒྱ་མཚོ་ཆེ། ། བུ་གཅིག་མ་དང་གླང་པོ་སྐྱོང་། །གངས་རི་དག་དང་ཤེལ་དག་བཞིན། །དམིགས་བྲལ་གྱུར་ནས་གཞི་ཚུགས་པའོ། །ཐོག་མ་བར་དང་མཐར་རིམ་བཞིན། །རྩ་བ་ངོ་བོ་བྱེ་བྲལ་བ། །རྨི་ལམ་གྱི་ནི་མར་མེ་བཞིན། །སྙིང་བརྩེ་མི་གཡོ་གོམས་པས་འགྲུབ། ། འགྲོ་འོང་གནས་ནི་སྐྱེ་གནས་འགག །རྣམ་དག་སྟོང་པ་ཉིད་རྣམ་གསུམ། །བདེ་ཆེན་འོད་གསལ་རྣམ་མི་རྟོག །བློ་བཟངས་རྣམས་ཀྱིས་མཉམ་པར་གཞག །སྙིང་རྗེ་ཆེན་པོ་མདུན་གཞག་སྟེ། །དེ་ཉིད་མ་ཡེངས་རྟག་བལྟ་ཞིང་། །ལྷ་དང་བླ་མའི་སྦྱོར་བ་ཡིས། །སྒྲུབ་པ་ པོ་ནི་ངལ་བསོ་བྱ། །བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིར་བདག་མ་བཅིངས་མི་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་དགར་ནི། །ཀྱེ་ཧོ་དུབ་པ་ངལ་སོ་ཅིག །གཟུགས་བརྙན་གཟུགས་དང་བྲག་ཅ་སྒྲ། །དངོས་དང་རྨི་ལམ་དྲན་པའི་ཡིད། །ཏིང་ངེ་འཛིན་དང་འབྲེལ་བ་དང་། །རྟག་ཏུ་རྒྱུན་ མི་འཆད་སྒོམ་པ། །གསེར་བཞིན་མེ་བཞིན་ནམ་མཁའ་བཞིན། །ཤེས་བྱེད་ཞི་བྱེད་དག་པར་བྱེད། །སྣང་མེད་དེ་སྣང་རྐྱེན་གྱིས་སྣང་། །ནམ་མཁའ་མེ་ལོང་ཤེལ་བཞིན་ཏེ། །ཏིང་ངེ་འཛིན་དང་ཡེ་ཤེས་དང་། །གཟུངས་ཀྱི་སྒོ་ཡིས་དེ་རྟོགས་བྱེད། །མཐོང་བ་མཉམ་གཞག་འོད་གསལ་ཏེ། ། དེ་ཚེ་དེ་མཐོང་དེ་མ་སྐྱེས། །ཤིན་ཏུ་མི་རྟོག་རྩེ་གཅིག་གནས། །གཡེང་བའི་རྡུལ་དང་བྲལ་བ་ཉིད། །རླུང་ནི་གར་འགྲོ་དེར་སེམས་འགྲོ། །དེ་ལུས་ཁྱིམ་ནང་བཙོན་བཟུང་ནས། །ཡིད་ཀྱིས་སྐྱེས་བུ་གསད་བྱས་ན། །དེ་མེད་སེམས་ནི་གང་དུ་འགྲོ། །ཐམས་ཅད་རང་བཞིན་མ་བཅོས་ པ། །ཀུན་རྟོག་ཐམས་ཅད་རྐྱེན་གྱི་དབང་། །རང་བཞིན་གསུམ་གྱིས་དེ་ཤེས་ནས། །ཀུན་རྟོག་ཀུན་རྟོག་མེད་པར་བྱེད། །མཐོང་བས་གྲུབ་དང་བཤིག་པ་ནས། །མེད་ཅེས་རྣམ་པར་རྟོག་པར་ཟད། །འདི་ལ་གདོད་ནས་ཅི་ཡང་མེད། །བུ་ཀྱེ་ནམ་མཁའ་བསྒོམ་པར་བྱོས། །ག་བུར་དང་ ནི་དེ་ཡི་དྲི། །ཕན་ཚུན་དེ་མེད་དེ་ཡང་མེད། །དེ་བཞིན་རྐྱེན་དང་རྐྱེན་བྲལ་བ། །སོ་སོ་མ་ཡིན་རང་དགར་བསྒོམ། །མཉམ་པའི་སེམས་ཀྱི་གཡོ་བ་འགོག །མི་མཉམ་དྲན་པས་འཆིང་བར་བྱེད། །དེ་ཚེ་དེ་དང་བྲལ་མཉམ་གཞག །རྣམ་པར་རྟོག་པ་གསོད་པར་བྱེད། །ཁྲུས་བྱས་ནམ་ མཁའི་གོས་གྱོན་ལ། །རྣམ་པར་རྟོག་པ་སྦྱིན་སྲེག་བྱ། །དྲན་པའི་ཐལ་བ་འཇུག་ངོགས་སུ། །ཆུ་ལྷུང་ལྷན་ཅིག་སྦྱོང་བར་གྱིས། །སྣོད་བཅུད་རླུང་རྒྱུན་བརྟན་གཡོ་མཁའ། །ཉི་མ་ཟླ་བ་སྒྲ་གཅན་འཛིན། །མེ་ཁྱེར་ཆར་དང་བུང་བའི་དཔེས། །དམ་ཚིག་ཕྱག་རྒྱ་དབང་དུ་འགྱུར། ། སྣ་ཚོགས་ཡིད་ཀྱི་མེ་ཏོག་ལས། །དགའ་བ་རྣམ་བཞིའི་བཅུད་བླངས་ཏེ། །ལྷན་ཅིག་སྐྱེས་པའི་རོ་མྱངས་པས། །ཡིད་ཀྱི་སྐྱེས་བུ་ཚིམ་པར་འགྱུར། །ལུས་རླུང་རྩ་ཆེན་ཕྱག་རྒྱ་ཡིས། །ལུས་ངག་ཡིད་ནི་བཅིང་བར་བྱ། །དྲོད་ཐོབ་པ་ལ་ཐོགས་པ་མེད། །ཀུན་སྤྱོད་ངེས་པར་མི་ བྱའོ། །རྣལ་འབྱོར་པ་རང་གི་སེམས་ངལ་སོས་པར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པར་བྱེད་པའི་དོ་ཧ་རྫོགས་སོ།། །།ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལས་མན་ངག་གི་ཚིགས་སུ་བཅད་པ་ཉིད་དངོས་སུ་གསན་ ནས་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་མི་ཏྲ་ཨཱ་ནནྡ་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་དཔལ་གུ་ལང་གསེར་ཁང་གི་ནགས་ཁྲོད་ཨཾ་པ་ར་པ་ར་ཏའི་བསིལ་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲིཾ་ཤཏྟི་ཨ་བ་བྷ་ཥ། བོད་སྐད་དུ། རྟོགས་ པ་བརྗོད་པ་སུམ་ཅུ་པ། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཚངས་དབང་གཙུག །ཆུ་སྐྱེས་ཆེ་དབུས་འཇིག་རྟེན་མགོན། །འོད་ཟེར་རྒྱུན་གྱིས་དབང་བསྐུར་བས། །ཨེ་མ་དྲི་གསུམ་དག་མཛད་རྨད། །བསྟན་པའི་ལུས་ནི་རི་བོ་འདྲ། །སྤྲོས་བྲལ་ སེམས་ནི་ནམ་མཁའ་སྟེ། །གཡོན་པའི་སེམས་ནི་རླུང་རྒྱུན་བཅིངས། །ཚུལ་འདིས་རྣལ་འབྱོར་བདག་ལེགས་གྲོལ། །ཡིད་ནི་ཁྱབ་འཇུག་ནམ་མཁའ་སྟེ། །འཁོར་ལོ་ལྔ་ཡི་རང་བཞིན་ལུས། །སྲོག་རྩོལ་ཉི་མ་ཟླ་བ་གཉིས། །བདེ་ཆེན་རྡོ་རྗེའི་ཞགས་པས་འཆིང་། །དྲི་ མ་ལྔ་ནི་ལྔ་ཡིས་སྦྱོང་། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །དེ་དག་མ་བཅོས་སྐྱེ་བ་མེད། །ཨེ་མ་འདི་ནི་བསྒོམ་བྱ་གང་། །རྒྱ་མཚོའི་སྙིང་པོ་མེ་འབར་བས། །རི་རབ་སྲོག་ཤིང་ཤིང་རྟ་བརྒྱུད། །ཚངས་དབང་རྩེ་ནས་ཆར་རྒྱུན་འབབ། །ཐབས་ཀྱིས་ཐབས་བྲལ་དེ་ ལ་ལྟོས། །གང་མ་རིག་པ་དེ་སྟོང་ཉིད། །ཀུན་ནས་དཀྲིས་པ་བདེ་བའི་ཚལ། །ཞེ་སྡང་འབར་བས་འོད་གསལ་ཆེ། །ལྷ་མཆོག་མི་དེ་གང་གིས་བཅིངས། །ལྟེ་བའི་མར་མེས་མུན་པ་བསལ། །སྙིང་གར་ཤེས་རབ་པདྨ་རྒྱས། །སྤྱི་གཙུག་ཡེ་ཤེས་བདེ་ཆེན་འཛག ། ད་ནི་རང་ལུས་དངོས་གྲུབ་འགྱུར། །རྩ་གསུམ་འཁོར་ལོ་འདུས་པའི་དབུས། །བདེ་ཆེན་དངས་མའི་ཐིག་ལེ་གནས། །དེ་དབུས་རྣམ་པར་མི་རྟོག་པ། །ཡེ་ཤེས་མིག་གཅིག་དྲི་མེད་ཉིད། །གཟུང་འཛིན་མུན་པར་རྟོགས་པའི་འོད། །ནམ་མཁའ་ལ་ནི་ཉི་ཤར་བཞིན། །དེར་ཡང་མི་གནས་གཞན་ དུའང་མིན། །ཀྱེ་ཧོ་ཤིན་ཏུ་ཟབ་པའི་གནས། །འཇིག་རྟེན་ཐམས་ཅད་ནམ་མཁས་བཅིངས། །ནམ་མཁའ་དེ་ཡི་སྤྲིན་གྱིས་བསྒྲིབས། །གང་ཚེ་རྟོག་པའི་སྤྲིན་དག་པ། །དེ་ཚེ་འདི་ལ་ཅི་ཞིག་སྣང་། །སྒྱུ་མས་སྒྱུ་མའི་གྲོང་ཁྱེར་བཅོམ། །སེམས་ཀྱིས་སེམས་ནི་སླུ་བ་སྟེ། །འདི་ནས་བདག་འདྲས་སླུ་ མེད་རིག །ཨེ་མ་ཧོ་ཨེ་མ་བླ་མའི་དྲིན། །འོག་ནི་ལས་ཀྱི་འཁོར་ལོས་བསྡམས། །བར་ནི་རྡོ་རྗེའི་མདུད་པས་བཅིངས། །སྟེང་དུ་ཡི་གེ་གྱེན་དུ་བསྒྱུར། །ཐབས་ནི་བདག་གིས་རང་ལ་རྙེད། །ལུས་ནི་རི་བོ་འདྲ་བྱས་ལ། །ངག་ནི་རླུང་རྒྱུན་ལྟ་བུར་བསྡམས། །སེམས་ནི་ནམ་མཁའི་ངོ་བོ་ཉིད། །དབྱེར་མེད་ ཆོས་ཉིད་ཀུན་གྱི་དངོས། །བརྟན་ལུས་ཤིང་རྟ་རབ་བཅས་པ། །གཡོ་བ་སྲོག་ཤིང་ལམ་དུ་གཞུག །དེ་ལྟར་བཅིངས་པའི་ཏིང་འཛིན་ནི། །འཆི་མེད་ནམ་མཁའི་དངོས་གྲུབ་ཐོབ། །ནམ་མཁའི་རྣལ་འབྱོར་རྣམ་མི་རྟོག །ཡང་དག་ལྷ་ནི་བདེ་བ་ཆེ། །དེ་ཡི་ཟུང་འཇུག་འོད་གསལ་ཉིད། །གནས་འདིར་ ངལ་བསོ་མཁས་པ་དག །རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་། །རྡོ་རྗེ་རྒྱལ་པོ་རྡོ་རྗེ་བདེ། །རྡོ་རྗེ་སེམས་དཔའ་སེམས་དཔས་སྟོང་། །ཨེ་མ་རྡོ་རྗེ་ཀུན་རིག་པའོ། །མེ་ཏོག་མཐོང་གི་རྩི་མི་མཐོང་། །ཆབ་རོམ་མཐོང་གི་ཆུ་མ་ཡིན། །ལུས་མཐོང་བདེ་བ་བླང་བར་གྱིས། །སེམས་མཐོང་མཐོང་བ་མ་མཆིས་སོ། ། ཆུ་ནང་སྐྱེས་བུས་སུ་ཡི་བུ། །རྨི་ལམ་གྲོང་ཁྱེར་བདག་པོ་མེད། །མེ་ལོང་གཟུགས་ནི་གང་ལས་འོངས། །འགྲོ་བ་འདི་ཀུན་དེ་དང་འདྲ། །གང་ན་གནས་དང་སྐྱེ་བ་དང་། །འགག་འགྱུར་ཡུལ་རྒྱུ་དུས་མེད་པ། །ནམ་མཁའི་མཚན་ཉིད་ཆོས་འདི་ལ། །ཀྱེ་ཧོ་འཇིགས་པ་གང་ཞིག་ཡོད། །འདི་དག་ སྣང་བ་སྣང་བརྙན་ཙམ། །རིག་པ་དེ་ཡང་རིག་པས་དབེན། །ཐམས་ཅད་རིག་སྙམ་ཤེས་སྙམ་སྟེ། །ཙམ་དེ་ལ་ཡང་སྙམ་ཉིད་མེད། །སྐྱེས་བུ་དོན་ཀུན་གྲུབ་པ་འདི། །ཞེ་སྡང་ཉི་མ་འོད་གསལ་ལྷ། །འདོད་ཆགས་ཟླ་བ་བདེ་བས་སྤྱོད། །གཏི་མུག་སྒྲ་གཅན་མི་རྟོག་འཇོམས། །ནམ་མཁའི་སྤྲིན་དང་ རྒྱ་མཚོའི་རླབས། །མེ་ཏོག་རྩི་དང་ག་བུར་དྲི། །མེ་ལོང་གཟུགས་དང་ཤེལ་དཀར་བཞིན། །རྣམ་རྟོག་མི་རྟོག་དངོས་དབྱེར་མེད། །འགྲོ་བ་འདི་དག་ལས་ལས་སྐྱེས། །ལས་ནི་ཉོན་མོངས་དེ་ཡི་རྒྱུ། །མཚན་མ་ཡིན་ཏེ་དེ་ཤེས་ནས། །སྐྱེས་བུ་མཚན་མེད་རྣམ་པར་གྲོལ། །རྟོག་པའི་གླང་ཆེན་ ལྕགས་ཀྱུས་དགུག །སེམས་ཀྱི་བུང་བ་རྩི་ཡིས་བསྡུ། །ཏིང་འཛིན་དང་པོ་མཚོ་ནང་རྩེ། །ཤེས་རབ་པདྨོ་ཉི་ཟེར་འབྱེད། །ཡིད་ཀྱི་མར་མེས་མུན་པ་སེལ། །བདེ་བའི་མེ་ཏོག་བུང་བས་འཇིབ། །འཛིན་པའི་རྦ་རླབ་རྒྱ་མཚོར་ཐིམ། །བདེ་སྡུག་སྤྲིན་དེ་ནམ་མཁར་དེངས། །ཡི་གེ་གསུམ་གྱི་བརྡས་མཚོན་ པས། ཡི་གེ་མེད་པ་བདག་གིས་རྟོགས། །རྣལ་འབྱོར་རྒྱལ་པོ་ཡི་གེ་མཆོག །སེམས་ལ་གཞན་ནི་མ་མཆིས་སོ། །གང་དུ་འགྲོ་མེད་འགྲོ་བ་འདི། །གནས་ཞེས་བྱ་བར་ག་ལ་འགྱུར། །གང་མི་གནས་པ་ཆོས་ཀྱི་དབྱིངས། །དེ་ལ་ཇི་ལྟར་འགག་འགྱུར་སེམས། །རྟག་ཏུ་བྱེད་བྲལ་གཏི་མུག་མེད། །ཁྲོ་ ཁྲོ་བག་ཆགས་གཏན་བཅོམ་པ། །ཞི་བའི་དམ་པ་མྱ་ངན་འདས། །གཏེར་ཆེན་རང་ལ་ཡོད་ཤེས་ཀྱིས། །འཇིག་རྟེན་སྒྱུ་མའི་ལས་ཀྱིས་བསྒྲུབས། །སྒྱུ་མ་སྒྱུ་མའི་ཡིད་ཀྱིས་ཏེ། །འདི་ཀུན་སྒྱུ་མ་ཉིད་ཤེས་ན། །སྒྱུ་མ་ལྟ་བུར་རྣམ་པར་གྲོལ། །སྒྱུ་མར་རྟོགས་པས་བདེན་རྟོག་འཇོམས། །རྟོག་མེད་སྒྱུ་མ་ལ་ མི་གནས། །མི་གནས་འགྲོ་ལ་ཕན་བརྩོན་པས། །ཨེ་མ་ནོར་བུ་རིན་ཆེན་རྙེད། རྟོགས་པ་བརྗོད་པ་སུམ་ཅུ་པ་ཞེས་བྱ་བ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀི་དེ་ཉིད་ཀྱི་སྤྱན་སྔར། །གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །། ༄༅། །རྒྱ་གར་སྐད་དུ། ཤྲཱི་ཁརྶ་པཱ་ཎི་མ་ཏྲི་སཱ་དྷ་ནཱི། བོད་སྐད་དུ། དཔལ་ཁརྶ་པཱ་ཎི་ཡབ་ཡུམ་གྱི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་ཞིག་སྤྱན་རས་གཟིགས་དབང་ཡུམ། །ཐུགས་རྗེའི་དབྱངས་ལས་སྐུ་བཞེངས་པ། །ཡེ་ཤེས་ལྷ་མོ་དམར་མོ་སྒེག །དཔལ་ མོ་ཉིད་ལ་ཕྱག་འཚལ་ལོ། །དེ་ལ་སྒྲུབ་པོ་དམ་ཚིག་ཅན། །གསང་སྔགས་རྒྱལ་མོ་ལ་མོས་པས། །དུར་ཁྲོད་དམར་བའི་དབུས་སུ་ནི། །ཆོ་ག་རྣམ་གསུམ་བསྒོམ་པར་བྱ། །རེ་ཞིག་སྐྱབས་སུ་འགྲོ་བ་དང་། །སེམས་བསྐྱེད་ཁྱད་པར་ཅན་བསྐྱེད་ནས། དམ་ཚིག་རྣམ་ལྔའི་ མཆོད་པ་དང་ལྡན་པས། །མེ་ཏོག་དམར་པོའི་མཎྜལ་བཤམས་ཏེ། བསམ་གཏན་བསྐྱོད་པའི་ཕྱག་རྒྱ་བཅས་ལ། ཐོག་མར་སྔགས་འདི་བཟླས་པར་བྱའོ། །ཨོཾ་ཨཱ་བིགྷྣཱན་ཏ་ཀྲྀ་ཏ་ཧཱུཾ་ཕཊ། འབུམ་ཕྲག་གསུམ་གྱིས་བགེགས་བསྐྲད་པར་འགྱུར་རོ། །དེ་ནས་བདག་མེད་ཆེན་མོ་ཡི། །ངང་ ལས་སྐྱེས་གྱུར་ལྷ་མོའམ། །ཡང་ན་ལྟེ་དབུས་སྤྲུལ་པའི་ནང་། །ཆོས་འབྱུང་པདྨ་མི་རོ་ལའོ། །བཾ་ལས་མངོན་གྱུར་དམར་མོ་དཔའ། །བཅུ་དྲུག་ན་ཚོད་ཤིན་ཏུ་སྒེག །ཅུང་ཟད་ཁྲོ་བའི་ཞལ་བཞད་དམ། །གྲི་གུག་ཐོད་འཛིན་ཁ་ཊྭཱཾ་བསྣམས། །མགོ་བོའི་ཕྲེང་བའི་དོ་ཤལ་བརྒྱན། །གཡོན་བསྐུམ་ གཡས་བརྐྱང་དབང་ཕྱུག་དང་། །ཨུ་མའི་ནུ་མ་མཉམ་བརྫིས་མཛད། །ཤིན་ཏུ་འོད་གསལ་འཇིགས་པ་ཡི། །མི་རུས་རྡོ་རྗེའི་ཕྲེང་བས་སྤྲས། །དྲིལ་བུ་གཡེར་ཀའི་སྒྲ་སྒྲོགས་ལའོ། །སྐྲ་གྲོལ་གཅེར་བུ་བདེ་བའི་ཉམས། །རྡོར་ཕྲེང་རྡོ་རྗེ་ཟུར་ཕུད་ལྡན། །གཡུང་དྲུང་འཁྱིལ་པས་སྨིན་མཚམས་ བརྒྱན། །སྔགས་གསུམ་གྱིས་བཀང་བྷ་གའོ། །དེ་སྙིང་པདྨོ་དམར་དབུས་སུ། །ཡེ་ཤེས་རྡོ་རྗེ་ཕྱག་རྒྱས་འཛིན། །བཾ་ཞེས་བྱ་བ་རྣམ་ཤེས་ཁྱིམ། །རྣམ་རྟོག་བསྡུས་དང་མི་རྟོག་གྲོལ། །གོ་རིམས་ཇི་བཞིན་ཇི་གནས་དང་། །ལྷག་མཐོང་རྣལ་འབྱོར་བསྒོམ་པར་བྱ། །དེ་ཚེ་དམིགས་པ་རང་དགའ་ དང་། །འཆིང་བ་ཞི་བས་བདེ་ཆེན་རྙེད། །འོད་ཟེར་བཞུ་བའི་སྦྱོར་བ་ཡིས། །སྣང་བ་ཐིམ་དང་སེམས་ཅན་ཐིམ། །ལུས་ཐིམ་སྲོག་ཐིམ་ནམ་མཁའ་ཡི། །རྣལ་འབྱོར་ཉི་ཟླ་ཟུང་དུ་འཇུག །དཔལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མི་ཏྲའི་གདམས་ པ་རྫོགས་སོ།། །།གནུབས་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་དྭ་ཡ་བྷྲ་ཏ་ར་ཡཀྵ་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གང་གི་བཀའ་སྡོད་འཇིགས་པའི་གཟུགས། །གཞོན་ནུ་ ཁྲོས་པ་རྔམས་པའི་ཚུལ། །གནོད་སྦྱིན་རྒྱལ་པོ་ནོར་སྦྱིན་དང་། །གྲགས་ཆེན་འཇིགས་པ་མཁས་པས་བསྒྲུབས། །དུར་ཁྲོད་ལ་སོགས་ཡ་ང་བར། །འཇིག་རྟེན་མགོན་པོའི་ལྟས་མཐོང་བས། །དེ་ཉིད་རིག་པ་དྲན་བྱས་ལ། །ཚར་གཅོད་རྗེས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་གཉིས་ཡང་དག་བསྒོམ། ། སྟོང་དང་སྙིང་རྗེ་དབྱེར་མེད་ལས། །རང་ཉིད་སྤྱན་རས་གཟིགས་ཁྲོར་བསྒོམ། །ཞབས་མཐིལ་འཁོར་ལོའི་ཧཱུཾ་གཉིས་ལས། །རི་རབ་བྱང་ནས་གནོད་སྦྱིན་དགུག །འདམ་སྐྱེས་ཐོད་པ་དབུགས་བྲལ་གྱི། །གདན་ནི་གཡས་དང་གཡོན་བསམས་ལ། །དེ་སྟེང་ཟར་མ་ལི་ཁྲིའི་མདོག །ཧཱུཾ་ལས་གནོད་སྦྱིན་ གཉིས་གཟུགས་བལྟ། །བསད་གྲི་ཙཏྟི་གཡས་དང་གཡོན། །དེ་བཞིན་རྔ་ཆེན་མགོ་ཕྱེད་འཛིན། །རུས་པ་རིན་ཆེན་སྟག་ལྤགས་བརྒྱན། །ཁྲོ་ཞིང་ཞི་ལ་རབ་ཏུ་མཛེས། །མཆོད་ཅིང་བྱིན་རླབས་དབང་བསྐུར་དང་། །རྒྱས་གདབ་བཀའ་ལ་གདགས་པ་དང་། །དམ་ཚིག་བརྗོད་ཅིང་བསྐུལ་བ་དང་། །ཐམས་ ཅད་བདག་པོའི་བཀའ་ཡིས་བྱ། །དཀར་དམར་བ་དན་གྱིས་མཚན་པའི། །དཀར་དམར་གཏོར་མ་གཉིས་བཤམས་ལ། །རང་སྔགས་འབྲུ་གསུམ་ལྡན་པ་ཡིས། །བདུད་རྩིར་བསྒྱུར་ལ་ཐོག་མར་སྦྱིན། །དེ་རྗེས་འགྲོ་ལ་ཕན་ཡིད་ཀྱིས། །ནོར་འཕེལ་གནོད་སྦྱིན་སྲོག་སྙིང་ནི། །སྙིང་གར་བཀོད་ལ་འདོད་པས་ བཟླས། །འོད་འཕྲོས་རིན་ཆེན་ཆར་ཕབ་བསམ། །ཨོཾ་ཨཱཿཧཱུཾ་ཀཾ་བཛྲ་ཀཱ་ལ་མ་ཧཱ་དྷ་ནཾ་ཧཱུཾ་ཕཊ་སྭཱ་ཧཱ། གནོད་སྦྱིན་ཀཱ་ལའི་སྙིང་པོའོ། །དེ་བཞིན་ཕྱོགས་བཅུར་གྲགས་འདོད་པས། །གཉིས་པའི་སྙིང་གར་འབབ་པའི་སྔགས། །ཕྱོགས་བཅུར་སྣང་བྱེད་གསལ་བྱས་ལ། །གང་འདོད་འདུན་པས་རིག་པ་ བཟླས། །ཨོཾ་ཨཱཿཧཱུཾ་བཾ་བཛྲ་པི་ཀ་ལ་མ་ཧཱ་ཀཱི་རྟི་ཧཱུཾ་ཕཊ་སྭཱ་ཧཱ། གནོད་སྦྱིན་བི་ཀ་ལའི་སྙིང་པོའོ། །ཡིག་འབྲུའི་གྲངས་ཀྱིས་ཁྲིར་བསྙེན་ལ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་སྔོན་འགྲོས། །མགོན་པོས་སྲོག་སྙིང་དབང་མཛད་དེ། །ལས་སྒྲུབ་སྔགས་ནི་དེ་རྗེས་སོ། །ཨོཾ་ཨཱཿཧྲཱིཿཤྲཱི་ཀཱ་ལ་མ་མ་དྷ་ན་པུཥྟིཾ་ཀུ་རུ་ ཡེ་ཧཱུཾ་སྭཱ་ཧཱ། །གནོད་སྦྱིན་ཀཱ་ལའི་ལས་སྔགས་སོ། །ཨོཾ་ཨཱཿཧྲཱིཿཤྲཱི་བི་ཀཱ་ལ་མ་མ་པྲ་སིདྡྷཾ་སྥ་ར་ཡེ་ཧཱུཾ་སྭཱ་ཧཱ། གནོད་སྦྱིན་བི་ཀ་ལིའི་ལས་སྔགས་སོ། །གལ་ཏེ་འདི་དག་ཁྲོ་བྱེད་ནས། །བསྒོ་བའི་ལས་མྱུར་མི་བྱེད་ན། །དཔའ་མོ་རལ་པ་གཅིག་ཁྲོས་པས། །བདུན་ཕྲག་བདུན་དུ་གཟིར་བར་བྱ། །སྒྲུབ་ པོ་རྣམས་ལ་ཕན་གདགས་ཕྱིར། །ཕྱི་ནང་རྙེད་གྲགས་སྒྲུབ་བྱེད་འདི། །རྐུན་པོས་རྙེད་པའི་ནོར་བཞིན་དུ། །འབད་དེ་གསང་བས་བསྒྲུབ་པར་བྱ། །དཔལ་གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས། །སློབ་དཔོན་ཨ་ཛི་མི་ཏྲས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་མི་ ཏྲ་ཨཱ་ནནྡའི་ཕྲིན་ལས་ཀྱི་ལྷའི་རིགས་གནུབས་ལོ་ཙཱ་བ་བྱམས་པ་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་ལ་ལོ་ཀཱ་ནཱ་ཐ་སཱ་དྷ་ན་ཨཱ་ལོ་ཀ་ནཱ་མ། བོད་སྐད་དུ། རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །རི་བོའི་མཆོག་ལ་རབ་ཏུ་རེག །སྔགས་ཀྱི་གཟུགས་ཀྱིས་རབ་ཏུ་ཤར། །དྲི་མེད་འོད་ཟེར་སྣང་བར་མཛད། །རང་བདག་དེ་ཉིད་འཕྲོ་བ་ཡི། །མ་ལུས་རིགས་ཚོགས་རྣམ་པ་ཅན། །སྲིད་པ་ཞི་མཛད་འཇིག་རྟེན་དབང་། །ནམ་མཁའ་ཡི་ནི་ ཉི་མ་སྟེ། །འོད་ཟེར་རབ་དམར་རྒྱལ་གྱུར་ཅིག །གཉིས་མེད་སྣང་བ་སྔགས་ཀྱི་བདག །ཟབ་ཅིང་རྒྱ་ཆེའི་ཚུལ་དང་ལྡན། །རིགས་དང་རིགས་བྱུང་རྣམ་གྲངས་ཀྱིས། །གདུལ་དཀའ་རྣམས་ནི་རྣམ་པར་གདུལ། །གང་དེའི་རྗེས་མཆོག་བདག་ཉིད་ཀྱིས། །རིག་ནས་ཁྱབ་བདག་རྣམས་ཀྱིས་གསལ། ། མ་ལུས་སེམས་ཅན་ཚོགས་རྣམས་ལ། །རྣམ་པར་དག་པས་ཚིམ་མཛད་པ། །སྔགས་ཆེན་སྙིང་པོའི་ཚུལ་འཛིན་པའི། །བླ་མ་དེ་ནི་རྒྱལ་གྱུར་ཅིག །དཔལ་ལྡན་རྗེ་བཙུན་བྷྲྀངྒ་རས། །ཡང་དག་བདུད་རྩི་ཆ་རྟོགས་ནས། །དེ་མཁྱེན་རྗེས་རྟོགས་ལས་བྱུང་བའི། །གསུང་གིས་ཡོངས་སུ་ལེགས་པར་ འགྲོ། །དཔལ་ལྡན་འཇིག་རྟེན་རིགས་དབང་སྒྲས། །དེ་ཉིད་བརྒྱད་ཅུ་རྩ་ལྔ་མཆོག །དེ་དོན་རྣམ་འགྲེལ་རབ་ཏུ་གསལ། །དེ་ཉིད་གསུམ་གྱི་རིམ་པ་སྦྱོར། །རང་གི་རྗེས་རྟོགས་སྣང་བ་ཡིས། །སྒྲུབ་ཐབས་སྣང་བ་བདག་གིས་བརྗོད། །དང་པོར་པདྨའི་རིགས་དོན་ཤེས། །སློབ་མའི་གང་ཟག་རྣམ་ པར་བརྟག །འཇིག་རྟེན་སྤྱོད་པ་རྣམ་སྤངས་ཤིང་། །སེམས་ཉིད་དག་པས་མཉམ་གཞག་པ། །བླ་མ་དམ་པའི་མན་ངག་ཐོབ། །ཏིང་འཛིན་བདེ་བ་ཕུན་སུམ་ཚོགས། །ཤིན་ཏུ་བདེ་བའི་ངོ་བོ་ཉིད། །བག་ཆགས་དང་ནི་ཆགས་པ་སྤངས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཤེས། །བརྩེ་བའི་བདུད་རྩིས་ ཡོངས་སུ་གང་། །དེ་འདིར་འཇིག་རྟེན་དབང་ཕྱུག་གིས། །ཚུལ་ལྡན་པདྨའི་རིགས་ལས་བྱུང་། །འདི་ཡིས་སྤོབས་པ་རབ་ཐོབ་ནས། །སྒྲུབ་པ་པོ་ཡིས་དབེན་པའི་ཕྱོགས། །འཇིག་རྟེན་རིགས་དབང་བདག་ཉིད་ཀྱི། །མཚུངས་མེད་སྔགས་ནི་བརྩམ་པར་བྱ། །སྔོན་དུ་ཐུགས་ཀར་ཆུ་སྐྱེས་དམར། །ཟླ་ བའི་དཀྱིལ་འཁོར་དབུས་སུ་ནི། །ཉིད་ཀྱི་ས་བོན་ལས་བྱུང་བའི། །རིགས་ལྔ་འོད་ཟེར་རབ་འཕྲོ་བར། །བསྒོམ་བྱ་དེ་འོད་སྣང་བ་ཡིས། །སྐུ་ལ་སོགས་པ་རྗེས་སུ་དྲན། །དེ་ནས་ཐུགས་པད་ལས་བྱུང་བའི། །བ་སྤུའི་ཁུང་ནས་འོད་འཕྲོས་པས། །འོད་ཟེར་ནམ་མཁའི་ཁམས་སུ་གནས། །མཐའ་ཡས་ རྒྱལ་བ་རྣམ་བལྟ་ཞིང་། །བླ་མ་ཡི་དམ་དཀྱིལ་འཁོར་ལ། །དེ་མཆོད་འོད་ཟེར་ལྷ་རྣམས་ནི། །སྤྲོ་བྱ་དེ་ཡིས་ཀུན་ནས་གང་། །གུས་པས་ཐལ་མོ་སྦྱར་བར་བྱ། །དཀོན་མཆོག་གསུམ་ལ་བདག་སོགས་ཞེས། །ཚིགས་བཅད་དམ་པ་ལན་གསུམ་བརྗོད། །དེ་ནས་སེམས་ཅན་ལ་ཕན་བྱམས། །གཞན་ དོན་ངེས་དགའ་སྙིང་རྗེ་དང་། །འགྲོ་རྣམས་བདེ་ཕྱིར་དགའ་བ་དང་། །འགྲོ་བའི་སྐྱོན་ལ་བཏང་སྙོམས་བསྟེན། །རང་ཉིད་ཕྱི་ནས་འདི་ཀུན་ལ། །མཁས་པས་བསམ་པར་མི་བྱའོ། །ཕྱི་རོལ་དུ་ནི་དེ་མི་འཐོབ། །སད་དང་རྨི་ལམ་ཉམས་མྱོང་ལས། །བག་ཆགས་ས་བོན་འབའ་ཞིག་གིས། །འདུ་བྱེད་ཁམས་ གསུམ་འགྲོ་བར་བྱེད། །སོ་སོར་སྣང་བ་རྣམ་སྤང་ནི། །སེམས་ལ་དེ་བཞིན་གསལ་བ་མིན། །དེ་ཕྱིར་བདེན་མེད་གྱུར་པ་ཡིས། །འགྲོ་བ་འདི་རྣམས་རང་བཞིན་མེད། །སྲིད་གསུམ་གནས་ཀྱི་སྒྲིབ་ཀུན་ལས། །ངེས་པར་གྲོལ་བར་བསྒོམ་པར་བྱ། །ཉི་མས་མུན་པ་ངེས་བཅོམ་ལྟར། །དྲི་མེད་ནང་དུ་རྣམ་ པར་བལྟ། །བྱང་ཆུབ་སེམས་ནི་གསལ་བྱས་ནས། །བྱང་ཆུབ་སྐུ་ནི་རབ་ཏུ་འཐོབ། །མ་རིག་ལས་སྐྱེས་ང་རྒྱལ་དང་། །དེ་སྐྱེས་ཕུང་པོ་དེ་བདག་ཉིད། །ཡང་དག་སྤྱད་པར་བྱ་བའི་ཕྱིར། །གང་ལ་སྔགས་ནི་བརྗོད་པར་བྱ། །མཚམས་སྦྱོར་ལུང་བསྟན་ལས་གསུངས་པའི། རིགས་དྲུག་པ་ཡི་རང་བཞིན་ཉིད། ། ཚིག་དྲུག་པ་ཡི་སྔགས་འདི་ཡིས། །དེ་ནི་བྲི་བར་ཤེས་བྱ་སྟེ། །དང་པོ་འདི་ལ་ཨོཾ་ཞེས་གཅིག །སྟོང་པ་ཉིད་ནི་གཉིས་པ་སྟེ། །གསུམ་པ་ཡེ་ཤེས་ཞེས་གསུངས་ཏེ། །བཞི་པ་ལ་ནི་རྡོ་རྗེ་ཞེས། །ལྔ་པ་རང་བཞིན་ཉིད་དུ་བཤད། །དྲུག་པ་ང་རྒྱལ་ཉིད་དུ་བརྗོད། །དེ་ནས་བག་ཆགས་ས་བོན་ལས། ། སངས་རྒྱས་ཉིད་ཀྱི་འབྲས་བུར་སྒྲུབ། །སྔགས་པས་གཉིས་མེད་ཡིད་དེ་ཡིས། །ཁམས་གསུམ་པོ་ནི་རྟོགས་པར་བྱ། །སྒྱུ་མའི་སྤྲུལ་པ་དཔག་མེད་རྣམས། །ཕྱི་རོལ་དུ་ནི་དམིགས་པར་བྱ། །པད་ཉིའི་དཀྱིལ་འཁོར་ས་བོན་ལས། །སྐྱེས་ཤིང་ཁྲོ་བོའི་འོད་ཟེར་འགྱེད། །བགེགས་ ལ་བསྒོ་ཞིང་དེ་ནས་ནི། །དེ་ཡི་དབུས་ལ་རྡོ་རྗེའི་གུར། །ནམ་མཁའི་དབྱིངས་སུ་ཤིན་ཏུ་དཀར། །སྟེང་དུ་ས་བོན་ལས་སྐྱེས་པའི། །ཆུ་སྐྱེས་དམར་པོའི་ཟེ་འབྲུ་བཞིན། །བརྩེ་བས་ཆགས་ཤིང་འོད་དམར་གསལ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བདག །ཧྲཱིཾ་གི་ས་བོན་འོད་ལྕགས་ཀྱུས། །རང་ཉིད་ བསྒོམ་ཞིང་བསམ་པར་བྱ། །བསམ་གཏན་རང་བཞིན་ཡང་དག་ལྡན། །སྐད་ཅིག་ཉིད་ཀྱིས་རྫོགས་བྱང་ཆུབ། །གཟུགས་ལས་ཞལ་ནི་གཅིག་གྱུར་པ། །རྡོ་རྗེ་གསུམ་གྱི་ཐབས་ཐོབ་ཕྱིར། །དེ་ཉིད་གསུམ་དང་ཡང་དག་ལྡན། །འགྲོ་བ་གསུམ་ཟད་སྙིང་ག་མིག །སྔགས་གསུམ་ས་བོན་དགོད་པར་བྱ། ། གང་ལས་སྤྱན་ནི་གསུམ་གྱུར་པ། །འོད་དཔག་མེད་ཀྱིས་དབུ་བརྒྱན་པ། །ཞི་བ་ལ་སོགས་ལས་མཛད་ཅིང་། །རོལ་པ་ལས་ནི་ལྷ་ཡི་མཆོག །བདུད་བཞིའི་དགྲ་ནི་འདུལ་མཛད་ལས། །ཕྱག་ནི་བཞི་ཡིས་རྣམ་པར་བརྒྱན། །དམ་ཆོས་བདུད་རྩི་སྦྱིན་པའི་ཕྱིར། །ཕྱག་ན་རིན་ཆེན་རབ་ཏུ་ བརྐྱང་། །གདུག་པ་འགུགས་ཕྱིར་ཕྱག་གཡས་ན། །པདྨ་ལྕགས་ཀྱུ་གྱེན་དུ་འཕྱར། །པདྨའི་ཕྱག་དང་ཞགས་པས་མཚན། །ཕྱག་རྒྱ་གཅིག་སྦྱོར་རྒྱ་ཡིས་གདབ། །གྲོལ་བ་ནོར་བུའི་དཔལ་གྱིས་འཁྱུད། །མུ་ཏིག་ནོར་བུས་རྣམ་པར་བརྒྱན། །རྫོགས་པའི་བྱང་ཆུབ་བརྟན་པ་ཐོབ། ། སེམས་དཔའི་སྐྱིལ་ཀྲུང་ལེགས་པར་བཞུགས། །ཕྱག་རྒྱའི་པདྨ་མཉམ་སྦྱོར་ལས། །འདོད་ལྷ་དང་མཚུངས་གཟི་བརྗིད་དང་། །སྒེག་པའི་ཉམས་ལས་སྐྱེས་པའི་ཕྱིར། །རྣལ་འབྱོར་མ་རྣམས་ཐུགས་ནི་དགའ། །དངོས་ཀུན་གཅིག་གི་གཟུགས་ཉིད་ཕྱིར། །སྣ་ཚོགས་གཟུགས་ཀྱི་སྐུ་འཛིན་ པ། །ཉོན་མོངས་ཆེན་པོའི་དགྲ་འཇོམས་པའི། །དཔའ་བོའི་དབང་ཕྱུག་འཇིགས་ཆེན་པོ། །རྣལ་འབྱོར་མ་རྣམས་ཡེ་ཤེས་ཆུས། །དབང་བསྐུར་དེ་ཡི་སྟེང་དུ་གང་། །སྙིང་གའི་ས་བོན་ལྕགས་ཀྱུ་ཡིས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་བཞིན་ཡེ་ཤེས་གཅིག་གནས་པའི། ། སྔགས་ཀྱི་དེ་ཉིད་རབ་གསལ་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རང་བཞིན་བྲལ་ཞིང་མཚན་ཉིད་གཅིག །ཟབ་དང་བརླིང་བའི་བཀོད་པ་རྣམས། །བླ་མའི་ཞལ་གྱིས་བརྗོད་པར་བྱ། །དེར་གྱུར་མཆོག་གི་ངག་གཟུགས་རྣམས། །སྲོག་གི་ཤིང་རྟ་སྟེང་དུ་འགྲོ། །ཀུན་རྫོབ་དོན་གྱི་བྱ་བྱེད་ རྣམས། །ཡི་གེའི་རྣམ་པ་ཉིད་ལས་ཐོབ། །ཧ་ཡིག་མཐའ་ལ་ཚེག་དྲག་བཅས། །རི་གཅིག་གཞན་ནི་ཧ་ཡུ་དང་། །རྫས་གསུམ་ས་བོན་གསུམ་པོ་ནི། །བརྒྱད་ཅུ་ལྔ་ལས་བསྡུ་བ་གསུངས། །བསྐྱེད་པའི་རིམ་པ་འདི་ཡིས་ནི། །རང་ལུས་ལྷ་སྐུའི་བདག་ཉིད་དོ། །ལྷ་དང་སྔགས་དང་དབྱེར་མེད་ ཅིང་། །སྔགས་ཀྱི་དེ་ཉིད་བསམ་གཏན་བྱ། །དེ་ཡི་མཐའ་ལ་དེ་བརྡ་ཡི། །གནས་ལ་ལྷ་ཡི་སྐུ་རུ་བསྒོམ། །བླ་མའི་མན་ངག་བཀའ་སྩལ་གསུངས། །བདག་གིས་དེ་ཉིད་རྗེས་སུ་མྱོང་། །སྔགས་དང་ཕྱག་རྒྱའི་སྐུ་ལ་འཁྱུད། །དང་པོར་མཚན་ཉིད་དེ་བཞིན་སྒྲུབ། །གཉིས་གསུམ་གཞན་དག་དེ་ སྤངས་ནས། །བདེ་ཆེན་དེ་ལ་ཀུན་ཁྱད་འཕགས། །དེ་བཞིན་ལྟེ་བའི་པད་མཐར་ཡང་། །སྐུ་གསུང་ཐུགས་རྣམས་གསལ་བ་ཡིས། །གཟུང་དང་འཛིན་པའི་རྟོག་པ་ཡི། །མཚན་མ་རྣམས་ཀྱིས་མ་མཚན་པ། །དེ་ཐོབ་རོ་གཅིག་ཉམས་མྱོང་གནས། །སྙིང་གའི་འཁོར་ལོའི་དབུས་སུ་འགྲོ། །བསྒོམ་ བྱའི་མཆོག་གི་ཕ་རོལ་ཕྱིན། །ཟླ་བ་ཁུ་བའི་འོད་རབ་གསལ། །དེ་མཐར་ལོངས་སྤྱོད་རྫོགས་པ་ཐོབ། །གསལ་བར་ཐོབ་པ་ཁུ་བའི་བདག །བདེ་ཆེན་གནས་སུ་འགྲོ་བར་བྱེད། །ནམ་མཁའི་ཕྱག་རྒྱ་མཆོག་ལ་བརྟེན། །ལྷན་ཅིག་སྐྱེས་ཆེན་གནས་ཞི་བའི། །རང་གི་དོན་ནི་ཡང་དག་རིག །ཟག་པ་ ཀུན་ལས་རྣམ་པར་གྲོལ། །དཔེར་ན་སྤྲིན་མེད་ནམ་མཁའ་བཞིན། །དེ་ནས་སྨོན་ལམ་གདབ་བྱ་གང་། །གཞན་གྱི་དོན་དུ་རབ་ཏུ་གྲགས། །དེ་ཡི་རང་བཞིན་ཀུན་རྫོབ་ཀྱི། །སྔགས་ཀུན་ཡིད་ཀྱིས་བཟླས་པར་བྱ། །བདག་མེད་ཆེན་པོ་དེ་ཉིད་མཆོག །ཕུང་པོའི་བུད་ཤིང་ཡང་དག་སྲེག ། ཆགས་སོགས་ས་བོན་སྦྱིན་སྲེག་བྱ། །ཕྱི་རོལ་ཚོགས་ཀྱང་སྦྱོར་བ་ལས། །པདྨའི་ཕྱག་རྒྱ་ནམ་མཁའ་ཡི། །ཕྱག་རྒྱ་རྣམ་རྒྱས་འོད་རབ་གསལ། །འཇིག་རྟེན་དབང་ཕྱུག་སྣང་བ་ནི། །ཤེས་བྱ་སྤྱོད་ལམ་གཏོར་མ་བཏང་། །བདག་གི་དེ་ཉིད་ཅེས་བཤད་པ། །བསྐྱེད་པའི་རིམ་པ་སྦྱོར་བ་ ལས། །དེ་ཡི་དེ་ཉིད་གོམས་བསྟན་ནས། །སྣ་ཚོགས་པ་ཡི་རྐྱེན་ནི་མཐོང་། །འདི་ནི་རིགས་ལྔའི་རྣམ་པ་ཡི། །མངོན་རྫོགས་བྱང་ཆུབ་བསྒོམ་པར་བྱ། །རིག་པ་ཉིད་དུ་གསུངས་པ་ཡང་། །ད་ནི་ལྷ་ཡི་དེ་ཉིད་བརྗོད། །རིན་ཆེན་ཆེན་པོའི་ཡོན་ཏན་ཁྱིམ། །ཡེ་ཤེས་ཡིད་བཞིན་ནོར་ བུ་གསལ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་སྐུ། །འོད་ཟེར་ཁ་དོག་རྣམ་ལྔ་བརྟེན། །ཞི་བའི་དོན་གསུངས་བྱང་ཆུབ་ནི། །རྣམ་སྣང་དཀར་པོ་འོད་དང་ལྡན། །བདག་ཉིད་གསུང་བ་རང་བཞིན་མེད། །གཏི་མུག་ཆེན་པོའི་རིགས་ཀྱི་བདག །དབང་དགུག་དག་ལ་དམར་པོ་སྟེ། །འོད་དཔག་མེད་ དང་མཚུངས་པའི་འོད། །སེམས་ཅན་དྲང་ཕྱིར་སྙིང་རྗེ་ཅན། །འདོད་ཆགས་ཆེན་པོའི་རིགས་ཀྱི་བདག །སྔོ་སེར་དམར་བ་ཞེ་སྡང་སྟེ། །དོན་ཡོད་གྲུབ་པ་དང་མཚུངས་འབར། བདག་གིས་དེ་ཉིད་བྱས་ནས་ནི། །རྣམ་པར་ཞེ་སྡང་སྐྱེ་བོ་འགུགས། །སེམས་ཅན་དོན་ཕྱིར་རྒྱ་ཆེན་ཉིད། །ཕྲག་དོག་ཆེན་ པོའི་རིགས་ཀྱི་བདག །བདུད་དགྲ་འཇོམས་པ་ནག་པོ་སྟེ། །མི་བསྐྱོད་པ་ནི་ནམ་མཁར་གནས། །འཁོར་བའི་རྩ་དོན་སྤྲོ་བ་ཡི། །ཞེ་སྡང་ཆེན་པོའི་རིགས་བདག་ཉིད། །མཐོ་རིས་ལ་སོགས་རེངས་བྱེད་སེར། །རིན་ཆེན་འབྱུང་ལྡན་དང་མཚུངས་སོ། །ཕྱག་རྒྱ་རྣམས་བརྟེན་གཞན་དོན་གྱིས། ། ང་རྒྱལ་ཆེན་པོའི་རིགས་ཀྱི་བདག །དེ་བཞིན་ཁྱོད་ཀྱིས་དགའ་བ་ཆེ། །ཡེ་ཤེས་ལྔ་ཡི་རྣམ་དབྱེའོ། །དེ་ནི་དག་པའི་གཞི་ལ་བྲི། །རིགས་དང་ཁ་དོག་ཉམས་དང་ལྡན། །ཕྱག་མདོག་དབུ་རྒྱན་ཕུན་སུམ་ཚོགས། །སྔོན་བཞིན་མཚན་མ་བསྟེན་ལ་བརྟེན། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་ བདག །གང་གི་ལས་ཀུན་འདི་ཡིས་སོ། །བརྒྱད་ཅུ་ལྔ་གསལ་ཁྲི་ཤིང་འབྲས། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་སྤྱོད། །དེ་ཕྱིར་གཅིག་ཏུ་བསམ་གཏན་དགའ། །རྣལ་འབྱོར་རོལ་པས་ཀུན་དུ་ཆགས། །བླ་མར་གུས་པའི་ཁུར་གྱིས་བཀུར། །དེ་ཤེས་དེ་བཞིན་རབ་གསལ་བྱ། །བླ་མ་ དང་ནི་སློབ་མ་དག །གཞན་དུ་དམ་ཚིག་ཉམས་པར་འགྱུར། །འདི་ནི་མ་ཧི་མ་ཞེས་པའི། །བསྒོམ་པ་གོམས་པའི་གསུང་གིས་བྲིས། །འདིར་བསྡུས་མཛེས་པར་གྱུར་པ་ཡིས། །བླ་མ་ལས་འོངས་ཐོབ་པ་ཡིས། །རྒྱལ་བའི་ཚུལ་གྱིས་རིགས་དེ་ཉིད། །རང་གིས་རྗེས་མྱོང་གཅིག་ཏུ་ རིགས། །འཇིག་རྟེན་མཐའ་དག་དེ་ཡིས་ནི། །རྫོགས་པའི་བྱང་ཆུབ་མཆོག་ཐོབ་ཤོག །དཔལ་ལྡན་རྗེ་བཙུན་རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་རྗེ་བཙུན་མ་ཧི་མས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་དྷ་ར་དང་། ཡར་ལུངས་པ་གྲགས་པ་རྒྱལ་ མཚན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་ཤི་ཀཱ་ཊི་པི་ནི། བོད་སྐད་དུ། ལྔ་བཅུ་པའི་བཤད་པ། དཔལ་ལྡན་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་བ་ལ་སོགས་འགྲོ་རྣམས་སྡུག་བསྔལ་མཐའ་ དག་འདི་ཡིས་དང་པོར་བཅོམ། །སླར་ཡང་དེ་རིང་དེ་བཞིན་མ་འོངས་རབ་གསལ་འཁོར་ལོ་གསུམ་ལ་ཁྱབ་གྱུར་པ། །ཤེས་རབ་པདྨར་ཤར་བས་ལྷན་ཅིག་སྐྱེས་པའི་དགའ་བ་རབ་ཏུ་གསལ་གྱུར་པའི། །དྲི་མེད་འཇིག་རྟེན་མགོན་ལ་ཕྱག་འཚལ་ནས་ནི་ལྔ་བཅུ་པ་ནི་རབ་བཤད་བྱ། །དེ་ནས་ འདི་ནི་ཞེས་པ་ལ་སོགས་པའི་དེ་ནས་ཞེས་པའི་སྒྲ་ནི་གཞུང་རྩོམ་པ་སྟེ། དེའི་མཐར་ཞེས་རིག་པར་བྱའོ། །འདི་ནི་ཞེས་པ་ནི་འཆད་པར་འགྱུར་བའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོའི་སྔགས་རབ་ཏུ་བཤད་པར་བྱའོ་ཞེས་འབྲེལ་ལོ། །དེ་བཞིན་དུ་རྣམ་པ་ནི་སྔགས་སོ། །མཆོག་ཏུ་ ཞེས་པ་ནི་དོན་དམ་པའི་བདེན་པའི་ངོ་བོ་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་དུ་གསང་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཡང་དག་རྨོངས་ཞེས་པ་ནི་འཇིག་རྟེན་པ་ནི་མུ་སྟེགས་པ་རྣམས་སོ། །དེ་རྣམས་ཡང་དག་རྨོངས་ པ་ནི་རང་གི་གྲུབ་པའི་མཐའི་སེམས་མེད་པར་བྱེད་པ་དེ། དེའི་ཕྱིར་ཡང་གང་དག་རྨོངས་པར་འགྱུར་བ་ནི་དེའི་སེམས་པར་འགྱུར་བའོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། དེའི་ཕྱིར་ཡང་དག་རྨོངས་པའོ། །གང་གི་ཕྱིར་རིགས་དང་རིགས་བྱུང་མངོན་བརྗོད་པ་ནི་འཆད་པར་འགྱུར་བའི་ཕྱིར་ གང་ལས་མུ་སྟེགས་པའི་གྲུབ་མཐའི་ཕྱིར། རིགས་དང་རིགས་ལས་བྱུང་བའི་རྣམ་པར་གཞག་པ་སྟེ། དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱིས་དེའི་ལུགས་ཀྱིས་དེ་བཞིན་དུ་གདུལ་བྱར་གྱུར་པ་སྣ་ཚོགས་པའི་གདུལ་བྱ་གདུལ་བའི་ལུགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། ཡང་དག་ པའི་བཞེད་པས་སོ་ཞེས་སོ། །དེའི་ཕྱིར་གང་ལས་མུ་སྟེགས་པ་རྣམས་རིགས་དང་རིགས་ལས་བྱུང་བའི་སྒྲ་ཐོས་ནས་དེ་ལས་འདིར་བཅོམ་ལྡན་འདས་ལ་དད་པ་སྐྱེ་བར་འགྱུར་ཞིང་། དད་པ་ལས་མན་ངག་ལ་རབ་ཏུ་འཇུག་པར་འགྱུར་ཏེ། བདག་ཉིད་ཆེན་པོའི་ཁྱད་པར་ཡོངས་ སུ་ཤེས་ནས་རང་གི་གྲུབ་པའི་མཐའ་ལོག་པར་ལྟ་བ་ཡོངས་སུ་སྤངས་ཏེ་ཡང་དག་པའི་ཚུལ། བདེ་བར་གཤེགས་པའི་ལམ་ལ་རབ་ཏུ་ཞུགས་པར་གྱུར་ནས་བྱང་ཆུབ་ཆེན་པོའི་ཚོགས་སོགས་པར་འགྱུར་ཏེ། དེ་ཉིད་བཅོམ་ལྡན་འདས་ཀྱིས་འདུལ་བའི་ཐབས་སོ། །དེའི་ཕྱིར། རིགས་དང་རིགས་ བྱུང་མངོན་བརྗོད་པས། །འཇིག་རྟེན་ཡང་དག་རྨོངས་པ་ཉིད་ནི་སྔགས་ཏེ། རིགས་ཀྱི་འཇིག་རྟེན་མགོན་པོའི་ངོ་བོ་ཉིད་ཀྱིས་བཤད་པར་བྱའོ་ཞེས་པ་ནི་འབྲེལ་པའོ། །འདི་ནི་དྲང་བའི་དོན་ནོ། །ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ། སྔགས་ནི་མནྟྲ་ཞེས་པ་སྟེ་སྐྱོབ་པར་འགྱུར་བའི་ཕྱིར་མནྟྲ་ ཞེས་བརྗོད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནི་སྔགས་སོ། །རབ་བཤད་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །དེའི་ཕྱིར་ཡང་ན་ཐིག་ལེ་ལྷན་ཅིག་སྐྱེས་པའི་ངོ་བོ། ཨ་ཐའི་ཨ་ཡིག་བཅོམ་ལྡན་འདས་མ་ཤེས་རབ་སྟེ། དེའི་ཕྱིར་ཕུལ་དུ་བྱུང་བའི་ ཤེས་པ་ནི་ཤེས་རབ་སྟེ། ཤེས་རབ་འདི་ཡང་ཕུལ་དུ་བྱུང་བའི་ཡེ་ཤེས་བདག་མེད་པའི་ངོ་བོ་རང་བཞིན་མེད་པ་ཞེས་བཤད་དོ། །ཡང་ན་ཨའི་ཡི་གེ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱའོ། །ཐ་ཡིག་ནི་བཅོམ་ལྡན་འདས་ཉིད་དེ་ཐབས་སོ། །ཅིའི་ཕྱིར་གསུངས་ན། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ ཅེས་བྱ་བའི་དོན་ནོ། །ཐིག་ལེ་ཁུ་བའི་ཚུལ་གྱིས་ཐབས་ཀྱི་ངོ་བོ་ཉིད་དོ། །འདིར་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །འདི་ནི་ཞེས་པའི་ཨ་ཡིག་ནི་དབང་ཕྱུག་གོ། །དམ་པ་ཨི་དཾ་ཞེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དབང་ཕྱུག་སྟེ། དམ་ པ་ནི་སྟེར་བར་བྱེད་པའི་ཕྱིར་རོ། །ཨི་དཾ་ནི་འདི་ནའོ། །པ་ར་མ་ཞེས་པའི་པཾ་ནི་པདྨ། དེ་ལས་རྩེ་བར་བྱེད་དེ། ར་མི་ཀྲ་ཌཱ་ཡཾ་ཞེས་པའི་ཁམས་ལས་ཤེས་རབ་ཀྱི་ཆོས་འབྱུང་དུ་རོལ་པའོ། །དེའི་ཕྱིར་གསང་བ་ནི་གསང་བའི་འཁོར་ལོ་ལ་གནས་པ་ཉིད་དོ། །འཇིག་རྟེན་ཡང་དག་རྨོངས་པ་ཞེས་པའི་ འཇིག་རྟེན་གྱི་སྒྲ་ནི་དབང་པོ་རྣམས་སོ། །དེ་རྣམས་ཡང་དག་པར་རྨོངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཐོབ་པའི་མཐར་དབང་པོ་རྣམས་འགག་པའི་ཕྱིར་རོ། །མཆོག་ཅེས་པ་ནི་རབ་ཏུའོ། །རིགས་དང་རིགས་བྱུང་མངོན་བརྗོད་པས་རིགས་ཀྱི་སྒྲས་འབྱུང་བ་ཆེན་པོ་ལྔར་གྱུར་པའི་དེ་བཞིན་ གཤེགས་པ་ལྔའི་ངོ་བོའོ། །དེ་ལས་བྱུང་བའི་ཕྱིར་རིགས་ལས་བྱུང་བའོ། །དེའི་ཕྱིར་རྡོ་རྗེ་དང་པདྨ་སྦྱར་བ་ལས་སྲ་བར་གྱུར་པའི་སྲ་བ་ནི་སའི་ངོ་བོར་གྱུར་པའི་རྣམ་པར་སྣང་མཛད་ཉིད་དོ། །དེའི་རྗེས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡང་ཁུ་བའི་ངོ་བོ་ཉིད་ཆུའི་ཁམས་ཀྱི་ངོ་བོ་མི་བསྐྱོད་པའི་ངོ་བོ་ ཉིད་དོ། །རྡོ་རྗེ་དང་པདྨ་གཉིས་པོ་ཡང་དག་པར་སྦྱར་བ་ལས་མེ་སྐྱེ་བར་འགྱུར་ཏེ་ཆགས་པའི་མེ་ལས་སྐྱེས་པའོ། །དེ་ཡང་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དོ། །དེ་ནས་ཤེས་རབ་ཀྱི་ཆོས་འབྱུང་དུ་བྱང་ཆུབ་ཀྱི་སེམས་ཡང་དག་པར་འབབ་པ་དེ་ནི་རླུང་གི་དབང་ལས་སོ། །རླུང་ཡང་དོན་ཡོད་ གྲུབ་པའི་ངོ་བོ་ཉིད་དོ། །དེ་ནས་ཡང་ཤིན་ཏུ་དགའ་བའི་མཚན་ཉིད་ཆགས་པ་ཡང་དག་པར་སྐྱེས་པའི་བདེ་བ་ལ་ཆགས་པ་ནི་ནམ་མཁའི་ངོ་བོ་ཉིད་དེ། །དེ་ཡང་རིན་ཆེན་དབང་པོའི་ངོ་བོ་ཉིད་དོ། །དེ་ཉིད་འབྱུང་བ་ཆེན་པོ་ལྔའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་རྣམས་སུ་འགྱུར་བའི་ཕྱིར་རོ། ། དེའི་རིགས་མངོན་པར་བརྗོད་པའི་སྒྲས་རིགས་ཀྱི་འཇིག་རྟེན་མགོན་པོའི་ངོ་བོ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བཤད་པར་བྱའོ། །དམ་ཚིག་སྤྱོད་པ་ཞེས་པ་ལ་སོགས་པའི་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཡིས་ལྷན་ཅིག་སྤྱོད་པ་ནི་སྦྱོར་བའོ། །དེ་རྣམས་དང་ངེས་ པར་བྲལ་བ་སྟེ། འདིར་དམ་ཚིག་གི་ཕྱག་རྒྱ་ནི་ཀུན་རྫོབ་ཀྱི་ངོ་བོ་ཉིད་དོ། །འདིར་དོན་དམ་པའི་བདེན་པའི་ངོ་བོ་ཉིད་ནི་ཕྱག་རྒྱ་ཆེན་མོ་དེ་ཉིད་གཟུང་བའི་ཕྱིར་རོ། །བྱ་བ་དུས་ཞེས་པ་ལ་སོགས་པའི་བྱ་བ་ནི་བྱེད་པ་པོ་དང་། དུས་ནི་དུས་ཚོད་དེ་དག་ལས་རྣམ་པར་གྲོལ་བ་ཉིད་ནི་དོན་དམ་པའི་ བདེན་པའོ། །དེ་ཉིད་གསུམ་ལྡན་ཡང་དག་ལྷ། །ཞེས་པའི་དེ་ཉིད་གསུམ་ནི་སྔགས་ཀྱི་དེ་ཉིད་དང་། བདག་གི་དེ་ཉིད་དང་། ལྷའི་དེ་ཉིད་དེ། དེ་རྣམས་དང་ཡང་དག་པར་ལྡན་པའི་ལྷ་ནི་རྩའི་འཁོར་ལོ་ཐམས་ཅད་དུ་ཐིག་ལེ་རོལ་པ་སྟེ། དེ་བུ་ཀྲི་ཌཱ་ཡཾ་ཞེས་པའི་ཁམས་ལས་འཇིག་རྟེན་དབང་ པོ་རྣམས་ལ་ཁྱབ་པའོ། །མགོན་ནི་འཇིག་རྟེན་མགོན་ནོ། །འགྲོ་བ་ནི་ལུས་ངག་ཡིད་ཀྱི་ངོ་བོ་ཉིད་དབང་དུ་བྱེད་པ་སྟེ། བདག་པོ་ནི་འགྲོ་བའི་བདག་པོའོ། །འདོད་པའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་འདོད་པ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་ལྔའི་རང་བཞིན་དེ་བཞིན་ གཤེགས་པའི་བདག་པོ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དབང་ཕྱུག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས་བདེ་བ་དམ་པར་བྱེད་པའི་ཕྱིར་འདོད་པའི་ལྷའོ། །མཐོང་དང་མ་མཐོང་འབྲས་རབ་སྟེར། །ཞེས་པའི་མཐོང་བ་ནི་འདིའི་འབྲས་བུའོ། །མ་མཐོང་བ་ནི་འཇིག་རྟེན་ཕ་རོལ་ཏེ། གཉིས་ཀའི་འབྲས་བུ་རབ་ ཏུ་སྟེར་བའི་ཕྱིར་རོ། །དེའི་བདག་པོ་ནི་བཅོམ་ལྡན་འདས་སོ། །སྔགས་ནི་བླ་མའི་ཞལ་ལ་གནས། །ཞེས་པ་ནི་བླ་མའི་ཞལ་ལས་བླང་བར་བྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དེ་པོ་ཏི་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། བླ་མའི་ཞལ་ལས་བླང་བར་བྱའོ་ཞེས་པའི་དོན་ཏོ། །ད་ནི་ སྔགས་རབ་ཏུ་བཤད་པར་བྱ་སྟེ། དྲག་ཆེན་ཞེས་པ་ལ་སོགས་པའི་དྲག་ཆེན་གྱི་སྒྲས་ཧ་ཡིག་ཏུ་བརྗོད་པར་བྱ་སྟེ། ཧེ་རུ་ཀའི་ཨཥྚ་དགོད་པའི་ངོ་བོ་ཉིད་ཀྱི་ཧའི་ཡི་གེའོ། །འཇིགས་བྱེད་ལུས་ཀྱི་སྒྲས་ར་ཡིག་གོ། །ལྔ་པའི་ཐིག་ལེའི་སྒྲས་ཨཱི་ཡིག་གོ། །རྣམ་གཅོད་དང་པོ་ཡང་དག་ལྡན་ནི་དེ་ལ་པོ་ ཏིའི་རིམ་པ་ནི་ཨཿཞེས་པ་ནི་རྣམ་པར་གཅོད་པའོ། །དེའི་དང་པོ་ནི་ཐིག་ལེའོ། །དེ་དང་ཡང་དག་ལྡན་པ་ནི་ཧྲིའོ། །བླ་མ་བརྒྱུད་པའི་རིམ་པས་རྣམ་པར་བཅད་པ་ནི་ཀ་ཡིག་གོ། །དེའི་དང་པོ་ནི་ཚེག་དྲག་གོ། །དེ་དང་ཡང་དག་པར་ལྡན་པ་ནི་ཧྲཱིཿཞེས་སོ། །ཆེན་པོ་ལྔ་པའི་ལྔ་པ་ནི་མ་ཧཱའི་སྒྲས་ ཧཱ་ཡིག་གོ། །ལྔ་པའི་སྒྲས་དབྱངས་རྣམས་ཀྱི་ལྔ་པ་ཨུ་ཡིག་སྟེ། དེ་དང་ལྡན་པའོ། །ལྔ་པ་གཉིས་པའི་སྒྲས་སྡེ་པ་ལྔ་པའི་ལྔ་པ་མ་ཡིག་སྟེ་དེ་དང་ལྡན་པ་ནི་ཧཱུཾ་སྟེ་ཧྲཱིཿཧཱུཾ་གཉིས་སོ། །ལྕེ་གཉིས་ཀྱི་སྒྲས་ཡོན་ཏན་ཉིས་འགྱུར་ཛ་ཡིག་སྟེ་ཛྫ་བརྩེགས་དང་། ཡན་ལག་ མེ་གཉིས་ཀྱི་སྒྲས་ཐིག་ལེ་སྟེ། དེ་དག་གི་ཐིག་ལེ་གཉིས་སོ། །དེ་དག་དང་ལྷན་ཅིག་ཏུ་གནས་པ་ནི་ཛྫཿཚེག་དྲག་དང་བཅས་པ་ཞེས་པའི་དོན་ནོ། །དེའི་ཕྱིར་ཧྲཱིཿཧཱུཾ་ཛྫཿདེ་ཉིད་གསུམ་གྱི་སྔགས་ཀྱི་ཡི་གེའི་རང་བཞིན་ཞེས་པའི་དོན་ནོ། །དེ་ཉིད་ཆོ་ག་བཞིན་དུ་འབུམ་དུ་བཟླས་པར་བྱ་ སྟེ། ཆོ་ག་འདི་ཡིས་ཇི་ལྟར་ན་ཡི་གེ་རྣམས་ཀྱི་བསྡུ་བ་ལས་ཡི་གེ་རྣམས་ཀྱི་གྲངས་འབུམ་ཕྲག་གསུམ་གྱི་གྲངས་ཀྱི་སྔགས་བཟླས་པར་བྱའོ། །འདི་ནི་རྗེས་སུ་དྲན་བྱས་ནས། ཞེས་པ་ལ་སོགས་པ་འདི་ནི་དེ་ཉིད་དེ་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་ རྗེས་སུ་དྲན་པའོ། །སྔགས་པས་ཞེས་པ་ནི་སྒྲུབ་པ་པོའོ། །གཙང་ངམ་ཡང་ན་མི་གཙང་ཡང་རུང་སྟེའོ། །ལྷ་བཞིན་མཐོང་བ་ལྷ་མོ་སྟེ། །ཞེས་པ་ནི་ལྷའི་བུ་མོ་རྣམས་ཀྱིས་འདོད་པའི་ལྷ་བཞིན་དུ་མཐོང་བཞིན་ཤིན་ཏུ་མཛེས་པ་རྣམ་པ་ཉིད་དེ་དབང་བྱེད་པའི་གཙོ་བོའི་ཕྱིར་གྱི་སྔགས་སོ། །འདི་ནི་དེ་ བཞིན་ཞེས་པ་ལ་སོགས་པ་འདི་ནི་དེ་བཞིན་སྔོན་དུ་གསུངས་པའི་སྔགས་ཀྱི་མགོན་པོ་ལ་བྱ་བ་འཁྲུལ་པ་ལ་སོགས་པའི་མཚན་ཉིད་བླང་བར་མི་བྱའོ། །སྒྲུབ་པའང་མེད་ནི་སྤྱོད་པའི་བརྟུལ་ཞུགས་ལ་སོགས་པའོ། །མཆོད་དང་མེ་ལ་སྦྱིན་སྲེག་མེད། །ཅེས་པ་ནི་དེ་རྣམས་ཐམས་ཅད་དེ་རྣམས་ཀྱི་ གནས་སྐབས་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིར་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཆོ་གའི་སྔགས་ཀྱི་སྒྲུབ་ཐབས་ཀྱི་གནས་སྐབས་ཀྱི་རྣལ་འབྱོར་པས་སོ། །མཆོག་ནི་རབ་པོ། །བསམ་གཏན་ཡང་དག་སྤྱད་པར་བྱ་བ་ནི་སྒྲིབ་པ་དང་བྲལ་བ་མཚུངས་པའི་སྒྲིབ་པ་ནི་ ཉོན་མོངས་པ་སྟེ། དེ་དང་བྲལ་བའི་གནས་སྐབས་དང་ལྡན་པ་ནི་རྣལ་འབྱོར་ཅན་ནོ། །རྣལ་འབྱོར་སྟན་དང་ཡང་དག་ལྡན་ནི་རྣལ་འབྱོར་དང་སྟན་ཐ་དད་པ་སྟེ། དེ་ལ་རྣལ་འབྱོར་ནི་དབང་པོ་རྣམས་ཐམས་ཅད་རོ་གཅིག་ཏུ་བྱེད་པའོ། །སྟན་ནི་བརྗོད་པར་ བྱ་བའི་བཀོད་པ་སྟེ། དེ་ཡང་མ་འོངས་པ་ན་འཆད་པར་འགྱུར་བ་དེ་དག་དང་ལྡན་པའོ། །དུས་ནི་འདས་པ་དང་མ་འོངས་པ་ལ་སོགས་པའོ། །ཚོད་ནི་སྔ་དྲོ་ལ་སོགས་པའི་ཐུན་ཚོད་དང་བྲལ་བའོ། །རྩེ་གཅིག་སེམས་ནི་གཉིས་སུ་མེད་པའི་སེམས་སོ། །ཡང་ན་མི་གཡོ་བའོ། ། གཡོ་བ་མེད་ནི་བརྟན་པ་དང་བྲལ་བའོ། །དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པས་མཆོག་གི་བསམ་གཏན་བྱའོ་ཞེས་པ་ནི་རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ལས་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་དང་པོའོ།། །།ད་ནི་བདག་གི་དེ་ཁོ་ན་ཉིད་བརྩམ་པར་བྱ་སྟེ། སྙིང་གའི་ འཁོར་ལོའི་ནང་སོན་པའི། །ཞེས་པ་ལ་སོགས་པ་ལ་འདིར་དང་པོར་ཐིག་ལེའི་རྣལ་འབྱོར་གྱི་རིམ་པས་གཏུམ་མོ་སྒོམ་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའི་ཆུ་སྐྱེས་འདབ་མ་དྲུག་ཅུ་རྩ་བཞིའོ། །དེའི་དབུས་སུ་ཟླ་ཕྱེད་ཐིག་ ལེས་བརྒྱན་པའི་དབྱངས་དང་པོ་ཨ་ཡིག་གོ། །ཤར་ལ་སོགས་པའི་འདབ་མ་བརྒྱད་པོ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་ཨ་ཡིག་ལ་སོགས་པའི་དབྱངས་བཅུ་དྲུག་དང་། ཀ་ཡིག་ལ་ སོགས་པའི་གསལ་བྱེད་སུམ་ཅུ་སོ་བཞི་དང་ཅུང་ཟད་གསལ་བའི་ཌཌྷ་ད་དྷ་ཡ་ལ་རྣམས་སོ། །དེ་བཞིན་དུ་རྩ་བཞི་རྣམས་ལ་སྦྱར་བར་བྱའོ། །སྙིང་གའི་ཆུ་སྐྱེས་ཁ་དོག་དཀར་པོ་འདབ་མ་བརྒྱད་པའོ། །དེའི་དབུས་སུ་ཧཱུཾ་ཡིག་མགོ་ཐུར་དུ་བསྟན་པའོ། །ཤར་ལ་སོགས་པའི་འདབ་མ་བཞི་ལ་ཨ་ཨི་ཨུ་ ཨེ་དབྱངས་ཡིག་བཞི་པོ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ས་ལ་སོགས་པའི་ངོ་བོ་ལྷ་མོ་བཞིའི་རང་བཞིན་ཡ་ར་ལ་ཝ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཆུ་སྐྱེས་དམར་པོ་འདབ་ མ་བཅུ་དྲུག་པའོ། །དེའི་དབུས་སུ་མགོ་ཐུར་དུ་བསྟན་པའི་ཨོ་ཡིག་གོ། །ཤར་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་བཞིན་དུ་ཨཱ་ཨཱི་ཨཱུ་ཨཻའི་དབྱངས་རིང་པོ་བཞི་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་དེ་བཞིན་དུ་ཡ་ར་ལ་ཝ་རྣམས་སོ། །སྨིན་ མའི་དབུས་སུ་ཆུ་སྐྱེས་འདབ་མ་སུམ་ཅུ་སོ་གཉིས་པ་ཁ་དོག་སྣ་ཚོགས་པའོ། །དེའི་ཟེའུ་འབྲུ་ལ་མགོ་ཐུར་དུ་བསྟན་པའི་ཧཾ་ཡིག་གོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་རེ་རེ་སྤངས་ནས་དབྱངས་ཡིག་བཅུ་དྲུག་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དེ་ལ་སྤྲུལ་པའི་འཁོར་ལོ་ལ་གང་ དབྱངས་ཡིག་དང་པོ་ལ་ཨ་ཡིག་དབྱུག་པའི་རྣམ་པ་སྟེ། དེ་ཉིད་གཏུམ་མོ་འབར་བ་ཞེས་བརྗོད་དེ། དེས་དེ་བཞིན་དུ་པདྨའི་དར་བའི་སྐུད་པ་བཞིན་དུ་ཤིན་ཏུ་ཕྲ་བ་སྟེང་དུ་འགྲོ་བས་ཧཱུཾ་དང་ཨོཾ་ཡིག་དག་ཆོས་དང་ལོངས་སྤྱོད་དུ་སོང་ནས་ཐིག་ལེ་གཉིས་བཞུ་སྟེ་བདེ་བ་ཆེན་པོའི་འཁོར་ལོར་སོང་ནས་ ཧཾ་ཡིག་གི་ཐིག་ལེ་བཞུ་སྟེ་དེ་ནས་ཧཾ་ཡིག་ཐིག་ལེ་བཞུ་བས་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་འོད་ཟེར་གྱིས་ཁྱབ་པས་ཨ་ཡིག་གི་རང་བཞིན་གཏུམ་མོ་འབར་བའི་ཐིག་ལེ་ལ་རབ་ཏུ་ཞུགས་ཏེ། ཕྱི་ནས་དེ་ཡང་གཏུམ་མོ་ཡིས། །དེ་ཡང་ཐིག་ལེ་སྔོན་བཞིན་དུ་བསྒྲུབ་པར་བྱའོ། །འདི་ནི་ཐིག་ ལེའི་རྣལ་འབྱོར་རོ། །འདིར་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དུ་འགྱུར་ཏེ། དེ་བཞིན་དུ་ཡང་ལྟེ་བའི་སོར་བཞི་ཙམ་སྤངས་ནས་འོག་ནས་འོད་ཟེར་སྟོང་དུ་བདུད་རྩིའི་ཐིག་ལེ་སྦྱོར་བར་འགྱུར་བའི་གནས་ལས་ཐིག་ལེ་གཡོ་བ་ཙམ་གྱིས་ཡང་ཐིག་ལེ་འཛིན་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་དག་གང་གཏུམ་མོ་འབར་བ་དེ་བཞིན་དུ་བརྗོད་པར་བྱ་སྟེ། སྙིང་གའི་འཁོར་ལོར་ནང་དུ་བསྟན་པ་སྙིང་གར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཉིས་ཀའི་དམ་པའི་བདེ་བ་འཛིན་པར་གྱུར་པ་སྤྲུལ་པའི་འཁོར་ལོ་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་ བརྒྱད་ཅུ་རྣམ་པར་དག་པ་ཉི་མ་དང་ཟླ་བའི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀ་ཡིག་ལ་སོགས་པ་ཧ་ཡིག་གི་མཐར་ཐུག་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ཌ་ཌྷ་ད་དྷ་ཡ་ར་ལ་རྣམས་དང་ཡང་དག་པར་ལྡན་པ་གསལ་བྱེད་བཞི་བཅུ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཡོན་ཏན་ཉིས་འགྱུར་དུ་བྱས་ པས་བརྒྱད་ཅུའི་གྲངས་གསལ་བྱེད་དང་། ཨ་ཡིག་ལ་སོགས་པ་ཨཿཡིག་གི་མཐར་ཐུག་དབྱངས་ཡིག་བཅུ་དྲུག་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བས་ཡོན་ཏན་ཉིས་འགྱུར་དུ་སུམ་ཅུ་སོ་གཉིས་ཀྱི་བདག་ཉིད་གཉིས་ཀའི་སྒྲས་ཕྲེང་བ་གཉིས་ཀྱི་དབུས་སུ་རླུང་གི་ལས་ཀྱིས་བདས་ཏེ་ཨ་ཡིག་གི་ རང་བཞིན་གཏུམ་མོའི་མེ་འབར་བའི། །ཕ་རོལ་ཕ་རོལ་རྣམ་པར་འགྲོ། །ཞེས་པའི་ཕ་རོལ་ནི་དེ་བཞིན་དུ་འབར་བས་སྤྲུལ་པའི་འཁོར་ལོའི་ནང་དུ་སོན་པར་གྱུར་པ། དེ་ལས་བཞེངས་ཏེ་ཆོས་ཀྱི་འཁོར་ལོ་ཐོབ་སྟེ། དེར་གྱུར་ནས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ་རང་བཞིན་མེད་པར་བྱེད་དོ། །དེ་ལས་ བཞེངས་ཏེ་ལོངས་སྤྱོད་ཀྱི་འཁོར་ལོ་དེར་སོང་སྟེ། ཡུལ་རྣམས་ཟོས་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་བསྲེགས་ཏེ། དེའི་རྗེས་ལ་རིམ་པ་འདིས་ཕ་རོལ་ནི་བདེ་བ་ཆེན་པོའི་འཁོར་ལོ་རབ་ཏུ་བརྐྱང་སྟེ་དེར་སོང་ནས་ཧཾ་ཡིག་དེ་བསྲེགས་ནས་རང་བཞིན་མེད་པར་བྱེད་ཅིང་རི་བོང་འཛིན་པ་འཇུག་ པར་བྱེད་དོ། །རིམ་པ་འདི་གཏུམ་མོའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་སྐད་དུ་ཡང་ཀྱེ་རྡོ་རྗེ་ལས་གསུངས་ཏེ། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །ཞེས་པ་དེ་ཉིད་དེ་བཞིན་དུ་དེ་གཏུམ་མོའི་རང་བཞིན་བསྟན་པ་སྟེ་རྣམ་པར་གྲོལ་བ་ཉིད་དོ། །དེ་བཞིན་དུ་ གཞན་དུ་རྣམ་པར་འགྲོ་བའོ། །དེ་ཉིད་གཏུམ་མོའི་བདེ་བ་ཆེན་པོའི་འཁོར་ལོ་ནས། འོག་ཏུ་སྤྲུལ་པའི་འཁོར་ལོ་རྣམ་པར་འབབ་པའོ། །དེ་ལ་སྤྲུལ་པའི་འཁོར་ལོ་ཨ་ཡིག་གི་རྣམ་པའི་ཐིག་ལེ་ལ་རབ་ཏུ་ཞུགས་ནས་སླར་ཡང་ཐིག་ལེ་དེ་ཡང་མི་སྣང་བར་ནང་དུ་ཐིམ་སྟེ། སླར་ཡང་རླུང་གི་ལས་ ཀྱིས་བསྐུལ་ནས་རྣམ་པར་ལངས་ཏེ་ཡང་སྔོན་བཞིན་དུ་བྱ་བའོ། །དེ་ཉིད་གཞན་དང་གཞན་དུ་འགྲོ་སྟེ། དབྱེ་བ་གཉིས་སུ་གྱུར་པ་སྟེང་དུ་འགྲོ་བ་དང་འོག་ཏུ་འབབ་པའི་མཚན་ཉིད་ཀྱི་དབྱེ་བ་གཉིས་སུ་འགྲོའོ། །དེ་ལ་རྣམ་པ་དེ་ཉིད་ཀྱིས་རང་བཞིན་མེད་པའི་མཚན་ཉིད་གཏུམ་མོའི་རྣལ་འབྱོར་པས་ ཤེས་པར་བྱས་ནས། རྡོ་རྗེ་སེམས་དཔའི་གོ་འཕང་གི་ངོ་བོ་ཉིད་ཐོབ་པར་འགྱུར་རོ། །ཐམས་ཅད་དུ་འགྲོ་བ་ཞེས་པ་ནི་ཁྱབ་པའི་ཕྱིར་རོ། །གཞན་ཡང་དེ་ཅིའི་ཕྱིར་ན་མི་གཡོ་བ་ཞེས་པ་ལ་སོགས་པའི་དེ་ལ་གཏུམ་མོ་སྟེ་གཉིས་སུ་མེད་པའི་ཤེས་པའི་རང་བཞིན་ནི་ཡང་དག་པའི་ཤེས་པ་ཞེས་ བརྗོད་དོ། །འཛག་པ་མེད་པའི་དགའ་བའི་ཡུལ་ནི་མི་འཛག་སྟེ་མི་གཡོ་བའོ། །དེ་ཉིད་ཀྱི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའི་དོན་ནོ། །དེའི་ཡུལ་དེ་བཞིན་དུ་གསུངས་ཏེ། སྔོན་དུ་གསུངས་པའི་རིམ་པས་ཆགས་པ་ཆེན་པོའི་མེས་གཏུམ་མོ་རབ་ཏུ་གསལ་བ་ཤར་ནས། །བདེ་ བ་ཆེན་པོའི་འཁོར་ལོར་སོང་སྟེ་ཐིག་ལེ་ཞུ་ནས་མི་འཛག་པ་ཉིད་བཞི་པའི་སྐད་ཅིག་གི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་ཐོབ་པར་འགྱུར་རོ། །དེའི་ཕྱིར་དེ་ཉིད་རིག་པས་ལྷན་ཅིག་སྐྱེས་པའི་མཚན་ཉིད་ལ་རང་བཞིན་གྱི་སེམས་གཉིས་སུ་སྣང་བའི་ཚུལ་ལ་རྗེས་སུ་རྟོགས་པས་གཉིས་སུ་མེད་ པའི་ཡེ་ཤེས་རྟོགས་པ་ཞེས་པའི་དོན་ནོ། །དེ་བཞིན་དུ་བཞི་པའི་སྐད་ཅིག་ལྷན་ཅིག་སྐྱེས་པའི་བདེ་བའི་ཡུལ་རྣལ་འབྱོར་པས་རིག་པར་བྱ་བ་ནི་གོམས་པར་བྱའོ། །དམ་པའི་བདེ་བ་འདོད་ཕྱིར་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འདོད་པ་ཞེས་པའི་དོན་ནོ། །རྣལ་འབྱོར་པས་ཡང་དེ་ནི་རྟོགས་ཤིང་འཇུག་ པར་བྱེད་པ་ནི་དེ་འདིར་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གཉིས་སུ་མེད་པའི་རྟོགས་པ་ནི་ཁོང་དུ་ཆུད་པའོ། །དེའི་འཇུག་པ་མངོན་སུམ་དུ་བྱེད་པའོ། །དེ་བཞིན་དུ་དེའི་རང་བཞིན་གང་ལ་དེ་ཡིས་རྟོགས་པ་འཇུག་པ་རྣལ་འབྱོར་པས་འདིར་གོམས་པར་བྱའོ། །དེ་བཞིན་དུ་ལྷག་པར་རྟོགས་ པའི་བདག་གི་དེ་ཉིད་རྣལ་འབྱོར་པའི་བསྔགས་པ་གསུངས་ཏེ། དེའི་ངོ་བོ་ཞེས་པ་ལ་སོགས་པའི་དེ་སེམས་དགའ་བའི་སྤྱོད་ཡུལ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྤྱོད་ཡུལ་ལོ། །སེམས་ནི་ཡང་དག་པར་རིག་པའོ། །གང་གི་ཚེ་དེའི་ངོ་བོ་རྟོགས་པ་ཉིད་འཇུག་པར་འགྱུར་བ་ནི་དེའི་ཚེ་གཉིས་སུ་ མེད་པའི་ངོ་བོ་འཇུག་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་སེམས་རྣལ་འབྱོར་པ་གང་གིས་མངོན་སུམ་དུ་བྱས་པ་དེའི་ཚེ་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཚིག་དང་བཅས་པ་སྟེ་ཚིག་ཙམ་གྱིས་དེ་བཞིན་དུ་བྱེད་དོ་ཞེས་པའི་དོན་ཏེ་འདིར་ཐེ་ཚོམ་མེད་པ་ཞེས་པའི་དོན་ནོ། །བསམ་གཏན་ཞེས་པ་ལ་སོགས་ པ་ནི་སྔོན་དུ་གསུངས་པའི་བསམ་གཏན། རྣལ་འབྱོར་ཡང་དག་ལྡན་ནི་བསམ་གཏན་དང་བསམ་གཏན་པའི་མཚན་ཉིད་བསམ་གཏན་གྱིས་སྦྱོར་བ་རྒྱུ་འབྲས་བུར་གྱུར་པའི་སྙིང་རྗེ་དང་ཤེས་རབ་དག་གཅིག་པ་ཉིད་ཀྱིས་ཐབས་དང་ཤེས་རབ་གཅིག་པ་ཉིད་དོ་ཞེས་པའི་དོན་ནོ། །དེ་དག་དང་ཡང་ དག་ལྡན་ནི་དེ་དང་བཅས་པའི་རྣལ་འབྱོར་པའོ། །གཞན་ཡང་ཅིའི་ཕྱིར་ན་དགོད་པར་བྱ་བ་ནི་བྱེད་པ་སྟེ། སེམས་ལ་དགོད་པ་སྟེ་གང་གིས་མི་གཡེང་བའི་གོ་འཕང་ལ་གནས་པ་ཉིད་དོ། །དེའི་ཕྱིར་གནས་པ་ནི་གཡོ་བ་མེད་པའི་སེམས་སོ། །བློ་ལྡན་ནི་བློ་གྲོས་གང་ཞིག་དགེ་བའི་བློ་དང་ལྡན་པ་ ཞེས་པའི་དོན་ནོ། །དེ་ལྟ་བུའི་རྣལ་འབྱོར་པས་ས་སྟེངས་ས་འོག་བསྒྲུབ་པར་བྱ་བ་ནི་མཐོ་རིས་ས་སྟེངས་ས་འོག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །འདིར་མཐོ་རིས་དངོས་སུ་གཟུང་བ་མེད་ཀྱང་ས་སྟེངས་ས་འོག་གཟུང་བས་དེ་བཞིན་དུ་མཐོ་རིས་ཀྱང་ཤུགས་ལ་ཤེས་པར་བྱའོ། ། འགྲོ་བ་ཀུན་ངག་གི་རང་བཞིན་བསྒྲུབ་པ་ནི་རྣམ་པར་རྟོག་པ་ཙམ་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །ད་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ཐོབ་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ལྟེ་བ་ཞེས་པ་ལ་སོགས་པ་ལ། དེ་རྣལ་འབྱོར་པས་དེ་ བཞིན་ཉིད་རབ་ཏུ་དགོད་པར་བྱས་ན་འཇིག་རྟེན་མགོན་པོའི་སྐུར་གྱུར་ཏེ། ཨེ་ཝཾ་ཞེས་པ་ནི་འཆད་པར་འགྱུར་བའིའོ། །ཡང་ན་དེ་བཞིན་ཞེས་པའི་ཨེ་ཡིག་ནི་པདྨ། ཝཾ་ཡིག་ནི་རྡོ་རྗེ་རབ་ཏུ་དགོད་པ་སྟེ། གང་གི་ཚེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པར་བྱེད་པ་དེའི་ཚེ་དེའི་ རྣལ་འབྱོར་པས་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཐོབ་པར་འགྱུར་རོ། །ལྟེ་བའི་དབུས་སུ་པདྨ་ཆེན་པོ་ནི་ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་ནི་པདྨ་ཆེན་པོའོ། །དེའི་དེ་བཞིན་དུ་པདྨའི་ནམ་མཁའི་ནང་ནི་ཟེ་འབྲུའི་མཐའོ། །དེ་ལ་གང་གི་ཚེ་གཏུམ་མོ་འབར་བས་ཐིག་ལེ་ཞུ་བར་འགྱུར་རོ། །ཇི་ལྟར་རྣམ་ གསུམ་པ་ཞེ་ན། འགྲོ་བའི་རྣམ་པ་གསུམ་སྟེ། དེ་ལ་གང་གི་ཚེ་གཡོ་བར་གྱུར་པ་ན་བདེ་བ་ཆེན་པོའི་འཁོར་ལོ་འགྲོའོ། །གང་གི་ཚེ་འཛག་པར་འགྱུར་བ་ནི་སྙིང་གའི་འཁོར་ལོ་ཐོབ་པར་འགྱུར་རོ། །གང་གི་ཚེ་མི་འཛག་པར་གྱུར་པ་ན་ལྟེ་བའི་འཁོར་ལོ་ཐོབ་པར་འགྱུར་རོ། །དེ་བཞིན་རྣམ་གསུམ་ནི་ རྣམ་པ་གསུམ་དུ་འགྲོ་བས་ནམ་མཁའི་ནང་དུ་སོང་བའི་ཐིག་ལེའོ། །དེ་བཞིན་རྣམ་པ་འདིས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཐིག་ལེ་ནི་པདྨའི་ཕྱག་རྒྱ་ཡང་དག་ལྡན་པའོ། །དེ་ལ་པདྨའི་ཕྱག་རྒྱ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ཐབས་སུ་གྱུར་པ་ཝཾ་དང་། ཨེ་ཡིག་གི་ རྣམ་པ་ཤེས་རབ་ཀྱི་པདྨའོ། །ཧཱུཾ་ཡིག་གི་ལྷག་མར་གནས་པ་ནི་ཐབས་ཏེ་རྡོ་རྗེའི་རྩེ་མོར་སོན་པས་འོད་ཟེར་རྣམ་པར་གསལ་བ་ནི་དགའ་བ་ཆེན་པོའི་ཆ་གང་ཡིན་རྒྱས་གདབ་སྟེ་རང་གིས་མངོན་སུམ་དུ་བྱས་པའོ། །དེའི་པདྨ་ནི་ཕྱག་རྒྱ་ཞེས་བརྗོད་དོ། །ཤེས་རབ་ཀྱི་རང་བཞིན་ནི་དེ་བཞིན་དུ། ཡང་ རྡོ་རྗེ་ཉི་མ་རེག་འོད་ཀྱིས། རབ་པད་རྒྱ་ཡིས་གདབ་པ་ཡིས། །པདྨར་བདེ་ཆེན་ཆེ་ཤེས་ནི། །པདྨའི་ཕྱག་རྒྱར་ཤེས་པར་བྱ། །གཞན་ཡང་། བསྒྲུབ་བྱ་སྒྲུབ་ཐབས་ཡང་དག་སྦྱོར། །གང་དེ་བསྙེན་པ་ཞེས་བརྗོད་དོ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བྱར་བརྗོད། །བསྐྱོད་པར་གསུངས་ པ་སྒྲུབ་པ་སྟེ། །ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །རང་བཞིན་ཤིན་ཏུ་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བརྗོད་དོ། །འོད་གསལ་གྱི་ཤེས་པའི་ཐབས་སུ་གྱུར་པ་སྒྲིབ་པ་དང་བྲལ་བའི་བདག་ཉིད་ཝཾ་ཡིག་རྡོ་རྗེ་ནོར་བུ་བདེ་བ་ཆེན་པོའི་ཆ་གང་གིས་རྒྱས་གདབ་པ་ནི་མངོན་སུམ་དུ་བྱས་པའོ། །དེ་ནམ་མཁའི་ཕྱག་ རྒྱ་ཞེས་བརྗོད་པ་དེ་དེའི་བདག་ཉིད་དོ། །གཞན་ཡང་རྡོ་རྗེ་རྩེ་མོར་རྫོགས། །གང་གིས་བདེ་ཆེན་རི་བོང་འཛིན། །ཤར་ནས་བདེ་བ་རྒྱ་ཡིས་བཏབ། །ནམ་མཁར་ཕྱག་རྒྱར་ཤེས་པར་བྱ། །དེ་བཞིན་དུ་བསྡུས་པའི་དོན་ནི། པདྨའི་ཕྱག་རྒྱ་ནི་པདྨ་སྟེ་ཤེས་རབ་པོ། །ནམ་མཁའི་ཕྱག་རྒྱ་ནི་རྡོ་རྗེ་སྟེ་ཐབས་སོ། ། དེ་ཡང་འདིར་པདྨའི་ཕྱག་རྒྱ་ནི་ལྟེ་བར་རྣམ་པར་གནས་པའི་ཨ་ཡིག་གི་རང་བཞིན་ནོ། །ནམ་མཁའི་ཕྱག་རྒྱའི་རང་བཞིན་ཡང་ཐབས་ཏེ། ཧཱུཾ་ཡིག་གི་རང་བཞིན་སྙིང་གའི་འཁོར་ལོ་དེས་ཀྱང་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་སྟེ། ཡང་དག་པར་སྦྱོར་བ་ཞེས་བཤད་དོ། །དེའི་ཕྱིར། པདྨའི་ཕྱག་ རྒྱ་ཡང་དག་ལྡན། །དེ་བཞིན་ནམ་མཁའི་ཕྱག་རྒྱས་གདབ། །ཅེས་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གསུངས་ཏེ། སྲོག་འབབ་པའི་ཚད་ཀྱིས་ནི། དེ་བཞིན་དུ་གང་གིས་ཐིག་ལེ་འགུགས་པ་དེ་ནི་སྲོག་རབ་ཏུ་འབབ་པ་ཡིས་སོ། །ཅིའི་ཕྱིར་ཞེ་ན། གནས་གཉིས་གོམས་པར་བྱས་པ་ ཡིས། །ཞེས་ཏེ། ལན་གཉིས་ནི་གཉིས་སུ་དབུགས་འབྱུང་བ་དང་རྔུབ་པའི་ངོ་བོ་ཉིད་ཅེས་པའི་དོན་ནོ། །དེ་ལྟ་བུའི་རིམ་པས་རྣལ་འབྱོར་པས་ཨེ་ཡིག་དང་ཝཾ་ཡིག་རབ་ཏུ་དགོད་པར་བྱའོ། །དེས་འཇིག་རྟེན་མགོན་པོའི་སྐུ་རུ་འགྱུར་ཏེ། རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཐོབ་པ་ཞེས་པའི་དོན་ནོ། ། གཞན་དུ་ཞེས་པ་ལ་སོགས་པ་ནི་འདིར་གསུངས་པའི་རིམ་པ་ལས་འདས་ཏེ་བཟླས་པ་བྱེད་ཅིང་རྣམ་པ་སྣ་ཚོགས་པའི་ལས་སྤྱད་ཀྱང་སྐྱེས་བུ་དེ་ནི་ནམ་མཁའ་ལ་ཁུ་ཚུར་བསྣུན་པ་དང་སྦུན་སྟོང་འཇོམས་པར་བྱེད་དོ། །དཔེར་ན་ནམ་མཁའ་ལ་ཁུ་ཚུར་བསྣུན་པ་དང་སྦུན་སྟོང་བརྡུང་ཀྱང་དགོས་པ་ མེད་པ་དེ་བཞིན་དུ། འདིར་ཡང་སྔོན་དུ་གསུངས་པའི་རིམ་པ་ལས་འདས་ཏེ་བཟླས་པ་ལ་སོགས་པ་བྱེད་པ་བཞིན་ནོ། །ཆོ་ག་བཞིན་དུ་ཞེས་པ་ལ་སོགས་པའི་ཆོ་ག་དང་ལྡན་པའི་བསམ་གཏན་གྱི་རྣལ་འབྱོར་པ་ལས་གང་དང་གང་བྱེད་པ་སྟེ། རྒྱུན་མི་འཆད་པར་བྱེད་པའི་ལས་ནི་ཡིད་ཀྱིར་ འདོད་པ་སྟེ། དེ་ནི་མྱུར་དུ་འགྲུབ་པར་བྱེད་པར་ཐེ་ཚོམ་མེད་དོ། །འདི་ནི་པདྨ་འབར་བ་ལས་བྱུང་བའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ལྔ་བཅུ་པའི་བདག་གི་དེ་ཁོ་ན་ཉིད་ཀྱི་ལེའུའི་རྣམ་པར་འགྲེལ་པ་སྟེ་གཉིས་པའོ།། །།ད་ནི་ལྷའི་དེ་ཁོ་ན་ཉིད་བཤད་པར་བྱའོ། །དང་པོར་བཅོམ་ལྡན་འདས་ ཀྱི་སྒྲུབ་ཐབས་བཤད་པ་ནི་ཚིགས་སུ་བཅད་པ་བཞི་པའི་སྒོ་ནས་བཅོམ་ལྡན་འདས་ཀྱི་ངོ་བོ་བཤད་པར་བྱ་སྟེ། རང་བཞིན་བསམ་གཏན་བཅས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དང་པོ་རེ་ཞིག་གང་གི་ཚེ་སྒྲུབ་པ་པོའི་རྣལ་འབྱོར་པས་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་རྩོམ་ པར་བྱེད་པ་དེའི་ཚེ་རང་གི་སྙིང་གར་པཾ་ཡིག་ལས་སྐྱེས་པའི་པདྨ་ལས་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི་ས་བོན་གྱི་ཡི་གེ་ཧྲཱིཿབསྒོམ་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་ཏེ་འོད་ཟེར་གྱི་ཚོགས་ཀྱིས་རང་གི་ལུས་རབ་ཏུ་གསལ་བར་བྱས་ ནས་རྗེས་སུ་དྲན་པ་བཞི་བསྒོམ་པར་བྱའོ། །དེ་སླར་ཡང་དེ་བཞིན་དུ་འོད་ཟེར་གྱི་ཚོགས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་གྱིས་མནར་བར་བལྟས་ནས། དེ་ལ་སེམས་ཅན་གྱི་ཁམས་རྣམས་སྡུག་བསྔལ་དེ་ལས་ཉེ་བར་བསྒྲལ་ཏེ་བསོད་ནམས་ཀྱི་ཚོགས་འཕེལ་ བར་བྱ་བའི་ཕྱིར་ནམ་མཁའི་དཀྱིལ་ཐམས་ཅད་རང་གི་ཡི་དམ་གྱི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གང་བར་བསྒོམས་ཏེ། སླར་ཡང་ས་བོན་གྱི་ཡི་གེའི་འོད་ཟེར་རྣམས་ཀྱིས་མེ་ཏོག་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་སྤྲོས་ནས་ལྷའི་ཚོགས་ལ་མཆོད་པར་བྱས་ལ། སླར་ཡང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཡང་དེའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་དེས་ལྷའི་ཚོགས་བཀུག་ནས་ས་བོན་གྱི་ཡི་གེ་ལ་ཞུགས་པར་བསྒོམ་པར་བྱའོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་དེའི་འོད་ཟེར་གྱིས་ སྦྱངས་ཏེ་སངས་རྒྱས་ཉིད་ལ་བཀོད་ནས་སངས་རྒྱས་ཀྱི་གཟུགས་ཀྱིས་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ས་བོན་གྱི་ཡི་གེ་ལ་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ། །རང་གི་ལུས་ཀྱང་ངོ་། །ར་ཡིག་ཀྱང་ཧ་ཡིག་དང་ཨཱི་ཡིག་དང་ཐིག་ལེ་རྣམས་ཀྱང་ཕྱི་མ་ཕྱི་མའི་ནང་དུ་ཞུགས་པར་བསྒོམ་པར་བྱའོ། ། དེ་ཡང་དང་པོའི་ཐིག་ལེའི་ནང་དུ་རབ་ཏུ་ཞུགས་པར་བསྒོམས་ནས་ཐིག་ལེ་དེ་ཡང་མི་དམིགས་པར་བྱའོ། །དེ་ནས་དེ་བཞིན་དུ་ཤཱུ་ནྱ་ཏཱས་བརྟན་པར་བྱེད་པའི་སྔགས་འདི་བརྗོད་པར་བྱ་སྟེ། རིགས་དྲུག་གི་བདག་ཉིད་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་ཨོཾ་ནི་རྣམ་པར་སྣང་མཛད་དོ། ། ཤཱུ་ནྱ་ཏཱ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཛྙཱ་ན་ཞེས་པ་ནི་མི་བསྐྱོད་པའོ། །བཛྲ་ཞེས་པ་ནི་འོད་དཔག་མེད་དོ། །སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཨ་ཧཾ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའོ། །དེ་ཉིད་བསྡུས་པའི་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་དང་སྤྲོ་བར་ལྟ་བའོ། །བསྡུ་བ་ཞེས་ པ་ནི་དོན་དམ་པའི་བདེན་པ་སྟེ་དེ་ཉིད་ཤེས་རབ་ཏུ་བརྗོད་དོ། །སྤྲོ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་ཐབས་སོ། །དེའི་དོན་དམ་པའི་བདེན་པ་འབའ་ཞིག་ནི། གཞན་དོན་རྫོགས་པར་འགྱུར་བ་མ་ཡིན་ཏེ། དོན་དམ་པའི་བདེན་པའི་མཐར་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་ན་གཞན་གྱི་ དོན་ཡོངས་སུ་རྫོགས་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྤྲོ་བར་བལྟ་བར་བྱའོ། །དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དེ། དེ་ཉིད་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལ་དང་པོར་ར་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་ གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་འོད་ཟེར་རྡོ་རྗེའི་གཟུགས་ཀྱིས་འཕྲོས་ཏེ། དེ་ལས་འོད་ཟེར་འབར་བས་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་གུར་རྣམས་བསྒོམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་ལ་ཕྱི་ནས་ཆོས་འབྱུང་དཀར་པོ་བསྒོམ་ པར་བྱ་སྟེ། དཀར་པོ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་དོ། །དེའི་སྟེང་དུ་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧྲཱིཿཧཱུཾ་ཛཿཞེས་པའི་ཡི་གེ་གསུམ་ ཡོངས་སུ་གྱུར་པ་ལས་ལྕགས་ཀྱུ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ལྡན་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒོམ་པར་བྱའོ་ཞེས་པ་ནི་འབྲེལ་པའོ། །རང་བཞིན་བསམ་གཏན་བཅས་པ་ཡིས་ནི་གནས་ཀྱི་དོན་ཐམས་ཅད་ཀྱི་གང་གི་རང་བཞིན་མེད་པ་ཞེས་བཤད་དོ། ། དེའི་བསམ་གཏན་ནི་དྷྱ་ཙིནྟ་ཡཾ་ཞེས་པའི་ཁམས་ལས་དེ་དང་བཅས་པའི་བསམ་གཏན་དུ་བལྟ་ཞིང་ལྡན་པ་ཞེས་པའི་དོན་ནོ། །ཛཱ་ཏི་མཚལ་གྱི་འོད་ཟེར་མཚུངས། །ཞེས་པའི་ཛཱ་ཏི་དང་མཚལ་ཞེས་པ་ནི་ཚོན་གྱི་བྱེ་བྲག་གོ། །དེ་དང་མཚུངས་པའི་འོད་ཟེར་དམར་པོ་ཞེས་པའི་དོན་ནོ། །ཟེའུ་ འབྲུ་ལེ་བརྒན་རྩི་དང་འདྲ་བ་ནི་འོད་འབར་ཞིང་སིནྡྷུ་ར་ལྟར་དམར་བ་སྟེ་གཙོ་བོ་ལི་ཁྲི་ལྟར་དམར་བའ