Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 49
Văn bản gốc(Tây Tạng)
Trang 13 / 23 (50.000 ký tự/trang)
ོ། །འདིར་ཡང་གཙོ་བོ་ནི་ཡང་འོད་དཔག་ཏུ་མེད་པ་སྟེ་དེ་དང་བཅས་པའོ། །གཞན་ཡང་སྔགས་ཀྱི་གཟུགས་ཀྱི་ནི་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་དང་ལྷ་ཉིད་དབྱེར་ མེད་པའོ། །ལྷའི་ལྷ་ནི་ལྷ་རྣམས་ཀྱི་བདག་པོར་གྱུར་པའི་ཕྱིར་ལྷའི་ལྷའོ། །སྐད་ཅིག་གིས་མངོན་པར་བྱང་ཆུབ་པའི་ཕྱིར་ཞལ་གཅིག་པའོ། །ཕྱག་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའོ། །མཁའ་པད་ཟླ་བའི་གདན་ལ་བཞུགས། །ཞེས་པ་ནི་སྔོན་དུ་བཤད་པའི་ཆོས་འབྱུང་པདྨ་ཟླ་བའི་ གདན་ལ་བཞུགས་པའོ། །ཞགས་པ་ལྕགས་ཀྱུ་བསྣམས་པ་ནི་གདུལ་བྱའི་སྐྱེ་བོ་རྣམས་འཛིན་པའི་ཕྱིར་ཞགས་པ་དང་གདུག་པ་ཅན་རྣམས་འགུགས་པའི་ཕྱིར་ལྕགས་ཀྱུ་བསྣམས་པའོ། །ཁྱབ་བདག་ནི་དབང་ཕྱུག་ལ་སོགས་པ་གཙོ་བོ་ཡོན་ཏན་སྦྱོར་བའོ། །མཆོག་སྦྱིན་ཕྱག་རྒྱ་ ནི་ནོར་བུ་སྟེ། ཕྱག་རབ་ཏུ་བརྐྱང་ན་གཞན་གྱི་དོན་གྱི་ཕྱིར་ནོར་བུ་དང་བཅས་པའི་ཕྱག་གིས་ཆུ་སྐྱེས་ཞེས་པའི་དོན་ནོ། །ཡང་དག་རོལ་པ་ཉིད་ནི་སྒེག་པའི་ཉམས་གཙོ་བོའི་ཕྱིར་ཏེ་སྒེག་པ་དང་བཅས་པ་ཞེས་པའི་དོན་ནོ། །མུ་ཏིག་ནོར་བུས་རྣམ་པར་བརྒྱན་ནི་རང་བཞིན་གྱིས་དྲི་མ་མེད་པའི་ ཕྱིར་ནོར་བུས་རྣམ་པར་བརྒྱན་པའོ། །ཐམས་ཅད་ལ་རབ་ཏུ་འགྲོ་བ་སྟེར་བའི་ཕྱིར་མུ་ཏིག་གིས་རྣམ་པར་བརྒྱན་པའོ། །པདྨའི་ཕྱག་ནི་པདྨའི་ཕྱག་རྒྱ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །ཡང་ན་པདྨ་བཞིན་དུ་སེམས་ཅན་གྱི་དོན་ལ་འཁོར་བའི་ནང་དུ་གནས་ཀྱང་འཁོར་བའི་སྐྱོན་གྱིས་ མ་གོས་པའི་ཕྱིར་རོ། །པདྨའི་ཕྱག་རྒྱ་ནི་ཕྱག་གཡོན་པདྨས་བརྒྱན་པ་ཞེས་པའི་དོན་ནོ། །སྐུ་གསུང་ཐུགས་རྣམ་པར་དག་པའི་ཕྱིར་སྤྱན་གསུམ་མོ། །གདུལ་བྱ་སྣ་ཚོགས་གདུལ་བར་དགོངས་པས་སྣ་ཚོགས་པའི་ཚུལ་འཛིན་པ་ནི་སྣ་ཚོགས་སྐུའོ། །འོད་ཟེར་སྟོང་ལྡན་བཞིན་དུ་ མ་རིག་པའི་མུན་པ་སེལ་བར་བྱེད་པས་གཟི་བརྗིད་ཆེན་པོ་སྟེ་འོད་གསལ་ཆེན་པོ་ཞེས་པའི་དོན་ནོ། །གདུག་པ་ཅན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་བོའི་དབང་ཕྱུག་གོ། །འགྲོ་བ་རྣམས་ཀྱི་བདག་པོའི་ཕྱིར་འགྲོ་བའི་མགོན་ནོ། །རྣལ་འབྱོར་མ་རྣམས་ཐུགས་དགྱེས་པ་ནི་ལྷན་ ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་ཡིད་ཚིམ་པར་བྱེད་པ་ཞེས་པའི་དོན་ནོ། །སྔགས་རྣམས་ཀུན་ལ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཞེས་པའི་དོན་ནོ། །རྣམ་པ་དེ་ལྟ་བུས་བཅོམ་ལྡན་འདས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱའོ། ། དངོས་གྲུབ་ཐམས་ཅད་རབ་སྟེར་བ་ནི་ཕྱག་རྒྱ་རབ་ཏུ་སྟེར་བ་ཞེས་བྱ་བའི་དོན་ནོ། །རྣམ་པ་དེ་ལྟ་བུའི་དམ་ཚིག་སེམས་དཔའི་ངོ་བོར་བསྒོམས་ནས། སླར་ཡང་ནམ་མཁའི་མཐིལ་དུ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་ངོ་བོར་བསྒོམ་པར་བྱའོ། །དེ་ལྟ་བུའི་ ཡེ་ཤེས་སེམས་དཔའ་ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གེ་རྣམ་པ་བཞིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པ་རྣམས་དམ་ཚིག་སེམས་དཔའི་ནང་དུ་བྱའོ། །སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དང་ཟླ་བ་ལ་ཧྲཱིཿཡིག་གི་ས་བོན་ཏིང་ངེ་འཛིན་སེམས་དཔའི་ངོ་བོར་ བསྒོམ་པར་བྱའོ། །དེའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའི་མཐིལ་དུ་དེ་བཞིན་གཤེགས་པ་དང་ལྷ་མོའི་ཚོགས་བསམ་པར་བྱའོ། །དེ་རྣམས་རྣལ་འབྱོར་པས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཕྱི་ནས་དེ་བཞིན་གཤེགས་པ་དང་ ལྷ་མོའི་ཚོགས་སུ་བཅས་པས་དབང་བསྐུར་བར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ལྟ་བུའི་བསམ་གཏན་བྱས་ཏེ་སྔགས་བཟླས་པར་བྱའོ། །འདི་ནི་མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་རིམ་པའོ། །དེ་ལྟ་བུའི་རྣམ་པས་ སྔོན་དུ་གསུངས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །གང་དང་གང་གིས་ཞེས་པ་ལ་སོགས་པ་ནི་སྒྲུབ་པ་པོའི་རྣལ་འབྱོར་པ་གང་གིས་གང་བསྒོམ་པའི་བསམ་པས་རྣལ་འབྱོར་གོམས་པ་སྟེ། བཅོམ་ལྡན་འདས་ཀྱི་རྣལ་འབྱོར་རྫོགས་པར་བསྒོམ་པར་བྱའོ། །དེ་དང་དེའི་བསམ་ པའི་དབང་གིས་དེ་བཅོམ་ལྡན་འདས་དེའི་རང་བཞིན་ཏེ་དེའི་ངོ་བོ་ཉིད་དུ་འགྱུར་ཏེ་ཡིད་བཞིན་གྱི་ནོར་བུ་མཆོག་ལྟ་བུའོ། །ད་ནི་ཞི་བ་ལ་སོགས་པ་ནི་སྒྲུབ་པའི་ལས་ཀྱི་རྗེས་སུ་འབྲངས་ནས་བཅོམ་ལྡན་འདས་བསྒོམ་པ་བརྗོད་པར་བྱ་སྟེ། ལྷ་ནི་དཀར་པོས་ཞི་རབ་སྟེར། །དེ་བཞིན་དག་ནི་རབ་ སད་བྱེད། །ཅེས་པ་སྟེ། གང་གི་ཚེ་རྣལ་འབྱོར་པས་ཞི་བའི་ལས་འགའ་ཞིག་བྱེད་ན། དེའི་ཚེ་དེས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་སྐུ་མདོག་དཀར་པོས་ཞི་བ་རབ་ཏུ་སྟེར་བའི་ཕྱིར་རོ། །འདིར་བསྒོམ་པའི་རིམ་པས་ནི་ཞི་བའི་ལས་ བྱེད་པའི་སྐབས་སུ་རྣལ་འབྱོར་པ་ཞལ་བྱང་དུ་ཕྱོགས་ཏེ་བསྒོམ་པར་བྱའོ། །དེ་ལ་དང་པོར་ཝ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་བདག་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་རྣམ་པར་སྣང་མཛད་ལྟ་བུ་རྣམ་ པར་སྣང་མཛད་ཀྱིས་དབུ་བརྒྱན་པ་བསྒོམ་པར་བྱའོ། །དེ་ལ་ཡང་ཡེ་ཤེས་སེམས་དཔའི་ངོ་བོའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རང་བཞིན་གཞན་བསྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་པདྨ་དང་ཟླ་བ་ལ་བསྒྲུབ་བྱའི་ལུས་བཀུག་སྟེ། ཉོན་མོངས་པ་རྣམས་ཐིམ་པར་ བསམ་མོ། །དེའི་རྗེས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་ཀྱི་ཕྲེང་བ་བཞེངས་ཏེ་བདུད་རྩིའི་རྒྱུན་འབབ་པར་བྱེད་པས་བསྒྲུབ་བྱའི་ལུས་ལ་དམིགས་ཤིང་སྣང་བར་བྱས་ཏེ། རང་གི་ལུས་ལས་འོད་ཟེར་རྣམ་པར་འཕྲོས་ཏེ་རྩེ་མོའི་ཆ་ལས་དཔག་ཏུ་ མེད་པའི་ལྷ་མོའི་ཚོགས་སུ་གྱུར་ནས། བདུད་རྩིས་ཡོངས་སུ་གང་བའི་བུམ་པ་ཕྱག་ན་བསྣམས་པས། བསྒྲུབ་བྱ་ལ་མངོན་པར་དབང་བསྐུར་ཏེ། དེ་བཞིན་དུ་རྒྱུན་དུ་གྱུར་པའི་ལྷ་མོ་དང་སྙོམས་པར་ཞུགས་པའི་བདག་པོ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་ཡང་དག་པར་བྱུང་ བའི་བྱང་ཆུབ་ཀྱི་སེམས་གྱི་རྒྱུན་གྱིས་ཀྱང་དབང་བསྐུར་ཞིང་ཉེས་པ་རྣམས་ཉེ་བར་ཞི་བར་བྱའོ་ཞེས་པ་ནི་ཞི་བའི་ལས་ཀྱི་ཆོ་གའོ། །དེའི་རྗེས་སུ་ངག་རབ་ཏུ་སད་པར་བྱེད་པ་ནི་ཤེས་པར་བྱ་སྟེ། ངག་རབ་ཏུ་སད་པ་ནི་ཞལ་དང་ཕྱག་དང་སྐུ་མདོག་དང་དབྱིབས་ལ་སོགས་པ་ཐམས་ཅད་སྔ་མ་ བཞིན་དུའོ། །འོན་ཀྱང་རང་གི་སེམས་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་མི་ཤེས་པས་རབ་ཏུ་བཅིངས་པའི་བདག་དང་བདག་གིར་འཛིན་པས་ཟིན་པའི་སེམས་ཉིད་ཀྱི་ཉོན་མོངས་པ་མ་ལུས་པ་ཉེ་བར་ཞི་བ་རབ་ཏུ་སྟེར་བ་རྣམ་པར་སྣང་མཛད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ ངོ་བོར་བསྒོམ་པར་བྱའོ། །དེའི་ངག་རབ་ཏུ་སད་པར་འགྱུར་རོ། །དེ་ཉིད་ཞི་བའི་ལས་དང་། ངག་རབ་ཏུ་སང་པ་ལས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་བསྒོམ་པར་བྱའོ། །དེ་ནི་དབང་དང་དགུག་པའི་ཆོ་ག་སྟེ། །དབང་དང་དགུག་པའི་དེ་ཉིད་ལ་སྐུ་མདོག་དམར་པོ་རྣམ་པར་བསམ་པར་ བྱ་སྟེ། དེ་ནི་དབང་དང་དགུག་པའི་ལས་ལ་བཅོམ་ལྡན་འདས་སྐུ་མདོག་དམར་པོ་བསྒོམ་ཞིང་ཞལ་དང་ཕྱག་མཚན་ལ་སོགས་པ་སྔོན་མ་བཞིན་དུའོ། །འདིར་བསྒོམ་པའི་རིམ་པ་ནི་རྣལ་འབྱོར་པས་ཞལ་ནུབ་ཏུ་མངོན་པར་ཕྱོགས་ཏེ། ཡ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ གྱི་སྟེང་དུ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ་སྒེག་པའི་ཉམས་གཙོ་བོར་མཛད་པའི་རང་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བསྒོམས་ཏེ། ཕྱི་ནས་རང་གི་སྙིང་གའི་ཧྲཱཾཿཡིག་ཡོངས་སུ་གྱུར་པ་ལས་ཧཱུཾ་ལས་བྱུང་བའི་པདྨའི་སྡོང་བུ་ལས་འོད་ཟེར་གྱི་སྐུད་པ་དང་བཅས་པ་འབྱུང་བའི་ འདབ་མ་བརྒྱད་པའི་པདྨ་དམར་པོ་བསམ་པར་བྱའོ། །འདབ་མ་སོ་སོ་ལ་ས་བོན་གྱི་ཡི་གེ་དམར་པོ་གསུམ་སྟེ་ཧྲཱིཿཧཱུཾ་ཛྫཿརྣམས་བསམ་ཞིང་གེ་སར་བཀོད་པའི་ཟེ་འབྲུ་ལ་ཧྲཱིཿཡིག་གཉིས་ཀྱིས་རྣམ་པར་བརྟེན་པའི་བཅོམ་ལྡན་འདས་ཀྱི་ཡི་གེ་གསུམ་གྱི་སྔགས་རྣམ་པར་བསྒོམས་ཏེ། དེའི་ སྔགས་ལས་འོད་ཟེར་དམར་པོས་མྱོས་བྱེད་མྱོས་པར་བྱེད་པས་རླུང་གི་དཀྱིལ་འཁོར་བསྐྱེད་དེ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་ཁྱབ་ནས་བསྒྲུབ་བྱའི་ལུས་འདོད་པས་ཕ་རོལ་གྱི་དབང་དུ་འགྱུར་ཞིང་མྱོས་པར་བྱས་པ་མདུན་དུ་བལྟ་བར་བྱ་སྟེ། ཞགས་པས་མགུལ་བ་བཅིངས་ཤིང་སྙིང་གའི་ པདྨ་ལྕགས་ཀྱུས་ཕུག་སྟེ། །བྷ་གའི་པདྨར་དེ་བཞིན་དུ་འདོད་པའི་མཚོན་གྱིས་བསྣུན་པས་འཁྲུགས་ཤིང་རབ་ཏུ་མྱོས་པ་རྣམ་པར་བསམ་མོ། །དེ་ནས་ཕྱིས་དེའི་སྙིང་གའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཧྲཱིཿཡིག་གཉིས་ཀྱིས་རྣམ་པར་བརྟེན་པའི་མིང་གི་ཡི་གེ་བླངས་ཏེ་ཕྱིས་རང་གི་མགུལ་པ་ལ་ བཅིངས་པར་བསམ་པར་བྱའོ། །སླང་ཡང་རང་གི་སྙིང་གའི་པདྨའི་ཟེ་འབྲུར་གནས་པའི་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་འོད་ཟེར་གྱི་དྲ་བ་དམར་པོ་སྲོག་གི་རླུང་གིས་བདས་ཏེ་འདབ་མ་ལ་གནས་པའི་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་ཀྱང་སྟེང་དུ་སོང་སྟེ། རང་གི་སྣ་བུག་གཡས་པའི་ ལམ་ནས་འཐོན་ནས་མྱོས་པའི་སྙིང་གའི་པདྨའི་ཟེ་འབྲུར་གནས་པའི་མིང་གི་ཡི་གེ་བཀུག་སྟེ། བསྒྲུབ་བྱའི་སྣ་བུག་གཡོན་གྱི་བུ་གའི་མ་མ་ནས་བྱུང་སྟེ། མིང་ལ་ཤིན་ཏུ་འཁྱུད་ནས་དེའི་སེམས་དང་རང་སེམས་ལྷན་ཅིག་ཏུ་བྱའོ། །འདི་ ནི་དབང་གི་རབ་ཏུ་སྦྱོར་བའོ། །དགུག་པའི་རབ་ཏུ་སྦྱོར་བ་ཡང་འདི་ཉིད་དོ། །ད་ནི་བསྐྲད་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། དུ་བ་དམར་པོའི་ཞེས་པ་ལ་སོགས་པ་ནི་བསྐྲད་པའི་དུས་སུ་དུ་བ་དམར་པོའི་ཁ་དོག་གི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པའི་ ཞེས་པ་ནི་རླུང་གི་དཀྱིལ་འཁོར་གྱིས་བསྐོར་བ་ཞེས་པའི་དོན་ནོ། །ཆོ་ག་འདི་ལྟ་བུས་བཅོམ་ལྡན་འདས་ཀྱི་དགྲ་བོ་རྣམས་སྐྲོད་པར་བྱེད་དེ་འདིར་ཐེ་ཚོམ་མེད་པར་བྱེད་པར་འགྱུར་རོ། །དགྲ་བོ་རྣམས་སྐྲོད་པར་བྱེད་པའི་འདིར་བསྒོམ་པ་རིམ་པའི་ནི་རྣལ་འབྱོར་པས་ཉི་མ་གུང་གི་དུས་སུ་ཁ་ལྷོར་མངོན་ པར་ཕྱོགས་ཏེ་དུ་བ་དམར་པོའི་མདོག་ཅན་དོན་ཡོད་གྲུབ་པ་ལྟ་བུ་སེར་སྣའི་རིགས་དོན་ཡོད་གྲུབ་པས་དབུ་བརྒྱན་པ་རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པ་བདག་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་སྐུར་བསྒོམ་པར་བྱའོ། །ཕྱག་མཚན་ལ་སོགས་པ་རྣམས་སྔ་མ་བཞིན་ནོ། །བསྒྲུབ་བྱ་ ཡང་རྔ་མོའི་སྟེང་དུ་གནས་པ་ལ་རང་གི་འོད་ཟེར་དུ་བ་དམར་པོའི་ཁ་དོག་ལྟ་བུས་རང་གི་གནས་ནས་བསྐྱོད་པར་བསམ་པར་བྱའོ། །བདག་ཉིད་ཀྱང་དུ་བ་དམར་པོའི་མདོག་ཅན་ལྕགས་ཀྱུའི་རྣམ་པས་མཚན་པའི་མཚོན་ཆ་བཟུང་བར་བསྒོམ་མོ། །དེ་བཞིན་དུ་བསྒོམ་པས་དགྲ་བོ་རྣམས་ངེས་པར་སྐྲོད་པར་ འགྱུར་ཏེ། འདིར་ཐེ་ཚོམ་མེད་དོ། །ད་ནི་རྣམ་པར་ཞེ་སྡང་བའི་རབ་ཏུ་སྦྱོར་བ་གསུངས་ཏེ། དུ་བ་དངུལ་གཟུགས་དམར་བ་ནི། །རྣམ་པར་ཞེ་སྡང་ལ་ངེས་སྦྱར། །ཞེས་པའི་དུ་བ་དངུལ་གཟུགས་དམར་པོའི་མདོག་ནི་དེ་མ་ཐག་ཏུ་གསུངས་པའི་དོན་ཡོད་གྲུབ་པས་དབུ་བརྒྱན་པའོ། །སྔོན་དུ་གསུངས་ པའི་ཞལ་དང་ཕྱག་མཚན་དང་ལྡན་པའོ། །རང་གི་སྙིང་ག་ནས་བསྐུལ་ཏེ་ཞེ་སྡང་རྣམ་པར་དག་པ་དུ་བ་དངུལ་གཟུགས་དམར་པོའི་འོད་ཟེར་གྱིས་ཞེ་སྡང་ཡང་དག་པར་བསྐྱེད་དེ། བསྒྲུབ་བྱ་མ་ཧེ་དང་རྟའི་སྟེང་དུ་གནས་ཏེ་ཕན་ཚུན་དུག་དང་མཚོན་ཆས་འཐབ་ཅིང་ཁྲོ་བའི་སེམས་དང་བཅས་ པར་བསམ་པར་བྱའོ། །དེ་ལྟ་བུ་ཉིད་དུ་བསྒོམ་ཞིང་རྣལ་འབྱོར་པས་དུ་བ་དང་དངུལ་གཟུགས་དམར་པོའི་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བྱས་ཏེ། དེས་དགྲ་བོ་རྣམ་པར་ཞེ་སྡང་ངེས་པར་སྦྱོར་བར་འགྱུར་ཏེ། འདིར་ནི་ཐེ་ཚོམ་མེད་དོ། །ད་ནི་གདུག་པ་ཅན་གྱི་སེམས་སོ་སོར་བསད་པ་དང་རེངས་པའི་རབ་ ཏུ་སྦྱོར་བ་གཉིས་གསུངས་ཏེ། བསད་པ་ལ་ནི་ཁ་དོག་གནག །རེངས་པ་ལ་ནི་སེར་པོར་ཤེས། །ཞེས་པ་ལ་སོགས་པའི་བསད་པ་ལ། སྐུ་མདོག་ནག་པོར་བསྒོམ་པར་བྱའོ། །རེངས་པ་ལ་ནི་སེར་པོར་བསྒོམ་པར་བྱའོ། །འདིར་བསྒོམ་པའི་རིམ་པ་ནི་རྣལ་འབྱོར་པས་ཁ་ལྷོར་ཕྱོགས་ཏེ། རང་ཉིད་ མི་བསྐྱོད་པ་བཞིན་དུ་སྐུ་མདོག་ནག་པོ་མི་བསྐྱོད་པས་དབུ་བརྒྱན་པ། སྔོན་དུ་གསུངས་པའི་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་སྐུར་བསྒོམ་པར་བྱའོ། །ཕྱི་ནས་བསྒྲུབ་བྱ་ཡང་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་དུ་བའི་མདོག་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་ འཁོར་ལ་གནས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ལ་གནས་པར་བསམ་པར་བྱའོ། །རང་གི་སྙིང་གའི་པདྨའི་ཟེ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཧཱུྃ་ཛྫཿཞེས་པའི་ཡི་གེ་གསུམ་གྱི་སྔགས་ཀྱི་བདག་ཉིད་ཀྱི་ལྕགས་ཀྱུས་བསྒྲུབ་བྱའི་ལུས་ ངག་ཡིད་གསུམ་གྱི་སྣང་བ་བླངས་སྟེ། དེའི་ནང་དུ་སོང་ནས་ཡི་དམ་གྱི་ལྷ་དང་ཡེ་ཤེས་སེམས་དཔའ་ལ་གསོལ་བ་གདབ་པར་བྱའོ། །ནམ་མཁའི་མཐིལ་དུ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་གསོལ་བ་བཏབ་ནས། དེ་རྣམས་ཀྱི་མདུན་དུ་སྡིག་པ་བཤགས་པར་བྱ་སྟེ། འདི་ནི་ དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་སེམས་ཀྱིས་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་བ་ལས་བཟློག་པའི་ཕྱིར། དེ་བཞིན་དུ་སྨོན་ལམ་གདབ་སྟེ་དེ་ལྟ་བུའི་ངོ་བོའི་ཉིད་ཀྱིས་སྙིང་རྗེ་བསྐྱེད་པར་བྱའོ། །དེའི་ཕྱིར་ཡང་། སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །ཞེས་སོ། །དེ་ནས་སྔོན་དུ་གནང་བ་ ཐོབ་ནས་ཡེ་ཤེས་སེམས་དཔའི་དེ་བཞིན་གཤེགས་པའི་གཏི་མུག་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་རང་རང་གི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་དང་ལྡན་པས་བསྒྲུབ་བྱའི་ལུས་མར་ནག་གིས་བྱུགས་པ་ལྟ་བུ་རབ་ཏུ་གཡོ་བ་ལས་བསྲུང་བ་ལ་སོགས་འཐོན་པར་བསམ་མོ། །ཇི་སྲིད་བསྒྲུབ་བྱའི་ སྦྱོར་བ་ཡང་དག་པར་སྦྱོར་བར་བྱེད་པར་འགྱུར་ཏེ། ཕྱི་ནས་བསྒྲུབ་བྱའི་བློ་དང་ཤེས་པ་མར་མེ་གཡོ་བ་མེད་བཞིན་དུ་བསམ་མོ། །མཁའ་པད་ཟླ་བའི་སྟེང་དུ་ཧཱུྃ་ཡིག་ལས་སྐྱེས་པའི་ལྕགས་ཀྱུ་ཡོངས་སུ་གྱུར་པ་ལས་དེ་ཉིད་དུ་དེའི་བློ་དང་ཤེས་པ་རིགས་ཀྱི་འཇིག་རྟེན་དབང་ཕྱུག་ སྐུ་མདོག་ནག་པོར་གྱུར་ནས་རླུང་གིས་བསྐྱོད་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འདས་ནས་དེ་བཞིན་གཤེགས་པ་རྣམས་རྒྱལ་ཚབ་ཏུ་དབང་བསྐུར་བར་བསམ་པར་བྱའོ། །འདི་ནི་མན་ངག་གི་རིམ་པའོ། །དེ་བཞིན་དུ་བྱས་ན་སྡིག་པར་མི་འགྱུར་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའི་ཕྱིར་རོ། ། གཞན་དུ་ན་སྡིག་པར་འགྱུར་རོ། །འདི་ནི་གསད་པའི་རབ་ཏུ་སྦྱོར་བའོ། །རེངས་པ་ལ་ནི་སེར་པོར་ཤེས། །ཞེས་པ་ནི་མདོར་བསྟན་པ་སྟེ། རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་གཞན་གྱིས་བཤད་དེ། རེངས་པར་བྱ་བ་སེར་པོ་ཉིད་ལས་གཙོ་བོར་ཕྱིར་རྒོལ་བའི་ངག་རེངས་པར་བྱེད་པའི་ལས་ སུ་བརྗོད་དོ། །ལུག་གི་སྟེང་ཞེས་པ་ལ་སོགས་པའི་ལུག་ནི་དུད་འགྲོ་སྟེ། རྣལ་འབྱོར་པས་སྟེང་དུ་ཞོན་པའོ། །རྣལ་འབྱོར་པས་དེ་བཞིན་དུ་བསྒོམ་པར་བྱའོ། །ཡང་ན་བསྒྲུབ་བྱའི་སྟེང་དུ་ལུག་གིས་ཞོན་པ་བཞིན་དུ་ཡང་དག་པས་གནས་པའོ། །རྐན་གྱི་བར་དུ་རྣམ་ཕུག་ནས། །ཞེས་པ་ནི་ རིགས་ཀྱི་འཇིག་རྟེན་དབང་ཕྱུག་སེར་པོར་བསྒོམས་ཤིང་ལུག་གི་སྟེང་དུ་གནས་ནས་ལྕགས་ཀྱུས། བསྒྲུབ་བྱའི་རྐན་ཕུག་ནས་ཞེས་པ་ནི་དེའི་ཕྱིར་ཐམས་ཅད་བསྒྲུབ་བྱ་ལ་ཉེ་བར་མཚོན་པ་སྟེ། སྲིད་པ་གསུམ་དུ་གང་གནས་པ། །ཞེས་པ་ནི་ཐམས་ཅད་རྨོངས་པར་བྱེད་པའོ། །འདི་ནི་ རེངས་པའི་རབ་ཏུ་སྦྱོར་བའོ། །གཞན་དག་སྨོས་པས་ཅི་ཞིག་བྱ། །དོན་མང་ཚིག་ནི་རབ་འདུས་པ། །ཞེས་པ་ནི་དོན་མང་པོ་ཚིག་ཉུང་ཤས་ལ་འདུས་པ་ཞེས་པའི་དོན་ནོ། །འཇིག་རྟེན་གསུམ་དུ་གང་གནས་པའི། །ལས་རྣམས་ཡོན་ཏན་བརྒྱད་ལྡན་པའི། །དེ་ལ་ཡོན་ཏན་བརྒྱད་ནི་ཡང་ དག་པའི་ལྟ་བ་དང་། འཚོ་བ་དང་། སྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ངག་དང་། ལས་ཀྱི་མཐའ་དང་། ཡང་དག་པའི་རྟོག་པ་ཞེས་པ་རྣམས་ཏེ། འདིར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཞི་བ་ཞེས་སོ། །ཡོན་ཏན་བརྒྱད་དང་ལྡན་པ་ནི་གཞན་ཡང་གསུངས་པ་དང་མ་ གསུངས་པའི་ལམ་རྣམས་རྒྱུད་གཞན་རྣམས་ལས་ཉེ་བར་སྤྱོད་པ་སྟེ། རྒྱུད་གཞན་རྣམས་སུ་ཇི་ལྟར་ཉེ་བར་སྤྱོད་པའི་རབ་ཏུ་སྦྱོར་བའི་ལས་རྣམས་གལ་ཏེ་རང་བཞིན་བསམ་གཏན་སྦྱོར་བ་ཡིས་ཏེ། ཆོ་ག་ཇི་ལྟ་བ་བཞིན་བྱས་པས་འདིར་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །གང་ཞིག་ལྷ་ནི་ནམ་ མཁའ་མཚུངས། །ཞེས་པ་ལ་སོགས་པའི་དངོས་པོ་ལས་རེ་ཞིག་བཅོམ་ལྡན་འདས་ནམ་མཁའ་དང་མཚུངས་པའོ། །ཁ་དོག་དབྱེ་བས། སླར་ཡང་གཞན་དུ་ཐ་དད་པས། །འཇིག་རྟེན་གསུམ་ན་གང་སྤྱོད་པའི། །ལས་རྣམས་ཐམས་ཅད་བྱ་བའོ། །སྐལ་བཟང་བྱེད་པའི་ཞེས་བྱ་བ་ལ་སོགས་པ་ ནི་འདིར་རེ་ཞིག་ཡི་གེ་གསུམ་གྱི་རང་བཞིན་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོའི་སྔགས་ཀྱིས་སྐལ་བ་བཟང་པོ་ཅན་དུ་འགྱུར་རོ། །འདོད་པའི་གཞན་དབང་བསྒྲུབ་བྱའི་སྙིང་གའི་ཆུ་སྐྱེས་དབུས་སུ་སོན་པའོ། །དེའི་ཕྱིར་བསྒྲུབ་བྱའི་སྙིང་གའི་ཆུ་སྐྱེས་སྦྱོར་བས་འདིར་རང་ཉིད་རིགས་ཀྱི་འཇིག་ རྟེན་དབང་ཕྱུག་གི་རང་བཞིན་ཡེ་ཤེས་སེམས་དཔའི་ངོ་བོར་འདོད་པས་གཟིར་ཏེ། བསྒྲུབ་བྱའི་སྙིང་གའི་ཆུ་སྐྱེས་ལ་རབ་ཏུ་ཞུགས་པའི་སྦྱོར་བས་དབང་པོ་ལ་སོགས་པ་ཡང་དག་པར་བསྒྲུབ་པར་བྱེད་དོ་ཞེས་པའི་དོན་ནོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་ཆོ་གས་གསང་སྔགས་ཀྱི་མགོན་པོ་གང་དུ་གནས་པ་ཞེས་ གསུངས་ཏེ། ཡི་གེ་གསུམ་དང་གཅས་པ་ཞེས་པ་ལ་སོགས་འདིར་སྔགས་ནི་ཡི་གེ་གསུམ་དང་བཅས་པ་སྟེ། ཡི་གེ་གསུམ་གྱི་རང་བཞིན་ཞེས་པའི་དོན་ནོ། །ལྷ་ནི་དེ་ལྟ་བུ་ཀྲི་ཌ་ཡཾ་ཞེས་པའི་ཁམས་ལས་རྩའི་འཁོར་ལོ་ཐམས་ཅད་དུ་ཐིག་ལེའི་གཟུགས་ཉིད་ཀྱིས་རྣམ་པར་རོལ་པའོ། ། སྟེང་དུ་འགྲོ་བ་གསུམ་ནི་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་སུ་དེས་རོ་གཅིག་ཏུ་གྱུར་པ་ནི་སྟེང་དུ་འགྲོ་བའོ། །དེ་དང་ལྡན་པ་ནི་བཅས་པ་ཞེས་པའི་དོན་ནོ། །ཡང་ན་རླུང་གི་དེ་ཉིད་ཀྱི་རིམ་པ་གཞུག་པ་དང་གནས་དབྱུང་བའི་ངོ་བོ་ཉིན་མཚན་དུ་བཟླས་པ་ནི་སྟེང་དུ་འགྲོ་བ་གསུམ་ལྡན་པའོ། ། དེ་ལྟར་ཡང་རླུང་ནི། ཨོཾ་ཡིག་གིས་ནི་རབ་ཏུ་གཞུག །ཨཱཿཡིག་སྔགས་ཀྱི་དབུས་གནས་དེས། །ཧཱུྃ་ཡིག་སྔགས་ཀྱིས་དབྱུང་བྱས་ནས། །བཟླས་བྱ་མཆུ་དང་རྐན་སྦྱོར་མིན། །ཞེས་སོ། ལས་གསུམ་བྱེད་པ་ནི་དེ་ཁོ་ན་ཉིད་གསུམ་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་ལས་བྱེད་པ་སྟེ། རྟག་ ཏུ་རྒྱུན་མི་འཆད་པ་ཉིད་དོ། །རྣལ་འབྱོར་མ་རྣམས་ཞལ་ལ་གནས་ནི་བདེ་བའི་བདག་ཉིད་ཐིག་ལེ་དེ་ཉིད་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱི་ཞལ་ནི་ཆོས་འབྱུང་གི་བདག་ཉིད་དུ་གནས་སོ། །དེ་བཞིན་དུ་དཔལ་བདེ་མཆོག་གི་རྒྱུད་ལས་ཀྱང་ གསུངས་ཏེ། རྣལ་འབྱོར་མ་རྣམས་ཀུན་རྫོབ་སྤྱོད། །མཁས་པ་ཡི་ནི་མཆོད་པར་འོས། །རང་ཉིད་ཡང་དག་མདུན་ཕྱོགས་ནས། །རྣལ་འབྱོར་པ་ཡིས་ནོར་ཀུན་དབུལ། །ཞེས་སོ། །ཡང་ན་རྣལ་འབྱོར་ནི་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཐོབ་སྟེ། གང་རང་གི་བདེ་བ་ལ་ཞུགས་པ་དེ་ རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ཞལ་ལ་གནས་པ་སྟེ། མཐའ་གཉིས་ཀྱི་རྩེ་མོར་གནས་ཤིང་རིག་པ་བརྟན་པར་གྱུར་པའོ། །དེ་བཞིན་དུ་ཡང་རྣལ་འབྱོར་མ་ནི་དེ་རྣམས་རྩ་སུམ་ཅུ་རྩ་གཉིས་རྣམས་སྤྱི་བོ་ལས་སྐྱེས་པར་ཤེས་པར་བྱ་སྟེ། དེ་རྣམས་ཡང་དག་པར་བསྐུལ་བས་ཡེ་ཤེས་ནི་ མཆོག་ཏུ་དགའ་བའི་ངོ་བོ་ཉིད་དོ། །རྣམ་པ་གསུམ་ནི་འགུགས་པར་བྱེད། །ཅེས་པ་ལ་སོགས་པ་ནི་རྣལ་འབྱོར་པས་གང་གི་ཚེ་ཐིག་ལེའི་རྣལ་འབྱོར་ལ་གོམས་པར་བྱས་པས། དེའི་ཚེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེའོ། །མཛེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ ཕྱིར་རོ། །པདྨ་ཟུང་དང་ལྡན་པ་ནི་སྤྲུལ་པ་དང་བདེ་བ་ཆེན་པོའི་པདྨར་གྱུར་པ་སྟེ། འགྲོ་བ་དང་འོང་བའི་ཚུལ་ཉིད་ཀྱིས་སོ། །དེ་ལྟ་བུའི་རྣམ་པས་རྣམ་པ་གསུམ་འགུགས་པར་བྱེད་དེ། རྣམ་གསུམ་གྱུར་པའི་དབང་ལས་དེ་གཡོ་བར་འགྱུར་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལས་འཛག་པའོ། །དེའི་རྗེས་སུ་ འཛག་པར་གྱུར་པ་ནི་སྙིང་གའི་འཁོར་ལོར་བབས་པའོ། །དེའི་རྗེས་སུ་མི་འཛག་པར་གྱུར་པ་ནི་སྤྲུལ་པའི་འཁོར་ལོར་གྱུར་པའོ། །དེའི་ཚེ་དབུ་མར་མར་མེ་གཡོ་བ་མེད་པ་བཞིན་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟག་ཏུ་སྦྱོར་བ་ནི་རྣམ་པ་དེ་ལྟ་བུས་རྟག་ཏུ་གཅིག་ཏུ་གནས་ པ་སྟེ། །རྟག་ཏུ་རྒྱུན་མི་འཆད་པའོ། །མར་མེ་རླུང་གིས་མ་བསྐྱོད་པ་བཞིན་དུ་རབ་ཏུ་གནས་པ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ནོ། །སྔོན་གསུངས་ཞེས་པ་ལ་སོགས་པ་ནི་སྔོན་དུ་བཤད་པའི་ལྷའི་ལྷ་དབང་པོའི་ངོ་བོར་སྒྲུབ་པ་པོ་སྐྱ་རེངས་དམར་པོ་དང་མཚུངས་པའི་འོད་དུ་བསྒོམ་མོ། །ཐབས་ ཤེས་རབ་གཉིས་རྣམ་པར་དག་པས་མཚན་མོ་ཕྱེད་ཀྱི་དུས་སུ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་དག་གི་དབུས་སུ་གནས་པའོ། །དེ་ལྟ་བུའི་རྣལ་འབྱོར་ནི་སྔོན་དུ་གསུངས་པའོ། །ཡང་ན་ཨེ་ཡིག་དང་ཝཾ་ཡིག་གི་མཚན་ཉིད་རྣལ་འབྱོར་ཡང་དག་པར་སྤྱོད་པའོ། །ད་ནི་དཀོན་མཆོག་གསུམ་ལ་ གནོད་པ་བྱེད་པ་རྣམས། དེའི་གཟུགས་འཛིན་དེ་ཞེས་པ་ལ་སོགས་པས་སླར་བཤད་དེ། སྔོན་དུ་གསུངས་པའི་བཅོམ་ལྡན་འདས་སྐུ་མདོག་ནག་པོའི་རང་བཞིན་དུ་སྒྲུབ་པ་པོའི་ལུས་འཛིན་པའོ། །དེ་ལྟ་བུའི་ཆོ་གས་སྒྲུབ་པ་པོ་གང་གིས་དེ་བཞིན་ལྷ་ནི་བཅོམ་ལྡན་འདས་ཏེ་ཞགས་པ་ལྕགས་ཀྱུ་འཛིན་ པས་བསྒྲུབ་བྱའི་ལུས་ལ་སྤྱོད་པར་བྱེད་པ་ནི་ཡང་དག་པར་བླང་བར་བྱ་ཞེས་པའི་དོན་ནོ། །འདིར་བཅོམ་ལྡན་འདས་གང་ཞགས་པ་དང་ལྕགས་ཀྱུ་འཛིན་པ་ཉིད་ཀྱི་འོད་ཟེར་ཆེན་པོ་ཉིད་ཀྱིས་སོ། །དེ་བླ་མའི་ཞལ་ལ་རྣམ་པར་གནས་ནི་བླ་མའི་ཞལ་ལས་བླང་བར་བྱ་ཞེས་པའི་དོན་ནོ། །འདིར་གསུངས་ པ་ནི་སྔོན་དུ་གསུངས་པའི་ཞགས་པས་བཅིངས་པ་ལ་སོགས་པ་དང་། ལྕགས་ཀྱུས་ཀྱང་གང་དགུག་པ་སྟེ། དེ་བླ་མའི་ཞལ་ལས་རྟོགས་པར་བྱའོ་ཞེས་པའི་དོན་དོ། །དེ་བསྒྲུབ་བྱའི་ལུས་ལ་གཞན་ཅི་འདྲ་ན་ཞགས་པས་ཡང་དག་པར་བཀུག་ཅིང་ལྕགས་ཀྱུས་བསྣུན་པས། གཞན་ཡང་ རྣམ་པར་མྱོས་པ་ནི་རྣམ་པར་འཁྲུགས་པས་ཞེས་པའི་དོན་ནོ། །འཇིགས་པ་དང་བཅས་པའི་ཕྱིར་ལུས་དམར་ནི་ལུས་དམར་པོར་གྱུར་ཏེ། ཡང་ནས་ཡང་དུ་བརྒྱལ་བར་འགྱུར་ཏེ་སྒོ་དགུ་རྣམས་སུ་བསྣུན་པས་ཁྲག་མང་དུ་འབབ་པ་ཞེས་པའི་དོན་ནོ། །དེ་བཞིན་དུ་སྔོན་དུ་མདོར་བསྟན་པའི་ རྗེས་སུ་འབྲང་ནས་འདི་ནི་རྒྱས་པར་བཤད་པའི་རིམ་པ་སྟེ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་གསད་པའི་རིམ་པའོ། །གཞན་དུ་བཤད་པའི་གསད་པའི་རིམ་པ་ནི་བསྒྲུབ་བྱའི་ལུས་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་ལེན་པར་བྱེད་པ་སྟེ། ཞགས་པས་འགུགས་པ་ དང་ལྡན་པའི་ལྟེ་བའི་འཁོར་ལོ་ལ་གནས་པའི་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་གཏུམ་མོ་འབར་བའི་གཟུགས་ནི་ཞགས་པས་འགུགས་པ་སྟེ། །སྟེང་དུ་སོང་ནས་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་མགོ་ཐུར་དུ་བསྟན་པའི་ཧཾ་ཡིག་གི་གཟུགས་ལྕགས་ཀྱུས་བསྣུན་པའོ། །རྣམ་ པར་མྱོས་པའི་ཞེས་པ་ནི་རང་གི་གནས་ནས་འབབ་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ལས་ཞེས་པའི་དོན་ནོ། །ལུས་དམར་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དོ། །ཡང་དང་ཡང་དུ་བརྒྱལ་བ་ནི་འཁོར་ལོ་ལས་འཁོར་ལོའི་མཐར་འབབ་པའོ། །ཁྲག་འབབ་པ་ ནི་བདེ་བ་ཆེན་པོ་དཔག་ཏུ་མེད་པའོ། །སྒོ་དགུ་རྣམས་སུ་བསྣུན་པ་ནི་ཆོས་ཀྱི་འཁོར་ལོར་གྱུར་པའི་ལྷ་མོ་བཞི་དང་དེ་བཞིན་གཤེགས་པ་ལྔའི་རིགས་སྒོར་བསྣུན་པས་སྤྲུལ་པའི་འཁོར་ལོའི་ནང་དུ་འབབ་པའོ། །འདིར་ཡང་བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་ལྷུང་ཞིང་སྟེང་དུ་འདྲེན་པར་བྱེད་པའི་མཚན་ ཉིད་ཡིན་པ་ནི་གཟི་བརྗིད་ཆེན་པོའོ། །སྔོན་དུ་གསུངས་པའི་ཞགས་པ་ལྕགས་ཀྱུས་འཛིན་པ་དག་གིས་དེ་ཐམས་ཅད་ལ་གཟི་བརྗིད་ཆེན་པོ་ཉིད་དོ། །བླ་མའི་ཞལ་ལ་གནས་ནི་སྙིང་གའི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོ་སྟེ། འཁོར་ལོ་གཉིས་ཀྱི་བར་དུ་གནས་པ་ཞེས་པའི་དོན་ནོ། །ད་ནི་ སྔགས་ཀྱིས་ཕན་པར་བྱེད་པ་སྲོག་བཞིན་བསྲུང་བར་བྱ་བ་ཚིགས་སུ་བཅད་པ་དྲུག་གིས་གསུངས་ཏེ། སྒྲིབ་པ་དང་བྲལ་མཚུངས་པའོ། །ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོས་དང་པོར་རེ་ཞིག་སྒྲིབ་པ་དང་བྲལ་མཚུངས་པ་ནི་སྒྲིབ་པ་ལས་ངེས་པར་གྲོལ་བའོ། །རང་ལུས་རྣམ་པར་བལྟ་བར་བྱ་བ་ནི་དེ་ རང་ལུས་ལ་བལྟ་བར་བྱ་སྟེ། དེ་ལ། སྒྲིབ་པ་དང་བྲལ་མཚུངས་པའོ། །ལུས་ཀྱི་དབུས་སུ་རབ་ཏུ་བཞེངས་པའི་སྔགས་ནི་ཧྲཱིཿཡིག་དམར་པོ་ཞེས་ཏེ་དེ་ཉིད་དང་པོའི་ཡི་གེའི་རང་བཞིན་ཡི་གེའི་དབང་པོར་ཤེས་པར་བྱའོ། །དེ་བཞིན་དུ་འབར་ཞིང་འབབས་པའི་དབྱིབས་ནི་མར་མེ་འབར་བ་དང་། མེ་ལྟ་ བུས་ཞེས་པའི་དོན་ནོ། །གཞན་ཡང་ཁ་དོག་དམར་པོ་ནི་པདྨའི་གཟུགས་འཛིན་པའོ། །རང་གི་ཞལ་གྱི་ནང་ནས་འཐོན་ཏེ་ཁའི་སྒོར་རོལ་ནི་བསྒྲུབ་བྱའི་སྒོ་སྟེ་བསྒྲུབ་བྱའི་ཁའི་སྒོ་རུ་ཞེས་པའི་དོན་ནོ། །དེ་ལ་མངོན་འདོད་རོལ་པ་སྟེ་བསྒྲུབ་བྱའི་ཁའི་སྒོར་ཡོངས་སུ་འཁོར་བ་ཞེས་པའི་དོན་ནོ། །ཕྱི་ ནས་དེ་ཉིད་ཡི་གེ་རྣམས་བསྒྲུབ་བྱའི་ཁར་ཐིམ་ནས་ཇི་སྲིད་བསྒྲུབ་བྱའི་སྙིང་གའི་རུ་སྐྱེས་ལ་ཐིམ་པར་བསམ་པར་བྱའོ། །ཕྱི་ནས་དེའི་མཐར་སྙིང་གར་ཅུང་ཟད་གནས་པ་ཐམས་ཅད་དེའི་མཐར་ཞེས་པ་ནི་དང་པོའི་ཡི་གེའི་མཐར་ནི་ཧཱུཾ་ཡིག་གོ། །དེ་ཉིད་ཀྱི་གཟུགས་ཀྱིས་དེ་ཡང་རབ་ཏུ་ཞུགས་ ཏེ་བསྒྲུབ་བྱའི་སྙིང་གར་གང་ཅུང་ཟད་གནས་པ་ཐམས་ཅད་ཕྲོགས་ཏེ། དེ་ཡང་མེར་མེར་པོའི་རང་བཞིན་དཀར་དམར་གྱི་རང་བཞིན་སྒྲོལ་མའི་གཟུགས་ག་པུར་གྱི་རྣམ་པ་དེ་ཉིད་དེ། ཡིད་འཕྲོག་པ་ཐམས་ཅད་དེས་ཡི་གེ་བླང་བར་བྱ་བ་ལེན་པ་ཞེས་པའི་དོན་ནོ། །ཕྱི་ནས་གང་བསྒྲུབ་བྱའི་ལུས་སྟོང་པར་བྱ་སྟེ། དེའི་ཚེ་ཛྫཿཞེས་པའི་གསུམ་པའི་ཡི་གེས་རླུང་གིས་ལོ་མ་གཡོ་བ་ལྟར་བྱས་ཏེ། རང་གི་ཁྱིམ་ནི་རང་གི་ལུས་ལ་ཐིམ་ནས་ལུས་བསྒྲུབ་བྱའི་ལུས་དང་ངོ་བོ་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་ལྟ་བུའི་རྣམ་པ་འདིས་ལྷའི་ལྷ་ནི་བཅོམ་ལྡན་འདས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་ཞག་བདུན་དུ་བསྒྲུབ་པར་ བྱས་པས་དེའི་ནོར་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བྲན་བྱེད་པར་འགྱུར་རོ། །འཚོ་བ་དང་ནི་ནོར་གྱིས་ཀྱང་། །ས་སྟེང་འཇིག་རྟེན་སླར་ཅི་སྨོས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་ཐེ་ཚོམ་མེད་པ་ཞེས་པའི་དོན་ནོ། །ད་ནི་འདིའི་སྔགས་ཀྱི་དབང་དུ་བྱ་བའི་ཡུལ་གྱི་རྣམ་པར་དབྱེ་བ་ཚིགས་ སུ་བཅད་པ་གཉིས་ཀྱིས་གསུངས་སོ། །རང་དབང་མེད་རྣམས་ཞེས་པ་ལ་སོགས་པའི་འདིར་སྔགས་ཀྱི་དབང་པོ་ནི་རྒྱལ་པོ་སྟེ། སྒྲུབ་པ་པོས་འདིར་རང་དབང་མེད་པ་ནི་གཞན་གྱིས་གཟུང་བའི་བུད་མེད་ལ་རབ་ཏུ་སྦྱར་བར་མི་བྱའོ། །རྒྱལ་སྲིད་སྒྲུབ་པ་མཆོག་ནི་ངེས་པ་སྟེ། །འདིར་སྔགས་ཀྱི་རྒྱལ་པོ་ བཟླས་པར་བྱའོ་ཞེས་པའི་དོན་ནོ། །སྒྲུབ་པ་པོ་གང་གིས་སླར་ཡང་གཞན་དུ་སྟེ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་སྒྲུབ་པ་ནི་འདོད་པ་ལ་ལོངས་སྤྱོད་ཅིང་འདོད་པ་ལ་ཆགས་པ་སྟེ། དེས་དེ་བཞིན་དུ་དབང་བྱས་པས་ལྷུང་བར་འགྱུར་ཏེ་སྡིག་པར་འགྱུར་རོ་ཞེས་པའི་དོན་ནོ། །རྒྱུ་གང་གི་ཕྱིར་ན་དེ་ གཞན་གྱིས་ཡོངས་སུ་བཟུང་བའི་བུད་མེད་བསྒྲུབས་ན་འོང་མི་ནུས་པའི་ཕྱིར་དེའི་སྐད་ཅིག་ལ་འཆི་བར་འགྱུར་ཏེ་དེ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་ལྷའི་བུ་མོ་ཡིན་ཡང་འདིར་ཐེ་ཚོམ་མེད་དོ་ཞེས་པ་ནི་ལྷའི་བུ་མོ་ཡང་ངེས་པར་འོང་བར་འགྱུར་རོ་ཞེས་པའི་དོན་ནོ། །རིགས་ཀྱི་འཇིག་རྟེན་མགོན་པོའི་ ལྔ་བཅུ་པ་ལས་ལྷའི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།ཡང་དག་སྲུང་ཞེས་པ་ལ་སོགས་པ་ནི་དེ་རྣལ་འབྱོར་པས་དམ་ཚིག་སྤྱོད་པ་དམན་པས་འདྲེན་པའི་སྔགས་ཉིད་བཟླས་པར་བྱའོ། །སྦ་ཞིང་སྲོག་བཞིན་བསྲུང་བར་བྱ་སྟེ། འདིར་སྔགས་ནི་འཇིག་རྟེན་དབང་ཕྱུག་གི་སྙིང་པོའོ། ། མཆོག་ནི་ཕུལ་དུ་བྱུང་བའོ། །གཅིག་པུ་གྲོགས་དང་བྲལ་བྱས་ཏེ། །ཞེས་པ་ལ་སོགས་བཞི་རྣལ་འབྱོར་པས་གང་གི་ཚེ་སྔགས་ཟློས་པར་བྱེད་པ་དེའི་ཚེ་གཅིག་པུ་ནི་གནས་ཀྱི་དོན་ཐམས་ཅད་ལ་ཆགས་པ་སྤངས་པའོ། །འབུམ་དང་ལྡན་ནི་འབུམ་ཕྲག་གསུམ་གྱི་གྲངས་ཀྱི་སྔགས་ བཟླས་པར་བྱའོ། །དེ་ཡང་འཁོར་ལོ་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་མཚན་ཉིད་དོ། །བདེ་གཤེགས་མངོན་སུམ་ཞེས་པ་ནི་སྐུ་གསུང་ཐུགས་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་པའི་དོན་ནོ། །ད་ནི་སྔགས་བཟླས་པའི་འབྲས་བུའི་བདག་ཉིད་ཆེན་པོར་གསུངས་ཏེ། འཇིག་རྟེན་ཐམས་ཅད་འབྱིན་པ་དང་། །ཞེས་པ་ ལ་སོགས་པ་ནི་གང་སྔོན་དུ་གསུངས་པའི་ཆོས་གསང་སྔགས་བཟླས་པ་དང་ལྡན་པའི་རྣལ་འབྱོར་པ་དེས་འཇིག་རྟེན་ཐམས་ཅད་སྐད་ཅིག་ཙམ་ལ་དེ་བཞིན་དུ་འབྱིན་པར་བྱེད་པ་དང་སྐད་ཅིག་ཙམ་ལ་དེ་བཞིན་དུ་སྡུད་པར་བྱེད་དེ། ཡང་ནས་ཡང་དུ་འབྱིན་པ་དང་སྡུད་པར་བྱེད་པའི་ནུས་པ་དང་ལྡན་པ་ཞེས་པའི་ དོན་ནོ། །ནམ་མཁའི་གོ་འཕང་འགྲོ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བར་བྱེད་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ་རྫུ་འཕྲུལ་དང་ལྡན་པའོ། །དེ་རྣམས་ཀྱི་གོ་འཕང་ནི་དེ་དག་གི་གནས་སུ་འགྲོ་བ་སྟེ་སྒྲིབ་པ་དང་བྲལ་བའི་གནས་སུ་འགྲོ་བ་ཞེས་བྱ་བའི་དོན་ཏེ། །དྲན་པས་འདི་ལ་ཐེ་ཚོམ་མེད་པའོ། །ད་ནི་ཕ་རོལ་གྱི་གྲོང་ དུ་འཇུག་པ་བཤད་པར་བྱ་སྟེ། སེམས་དང་སེམས་མེད་སྦྱོར་བ་ཞེས་པ་ལ་སོགས་པ་ནི་སེམས་ནི་རྣལ་འབྱོར་པའི་ཤེས་པའོ། །ལུས་སྐྱེས་ནི་ལུས་ལས་སྐྱེས་པའི་འབྱུང་བ་ཆེན་པོར་གྱུར་པ་རྣམས་འཇུག་པར་བྱེད་པའོ། །གང་ལ་སེམས་མེད་པ་ནི་རོའི་ལུས་སོ། །སྦྱོར་བ་ནི་འཇུག་པའོ། །སེམས་ནི་ རྣལ་འབྱོར་པའི་ཤེས་པ་སེམས་མེད་པའི་རོའི་ལུས་ལ་ཡང་དག་པར་ཐིམ་པའོ། །ལུས་སྐྱེས་མང་པོ་རྣམས་ལ་རབ་ཏུ་ཞུགས་ནས་སེམས་ནི་སེམས་ལས་ངེས་པར་མཐོང་སྟེ། རོའི་ལུས་ལ་སེམས་དེ་བཞིན་དུ་འདིར་སེམས་དང་བཅས་པ་སྟེ། ངེས་པར་མཐོང་བ་ནི་རོ་དེ་ལ་ངེས་པར་མཐོང་བར་འགྱུར་ རོ་ཞེས་པའི་དོན་ནོ། །འདིར་ཚོགས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་གཟུགས་སེམས་ཀྱི་རྟེན་དུ་གྱུར་པ་དེ་ཉིད་རིམ་པས་ཕ་རོལ་གྱི་གྲོང་ལ་འཇུག་པའི་དུས་སུ་རྣལ་འབྱོར་པས་སྟེང་དུ་བླང་བར་བྱ་སྟེ། ཇི་སྲིད་ལྟེ་བའི་འོག་ནས་དེ་ཡང་སྟེང་དུ་མགྲིན་པའི་ཕྱོགས་ཀྱི་མཐར་ཐུག་པ་བཀང་ནས་ སྣའི་བུ་ག་ནས་འཐོན་ཏེ་རོ་མཉམ་པའི་ལུས་ལ་ཡང་དག་པར་ཞུགས་པར་བྱའོ། །ཇི་སྲིད་རོའི་ལུས་གཡོ་བ་སྟེ། སྦལ་པ་བཞིན་དུའོ། །ཅིའི་ཕྱིར་ཡང་རབ་ཏུ་གཡོ་བ་ན་སླར་ཡང་དེ་ལས་རོའི་ལུས་ལ་མྱུར་དུ་སྲོག་ཚུར་དགུག་པར་བྱའོ། །དེ་བཞིན་དུ་ཕ་རོལ་གྱི་གྲོང་དུ་འཇུག་པ་ལ་གོམས་པར་བྱའོ།། །། ད་ནི་སྔགས་ཀྱི་བདག་ཉིད་ཀྱི་ཆེ་བ་བཤད་པར་བྱ་སྟེ། ནད་བཅས་ཞེས་བྱ་བ་ལ་སོགས་པ་ནི་ནད་དང་ལྡན་པའོ། །ནད་མེད་ནི་ནད་ལས་ངེས་པར་གྲོལ་བར་བྱེད་པའོ། །དེ་བཞིན་དུ་ནད་མེད་པ་ཡང་བདེ་བ་དང་བཅས་པར་བྱེད་དོ། །དེ་བཞིན་དུ་སྔགས་ཀྱི་རྒྱལ་པོའི་དབང་པོས་བྱེད་དེ། ཞགས་པ་ལྕགས་ ཀྱུས་འཛིན་པ་ཞེས་པ་འདིའི་ཞགས་པ་ལྕགས་ཀྱུས་འཛིན་པའི་ཚིག་བརླིང་བ་ནི་སྔོན་བཤད་ཟིན་ཏོ། །གཞན་དུ་ཞེས་པ་ལ་སོགས་པ་ནི་རང་བཞིན་གྱི་སྦྱོར་བ་སྔོན་དུ་གསུངས་པའི་ཆོ་ག་མ་ཡིན་པ་གང་གི་ལས་ཀྱི་རྗེས་སུ་འབྲངས་ནས་སྒྲུབ་པ་དེ་ནི་གཞན་དུ་སྟེ་བྱིས་པ་རྨོངས་པས་ཟླ་བ་འཛིན་པར་འདོད་ པ་དང་འདྲའོ། །གསུམ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོ་གང་གིས་འཇིག་རྟེན་མགོན་པོའི་སྐུ་གསུམ་གསུམ་དུ་རིག་པ་སྟེ། གསུམ་ནི་རྣམ་པ་གསུམ་སྟེ། དེ་ལས་དེ་ཉིད་གསུམ་ནི་སྔགས་ཀྱི་དེ་ཉིད་དང་། བདག་གི་དེ་ཉིད་དང་། ལྷའི་དེ་ཉིད་དོ། །གཞན་ཡང་གསུམ་ནི་སྐུ་གསུམ་སྟེ། ཆོས་ དང་། །ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའོ། །གཞན་ཡང་སྐུ་གསུམ་གསུམ་ནི་ཡི་གེ་རྣམ་པ་གསུམ་མོ། །དེ་བཞིན་དུ་གསུམ་གསུམ་དུ་རིག་པར་བྱའོ། །གནས་སྐབས་གསུམ་ནི་ཞི་བ་དང་། གཉིས་སུ་མེད་པ་དང་། ལམ་རྣམ་པར་སྦྱང་བའི་ཡེ་ཤེས་ཀྱི་སྐབས་སོ། །དེ་བཞིན་དུ་སྐུ་གསུམ་དང་ གནས་སྐབས་གསུམ་ནི་འཇིག་རྟེན་མགོན་པོའི་གོ་འཕང་སྟེ། འཇིག་རྟེན་མགོན་པོའི་རང་བཞིན་དུ་སྒྲུབ་པ་པོ་གང་གིས་ཤེས་པ་དེས་ངེས་པར་འཇིག་རྟེན་མགོན་པོའི་གོ་འཕང་དུ་འགྲོའོ་ཞེས་པའི་དོན་ནོ། །འདི་ནི་རིགས་ཀྱི་འཇིག་རྟེན་མགོན་པོའི་ལྔ་བཅུ་པའི་འགྲེལ་པ་མདོར་བསྡུས་པ་སྟེ། ཁ་ ཆེའི་པཎྜི་ཏ་དྲི་མེད་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།དཔལ་ས་སྐྱའི་གཙུག་ལག་ཁང་དུ་མི་ཆེན་ལྷ་རྗེ་མེ་ག་ལིང་གིས་ཞུས་ཤིང་། ཡར་ལུངས་པ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ༅། །ཀུ་ལ་ལོ་ཀ་ནཱ་ཐའི་བྱིན་རླབས་དང་རྗེས་གནང་བྱ་བའི་རིམ་པ་བཞུགས།། ༄༅༅། །འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་ནི། གནས་དབེན་པར་སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུང་ངམ་ཇི་ལྟར་བདེ་བས་ འདུག་ལ། སྐྱབས་སུ་འགྲོ་བ་དང་། སྡུག་བསྔལ་བ་དུ་མས་གདུངས་པའི་སེམས་ཅན་འདི་རྣམས་ཀྱི་དོན་དུ། བདག་གིས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་གི་སྙིང་གར་པཾ་ལས་པདྨ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ། །ཡི་གེ་ཧྲཱིཿའོད་ཟེར་འཕྲོ་བ་དང་བཅས་པ་བསམ། དེ་ལས་འོད་ཟེར་ལུས་ཀྱི་ནང་ཀུན་དུ་འཕྲོས་པས། ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ཀྱིས་གང་བ་སྙིང་པོ་མེད་པར་བསམ་པ་ལུས་རྗེས་སུ་དྲན་པ་དང་། དེ་ལ་བརྟེན་པའི་སེམས་གཟུང་འཛིན་སྣ་ཚོགས་སུ་སྣང་བ་ངོ་བོས་མ་གྲུབ་པར་ བསམས་པ་སེམས་རྗེས་སུ་དྲན་པ་དང་། དེ་དག་ལས་བྱུང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་ཀྱིས་བསྡུས་པ་རྣམས་རང་བཞིན་གྱིས་མ་གྲུབ་པར་བསམ་པ་ཚོར་བ་རྗེས་སུ་དྲན་པ་དང་། དེ་རྣམས་ཀྱིས་ཆོས་རང་བཞིན་གྱིས་སྤྲོས་པའི་མཐའ་དང་བྲལ་བར་བསམ་པ་ཆོས་རྗེས་སུ་དྲན་པ་རྣམས་བསྒོམ། དེའི་རྗེས་སུ་འོད་ཟེར་རྣམས་བ་སྤུའི་བུ་ག་ནས་ཕྱོགས་ཀུན་དུ་འཕྲོས་པས། མདུན་གྱི་ནམ་མཁར་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། དེ་ལ་ཡིད་ཀྱིས་ཕྱག་བྱ། རང་གི་སྙིང་གའི་ས་བོན་ལས་འཕྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ མཆོད། དེ་ནས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་དོན་དྲན་བཞིན་པས་བརྗོད། །དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་བཏང་ སྙོམས་ཏེ། ཚངས་པའི་གནས་བཞི་བསྒོམ། དེའི་རྗེས་སུ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མཆོད་བྱའི་ཡུལ་རྣམས་དང་སྣོད་བཅུད་ཀྱིས་བསྡུས་པ་རྣམས་དང་། རང་གི་ལུས་ཀྱང་ས་བོན་ལ་ཐིམ་པར་བསམ། །དེ་ནས་ས་བོན་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨ་ཧཾ། ཞེས་རིགས་དྲུག་གི་ང་རྒྱལ་བྱ། དེ་ནས་པཾ་ལས་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེ་གདེངས་པ་ཁ་དོག་ནག་པོ་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམ། དེ་ལས་འོད་ཟེར་དབང་པོ་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་སུ་ཀུན་དུ་འཕྲོས་པས་བདུད་དང་བགེགས་ལ་སོགས་པ་ ཚར་བཅད་ནས། སླར་འདུས་རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པར་གྱུར་པར་བསམ། དེའི་ནང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་གདེངས་ཀ་གྱེན་དུ་ཕྱོགས་པ་བསྒོམ། །དེའི་ནང་དུ་པཾ་ལས་པདྨ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་ དཀྱིལ་འཁོར་དཀར་པོའི་སྟེང་དུ་ཧྲཱིཿལས་བྱུང་བ་ལྕགས་ཀྱུ་དམར་པོའི་འོད་ཟེར་འཕྲོ་བ་དང་བཅས་པའི་ཧྲཱིཿཡིག་གིས་མཚན་པ་བསམ། དེ་ཡོངས་སུ་གྱུར་པ་ལས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་ཡུམ་དང་བཅས་པ་གཉིས་ཀའང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། ཕྱག་ གཡས་ཀྱི་དང་པོ་ལྕགས་ཀྱུ། གཉིས་པ་རིན་པོ་ཆེ་དང་མཆོག་སྦྱིན། གཡོན་གྱི་དང་པོ་ན་ཞགས་པ་དང་བཅས་པས་འཁྱུད་པ། གཉིས་པ་ན་པདྨ་དམར་པོ་འཛིན་པ། མུ་ཏིག་དང་ནོར་བུའི་ཚོགས་ཀྱིས་བརྒྱན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཤིན་ཏུ་ དགྱེས་པའི་ཉམས་དང་ལྡན་པ་བསྒོམ། དེ་ནས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། རིགས་ཀྱི་འཇིག་རྟེན་དབང་ཕྱུག་མདུན་གྱི་ནམ་མཁར་སྤྱན་དྲང་། མཆོད་པ་རྣམས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་རང་གི་ལུས་དང་གཉིས་སུ་མེད་པར་བསྟིམ་སླར་ཡང་ཐུགས་ཀར་ཡི་གེ་གསུམ་གྱི་སྔགས་ བསམ། དེ་དག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་སྤྱན་དྲངས་མཆོད་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་དབང་བསྐུར་བར་གསོལ་བ་གདབ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པས་དབང་བསྐུར་བར་བསམས་ལ། ལྷའི་སྐུ་ལ་དམིགས་ པའི་བསམ་གཏན་བྱ། དེ་ལས་སྐྱོན་སྔགས་ཀྱི་བཟླས་པ་ནི་ཐུགས་ཀ་ནས། ཧྲཱིཿཧཱུཾ་ཛཿཞེས་པའི་སྔགས་ཀྱི་ཕྲེང་བ་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས་མཁའ་དང་གསང་བའི་རིམ་པ་བཞིན་བརྒྱུད་ནས་ཐུགས་ཀར་ཐིམ་ཞིང་འཁོར་བ་ལ་དམིགས་ནས་སེམས་གཞན་དུ་མ་འཕྲོ་བར་བཟླས་པར་ བྱ། །ཐུན་མཚམས་སུ་མཆོད་པ་དང་གཏོར་མ་བཏང་ཞིང་། གནས་སྐབས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ། རྫོགས་པའི་རིམ་པ་བསྒོམ་པ་ནི། །ལྔ་བཅུ་པ་དང་། དེ་ཉིད་ཀྱི་དོན་གྲུབ་མ་ཧི་མས་བླངས་པའི་སྒྲུབ་ཐབས་ལས་འབྱུང་བ་བཞིན་ཉམས་སུ་བླང་བར་བྱའོ།། །། དེ་ལྟར་ན་རིང་པོར་མི་ཐོགས་པར་འཇིག་རྟེན་དབང་ཕྱུག་གི་སྐུར་འགྱུར་རོ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་འབྱུང་བ་བཞིན་བྲིས་པ་འདི་རྫོགས་སོ།། །།ཀུ་ལ་ལོ་ཀ་ནཱ་ཐཱ་ཡ། འཕགས་པ་སྤྱན་རས་གཟིགས་རིགས་ཀྱི་འཇིག་ རྟེན་མགོན་པོའི་རྗེས་གནང་གི་ཆོ་ག་ནི། གནས་དབེན་པར་མཎྜལ་འདབ་མ་བརྒྱད་བྱས་ལ། དེའི་དབུས་སུ་མཚན་ཉིད་དང་ལྡན་པའི་བུམ་པ་བཤམས་ལ་གཞན་ཡང་ཇི་ལྟར་འབྱོར་པའི་ཡོ་བྱད་སྟ་གོན་བྱས་ནས་སློབ་དཔོན་བདག་ཉིད་ཀྱིས་རྣལ་འབྱོར་རྣམས་རྫོགས་པར་བསྒོམ་སྟེ། སྔགས་ཅི་རིགས་པར་ བཟླས་ལ། དེའི་རྗེས་ལ་བུམ་པ་ཆོ་ག་བཞིན་དུ་ལྷར་བསྐྱེད་ལ། མཆོད་བསྟོད་བཟླས་པ་རྣམས་རྫོགས་པར་བྱའོ། །དེ་ནས་སློབ་མ་ཁྲུས་བྱས་ནས། ཕྱག་དང་མཎྜལ་ཕུལ་ནས། དེ་ནས་དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་ནས། བུ་ཚུར་ཐེག་པ་ཆེན་པོ་ཞེས་པ་ལ་ སོགས་པའི་སྔགས་ཀྱིས་ཐེག་པ་ལ་སྤྲོ་བ་བསྐྱེད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ལ་སོགས་པ་སྡིག་པ་བཤགས་པ་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ལ་སོགས་པས་རིགས་ལྔའི་ཁྱད་པར་གྱི་སྡོམ་པ་སྦྱིན་པ་དང་། དེ་རྣམས་མི་ཉམས་པར་བྱ་བའི་ ཕྱིར། ཕན་ཡོན་དང་། ཉེས་དམིགས་དང་། མནའི་ཆུ་དང་། རྡོ་རྗེ་སློབ་དཔོན་གྱི་བཀའ་མཉན་པའི་སྒོ་ནས་དམ་ལ་གཞག །སྒྲུབ་པའི་ཐབས་ལྟར་སློབ་མ་ལྷར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཡེ་ཤེས་པ་གཞུག་པ་དང་། བུམ་པའི་ཆུས་དབང་བསྐུར་བ་རྣམས་བྱས་ནས། གསང་སྔགས་འབྲུ་གསུམ་སྙན་ནས་བརྒྱུད། །བཀའ་དྲིན་གྱི་ལན་མཆོད་པ་དང་། །བསྙེན་བཀུར་ཚུལ་བཞིན་དུ་བྱེད་དུ་གཞུག །དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །སློབ་མས་བླ་མ་ལ་ཡོན་ཕུལ་ཏེ། ཙཱ་རུའི་བཟའ་བ་ལ་ལོངས་སྤྱད། ལྷག་མའི་བར་རྫོགས་པ་དང་། བསྔོ་བ་དང་། བཟོད་གསོལ་ དང་། །གཤེགས་སུ་གསོལ་བ་རྣམས་ཆོ་ག་བཞིན་བྱའོ། །དེ་ནས་ལས་ཀྱི་རྗེས་མི་མངོན་པར་བསྡུས་ཏེ། བདག་ཉིད་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །ཀུ་ལ་ལོ་ཀ་ནཱ་ཐཱའི་བྱིན་རླབས་དང་རྗེས་གནང་བྱ་བའི་རིམ་པ་ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་བྲིས་པ་རྫོགས་སོ།། །། སངས་རྒྱས་ལྔ་ཡི་རྣམ་དག་པའི། །མ་རིག་བསལ་བའི་རིམ་པ་ལས། །དབང་བསྐུར་བྱེད་པའི་རིམ་པ་ཡིས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་རྡོ་རྗེ་ཕྲེང་བ་ལས་གསུངས་པས། །མ་རིག་པ་ལྔ་བསལ་ནས་རིག་པ་ཡེ་ཤེས་ལྔ་རྟོགས་པར་བྱེད་པས་ན་རིག་པའི་དབང་ངོ་། །ལོ་ཙཱ་བ་བློ་བརྟེན་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཀུ་ལ་ལོ་ཀི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། །དེ་ནས་བདག་གིས་བཤད་པར་བྱ། །རིགས་འཇིག་དབང་ཕྱུག་སྒྲུབ་པའི་ཐབས། །གསང་སྔགས་རིགས་ཀྱི་རིམ་པ་ནི། །བླ་མའི་ཞལ་ལས་རྗེས་སུ་ཐོབ། །མཚན་མོ་ཐ་ མའི་བརྒྱད་ཆ་ལུས། །ཐུགས་རྗེའི་བདག་ཉིད་ལངས་ནས་ནི། །འཇམ་པའི་གདན་ལ་རྣལ་འབྱོར་བས། །སྐྱིལ་ཀྲུང་བཅས་ལ་འདུག་པར་བྱ། །བདུད་རྩི་ལྔ་ནི་བླངས་ནས་སུ། །ཐོད་པར་རྟོག་མེད་སེམས་ཀྱིས་གཞག །ཤེས་རབ་ཅན་གྱིས་མེ་རླུང་སྟེ། །དག་དང་ཁོལ་དང་འབར་བར་བྱ། །རྣལ་འབྱོར་ སྐྱེས་ཕྱིར་ཕྱི་དང་ནི། །ནང་གི་གཟུགས་ནི་དག་པར་བྱ། །དེ་རྗེས་ཐུགས་ཀར་པདྨ་དང་། །ཉི་མའི་དབུས་སུ་ཧྲཱིཿབསྒོམ་བྱ། །ཁམས་གསུམ་མ་ལུས་ཁྱབ་པ་ཡི། །འགྲོ་བའི་འོད་ཟེར་རབ་དགྲོལ་གྱིས། །བླ་མས་སངས་རྒྱས་འཇིག་རྟེན་མགོན། །སྤྱན་དྲངས་ནས་ནི་མཆོད་པར་བྱ། །དེ་རྗེས་རང་བཞིན་སྟོང་ པ་ཉིད། །སེམས་ནི་ཅུང་ཟད་ནམ་མཁའོ། །དེ་ལས་ལངས་ནས་ཕྱོགས་བཅུར་ཡང་། །ཁྲོ་བོ་བཅུ་ནི་བསྒོམ་པར་བྱ། །དཔག་ཚད་བྱེ་སྙེད་ཚད་དུ་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དཀྱིལ་དུ་རང་གི་ལུས། །ཁྲུ་བཞི་པོ་ནི་མཉམ་པ་པོ། །ཀ་བ་བརྒྱད་ལྡན་སྒོ་བཞི་པ། །ཐར་པ་ཡི་ནི་གྲོང་མཆོག་ ལྟོས། །དེ་དབུས་ཆོས་ཀྱི་པདྨ་ལ། །འཆར་ཁ་ཉི་མའི་སྟེང་དུ་ནི། །ཤེས་རབ་ཐབས་ཀྱི་ཡི་གེ་ལས། །མཆོག་གི་པདྨ་མཛེས་པ་སྐྱེས། །འཕྲོས་ཤིང་འདུས་པར་གྱུར་པ་ལས། །རྣམ་པ་ལྔ་ནི་བསྒོམ་པར་བྱ། །དེ་གྱུར་པ་ལས་བདག་ཉིད་ནི། །རིགས་འཇིག་དབང་ཕྱུག་ཁྱབ་བདག་ནི། །འཆར་ཁ་ཉི་མ་ བརྒྱ་ཡི་འོད། །ཞལ་གཅིག་རལ་པ་འཆང་བ་པོ། །ཅུང་ཟད་མཆེ་གཙིགས་མི་བཟད་པ། །པདྨ་གར་དབང་དཔྲལ་བར་བརྒྱན། །ཟླ་བ་ཉི་མ་མེ་ཡི་སྤྱན། །དེ་ཡི་དཀྱིལ་དུ་རང་གི་ལུས། །ཁྲུ་བཞི་པོ་ནི་མཉམ་པ་པོ། །ཕྱག་བཞི་པར་ནི་བལྟ་བར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། ། སྒེག་པའི་ཉམས་ཀྱིས་ཡོངས་གང་བ། །གཡས་པ་མཆོག་སྦྱིན་ལྕགས་ཀྱུ་དང་། །གཡོན་པ་པདྨ་ཞགས་པ་འཛིན། །དཔའ་བོ་ཕྱག་རྒྱ་དྲུག་གིས་བརྒྱན། །པདྨའི་ཕྲེང་བའི་དོ་ཤལ་ཅན། །དེ་ཡི་ཐུགས་ཀར་བསྒོམ་བྱ་བ། །ཧྲཱིཾ་གི་ཡི་གེ་དམར་པོ་ལས། །འཕྲོས་ཤིང་འདུས་པར་གྱུར་པ་ལས། །ཡེ་ ཤེས་འཁོར་ལོ་གཞུག་པར་བྱ། །དེ་ནས་བདེ་གཤེགས་དངོས་གྲུབ་ཀུན། །སྟེར་ལ་དབང་བསྐུར་མཛད་པར་གསོལ། །རླུང་གི་སྔགས་ཀྱི་ཕྲེང་བའོ། །འཇུག་པ་གནས་པ་འབྱུང་བའོ། །ཧ་ཅང་མྱུར་བུལ་མ་ཡིན་པས། །ཡི་གེ་ཡི་གེ་འབྲེལ་བར་བྱ། །སྔགས་ཀྱི་བཟླས་པ་འབུམ་ཕྲག་གཅིག །སུམ་ ཅུ་རྩ་གསུམ་པ་བླང་བྱ། །ར་ནི་འོག་ཏུ་གདན་དུ་བྱ། །བཞི་པ་སྦྱར་བར་བརྟན་པ་ལ། །ཐིག་ལེ་ཟླ་ཚེས་འབྲེལ་བའོ། །ཨུཥྨ་ཎ་ཡི་བཞི་པ་ཟུང་། །དྲུག་པ་གདན་དུ་ལྡན་པའོ། །སྟོང་པ་དབུ་ལ་ལྕེ་གཉིས་པ། །ཚེག་དྲག་གཉིས་ནི་བལྟ་བར་བྱ། །འདི་ལྟར་ཡི་གེ་དོན་མང་པོ། །གཉིས་མེད་ཡེ་ཤེས་ཀྱིས་ རྟོགས་འགྱུར། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་རྟོགས་པར་བྱ། །རྣ་ནས་རྣ་རུ་བརྒྱུད་པ་ཡིས། །གསང་བ་མཆོག་གིས་ཞི་བ་ཡི། །བརྗོད་པས་མྱུར་དུ་གྲུབ་པ་ཐོབ། །བདུད་སྔགས་ཟློག་པར་བྱེད་མི་ནུས། །དང་པོར་བསྙེན་པའི་ཆོ་ག་བྱ། །མཉམ་པར་གཞག་པས་ཁྲི་བཟླས་བྱ། ། མི་གང་བསོད་ནམས་དམན་པ་ལ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཞགས་པ་ལྕགས་ཀྱུ་སྟག་ཤམ་ཐབས། །རྩེ་གཅིག་སེམས་ཀྱིས་སྒོམ་བྱེད་ན། །འགྲོ་བ་གསུམ་པོ་འགུགས་པར་བྱེད། །བརྟན་དང་གཡོ་བ་དབང་དུ་འགྱུར། །རང་གི་སྙིང་གར་བུཾ་བརྒྱད་ལངས། །སྣ་བུག་གཡས་ལས་ཕྱིར་ཕྱུང་སྟེ། ། བསྒྲུབ་བྱའི་སྣ་བུག་གཡོན་པར་གཞུག །སྙིང་གའི་བློ་ནི་དགུག་པར་བྱ། །དེ་ལྟར་ཡང་ཡང་ཆོ་ག་ནི། །དབང་དུ་མ་གྱུར་བར་དུ་བྱ། །བསྒྲུབ་བྱ་རྐང་པའི་འོག་ཏུ་བསམ། །ཁོལ་པོ་ལྟ་བུར་འགྱུར་བ་ཡིན། །ཁྱབ་འཇུག་མེ་ལྷ་དབང་ཕྱུག་ཆེ། །དབང་པོ་ཀླུ་དང་སྲིན་པོ་སྲོག །སྔགས་ཀྱི་རྒྱལ་པོའི་ནུས་པ་ཡིས། ། སྐད་ཅིག་ཉིད་ལ་དབང་དུ་འགྱུར། །དེ་ནས་ཕྱི་རོལ་མཆོག་ཆོ་ག །མཉམ་པར་གཞག་པའི་རྣལ་འབྱོར་བྱ། །ཞ་ཉེ་ལས་བྱུང་ཆེས་དམར་བ། །གྲུ་དྲུག་འཁོར་ལོ་བྲི་བར་བྱ། །དེ་ཡི་ནང་དུ་དཔའ་བོ་བྲི། །འཇིག་རྟེན་དབང་ཕྱུག་སྔགས་གཟུགས་འཆང་། །དང་པོར་སྨོས་པའི་ཆོ་ག་ནི། །ཙཱ་རུ་སྣ་ཚོགས་ལྷ་བཤོས་དང་། ། བ་ལ་སྣ་ཚོགས་མ་ད་ན། །མང་པོས་གཞོན་ནུ་མ་ཡང་མཆོད། །དེ་བཞིན་མཁའ་འགྲོ་མ་ཀུན་ཡང་། །སྣ་ཚོགས་རྔ་ཆེན་པ་ཊ་ཧ། །གླུ་དང་རོལ་མོ་ཡིད་འཕྲོག་མ། །མེ་ཏོག་སྣ་ཚོགས་ཆོ་ག་ཡང་། །རྡོ་རྗེ་འཛིན་གྱིས་མཉེས་པར་བྱ། །དེ་ནས་གཏོར་མའི་ལས་བྱ་སྟེ། །རྣལ་འབྱོར་དབང་ཕྱུག་ནུབ་ཏུ་བལྟ། །སྐྲ་གྲོལ་གཅེར་ བུ་བྱས་ནས་ནི། །ལངས་ཏེ་རྐང་པ་གཡོན་པ་བརྐྱང་། །དེ་ནས་པདྨའི་ཕྱག་རྒྱས་སྦྱིན། །འགྲོ་བ་གསུམ་པོ་མཉེས་པར་འགྱུར། །འདི་ནི་སྔགས་ཀྱི་རྒྱལ་པོའོ། །ཐམས་ཅད་དངོས་གྲུབ་འབྲས་བུ་ཉེ། །ཨོཾ་ཨཱཿཨཱ་རོ་ལྀ་ཀ་ཨི་མཾ་པཉྩ་ཨ་མྲྀ་ཏ་བ་ལིཾ་པྲ་ཏཱིཙྪ་གྲྀཧྞཱ་མ་མ་སརྦྦ་ཀར་ཡཾ་ས་ཧ་ཡ་ཧཱུྃ་ཕཊ། དེ་ལྟ་བུ་ནི་ཨུ་རྒྱན་དཔལ། །བླ་མ་ རྣལ་འབྱོར་འདྲེན་དབང་པོ། །བླ་མ་མཁའ་འགྲོ་མའི་ཞལ་ལས། །ཐོབ་ནས་བདག་ལ་བཤད་པ་མཛད། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། །སློབ་དཔོན་བྷྲྀངྒི་ར་བྲམ་ཟེས་མཛད་པ་འཇམ་དཔལ་སྒེག་པས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སཔྟཱ་ཀྵ་ར་སཱ་དྷ་ནཾ། བོད་ སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་བདུན་པའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་ཡེ་ཤེས་སྐུ་མདོག་ཐུགས་རྗེ་འབར་བས་རོལ་པའི་ཚུལ། །ཤེས་རབ་མཆོག་དང་གཉིས་མེད་སྙོམས་ཞུགས་དངོས་ གྲུབ་གཞི་གྱུར་ཅིང་། །མཆོག་དྲུག་ལྷ་མོའི་སྤྱི་བོས་ཞབས་བཏུད་ཡང་དག་དཀྱིལ་འཁོར་ཆེན་པོའི་བདག །སྤྱན་རས་གཟིགས་དབང་མགོན་པོ་ཉིད་རྟག་གུས་པས་རབ་ཏུ་བཏུད་པར་བྱ། །རྣལ་འབྱོར་ཆེན་པོ་གདོང་སོགས་དག་བྱས་བསིལ་ཞིང་རབ་འབྱམ་དབེན་པ་ཡི། །གནས་ཁང་ཡིད་དགའ་སྣ་ཚོགས་མེ་ ཏོག་ཆལ་པར་བཀྲམ་པའམ། །ཡང་ན་རབ་འཇིགས་ཕུག་དང་དུར་ཁྲོད་ལྷ་གནས་ཆུ་འགྲམ་ཤིང་གཅིག་དྲུང་། །བརྩེ་བས་སེམས་བརླན་རྩེ་གཅིག་ཡིད་བྱེད་ཆོས་ཀུན་མཁའ་འདྲར་བསམ་པར་བྱ། །དེ་རྗེས་སྙིང་དབུས་ཉི་མ་ལ་གནས་ཧཱུྃ། །མཁའ་འདྲའི་མགོན་ཅན་འོད་ཟེར་ཟབ་མོ་ཡིས། །འཕགས་ ཚོགས་བླ་མ་ལྷར་བཅས་དགུག་ནས་ནི། །མཆོད་ཚོགས་ཆོ་ག་ཇི་བཞིན་མཁས་པས་སྤྱད། །དེ་ནས་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ཟབ་མོ་མངོན་དུ་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སླར་ནི་སྔོན་གྱི་སྨོན་ལམ་དང་། །སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་ནི། ། མཁའ་ལ་གློ་བུར་སྤྲིན་བཞིན་དུ། །སྔགས་པས་ལྷ་མཆོག་རྣམ་པར་འཕྲུལ། །ཡཾ་རཾ་བཾ་ལཾ། སྔོ་དང་དམར་དང་དཀར་དང་སེར། །གཞུ་དབྱིབས་རླུང་གི་དཀྱིལ་འཁོར་དང་། །གྲུ་གསུམ་མེ་དཔུང་འབར་བ་ཉིད། །ཆུ་གཏེར་ཕུང་པོ་ཟླུམ་པོ་དང་། །དེ་བཞིན་གྲུ་བཞི་གསེར་གྱི་དཀྱིལ་འཁོར་དང་། །དེ་སྟེང་སྣ་ཚོགས་ མདོག་གསུམ་ཡིག །ཡོངས་གྱུར་རི་དབང་གྲུ་བཞི་ཆ། །དེ་ནས་དཀྱིལ་འཁོར་མཆོག་བསྒོམ་བྱ། །དེའི་རྗེས་ལ་སྲུང་བའི་འཁོར་ལོ་བསྒོམ་པར་བྱ། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྲ་པཉྩ་ར་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲོྃ་མྃ་ཏྲོྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། སྔགས་འདི་དག་ཉིད་ཀྱིས་མེ་རི་དང་། རྡོ་རྗེ་ར་བ་ལ་སོགས་པས་རྣམ་པར་བཅད་དོ། །དེ་དབུས་པདྨར་འཁོར་ལོ་ལ་གནས་རཾ་ཡིག་ལས་བྱུང་ཉི་དཀྱིལ་དུ། །ཨ་དང་ཀ་སོགས་ཟླ་བ་ཉི་ཕྲག་རྡོར་སེམས་གཙོ་བོ་ཧཱུྃ་བསམས་ལ། །སྤྲོ་ཞིང་བསྡུ་བའི་འོད་ཚོགས་ཞུ་བས་སྤྱན་རས་གཟིགས་བཞད་ཡུམ་བཅས་ནི། ། ཆུ་ཟླའི་གཟུགས་ལྟར་དང་བས་རྩེ་གཅིག་རྟག་ཏུ་ཡང་དག་མཉམ་གཞག་བྱ། །དེ་ལ་དཔལ་ཆེན་ཞལ་གསུམ་མཛེས། །གཡས་དཀར་གཡོན་དམར་དབུས་མཐིང་ག །སྤྱན་གསུམ་པདྨ་བྱེ་བས་མཛེས། །ཕྱག་དྲུག་རྣམ་པར་རོལ་བའོ། །དང་པོའི་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་ནི་ཡུམ་ལ་འཁྱུད་ པའོ། །གཉིས་པ་གཉིས་ཀྱིས་མིའི་པགས་པ་བཤུས་མ་ཐག་པ་བསྣམས་པའོ། །ཐ་མའི་གཡས་དང་གཡོན་ན་མཆན་ཁུང་ན་རྩེ་གསུམ་དང་ཐོད་པ་ཁྲག་གིས་བཀང་བ་དང་ཁ་ཊྭཱཾ་ག་འཛིན་པ་ཉིད་དོ། །མི་ཐོད་དཀར་པོ་དང་ལག་པའི་མཁྲིག་མ་དང་རྡོ་རྗེ་དང་རུས་པའི་ཕྲེང་བ་ཉིད་དང་། མེ་ཏོག་སྣ་ཚོགས་པའི་ ཆུན་འཕྱང་གིས་དབུ་རབ་ཏུ་བརྒྱན་ཏོ། །དེ་བཞིན་དུ་རིན་པོ་ཆེ་དང་རུས་པ་དང་། གདུག་པ་ཅན་གྱི་རྒྱན་དུ་མས་ནི་སྐུ་ལ་བརྒྱན་པའོ། །ཞབས་གཡོན་བརྐྱང་བས་ནི་དབང་ཕྱུག་ཆེན་པོའི་སྟེང་ནས་མནན་ཏོ། །གཡས་བརྐྱང་བས་ནི་ལྷ་མོ་ཆེན་མོའི་བྲང་ཕྲག་ནས་བརྫིས་པའོ། །དེའི་དབུ་སྐྲ་རལ་པའི་ཅོད་པན་ དམར་སེར་བསྒྱིངས་པ་ཉིད་ཨུ་དུམྺཱ་རའི་མེ་ཏོག་གིས་མཚན་པ་ནི་ཁྱད་པར་རོ། །དེའི་མདུན་དུ་ཡུམ་དམར་མོ་སྒེག་མོ་ལང་ཚོ་ཕུན་སུམ་ཚོགས་མ་གཡས་གཡོན་མདའ་གཞུ་འཛིན་པས་འཁྱུད་པ། མཆོག་ཏུ་དགའ་བས་རྣམ་པར་མྱོས་པའོ། །དེ་ནས་འཁོར་ལོ་རྩིབས་དྲུག་ལ། །རྡོ་རྗེ་ལྷ་མོ་དྲུག་དགོད་ བྱ། །ཤར་ནས་བརྩམས་པའི་རིམ་གྱིས་སུ། །མེ་ལོང་ལ་ནི་བྱད་གཟུགས་བཞིན། །ཕཊ་ལས་སྐྱེས་པའི་ཧེ་རུ་ཀ་མ་སྔོན་མོ་དང་། །ཧཱུྃ་ལས་ཡོངས་གྱུར་རྡོ་རྗེ་འཇིགས་མ་སེར་མོ་ཉིད། །ཧ་ལས་རབ་གྲུབ་འཇིགས་བྱེད་དྲག་མོ་དམར་མོ་དང་། །དེ་བཞིན་ཧ་ལས་རྡོ་རྗེ་དབང་བྱེད་ལྗང་གུ་མ། །ཧྲཱིཿལས་ རྣམ་བལྟས་རྡོ་རྗེ་དྲག་མོ་དུད་མདོག་ཉིད། །ཨོཾ་ལས་མངོན་གྲུབ་རྡོ་རྗེ་མཁའ་འགྲོ་དཀར་མོ་སྟེ། །འདི་དག་ཅིག་ཅར་ཞལ་གཅིག་ཕྱག་བཞི་གཡང་གཞི་དང་། ཌ་མ་རུ་དང་དྲིལ་བུ་ལེགས་བསྣམས་འདུད་པའོ། །གཙོ་བོ་དང་འཁོར་གྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཆེན་པོ། འདི་དག་ནི་ཐམས་ཅད་ཀྱང་ གཞོན་ནུ་མཚན་དང་དཔེ་བྱད་འབར་བ་དང་། ཕྱོགས་གོས་ཅན་མི་མགོའི་ཕྲེང་བའི་དོ་ཤལ་དང་། ཡི་དགས་དང་ཉི་མའི་གདན་ལ་རྣམ་པར་གནས་པ། མེ་དཔུང་འབར་བའི་ནང་ན་སྐུ་གསུང་ཐུགས་ཤིན་ཏུ་རོལ་པའི་བདག་ཉིད་ཕྱག་རྒྱ་ལྔས་བརྒྱན་པ། དངོས་གྲུབ་ཐམས་ཅད་སྟེར་བའི་དོན་དུ་བརྩོན་པས་ བཞེངས་བར་བསྒོམ་པར་བྱའོ། །དེ་རྗེས། །བདག་སྙིང་ས་བོན་ལས་འཕྲོས་ཟེར་གྱིས་ཡེ་ཤེས་འཁོར་ལོ་བཀུག་ནས་ནི། །རང་ལུས་ལེགས་བཅུག་ཚུལ་བཞིན་བཅིང་བྱ་གཉིས་མེད་རོལ་པས་དགྱེས་བྱ་ཞིང་། །ལཾ་མཾ་པཾ་ཏཾ་ཁཾ་ཞེས་བྱ་བས་ཁམས་ལྔ་བྱིན་བརླབས་དེ་རྗེས་ཉིད། །ཨོཾ་ཨྃ་ཧྲི་ཧོཾ་ཧཱུྃ་ གི་ཡི་གེས་ཕུང་སོགས་གཞུག །དེ་བཞིན་དུ་བྷྲཱུཾ་ཧཱུྃ་ཨཾ་ཁཾ་དང་ཧཾ་ཧཾ་ཡི་གེ་རྣམས་ཀྱིས་ཀྱང་། །སྐྱེ་མཆེད་ཡོངས་སུ་སྦྱངས་ནས་ནི། །ཆོ་ག་ཇི་བཞིན་གོ་ཆ་བགོ། །ཨོཾ་ཧ། ན་མཿཧི། སྭ་ཧཱ་ཧཱུ། བཽ་ཥཌ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ་ཡབ་ཀྱི་གོ་ཆའོ། །ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོ་ཧྲེཾ་ཧྲིཾ་ཧུཾ་ཧཱུྃ་ཕཊ་ཕཊ་ཡུམ་གྱི་གོ་ཆའོ། །ཨོཾ་ཨཱཿཧཱུྃ་སྐུ་ གསུང་ཐུགས་བྱིན་གྱིས་བརླབ་པའོ། །དེ་ནས་མགོན་པོ་སྤྱན་དྲངས་ལ། །དབང་བསྐུར་མཆོག་གིས་དབང་མཆོག་ནོད། །བླ་མའི་མན་ངག་ཇི་བཞིན་དུ། །ཆོ་གའི་རིམ་པས་ཤེས་པར་བྱ། །དཔག་མེད་མཆོད་པའི་ལྷ་ཚོགས་ཀྱིས། །མཆོད་བྱ་བདུད་རྩི་མྱང་བར་བྱ། །ཏིང་ངེ་འཛིན་ལ་རབ་བརྟན་པས། ། གསང་སྔགས་རྒྱལ་པོ་བཟླ་བར་བྱ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། དེ་ནས་དག་པ་རྟོགས་བྱ་བ། །དྲན་དང་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་ངེ་འཛིན། །བཏང་སྙོམས་བྱང་ཆུབ་ལྷ་རིམ་བཞིན། །ཕ་རོལ་ཕྱིན་དྲུག་རྣམ་དག་ཕྱིར། །རྒྱན་དྲུག་ཐབས་དང་ཤེས་རབ་ཀྱི། །རྣམ་ དག་བརྟན་ཕྱིར་ཡབ་དང་ཡུམ། །དབྱེར་མེད་ཕྱིར་ནི་སྙོམས་པར་ཞུགས། །བར་སྐབས་ཀྱི་ཉེ་བར་སྤྱད་པ་གཏོར་མ་སྦྱིན་པ་ནི། །དངོས་གྲུབ་ཉེ་བའི་ཕྱིར་ཏེ། རྣལ་འབྱོར་ཟབ་མོ་ལ་བཤད་པའི། །མན་ངག་གིས་ནི་མཆོད་སྦྱིན་བྱ། །གསང་ཆེན་སྔགས་དང་ཕྱག་རྒྱར་བཅས། །བླ་མེད་ཏིང་འཛིན་རྒྱ་ མཚོས་འགྲུབ། །ཨོཾ་ཨ་རལླི་ཧོ་ཛཿཧཱུྃ་བཾ་ཧོཿ། བཛྲ་ཌཱ་ཀི་ནི་སམ་ཡ་སྟྭཾ་དྲྀ་ཤྱ་ཧོཿསྤྱན་དྲང་བའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མན་ད་ཨ་པ་སྨ་ར་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞཾ་ཏུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐཻཥྚཾ་བྷུ་ཛ་ཐཱ་པི་བ་ཐ་ཛི་གྷྲ་ཐཱ། མཱ་ཏི་ཀྲ་མ་ཐཱ། མ་མ་སརྦ་ ཀ་ཏ་ཡ། སཏྶུ་ཁ་བི་བྲྀདྡྷ་ཡེ་སྭ་ཧཱ། ཉེ་བར་སྦྱིན་པའོ། །ཟླ་བ་གསུམ་དུ་འབུམ་ཕྲག་གསུམ་མམ་གཉིས་སམ་ཡང་ན་གཅིག །མི་ཚིག་མ་འདྲེས་བརྩོན་པས་ཏིང་འཛིན་བརྟན་བྱས་ན། །འཇིག་རྟེན་དབང་ཕྱུག་བདེ་ཆེན་འཁོར་ལོ་ལྷ་མཆོག་ཉིད། །ཐོ་རངས་དུས་ཚེ་རྨི་ལམ་མངོན་སུམ་ཞལ་སྟོན་གྱུར། དཔལ་སྤྱན་རས་གཟིགས་ཡི་གེ་བདུན་པའི་སྒྲུབ་ཐབས། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། །ཤྲཱི་མ་ཧཱ་ཀཱ་རུ་ཎི་ཀ་ཨ་བྷི་ཥེ་ཀ་པྲ་ཀ་ར་ཎ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བའི་མན་ངག་ གི་རབ་ཏུ་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གང་ཞིག །པདྨ་རབ་ཏུ་ཟབ་པའི་དཀྱིལ་འཁོར་རམ། པདྨ་རྒྱལ་པོ་གང་ཡང་རུང་བའི་དབང་དང་གནང་བ་ཐོབ་པས། །རྩ་བའི་སྔགས་ལ་ བསྙེན་པ་འབུམ་ཕྲག་གསུམ་སོང་ནས། སློབ་མ་རྗེས་སུ་གཟུང་བར་འདོད་ན། གནས་དབེན་ཞིང་ཉམས་དགའ་བའི་སར། སློབ་མ་ནི་དད་པ་དང་སྙིང་རྗེ་དང་ཤེས་རབ་ཆེ་བ། འཁོར་བ་ལ་སྐྱོན་དུ་མི་ལྟ་ཞིང་། མང་དུ་ཐོས་པ་བླ་མ་ལ་གུས་ཤིང་། ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་མེད་པ། ཁྱད་ པར་དུ་ངེས་པའི་དོན་དང་། སྤྱན་རས་གཟིགས་ལ་མོས་ཤིང་། དབང་པོ་རྣོ་བའི་གང་ཟག་དེས། བླ་མ་ལ་གསོལ་བ་འདེབས་པ་ནི། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །པདྨའི་རིགས་ཀྱི་དམ་ཚིག་དང་། །པདྨའི་དཀྱིལ་འཁོར་ཆེན་པོ་རུ། །པདྨའི་དབང་བསྐུར་ཞུ་བར་བགྱི། །དེ་ནས་བླ་མས་གནང་བ་སྦྱིན་ པ་ནི། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་འདིར། །མི་མཁས་པ་ནི་འཆིང་བར་འགྱུར། །མཁས་པ་རྣམས་ནི་གྲོལ་བར་འགྱུར། །སེམས་ཅན་དད་ཅན་སྨིན་པར་བྱེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །སྲིད་པའི་འདམ་ལས་འདི་ཡིས་བརྒལ། །པདྨའི་རིགས་ཀྱི་དཀྱིལ་འཁོར་འདིར། །ང་ཡིས་ འབོད་ཀྱི་ཡིད་གཉིས་སྤོངས། །ཞེས་བརྗོད་ཅིང་སློབ་མ་གཟུང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བ་ནི། པདྨ་ཟབ་པ་དང་། པདྨ་རྒྱལ་པོ་གང་གིས་བྱེད་ཀྱང་རུང་སྟེ། དེ་ལ་དང་པོ་ས་བརྟག་པ་དང་། ས་བསླང་བ་དང་། ས་སྦྱང་བར་བྱ་བ་ནི། ལྟོ་འཕྱེའི་ལྟོ་བ་ནས་བརྐོས་ཏེ། ས་བསླངས་ནས། གནས་ཁང་དང་འཚམ་པར་ས་སྟེགས་གྲུ་བཞི་པ་བྱས་ལ། སའི་ལྷ་མོ་ལ་གཏོར་མ་ཕུལ་ཏེ། ས་བྱིན་གྱིས་བརླབ་པོ། །དེ་ནས་བའི་རྣམ་ལྔ་དང་། དྲི་བཟང་གི་ཆུས་བྱུགས་ལ། ཐིག་གི་ཆོ་ག་ལག་ལེན་བཞིན་དུ་གདབ་པོ། །ཚོན་གྱིས་བྲི་བ་ནི། ཚོན་ཁ་དོག་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ། པདྨ་ཟབ་ པའི་དཀྱིལ་འཁོར་ལ་དབུས་ཀྱི་ལྟེ་བ་དང་ཕྱོགས་བཞིར་པདྨ་འདབ་བཞི་དམར་པོ་ལ། མཚམས་ཀྱི་འདབ་མ་དང་གོང་རས་མཛེས་ཚོན། མུ་ཁྱུད་ལ་པདྨའི་ཕྲེང་བ་བྲིའོ། །པདྨ་རྒྱལ་པོའི་དཀྱིལ་འཁོར་ནི། ལྟེ་བ་དམར་པོ་ལ་ཟེའུ་འབྲུ་དང་གོང་རས་ཅི་མཛེས་འདབ་བརྒྱད་ཀྱི་ཕྱོགས་བཞི་དམར་པོ་མཚམས་བཞི་ དང་མུ་ཁྱུད་རྣམས་མཛེས་ཚོན་དུ་བྱའོ། །དེའི་རྒྱབ་ཏུ་པདྨ་འདབ་བརྒྱད་ཕྱོགས་བཞི་ཕྱོགས་ཚོན་ལ། མཚམས་མཛེས་ཚོན་དུ་བྱའོ། །དེའི་ཕྱི་རོལ་ཡང་པདྨ་འདབ་མ་བཅུ་དམར་པོའམ་སེར་པོར་བྱ་བའམ། ལྷ་སྣམ་དམར་པོའམ། ཡང་ན་ཁྱམས་ཕྱིན་ཆད་སྤྱི་དང་འདྲ་བར་བྲིས་ལ། རྒྱན་དགྲམ་པ་ནི། བླ་ རེ་དང་། ཡོལ་བ་བྲེ། རྟེན་དགྲམ་མོ། །མཆོད་པ་ལྔ་དང་། གཏོར་མ་ལྔ་ལ་སོགས་པས་མཐའ་མ་ལེགས་པར་བསྐོར། གཞན་ཡང་དགོས་པ་རྣམས་གཞུང་བཞིན་བཤམ་མོ། །བུམ་པ་གཙང་མ་ལ་བགེགས་བསྐྲད་པ་ནི། གུ་གུལ་གྱིས་བདུག་ཅིང་ཁྲོ་བོའི་སྔགས་བཟླས་ཏེ། ནང་དུ་བཅུད་ ཆུ་གཙང་མ་དང་། སྨན་དང་། དྲི་ལྔ་དང་། འབྲུ་ལྔ་དང་། སྙིང་པོ་ལྔ་དང་། རཏྣ་ལྔ། འོ་མ་ལ་སོགས་པ་བླུགས་ལ། དར་རམ། རས་ཀྱིས་མགུལ་ཆིངས་དང་གཟུངས་ཐག་བཏགས་ཏེ། འབྲས་བུ་ཅན་གྱི་ཤིང་ལོ་རློན་པས་བརྒྱན་པའི་བུམ་པ་གཉིས་ལ་རྣམ་རྒྱལ་གྱི་བུམ་པ་དང་ལས་ཐམས་ཅད་པའི་ བུམ་པ་དང་། དབང་གི་བུམ་པ་ལ་སོགས་ཅི་འབྱོར་བཤམས། ནང་དུ་ལྷ་བསྐྱེད་ལ། མཆོད་པ་ཕུལ་ནས། དབང་གི་བསྙེན་པ་བྱའོ། །རྣམ་རྒྱལ་གྱི་བུམ་པ་དཀྱིལ་འཁོར་གྱི་དབུས་སུ་གཞག་གོ། །ལས་བུམ་གང་བདེར་དགོད། དེ་ནས་རང་སྟན་བདེ་བ་ལ་འདུག་ནས། བྲིས་པའི་དཀྱིལ་འཁོར་དང་། བུམ་ པའི་ནང་དུ་དཀྱིལ་འཁོར་རྒྱས་པ་བསྒོམ། ལས་བུམ་ནང་དུ་རྟ་མགྲིན་བསྒོམ་པ་ནི། ཧྲཱིཿལས་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དམར་བ། གཡས་དཀར། གཡོན་སྔོ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། རྟ་མགོ་ལྗང་ཞུར་རྔོག་མ་དམར་བ། རྟ་སྐད་སྒྲོགས་པ། ཕྱག་གཡས་ཁཊྭཱཾ་ ག་རྩེ་གསུམ་བསྣམས་པ། གཡོན་ན་རྔེའུ་ཆུང་འཁྲོལ་བ། བར་མ་གཉིས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་ཙིཏྟའི་ཕྲེང་བ་བསྣམས་པ། གཡས་འོག་མས་ཞིང་དབྱུག །གཡོན་གྱི་འོག་མས་ཐོད་པ་ལྕང་ལོ་ཅན་ལྷ་སྲིན་སྡེ་བརྒྱད་ཀྱི་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ། གཡོན་བརྐྱང་ བས་བཞུགས་པ། སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་བྱས་པ། སྐུ་སྟོད་ཞིང་ལྤགས་ཀྱི་གཡང་གཞི་མནབས་པ། སྦྲུལ་རིགས་བཞིས་དབུ་དང་ཡན་ལག་བརྒྱན་པ། མེ་དཔུང་གི་དབུས་སུ་བཞུགས་པར་བསམ། སྔགས་ནི། ཨོཾ་ཧྲཱིཿཧ་ཡ་གྲཱི་ཝ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་སརྦ་ པཱ་བཾ་ཤུདྡྷེ་ཤུདྡྷེ་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས། ཁྲོ་བོའི་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་ཆུས་གང་བར་བསམ། དེ་ནས་སློབ་མ་རྣམས་ལ། ལས་བུམ་གྱིས་ཕྱིར་ཁྲུས་བྱས་ཏེ། ནང་དུ་བཏང་ལ་མཎྜལ་ཕུལ་ནས་གྲལ་ལ་རིམ་པར་གཞག་གོ། །དེ་ནས་གདོང་གཡོགས་བཅིངས་ལ། ལག་ཏུ་ མེ་ཏོག་བཟུང་ལ་གསོལ་བ་གདབ་བོ། །དེ་ནས་བདག་ཉིད་དང་། དཀྱིལ་འཁོར་དང་། བུམ་པ་གསུམ་ག་མི་དམིགས་པའི་ངང་ལས། བསོད་ནམས་ཀྱི་སྤྲིན་ཁ་དོག་ལྔ་ལྔ་ལས་འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེའི་སྟེང་དུ་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདཀར་པོ་ཐིག་ལེ་ གཉིས་ག་དང་བཅས་པ་བསྒོམ། །དེ་ལས་ཡིག་འབྲུ་ཁ་དོག་སྣ་ཚོགས་པ་སྤྲིན་གྱི་ཐོག་ཏུ་འཕྲོས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ། ཤར་ཤེལ་དཀར་པོ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ། གྲུ་བཞི་པ། སྒོ་བཞི་པ། ཀ་བ་དང་རྟ་བབས་བཞིས་མཛེས་པ། རིན་པོ་ཆེའི་ཕ་གུ་དང་། དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། རི་དགས། གདུགས། ཆོས་འཁོར་དང་བཅས་པ་མཐོ་བ། འདོད་ཡོན་གྱི་སྣམ་བུ་དམར་པོ་ལ། མཆོད་པའི་ལྷ་མོས་བསྐོར་བའི་ནང་དུ། །པདྨ་རིམ་པ་གཉིས་པའི་གདན་གྱི་དབུས་སུ་ ཡི་གེ་ཧྲཱིཿལས་པདྨ་དང་ཉི་མ་ཟླ་བའི་གདན་གྱི་དབུས་སུ། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་བ། ཞལ་བཅུ་གཅིག་པ། རྩ་བའི་ཞལ་དཀར་པོ། གཡས་ལྗང་བ། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང་གུ། གཡས་དམར། གཡོན་དཀར། དེའི་སྟེང་མ་དབུས་དམར་བ། གཡས་དཀར་བ། གཡོན་ལྗང་གུ། ཞལ་དེ་རྣམས་ནི། ཀུན་ནས་ཞི་བ། བཞད་པ་འཛུམ་པ། སྤྱན་གསུམ་གསུམ་ཞི་བས་གཟིགས་པ། དེའི་སྟེང་དུ་ཁྲོ་བོའི་ཞལ་ནག་པོ། མཆེ་བ་གཙིགས་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་མེ་ལྟར་འབར་བའོ། །ཞལ་དགུ་པོ་ནི། དབུ་སྐྲ་ནག་པོ་ལ་རིན་པོ་ཆེས་བརྒྱན་པའོ། ། ཞལ་ནག་པོའི་སྟེང་ན་འོད་དཔག་མེད་ཀྱི་ཞལ་དམར་པོ་མགྲིན་པ་ཡན་ཆད་ཕྱུང་བ། སྤྱན་གསུམ་པ། གཙུག་ཏོར་དང་བཅས་པའོ། །ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། ཐལ་མོ་སྦྱར་བའོ། །གཡས་འོག་མས་མུ་ཏིག་གི་ཕྲེང་བ། གཡོན་འོག་མས་པདྨ་དམར་པོ། གཡས་ གསུམ་པས་མཆོག་སྦྱིན། གཡོན་གསུམ་པས་སྤྱི་བླུགས། གཡས་བཞི་པས་ཆོས་ཀྱི་འཁོར་ལོ། གཡོན་བཞི་བས་པདྨའི་མདའ་གཞུའོ། །སྐུ་དང་ཡན་ལག་ཐམས་ཅད་ལ་རིན་པོ་ཆེས་བརྒྱན་པའོ། །ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། །ཞལ་གཅིག་ཕྱག་གཉིས་མ། སྤྱན་ གསུམ་པ། གཡས་ཀྱིས་ཟངས་གྲི་བསྣམས་པ། གཡོན་ཐོད་ཁྲག་བསྣམས་པས་ཡབ་ལ་འཁྱུད་པ། སྐྲ་གྲོལ་བ་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་ཡབ་དང་སྦྱར་ནས་བརྐྱང་བ། གཡས་ཀྱིས་ཡབ་ཀྱི་དར་ཤམ་གྲོལ་བ་ལ་འཁྱུད་པའོ། །ཡབ་ཀྱི་ཕྱག་དགུ་བརྒྱ་དགུ་བཅུ་རྩ་གཉིས། མཆོག་སྦྱིན་པའི་ཕྱག་མཐིལ་ལ་མཛེས་པར་གཟིགས་པའི་སྤྱན་སྟོང་མངའ་བ། སྐུའི་ཕྱག་སྟོང་དང་སྤྱན་སྟོང་ལས་འོད་ཟེར་ཁ་དོག་སྣ་ལྔས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པར་བསམ་མོ། །མདུན་གྱི་པདྨ་ལ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཉིས་མའི་སྤྱི་བོར་ཕག་ཞལ། གཡས་གྲི་ གུག །གཡོན་ཐོད་པ། མཆན་ཁུང་ན་ཁཊྭཱཾ་ག་བསྣམས་པ། རུས་པའི་རྒྱན་གྱིས་བརྒྱན་པའོ། །གཡས་སུ་ཡུམ་ཆེན་མོ་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ཐུགས་ཀར་རྡོ་རྗེ་འཛིན་པ། གཡོན་པ་ཨུཏྤ་ལའི་སྟེང་ན་པོ་ཏི་བསྣམས་པ། འོག་མ་གཉིས་མཉམ་གཞག་མཛད་པའོ། །རྒྱབ་ ཕྱོགས་སུ་སྒྲོལ་མ་ལྗང་གུ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་སྐྱབ་སྦྱིན། གཡོན་འོག་མས་ཨུཏྤ་ལ་འཛིན་པའོ། །གཡོན་ཕྱོགས་སུ་ཡུམ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞིའི། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་འོག་ མས་མུ་ཏིག་གི་ཕྲེང་བ་འཛིན་པ། གཡོན་འོག་མས་པདྨ་བསྣམས་པའོ། །མཚམས་བཞིར་བུམ་པ་བདུད་རྩིས་བཀང་བའི་སྟེང་དུ་ཀ་པཱ་ལ་རེ་རེ་གནས་པར་བསམ་མོ། །ལྷ་མོ་བཞི་པོ་དར་གྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་དང་བཅས་པའོ། །དེའི་ཕྱིའི་པདྨའི་གདན་ལ། ཤར་ཕྱོགས་སུ་མི་བསྐྱོད་པ་ སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་ཡུམ་མཱ་མ་ཀཱི་ལ་འཁྱུད་པས་ཐལ་མོ་སྦྱར་བ། གཡས་འོག་མས་རྡོ་རྗེ། གཡོན་འོག་མས་པདྨ་འཛིན་པ། ཞབས་གཡས་བརྐྱང་བ། མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ ལྡན་སེར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་ཡུམ་སངས་རྒྱས་སྤྱན་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་རྒྱབ་ཏུ་ཐལ་མོ་སྦྱོར་བ། གཡས་འོག་མ་རིན་པོ་ཆེ། གཡོན་འོག་མས་པདྨ་འཛིན་པའོ། །རྒྱབ་ཕྱོགས་སུ་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་ བཞི་པ། དང་པོ་གཉིས་ཀྱིས་ཡུམ་གོས་དཀར་མོ་མེ་ཏོག་དཀར་དམར་གཉིས་བསྣམས་པ་ལ་འཁྱུད་པས་ཐལ་མོ་སྦྱོར་བ། གཡས་འོག་མས་འཁོར་ལོ། གཡོན་འོག་མས་པདྨ་བསྣམས་པའོ། །བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་ལྗང་གུ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཡུམ་ དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་སེར་ཨུཏྤ་ལ་དང་པདྨ་བསྣམས་པ་ལ་འཁྱུད་པས། ཐལ་མོ་སྦྱོར་བ། གཡས་འོག་མས་རལ་གྲི། གཡོན་འོག་མས་ཨུཏྤ་ལ་བསྣམས་པའོ། །ཞབས་གཡས་བརྐྱང་གཡོན་བསྐུམ་པའོ། །དར་ཤམ་དང་རིན་པོ་ཆེས་བརྒྱན་པའོ། །ཡུམ་གཉིས་ནི། ཞལ་གཅིག་ཕྱག་ གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ཅན་སྐུ་མདོག་ཡབ་དང་མཐུན་པ། ཞབས་གཉིས་ཀྱིས་ཡབ་ཀྱི་དར་ཤམ་ཅུང་ཟད་གྲོལ་བ་ལ་འཁྱུད་པར་བསྒོམ། ཡབ་ཀྱི་གཡོན་གྱི་གཉིས་པ་ནི་པདྨ་འཛིན་པའོ། །མཚམས་བཞིར་ནི། མཁའ་འགྲོ་མ་བཞི་ཞལ་གཅིག་ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ། སྐུ་མདོག་ནི་དཀར་མོ་དང་། སེར་མོ་དང་། དམར་མོ་དང་། ལྗང་གུའོ། །ཞབས་གཡས་བརྐྱང་བ། གཡོན་བསྐུམ་པའོ། །དེའི་ཕྱིའི་རྒྱབ་པད་འདབ་བཅུའི་གདན་ལ། ཕྱོགས་བཅུའི་པདྨ་རིགས་ཀྱི་སངས་ རྒྱས་བཅུ་པོ་ནི། གསེར་གྱི་མདོག་ཅན། ཆོས་གོས་དམར་སེར་གསོལ་བ། ཕྱག་ན་པདྨ་སྟོང་དང་ལྡན་པ་རེ་རེ་བསྣམས་པ། དབུ་རེག་ཞབས་རྗེན་ནོ། །གྲྭ་བཞི་ལ་ལྷ་སྣམ་གྱི་མཚམས་བཞིར། བྱང་དུ། འཇམ་དཔལ་དམར་སེར། གཡས་རལ་གྲི། གཡོན་ཨུཏྤ་ལའི་སྟེང་དུ་པོ་ཏི་བསྣམས་པའོ། ། ཤར་ལྷོར་ཕྱག་ན་རྡོ་རྗེ་ལྗང་གུ། གཡས་རྡོ་རྗེ། གཡོན་ཨུཏྤ་ལའོ། །ལྷོ་ནུབ་ཏུ་བྱམས་པ་དམར་སེར། གཡས་ཀླུ་ཤིང་། གཡོན་ཨུཏྤ་ལའི་སྟེང་ན་བུམ་པའོ། །ནུབ་བྱང་དུ་སྒྲིབ་པ་རྣམ་པར་སེལ་བ་སེར་སྐྱ། གཡས་ནོར་བུ། གཡོན་གྱིས་ཨུཏྤ་ལའོ། །ཞབས་གཉིས་བཞེངས་པ། རིན་པོ་ཆེ་ དང་། དར་གྱིས་བརྒྱན་པའོ། །ཤར་སྒོར་འདོད་པའི་རྒྱལ་པོ་དཀར་པོ་ཞལ་གཅིག་པ། གཡས་འཁོར་ལོ། གཡོན་སྡིགས་མཛུབ་མཛད་པའོ། །ལྷོ་སྒོར་གཤིན་རྗེ་གཤེད་སེར་ནག །ཞལ་གཅིག་པ། གཡས་བེ་ཅོན། གཡོན་སྡིགས་མཛུབ། ནུབ་སྒོར་རྟ་མགྲིན་དམར་པོ། རྟ་མགོ་ ལྗང་གུ། ཕྱག་གཡས་པདྨའི་དབྱུག་པ། གཡོན་སྡིགས་མཛུབ་མཛད་པའོ། །བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག །ཞལ་གཅིག་ཕྱག་གཡས་རལ་གྲི། གཡོན་སྡིགས་མཛུབ་མཛད་པ། དབུ་སྐྲ་དམར་སེར་འབར་བ། སྦྲུལ་རིགས་བཞིས་བརྒྱན་པ། སྐུ་སྨད་སྟག་གི་ཤམ་ཐབས་ ཅན། །ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །ཕྱི་རོལ་དུ་ལྷ་མོ་མེ་ཏོག་མ་དཀར་མོ། བདུག་སྤོས་མ་སེར་མོ། །མར་མེ་མ་དམར་མོ། དྲི་ཆབ་མ་ལྗང་གུ། ཞལ་ཟས་མ་སེར་མོ། སིལ་སྙན་མ་ཟླ་བའི་མདོག་ཅན་མ་རྣམས་ཀྱིས་མཆོད་པར་བསམ་མོ། ། སྒོ་ཁང་དུ་ཚད་མེད་པའི་ལྷ་མོ་བཞི། བྱམས་པ་ཚད་མེད་པའི་ལྷ་མོ་དངུལ་གྱི་མེ་ལོང་བལྟ་བ། སྙིང་རྗེའི་ལྷ་མོ་སེར་མོ་གསེར་གྱི་མེ་ལོང་བལྟ་བ། དགའ་བའི་ལྷ་མོ་དམར་མོ་ཟངས་ཀྱི་མེ་ལོང་བལྟ་བ། བཏང་སྙོམས་ཀྱི་ལྷ་མོ་སྔོན་མོ་གཡུའི་མེ་ལོང་བལྟ་བའོ། །དེའི་ཕྱི་རོལ་དུ་རྒྱལ་པོ་ཆེན་པོ་བཞི་ནི། བྱང་ཕྱོགས་སུ་རྣམ་ཐོས་སྲས་སེར་པོ། གཡས་མེ་ཏོག་ཨུ་དུམྺཱ་ར་གཙོ་བོ་ལ་འབུལ་བ། གཡོན་ནེའུ་ལེའི་རྐྱལ་པ་འཛིན་པའོ། །ཤར་ཕྱོགས་སུ་ཡུལ་འཁོར་སྲུང་དཀར་པོ། གཡས་མེ་ཏོག །གཡོན་པི་ཝང་འཛིན་པའོ། །ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་སྔོན་པོ། གཡས་མེ་ཏོག །གཡོན་རལ་གྲི་ འཛིན་པའོ། །ནུབ་ཕྱོགས་སུ་སྤྱན་མི་བཟང་དམར་པོ། གཡས་མེ་ཏོག །གཡོན་སྦྲུལ་ཞགས་འཛིན་པའོ། །དེའི་ཕྱི་རོལ་དུ་ཡེ་ཤེས་ལྔའི་འོད་ཁ་དོག་ལྔ་རྡོ་རྗེའི་གུར་དུ་བསམ་མོ། །འོད་ཀྱི་ནང་དུ་ཡི་གེ་དྲུག་པའི་གསུང་གི་སྒྲ་རང་བཞིན་གྱིས་བསྒྲག་པར་བསམ་མོ། །དེ་ནས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཁ་ དོག་ལྔ་འཕྲོས་ནས། འོག་མིན་གྱི་གནས་ནས། ཡེ་ཤེས་སེམས་དཔའ་རང་གིས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ལ་མདུན་གྱི་ནམ་མཁར་བཞུགས་པ་ལ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ཡེ་ཤེས་པ་དགུག་གཞུག་བྱ་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ པར་བྱའོ། །དེ་ནས་ལྷ་ཐམས་ཅད་གསལ་བཏབ་ལ་བསྙེན་པ་བྱ་བ་ནི། ཐུགས་ཀའི་ཧྲཱིཿལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཱ་རཱ་ཧཱི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ་བ་ དང་། འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཕུལ་ཏེ། དེ་རྣམས་ཀྱི་བྱིན་བརླབས་རང་གི་ཐུགས་ཀའི་ཧྲཱིཿལ་བསྡུའོ། །བུམ་པའི་ནང་དུ་དེ་བཞིན་གཤེགས་པ་རྣམས་བསམས་ལ། དེ་དག་ཞུ་བས་བདུད་རྩིའི་ཆུར་བསམ་ཞིང་བསྙེན་པ་བྱའོ། །པདྨ་ཟབ་པ་བྱེད་ན་ནི། སྒྲུབ་ ཐབས་ལས་བྱུང་བ་བཞིན་དུ། བསྒོམ་ཞིང་བཟླས་པར་བྱའོ། །ཆོ་ག་གཞན་དག་རྣམས་ནི་འདྲ་བས་ཐུན་མོང་དུ་ཤེས་པར་བྱའོ། །དེ་ནས་སློབ་མ་ལ་སྐྱབས་སུ་འགྲོ་བ་ཐུན་མོང་བ་བྱིན་ལ། སེམས་བསྐྱེད་པ་ནི། སྒྲོལ་མའི་རྒྱུད་ནས་གསུངས་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་<འཆི‚མཆི>། །སྡིག་པ་མི་དགེ་སོ་སོར་ བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སེམས་ཅན་རྣམས་ལ་ཕན་སླད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ལ། ཡང་དམ་ཚིག་དང་སྡོམ་པ་བྱིན་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ ནི་སྐྱབས་སུ་མཆི། །སངས་རྒྱས་པདྨ་རྣམ་རྒྱལ་དང་། །གསང་སྔགས་རྒྱལ་བ་མཁའ་འགྲོ་མ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །མགོན་པོ་སྤྱན་རས་གཟིགས་དབང་པོ། །རྣལ་འབྱོར་ མ་དང་སྣང་མཛད་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་། །ཞེས་ཁས་བླང་ངོ་། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་དེ་ངེས་ཤེས་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ནས་གསུངས་ཏེ། འཇིག་རྟེན་དུ་ནི་ཀུན་མཁྱེན་ཉིད། ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་ འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བགྱིས་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་བས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་ བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཤད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ལ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །དབང་བསྐུར་བ་རུ་སྐྱེ་བར་འགྱུར། །ཐེག་པ་ཆ