Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
ྱས་འོད་དཔག་མེད་དུ་གྱུར། །ས་བོན་ལས་ནི་འོད་ཟེར་འཕྲོས། །ཡེ་ཤེས་སེམས་དཔའ་འོད་དཔག་མེད། །མདུན་གྱི་མཁའ་ལ་སྤྱན་དྲངས་ཏེ། །ཕྱག་རྒྱ་
བཞི་ཡིས་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །དེ་ལ་མཆོད་པ་རྣམ་ལྔ་དབུལ། །དེ་ཉིད་རྡོ་རྗེར་གྱུར་པ་ཡིས། །སློབ་མ་ལ་ནི་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་གསལ་བ་ལས། །ཆོས་རྣམས་ཀུན་གྱི་
སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་པྲཛྙཱ་ཨཱ་བེ་ཤ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི། སློབ་མ་འོད་དཔག་མེད་དུ་བསམ། །དེ་ལ་མཆོད་པ་རྣམ་ལྔ་དབུལ། །དྲིལ་བུ་མི་དམིགས་ཁཾ་དུ་གྱུར། །དེ་གྱུར་རལ་གྲི་ཁཾ་གིས་མཚན། །དེ་ལས་འོད་འཕྲོས་འདུས་པ་ལས། །སངས་རྒྱས་དོན་ཡོད་གྲུབ་
པར་གྱུར། །ས་བོན་ལས་ནི་འོད་འཕྲོས་པས། །ཡེ་ཤེས་དོན་ཡོད་གྲུབ་པ་ནི། །མདུན་གྱི་མཁའ་ལ་སྤྱན་དྲངས་ཏེ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །དེ་ལ་མཆོད་པ་རྣམ་ལྔ་དབུལ། །དེ་ཉིད་དྲིལ་བུར་གྱུར་པ་ཡིས། །སློབ་

མ་ལ་ནི་དབང་བསྐུར་རོ། །ཐབས་དང་ཤེས་ལྡན་ལྡན་པ་ཡིས། །འགྲོ་དོན་མཉམ་མེད་བྱེད་པ་ཡིས། །མཆོད་པའི་རྫས་རྣམས་རྫོགས་བྱེད་པ། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཏིཥྛ་ཨ་ནུ་ཏ་ན་ཛྙཱ་ན་པ་ཏེ་བཛྲ་ཨ་བྷི་ཥིཉྩཱ་མི། དེ་ནས་རྡོ་རྗེ་དྲིལ་བུ་གཉིས། །ཁ་
སྦྱར་ཚུལ་དུ་བསྣོལ་ལ་སྦྱིན། །ལག་ཏུ་གཏད་ལ་གསིལ་དུ་གཞུག །སློབ་མ་དོན་ཡོད་གྲུབ་པར་བསམ། །དེ་ལ་མཆོད་པ་རྣམ་ལྔས་མཆོད། །སློབ་མ་མི་དམིགས་ཨོཾ་དུ་གྱུར། །དེ་གྱུར་འཁོར་ལོ་ཨོཾ་གྱིས་མཚན། །དེ་ལས་འོད་འཕྲོས་འདུས་པ་ལས། །སངས་རྒྱས་
རྣམ་པར་སྣང་མཛད་གྱུར། །ས་བོན་ལས་ནི་འོད་ཟེར་འཕྲོས། །ཡེ་ཤེས་རྣམ་པར་སྣང་མཛད་ནི། །མདུན་གྱི་མཁའ་ལ་སྤྱན་དྲངས་ཏེ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །རྡོ་རྗེ་མིང་གིས་དབང་བསྐུར་བས། །བྱང་ཆུབ་སྙིང་
པོའི་བར་དུ་ནི། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེ་མིང་དུ་རབ་ཏུ་གྲགས། །ཨོཾ་ཏྲེ་ཙཀྲ་ཨ་མོ་གྷ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩཱ་མི། སློབ་མ་རྣམ་པར་སྣང་མཛད་བསམ། །དེ་ལ་མཆོད་པ་རྣམ་ལྔ་དབུལ། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་དང་ནི་མིང་གི་དབང་། །རིག་པ་
ཡི་ནི་དབང་ལྔའོ། །སངས་རྒྱས་ལྔ་ནི་རྣམ་དག་རྒྱུ། །དབང་ལྔ་ཡིས་ནི་ཐོབ་པ་ཡིན། །མ་རིག་པ་ལས་འདས་ནས་ཀྱང་། །ཡེ་ཤེས་ལྔ་ནི་རིམ་གྱིས་འཐོབ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལག་ཏུ་སྤོས་ཐོགས་དྲིལ་བུ་གསིལ། །དཀྱིལ་འཁོར་འཁོར་ལོ་རྒྱས་པར་མཆོད། །
ཡི་གེ་ཉི་ཤུ་རྩ་གཅིག་པ། །ལན་གསུམ་བར་དུ་བཟླས་པར་བྱའོ། །བཅོམ་ལྡན་བདག་གིས་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སློབ་མའི་ལག་ཏུ་མེ་ཏོག་གཏད། །ཉི་
ཤུ་རྩ་གཅིག་ལན་གསུམ་བཟླས། །དེ་ནས་རྡོ་རྗེ་སློབ་མ་ཡིས། །ལྷ་དང་སློབ་དཔོན་བཅས་པ་ལ། །མེ་ཏོག་ཕུལ་ཏེ་ཚིག་འདི་བརྗོད། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྡོ་རྗེ་ལག་ཏུ་བླང་

བྱས་ཏེ། །ཡེ་ཤེས་རྡོ་རྗེར་བྱིན་བརླབས་ནས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་མངའ་བདག་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་བཛྲ་ས་མ་ཡ་སྟྭཾ་བྷ་ཡ་ཨ་བྷི་ཥིཉྩཱ་མི། སྔགས་དེ་བརྗོད་ལ་སློབ་མ་ཡི། །
ལག་ཏུ་རྡོ་རྗེ་གཏད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྒྱན་དང་ཆ་ལུགས་ཐམས་ཅད་པ། །སློབ་མ་ལ་ནི་བསྐོན་ནས་གཞག །ཞལ་གསུམ་ཕྱག་དྲུག་སྒོམ་དུ་གཞུག །རྒྱན་དང་ཆ་ལུགས་འབར་བ་ནི། །དཔའ་བོ་བུ་ཡིས་བླང་བར་གྱིས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་
བརྟན། །ཕྱི་རོལ་ནང་ན་ཡང་དག་གནས། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧེ་ཧེ། སྔགས་དེ་བརྗོད་ལ་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཐུབ་པ་ཆེན་པོའི་ཆ་ལུགས་ཞུགས། །སློབ་མ་ལ་ནི་ཆོས་གོས་བསྐོན། །ང་ནི་ཤཱཀྱ་སེང་གེ་སྟེ། །རྒྱན་ཆ་ཕྱག་ན་རྡོ་རྗེ་བཅས། །
འདི་ཀུན་ང་ཡི་སྤྲུལ་པ་སྟེ། །མ་འཇིགས་འཇིགས་པར་མ་བྱེད་ཅིག །ཁྱོད་ནི་འཁོར་བའི་འཇིགས་ལས་ཐར། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཨ་བྷི་ཥིཉྩཱ་མི། །སྔགས་དེ་བརྗོད་ལ་བསྲུངས་ལ་གཞག །བུ་ཁྱོད་
འཁོར་ལོའི་དབང་བསྐུར་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཅན། །དེ་བཞིན་གཤེགས་པར་ལུང་བསྟན་ནོ། །ཁམས་གསུམ་བདག་པོ་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཀྱི་སྡེ་རྣམས་བཅོམ་ཟིན་གྱིས། །
ཁྱོད་ཀྱིས་གྲོང་ཁྱེར་མཆོག་ཏུ་ཞུགས། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སིདྡྷི་ས་མ་ཡ་སྟྭཾ་བྷ་ཡ་ཨ་བྷི་ཥིཉྩཱ་མི། སྔགས་དེ་བརྗོད་ལ་ལུང་བསྟན་ནོ། །སློབ་མ་སྤྱོད་ལམ་མཛེས་པ་ཡིས། །མཚན་མ་མེད་པ་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པས། །ཕྱིར་མི་ལྡོག་པའི་
དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་འཁོར་ལོ་མཆོད་པར་བྱ། །དེ་ནས་སེང་གེའི་ཁྲི་བཤམས་ལ། །སློབ་མ་གཞག་སྟེ་དབང་བསྐུར་རོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །ལྷ་རྣམས་ཀྱིས་ནི་སྐུ་ཁྲུས་གསོལ། །

དེ་བཞིན་ལྷ་ཡི་བདུད་རྩི་ཡིས། །སྐུ་ཁྲུས་དམ་པ་གསོལ་བར་བྱ། །ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཨ་བྷི་ཥིཉྩཱ་མི། དུང་བུད་རྔ་ཆེན་རྡུང་དུ་གཞུག །པོ་ཏི་གླེགས་བམ་ལག་ཏུ་གཏད། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །སློབ་དཔོན་ཐུགས་ཀར་ཟླ་བ་བསམ། །
དེ་ཡི་སྟེང་དུ་ཡིག་འབྲུ་བསམ། །དེ་གྱུར་རྩེ་ལྔ་དེ་ཉིད་ཅན། །དེ་ཡི་ལྟེ་བའི་ནང་དུ་ནི། །ལྷ་ཡི་འཁོར་ལོ་བསམ་པར་བྱ། །རྡོ་རྗེ་སློབ་མའི་སྙིང་གར་ཡང་། །ཟླ་བ་ཧཱུྃ་དང་རྡོ་རྗེ་བསམ། །ང་ཡི་ལྟེ་བ་སྟོང་པ་རུ། །སློབ་དཔོན་ཐུགས་ལས་འཁོར་ལོ་བཏོན། །སློབ་མའི་སྙིང་
གར་བསྟིམས་ལ་གཞག །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་རོ། །རྣལ་འབྱོར་འདི་ནི་ཤེས་པ་ཡིས། །མི་བྱ་བ་ནི་གང་ཡང་མེད། །དཔའ་བོ་ཆེན་པོ་
ང་ཡི་བཀས། །འདོད་ཡོན་ལྔ་ལ་སྤྱད་པར་གྱིས། །ཨོཾ་སུ་པྲ་ཏིཥྛ་སྭཱ་ཧཱ། དེ་ནས་རྗེས་སུ་གནང་བའི་དབང་། །སློབ་མ་ལ་ནི་བསྐུར་བར་བྱ། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་ཕོངས་པར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འགྲོ་བའི་དོན་ནི་
དཔག་མེད་བྱོས། །སེམས་ཅན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་ཅིང་འབྲེལ་པའི་ཆོས་དང་ལྡན། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཚུངས་མེད་བྱོས། །དེ་ནས་སློབ་མའི་དབང་བཅུ་སྟེ། །ཕལ་ཆེར་བུམ་པ་ལ་བརྟེན་པས། །བུམ་པའི་དབང་ཞེས་
བརྗོད་པ་ཡིན། །ཕྱིར་མི་ལྡོག་དང་རྗེས་སུ་གནང་། །རྡོ་རྗེ་སློབ་དཔོན་དབང་ཡིན་ནོ། །ལུས་ནི་དྲི་མ་འཁྲུད་པའོ། །ཉོན་མོངས་པ་ཡི་སྒྲིབ་པ་སྤངས། །ས་ནི་དང་པོ་ཐོབ་པར་བྱེད། །དབང་བསྐུར་རིམ་པ་བཅུ་གཉིས་སོ། །དེ་ནས་གསང་བའི་དབང་བསྐུར་ཏེ། །དང་པོར་སྣོད་ལྡན་
སློབ་མ་ཡིས། །ཚོགས་དང་དཔའ་བོའི་སྟོན་མོ་བྱ། །ཤེས་རབ་མ་ནི་བཅུ་གཉིས་སམ། །བཅུ་དྲུག་ཉི་ཤུ་རྩ་བཞིའི་བར། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །མིག་དཀྱུས་རིང་ཞིང་ཤ་མདངས་དཀར། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ལུས་ལ་ནུ་

འབུར་ཁ་དྲི་ཞིམ། །སྨྲ་ན་ངག་འཇམ་མཛེས་པར་འགྲོ། །ཡོན་ཏན་གཞན་ཡང་ལྡན་བཙལ་ཏེ། །སློབ་དཔོན་མདུན་དུ་མཎྜལ་ནི། །གྲུ་བཞི་ལྷམ་པ་ཁྲུ་གང་ཚད། །བྱི་དོར་ལེགས་བྱས་མེ་ཏོག་དགྲམ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །གསང་སྤྱོད་ཐབས་
དང་ལྡན་པ་ཡི། །ཤེས་རབ་ཆེན་པོའི་སྣོད་འགྱུར་ཕྱིར། །དབང་བསྐུར་ཆེན་པོ་མཛད་དུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །བདུད་རྩི་ཆེན་པོའི་རོ་མྱང་ཕྱིར། །དབང་བསྐུར་འདི་ལ་ཁྱོད་སྤྲོའམ། །སློབ་དཔོན་ཁྱོད་ནི་དགོངས་སུ་
གསོལ། །ལྷ་མོ་འདི་ནི་ཁྱད་པར་ཅན། །ཡོན་ཏན་མཐའ་ཡས་ལྡན་པ་སྟེ། །གསང་སྤྱོད་ཐབས་ཀྱི་སྦྱོར་བ་ལས། །གསང་བའི་དབང་བསྐུར་མཛད་དུ་གསོལ། །དེ་ནས་རྡུལ་ཚོན་གཞལ་ཡས་ཁང་། །ནང་དུ་གསང་བའི་ཡུམ་བཞག་ནས། །དེ་ནས་ས་བོན་འོད་ཟེར་
གྱིས། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །ཕང་ན་གནས་པའི་ལྷ་མོ་རྣམས། །སྤྱི་བོའི་གཙུག་ཏུ་སྤྱན་དྲངས་ཏེ། །ཚངས་པའི་བུ་གའི་ལམ་དུ་ཞུགས། །གསང་བའི་པདྨའི་གེ་སར་ལ། །མཛེས་པའི་ལྷ་མོ་ལྔ་རུ་བསམ། །རྒྱན་དང་ཆ་ལུགས་གསལ་
བར་བསྒོམ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ནི། །སྤྱི་བོའི་གཙུག་ཏུ་སྤྱན་དྲངས་ནས། །ཚངས་པའི་བུ་གའི་ལམ་ཞུགས་ནས། །རྡོ་རྗེ་བུམ་པའི་འཁོར་ལོ་ལ། །རྒྱལ་བ་སངས་རྒྱས་ལྔ་རུ་གྱུར། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །མཁའ་
གསང་བྱིན་གྱིས་བརླབ་པ་དང་། །གཉིས་སུ་མེད་པའི་སྦྱོར་བ་བྱ། །ཡབ་ཡུམ་འཁྲིལ་སྦྱོར་བསྒོམ་པ་ཡིས། །ཡེ་ཤེས་གསལ་བའི་བྱང་ཆུབ་སེམས། །ཕབ་ནས་མཚན་དང་ལྡན་པར་བླུགས། །དཔའ་བོ་རྣལ་འབྱོར་མ་ཀུན་གྱིས། །དམ་ཚིག་འདི་ནི་ངོ་མཚར་ཆེ། །ཁམས་
ལྔ་ཡི་ནི་རོ་ཡིས་གང་། །བདེ་བ་ཆེན་པོ་མྱང་བར་གྱིས། །རྫས་དེ་སློབ་མའི་ལྕེ་ལ་གཞག །ཨ་ཧོ་སུ་ཁ་སྐལ་ཆེན་པོ། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་ཡིད་འོང་བས། །

དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །དེ་ནས་ཤེས་རབ་ཡེ་ཤེས་དབང་། །ཤིན་ཏུ་ཟབ་པའི་ཚུལ་དུ་བསྐུར། །བདུད་རྩི་ལྔ་ཡི་ཆུ་ལ་སོགས། །ཤེས་རབ་མ་ཡི་ལུས་ཀུན་བཀྲུ། །ཛཱ་ཏི་ཙནྡན་ག་བུར་དྲིས། །ཤེས་རབ་མ་ཡི་ལུས་ལ་བྱུགས། །ལྷ་མོ་འདི་ནི་ཁྱད་
པར་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་རྣམ་པ་ཐམས་ཅད་དུ། །བུ་ཡིས་བླ་མེད་མཆོད་པར་གྱིས། །བྱང་ཆུབ་སེམས་ནི་བླ་ན་མེད། །བུ་ཡིས་ཅི་དགར་ཟ་ནུས་སམ། །ཕྱག་རྒྱ་ལྔ་ལས་བྱུང་བ་ཡི། །རིག་མ་དད་པས་མཆོད་ནུས་སམ། །བཤང་གཅི་ཁུ་བ་རཀྟ་
སོགས། །འདི་ཉིད་དུ་ནི་ཟ་ནུས་སམ། །ང་ཡི་གསང་བའི་པདྨ་འདི། །བདེ་བ་མྱུར་དུ་སྐྱེད་པ་སྟེ། །ཁྱོད་ཀྱིས་རྟག་ཏུ་མཆོད་ནུས་སམ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །ལྷ་མོའི་པདྨ་མཆོད་པར་བགྱི། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཤེས་རབ་ལག་པ་གཡོན་པ་དང་། །
སློབ་མའི་ལག་པ་གཡས་པ་གཉིས། །དར་གྱིས་མདུད་པ་བྱས་ལ་གཞག །བརྡ་ཡི་དཀྱིལ་འཁོར་བྲིས་པའི་སྟེང་། །པི་དར་སྟན་ལ་སོགས་པའམ། །དར་གྱི་བློ་སྟན་འཕར་མ་བཏིང་། །རྡོ་རྗེ་ཁྲོ་བོ་རྟག་ཏུ་བསྐྱོད། །མེ་འོད་འབར་བ་བསྒོམ་པར་བྱ། །སྟེང་གི་པདྨའི་སྙིང་པོ་བཅུ། །
ཤེས་པ་རང་གསལ་ངང་ལ་གཞག །སློབ་མའི་ལག་པ་གཡས་པ་ཡིས། །ཤེས་རབ་མཁལ་མ་གཡོན་མནན་ནས། །སློབ་མའི་ལག་པ་གཡོན་པ་ཡིས། །གསང་བའི་པདྨ་ཁ་ཕྱེ་སྟེ། །པདྨ་གེ་སར་སྙིང་པོ་བཙལ། །ཤེས་རབ་བུམ་པའི་མགུལ་ཆིངས་ཀྱིས། །
སློབ་མའི་བུམ་པ་མགུལ་པ་བཅིང་། །བདེ་བ་ཁ་སྦྱོར་བསྒོམ་པར་བྱའོ། །པདྨ་ཟེ་འབྲུ་རྒྱས་པ་དང་། །རྡོ་རྗེ་ལག་གི་ཁྲིག་སྒོ་གཞུག །གཉིས་སུ་མེད་པའི་སྦྱོར་བ་བྱ། །རླུང་ལ་གོམས་པས་རླུང་ལ་གཏང་། །སྔགས་ཀྱི་རྩ་སྒོ་དགག་པ་དང་། །སོར་མོས་
བསྡམ་ཞིང་གློད་པ་དང་། །པདྨའི་གེ་སར་སྙིང་པོ་དེ། །རྡོ་རྗེ་བུ་གར་བཅུག་ལ་གཟུང་། །ཉམས་ཀྱི་སྟོབས་ཀྱིས་ནང་དུ་འཐེན། །བདེ་བ་གསལ་ལ་མི་རྟོག་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་། །དེ་ཡི་ཉམས་དང་མི་འབྲལ་བར། །ཅུང་ཞིག་དེ་ལ་གནས་པར་བྱ། །དེ་ནི་རྡོ་རྗེ་ཆུ་

འཐུང་གིས། །བསྒོམ་པ་ཅུང་ཞིག་བྱ་བ་ཡིན། །མི་གསལ་ཡེ་ཤེས་མ་ཡིན་ན། །རོལ་པའི་སྒྲ་ལ་སེམས་གཏད་ལ། །ཡང་དང་ཡང་དུ་ཉམས་སུ་བླང་། །དེ་ཡིས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ནས་གཉིས་ཀ་ངལ་བར་ལྡང་། །པདྨ་དང་ནི་རྡོ་རྗེ་ནས། །བྱང་ཆུབ་
སེམས་ཀྱི་ཀུནྡ་ལ། །རྡོ་རྗེ་སེམས་དཔའི་རང་བཞིན་པས། །ལྕེ་ཡིས་བླང་ཞིང་གཞིབ་པར་བྱ། །ཀུནྡ་ལྟ་བུའི་བྱང་ཆུབ་སེམས། །རང་གི་སེམས་ལ་བསྟིམ་པར་བྱ། །གཉིས་མེད་ཡེ་ཤེས་གསལ་བར་འགྱུར། །ཤེས་རབ་མ་ཡི་རྐང་པ་གཡོན། །སློབ་མའི་སྤྱི་བོར་
བཞག་ནས་ནི། །ང་དང་རྡོ་རྗེ་སློབ་དཔོན་དང་། །མཆེད་དང་ལྕམ་བྲལ་ཐམས་ཅད་ལ། །ཁམས་གསུམ་སེམས་ཅན་མ་ལུས་པ། །མ་མོས་བརྙས་པར་མ་བྱེད་ཅིག །གཞན་ཡང་དམ་ཚིག་བཤད་པ་རྣམས། །རྟག་ཏུ་ཁྱོད་ཀྱིས་བསྲུང་བ་གྱིས། །དེང་ནས་བཟུང་ནས་
བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་ཀུན་གྱི་དོན་རྣམས་ནི། །རྟག་ཏུ་རྨི་ལམ་བཞིན་དུ་གྱིས། །ཞེས་བརྗོད་པར་བྱའོ། །དེ་ནས་བཞི་པ་ཚིག་གི་དབང་། །བླ་མའི་ཞལ་ལས་ཤེས་པར་བྱའོ། །མཇུག་གི་ལས་ཀྱི་ཆོ་ག་ནི། །མཁའ་ལ་བཏེག་ནས་
བཞུགས་པ་ཡི། །འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ། །མཆོད་པའི་ཡོ་བྱད་འབྱོར་ཚད་དབུལ། །དེ་ནས་དཀྱིལ་འཁོར་རྒྱན་རྣམས་བསྡུ། །རྡོ་རྗེ་སེམས་དཔའི་སྙིང་པོ་ཡིས། །བཤགས་པ་ཅི་ཙམ་འགྲུབ་པར་བྱ། །མཁའ་འགྲོ་རྣམས་ལ་གཏོར་མས་མཆོད། །ཚོགས་
དང་དཔའ་བོའི་སྟོན་མོ་བྱ། །ཨོཾ་ཀྲྀ་ཏོ་བ་ལ་སོགས་པ་ཡིས། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿས་དམ་ཚིག་བསྡུ། འགྲོ་བ་འདོད་པ་ཐ་དད་པས། །དེ་ལ་དགོངས་ནས་བདེ་གཤེགས་ཀྱིས། །མོས་པ་ཐ་དད་དྲང་བའི་ཕྱིར། །འགྲོ་ལ་བརྩེ་བས་
བྱང་ཆུབ་ལམ། །སྣ་ཚོགས་ཐ་དད་གསུངས་པ་ཀུན། །གང་ཞིག་འགའ་ལ་ཕན་ཕྱིར་དུ། །གསལ་བའི་སྒྲོན་མར་གསུངས་པ་ཡིན། །དེ་ལ་བརྟེན་ནས་ཡུན་རིང་མོས་པ་ཡིས། །འདོད་ལྷའི་ཞལ་མཐོང་དེ་ཚེ་ལྷག་ལྷས་གནང་བ་བྱིན། །མ་སྨིན་སྨིན་བྱེད་ཡོན་

ཏན་ཀུན་འབྱུང་བའི། །ཤེས་རབ་བཟང་ཞིང་མང་ཐོས་རློམ་སེམས་མེད། །བརྩོན་འགྲུས་དྲག་ཅིང་སྲན་ཐུབ་བརྟན་བློ་ཅན། །བླ་མ་ལ་གུས་དད་ལྡན་སྙིང་རྗེར་ལྡན། །དེ་འདྲའི་སློབ་མ་བཟང་པོ་བཙལ་ནས་ནི། །རྫོགས་པའི་བྱང་ཆུབ་མཆོག་ཏུ་དབང་བསྐུར་
རོ། །འགྲོ་ལ་བརྩེ་བས་དབང་བསྐུར་ཆོ་ག་སྦྱར། །ཡུན་རིངས་བསྒོམས་པས་མི་འགྲུབ་གང་ཡང་མེད། །དལ་བའི་དགེ་རྩ་ཅི་ཡོད་བསོད་ནམས་ཀྱིས། །སྒྲུབ་པོ་དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག །དཔལ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ནམ་གྲུའི་རིགས་ལས་བྱུང་བའི་
དངོས་གྲུབ་བརྙེས་པ་སློབ་དཔོན་ཛཱ་བ་རི་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བལ་པོའི་མཁན་པོ་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙི་
ཏི་ཛྭ་ལ་ལཀྵ་ཎ་ནཱ་མ། བོད་སྐད་དུ། མཛེ་ནད་ཀྱི་མཚན་ཉིད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འགྲོ་རྣམས་རྡུལ་དང་མུན་པ་སྙིང་སྟོབས་ཀྱི། །འདམ་ལ་གནས་ཏེ་རྐྱེན་གྱི་རི་བོས་ནོན། །དེ་བསལ་ཤེས་ཕྱིར་རང་གི་རྟོགས་པས་བྲི། །དམ་པའི་དྲིན་ཐོབ་མགོན་ལ་
སྤྱི་བཏུད་བཤད། །དེ་ལ་འདིར་ནད་ཀྱི་མཚན་ཉིད་དང་། བཟླས་པའི་མཚན་ཉིད་དང་། དེ་བཟློག་པའི་ཐབས་སོ། །དེ་ལ་མཚན་ཉིད་ལ་བཅུ་གཉིས་སུ་ཤེས་པར་བྱ་སྟེ། གལ་ཏེ་བཅུ་གཉིས་ཀྱིས་མ་བཟློག་ན་དེ་འཕྲོ་བཅད་དོ། །འབད་པ་དང་བཅས་པས་ཚོགས་བསག་གོ། །
ཐབས་ནི་འདོད་པའི་ལྷ་མཉེས་པས་བཟློག་པ་དང་། རྟེན་ཅིང་འབྲེལ་པའི་ནུས་པས་བཟློག་པའོ། །འདོད་པའི་ལྷ་མཉེས་པས་བཟློག་པ་ནི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །རྟེན་ཅིང་འབྲེལ་པའི་ནུས་པས་བཟློག་པ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །མཚན་ཉིད་རྣམས་ནི་
འདི་ལྟ་སྟེ། །རུས་དང་ཤ་དང་པགས་པ་དང་། །རྩ་དང་ཁྲག་དང་ནང་གྲོལ་དང་། །བཅུད་དང་ཆུ་སྟེ་ལུས་ཀྱི་སྟོབས། །ལུས་ཀྱི་རྩ་དང་མདོག་དང་དབྱིབས། །རེག་པ་ཆུ་བ་ཆུ་སེར་དང་། །ཀླད་པ་ལྷ་བ་ལུས་ཀུན་ལ། །ཞུགས་པ་རྣམ་པ་བཅོ་བརྒྱད་ཡིན། །རིགས་ཀྱིས་

མ་ཡིན་གཅིག་ཅིག་མིན། །འོན་ཀྱང་གཅིག་སོགས་རིམ་གྱིས་བརྟག །རུས་པ་ལ་ཞུགས་པ་ནི་བཞི་སྟེ། ལུས་སྐེམ་པ་དང་། གཟེར་ཆེ་བ་དང་། ན་ཐང་ངེ་བ་དང་། ཐིག་ལེར་ནའོ། །ཤ་ལ་ཞུགས་པ་ནི་ལྔ་སྟེ། ལུས་བེམ་མེ་འདུག་པ་དང་། ལུས་ལྕི་བ་དང་། མདོག་གནག་
པ་དང་། དྲི་ངས་པ་སྣར་འོང་བ་དང་། ཤ་རོ་འབྱུང་བའོ། །པགས་པ་ལ་ཞུགས་པ་ནི་གཉིས་ཏེ། ཤ་འཕྲིག་པ་དང་། མདོག་སྐྱ་བའོ། །རྩ་ལ་ཞུགས་པ་ནི་བཅུ་སྟེ། ལུས་སྦྲིད་བེར་བེར་བ་བརྟག་པ་ནི་བཟློག་པར་དཀའོ། །སྒྱིད་ལུག་པ་དང་། སྒྱིད་ལྕིག་ལྕིག་པ་དང་། ཚ་
བ་འཛག་པ་སྙམ་པ་དང་། ཚ་རབ་རབ་པ་དང་། ཚ་ཀེར་ཀེར་བ་དང་། ཚ་བྲེང་བྲེང་བ་དང་། ལུས་ལ་སོགས་པ་ཚ་ཐང་ངེ་བ་དང་། ཚ་བིར་བིར་བ་དང་། ཡན་ལག་ཕྲ་བའོ། །ཁྲག་ལ་ཞུགས་པ་ནི་བཞི་སྟེ། སྣ་ནས་སྐབས་སྐབས་སུ་ཡང་ཡང་འཛག་པ་དང་། ཚ་བེར་བེར་བ་
དང་། ལུས་ལྕི་ཡོར་ཡོར་བ་དང་། གདོང་དམར་བ་ལ་སྟག་པའི་ལོ་མའི་བྲིས་མ་ལྟར་འོང་ངོ་། །ནང་གྲོལ་ལ་ཞུགས་པ་ནི་བཞི་སྟེ། གློ་སྙིང་མི་བདེ་བ་དང་། སྐྱུར་ཐིབ་ཐིབ་པ་དང་། སྙིང་འདར་ཕྲིལ་ཕྲིལ་དང་། སྙིང་མི་དགའ་བ་སྟེ་བཟློག་དཀའོ། །བཅུད་ལ་ཞུགས་པ་ནི་བཞི་
སྟེ། །ཁུ་བ་མི་འབྱུང་བ་དང་། དབང་པོ་ལྡང་མི་ནུས་པ་དང་། ཁུ་བ་སྐྱོ་མའི་མདོག་ཏུ་འོང་བ་དང་། ཁུ་བ་དངས་སྙིགས་བྱེ་ནས་འོང་བའོ། །ཆུ་ལ་ཞུགས་པ་ནི་གསུམ་སྟེ། སྦུབས་ཀྱི་ཆུ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་འོང་བ་དང་། སྣའི་ཆུ་རྟག་ཏུ་སྐྱོ་མར་འཛག་པ་དང་། མིག་ཆུ་རྟག་
པར་འཛག་པ་སྟེ། དུ་བ་དང་སེར་བུ་བྱུང་བ་ཙམ་གྱིས་མྱུར་བར་འཛག་པའོ། །ལུས་ཀྱི་སྟོབས་ལ་ཞུགས་པ་ནི་གསུམ་སྟེ། ལུས་སྒྱིད་ལུག་པ་དང་། ལུས་སྒྱིད་ཞུམ་པ་དང་། ལུས་མྱལ་མྱལ་བ་ཡིན་ནོ། །ལུས་ཀྱི་རྩ་ལ་ཞུགས་པ་ནི་གཉིས་ཏེ། སྭ་རྩི་ལ་སོགས་པ་
ལུས་ཀྱི་དྲི་མ་བྱའི་པགས་པ་བཞིན་སངས་ཀྱིས་འགྲོའོ། །མདོག་ལ་ཞུགས་པ་ནི་གཅིག་སྟེ། ལྕེ་བཙོད་ཀྱི་མདོག་བཞིན་དུ་སོང་བའོ། །དབྱིབས་ལ་ཞུགས་པ་ནི་གཉིས་ཏེ། ལུས་གཉེར་ཆུང་གིས་ཁེབས་པ་དང་། ཡན་ལག་གི་སོར་མོ་རྣམས་བྱི་བའི་མཇུག་མ་ལྟར་

སོང་བའོ། །རེག་པ་ལ་ཞུགས་པ་ནི་བཞི་སྟེ། སྣ་རྩེ་ལ་སོགས་པར་ཚ་ཡམ་ཡམ་འོང་བ་དང་། ཚ་བེར་བེར་འོང་བ་དང་། ལུས་བརྩེ་བ་དང་། གཡའ་བེར་འོང་བ་བཞིན་ནོ། །ཆུ་བ་ལ་ཞུགས་པ་ནི་བཞི་སྟེ། ཡན་ལག་རེངས་ཤིང་ན་བ་དང་། ཤ་
འབུར་བ་དང་། གྲང་སིང་སིང་བ་དང་། ཚིགས་རྣམས་འཁོར་བ་བཞིན་ནོ། །ཆུ་སེར་ལ་ཞུགས་པ་ནི་ལྔ་སྟེ། ལུས་ཟ་གོལ་གོལ་བ་དང་། ལུས་ཟ་ཙག་ཙག་པ་དང་། ལུས་ཟ་ལྕིབ་ལྕིབ་པ་དང་། ལུས་ལ་ཆུ་རྒང་འོང་བ་དང་། ཆུ་རྒང་བྱུང་ན་ཡུན་རིང་པོར་མི་ཐོགས་
པར་འོང་ངོ་། །ལུས་ལ་འབྲུམ་པའི་རྗེས་སྲན་ཆུང་ལྟ་བུ་བྱུང་ན་བཟློག་པར་ཡང་སླའོ། །ཀླད་པ་ལ་ཞུགས་པ་ནི་བཞི་སྟེ། མགོ་ཕྱིང་ཕྱིང་སྐྲང་བ་དང་། འཐོམ་པ་དང་། བེམ་མེ་བ་དང་། སྐྲ་ནུལ་ནུལ་འབྱི་བ་ལ་སོགས་པའོ། །ལྷ་བ་ལ་ཞུགས་པ་ལ་ནི་གསུམ་སྟེ། གདོང་པ་
ལ་སོགས་པ་ཚ་ལམ་ལམ་འོང་བ་དང་། གདོང་པ་ལ་སོགས་པ་གྲང་སེང་སེང་འོང་བ་དང་། དེ་བཟློག་པར་སླའོ། །ལུས་རིད་ཅིང་གདོང་ཐལ་སྐྱའི་མདོག་ཏུ་སོང་བ་ནི་བཟློག་པར་དཀའོ། །ལུས་ཀུན་ལ་ཞུགས་པ་ནི་གསུམ་སྟེ། ཚོར་བ་མེད་པར་གདོང་པ་ལ་སོགས་པའི་ཤ་
འགྱུར་ཡིན་ནོ། །ཤིན་ཏུ་ཡང་བཟློག་པར་དཀའོ། །ཀླུ་ཤིན་ཏུ་ཡང་ཁྲོ་བོ་དག་གིས་ཀྱང་རྟགས་དང་མི་ལྡན་པར་ཐུགས་ཀྱིས་ཀྱང་འགྲོའོ། །བཟློག་པར་དཀའོ། །རྨ་ལ་སོགས་པ་འཚོར་མི་འདོད་པའི་རྟགས་དང་མི་ལྡན་པ་ནི་བཟློག་པར་སླའོ། །གཞན་ཡང་ཡན་ལག་
ཕྲ་བ་དང་། སྦོམ་པ་དང་། ཐུང་བ་དང་། འཁུམས་པ་དང་། རེངས་པ་ལ་སོགས་པ་ལ་ཀླུའི་མཚན་ཉིད་དུ་ཤེས་པར་བྱའོ། །རྟགས་དེ་རྣམས་ལས་འགའ་འགའ་ནི་ནད་ཀྱི་གཞི་ལས་ཀྱང་ཤེས་པར་བྱའོ། །འགའ་ལ་ནི་ཀླུའི་གདོན་མ་ཡིན་པ་ལས་ཀྱང་འབྱུང་བས་
མཚན་ཉིད་སོ་སོར་ཤེས་པར་བྱ་སྟེ། ནད་གཞི་ལས་བྱུང་བའི་སྨན་ལ་སོགས་པ་དང་། འཕྲོད་པའི་ཟས་ཀྱིས་ཕན་པའོ། །གཞན་གྱི་ནི་ཡུན་མི་རྟག་པ་འཕྲོ་འཆད་དོ། །འདི་འདྲའི་མཚན་ཉིད་མངོན་དུ་ཤེས། །ཤེས་ནས་མྱུར་བའི་བརྩོན་འགྲུས་ཀྱི། །སྣ་ཚོགས་

ཐབས་ལ་མ་རྨོངས་པས། །བཟློག་པའི་ཐབས་ལ་འབད་པར་བྱ། །ཆུ་རྒྱུན་ཡུན་རིངས་འབབ་པས་ནི། །རྡོ་བ་དག་ཀྱང་དུས་སུ་འབིགས། །གདུག་པའི་དབང་བྱས་ཞེ་རིངས་ཡང་། །ལེ་ལོ་དང་བྲལ་རྩེ་གཅིག་སེམས། །རྒྱུན་དུ་བསྒོམས་ན་བཟློག་སེམས་ཀྱིས། །གདུག་པའི་
ནད་ལས་ཐར་བར་ངེས། །རྩོལ་བ་ཅན་གྱི་སོམ་ཉི་བྲལ། །གང་བསམ་དེ་ལ་མི་འགྲུབ་མེད། །དེས་ན་འཁོར་བ་གཅེས་པ་ནི། །ཕུང་པོ་སྲོག་ནི་དང་བ་ལ། །མངོན་སུམ་ཉིད་དུ་མཐོང་འགྱུར་གྱིས། །རྩོལ་བ་དོར་བར་མི་བྱའོ། །འགྲོ་བ་སྙིང་རྗེ་རང་གིས་རྟོགས་དང་བཀའ་དྲིན་གྱིས། །
བདག་གིས་ནད་ཀྱི་མཚན་ཉིད་འདི་སྦྱར་ཡོན་ཏན་གྱིས། །འགྲོ་བས་མངོན་དུ་དེ་རྟོགས་བརྩོན་པས་དེ་བཟློག་བྱ། །ཅི་ཡོད་དགེ་བས་འགྲོ་བ་འཚོ་དཀའི་ནད་ལས་གྲོལ་བར་ཤོག །མཛེ་ནད་ཀྱི་མཚན་ཉིད་ཅེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ། དངོས་གྲུབ་བརྙེས་བ་ཛཱ་བ་རི་བས་
མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་པཱུརྞེ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ཙཀྲ་མ་ཧཱ་དེ་བ་ག་ཎ་མཎྜལ་སྟོ་ཏྲ་ནཱ་མ། བོད་སྐད་དུ། གནོད་
སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧཱུྃ་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ས་བཅུའི་བྱང་ཆུབ་སེམས་དཔའི་གཙོ་བོ་སྟེ། །སྐྱེ་མེད་ངང་ལས་ལོངས་སྤྱོད་
རྫོགས་པའི་སྐུ། །ཡོན་ཏན་མ་ལུས་རྫོགས་པ་ཁྱོད་ལ་འདུད། །སྤྲུལ་པའི་སྐུ་མཆོག་གདུག་པ་འདུལ་མཛད་པ། །བརྗིད་པའི་སྐུ་མངའ་སྦྲུལ་བརྒྱད་སྐུ་ལ་བརྒྱན། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །སྲིད་གསུམ་སྡུག་བསྔལ་མཐར་མཛད་ཁྱོད་ལ་འདུད། །ཞབས་
གཉིས་བརྐྱང་བསྐུམ་མཐིང་ནག་འབར་བའི་ཞལ། །གཡས་དཀར་གཡོན་དམར་སྤྱན་ནི་གསུམ་གསུམ་ལྡན། །ཕྱག་དྲུག་རྡོ་རྗེ་གཡས་འཆང་གཡོན་སྡིགས་མཛུབ། །བར་གཉིས་ཐལ་རྡེབས་མཐའ་གཉིས་སྦྲུལ་གསོལ་འདུད། །དཔྲལ་བའི་ཁྲོ་གཉེར་སྨིན་མ་གཡོ་ཞིང་འཁྲུག །དབུ་

སྐྲ་ཁམ་ནག་གྱེན་བརྫེས་མེ་སྟག་འཕྲོ། །རལ་པའི་ཅོད་པན་སྦྲུལ་གྱི་གདེངས་ཀས་བརྒྱན། །རིགས་ཀྱི་བདག་པོས་དབུ་བརྒྱན་ཁྱོད་ལ་འདུད། །ལྗགས་འདྲིལ་མཆེ་གཙིགས་ང་རོས་འབྲུག་སྒྲ་སྒྲོགས། །ཁ་རླངས་མེ་ལྟར་འབར་བས་གདུག་པ་བསྲེག །མཆེ་བ་
གཙིགས་པས་དུག་གསུམ་རྩད་ནས་གཅོད། །ཉོན་མོངས་འཇོམས་པར་མཛད་པ་ཁྱོད་ལ་འདུད། །འཇིག་རྟེན་གསུམ་སླེབ་སྐུ་མཆོག་ཤིན་ཏུ་བརྗིད། །སྔོན་པོ་འཆད་པའི་ན་བཟའ་སྐུ་ལ་གསོལ། །དུས་མཐའི་མེ་ལྟར་འོད་ཟེར་འབར་བའི་སྐུ། །སྲིད་གསུམ་ཟིལ་གནོན་ཁྱད་
འཕགས་ཁྱོད་ལ་འདུད། །གསུས་པའི་སྨད་འཁྱིལ་སྟག་གི་ཤམ་ཐབས་ཅན། །ཚངས་པ་བརྒྱ་བྱིན་ཉི་ཟླ་འབར་བའི་སྟེང་། །ཞབས་གཉིས་ཕྲག་བཞག་ཡོན་ཏན་རྫོགས་པའི་སྐུ། །མཐའ་གཉིས་རྟག་ཆད་སེལ་མཛད་ཁྱོད་ལ་འདུད། །རྔམ་པའི་སྐུ་ཡིས་བདུད་རྣམས་འདུལ་
བར་མཛད། །བྲང་འགྲོ་བརྒྱད་ཀྱིས་སྐུ་བརྒྱན་ཀླུ་དབང་འདུལ། །བརྐྱང་བསྐུམ་བརྗིད་པས་གནོད་སྦྱིན་ཟིལ་གྱིས་གནོན། །ཕྲིན་ལས་མཐར་མཛད་ཁྱོད་ལ་ཕྱག་འཚལ་འདུད། །སྤྲུལ་པའི་ཁྲོ་ཚོགས་བྱེ་བ་སྐུ་ལས་འཕྲོ། །ཧཱུྃ་ཕཊ་སྒྲ་འབྱིན་མཚོན་ཆ་མང་པོས་འདེབས། །མཐིང་ནག་སྐུ་
ཡིས་ཁམས་གསུམ་ཆོ་ངེས་འདེབས། །སྤྲུལ་པས་སྐྲག་མཛད་ཁྱོད་ལ་ཕྱག་འཚལ་འདུད། །ཡུམ་མཆོག་མཛེས་ལྡན་མཐིང་ནག་ཞལ་གཅིག་མ། །ཕྱག་གཡས་གྲི་གུ་གདུང་དམར་ཞལ་དུ་སྟོབས། །རུས་པའི་ཕྲེང་བརྒྱན་བསྐལ་པའི་འོད་ཟེར་འཕྲོ། །སྤྲུལ་པ་གྲངས་མེད་ཁྲོ་ཆུང་
འཕྲོ་ལ་འདུད། །དྲི་ཟའི་རིགས་འདུལ་ཁྲོ་རྒྱལ་བདུད་ལས་རྒྱལ། །སྐུ་ཡི་རང་བཞིན་ཞི་བའི་ལས་མཛད་པ། །དཀར་གསལ་ཞལ་གཅིག་ཕྱག་བཞི་རྡོ་རྗེ་འཕྱར། །རྩེ་གསུམ་སྡིགས་མཛུབ་གཏི་མུག་འཇོམས་ལ་འདུད། །བརྐྱང་བསྐུམ་བཞུགས་ནས་ན་བཟའ་སྔོན་པོ་གསོལ། །
བྲང་འགྲོ་བརྒྱད་ཀྱིས་སྐུ་བརྒྱན་མཐུ་སྟོབས་ཅན། །གསུང་གི་ང་རོས་ལོག་འདྲེན་གདུག་པ་འདུལ། །རྔམ་མཛད་བདུད་ལས་རྒྱལ་བྱེད་ཁྱེད་ལ་འདུད། །མཉེས་བྱེད་ཡུམ་ནི་ལྷ་མོ་འོད་ཟེར་ཅན། །དཀར་མོ་འཛུམ་ཅན་ཞལ་གཅིག་ཕྱག་གཉིས་ལྡན། །སྤུ་གྲི་གཙོ་འཁྱུད་

དུང་དམར་ཡབ་ལ་སྟོབས། །ཁྲོ་ཆུང་བྱེ་འགྱེད་ལྷ་མོ་ཁྱོད་ལ་འདུད། །གཤིན་རྗེ་འདུལ་མཛད་ཡོན་ཏན་རང་བཞིན་སྐུ། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་སེར། །ཞལ་གཅིག་ཕྱག་བཞིས་བདུད་འདུལ་རྡོ་རྗེ་འཕྱར། །དབྱུག་ཏོ་གཡོན་འཛིན་སྡིགས་མཛུབ་འཁྱུད་ཁྱོད་
འདུད། །ཞབས་གཉིས་བརྐྱང་བསྐུམ་གཤིན་རྗེ་གནོན་མཛད་འགྱིང་། །བརྗིད་སྐུ་ན་བཟའ་སྔོན་པོ་སྟག་རིས་གསོལ། །རིགས་བཞི་གདུག་པས་སྐུ་བརྒྱན་ཡོན་ཏན་རྒྱས། །སྤྲུལ་པའི་ཁྲོ་འགྱེད་གཟི་བརྗིད་འབར་ཁྱོད་འདུད། །དགྱེས་མཛད་ལྷ་མོ་དབྱངས་ཅན་གསེར་མདོག་ཞལ། །
ཞལ་གཅིག་ཕྱག་གཉིས་རལ་གྲི་གཙོ་ལ་འཁྱུད། །བནྡྷ་ཁྲག་བཀང་ཡབ་ཀྱི་ཞལ་དུ་སྟོབས། །སྤྲུལ་པ་གྲངས་མེད་འགྱེད་མཛད་ཁྱོད་ལ་འདུད། །ཀླུ་དབང་འདུལ་མཛད་གསུང་གི་རང་བཞིན་སྐུ། །དབང་གི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དམར། །འགྱིང་བག་ཞབས་
གཉིས་བརྐྱང་བསྐུམ་ས་བདག་གནོན། །རྔམ་ཆེན་མེ་ལྟར་འབར་བ་ཁྱོད་ལ་འདུད། །ཞལ་གཅིག་ཕྱག་བཞིས་རྡོ་རྗེ་སྦྲུལ་ཞགས་བསྣམས། །སྡིགས་མཛུབ་འཁྱུད་མཛད་གསུང་གི་རྔམ་སྟབས་ཅན། །སྦྲུལ་རིགས་བཞིས་བརྒྱན་གོས་སྔོན་སྟག་རིས་གསོལ། །ཀླུ་རིགས་དབང་
སྡུད་རྔམ་སྒྲ་སྒྲོགས་ཁྱོད་འདུད། །མཉེས་མཛད་ལྷ་མོ་དམར་མོ་མཛུམ་བག་ཅན། །ཞལ་གཅིག་ཕྱག་གཉིས་ཏེའུ་གཙོ་ལ་འཁྱུད། །དུང་དམར་སྟོབས་མཛད་སྤྲུལ་པའི་ཁྲོ་ཚོགས་སྤྲུལ། །ཐབས་མཁས་སྒྲ་ཅན་ཡུམ་མཆོག་འཁྱུད་ལ་འདུད། །གནོད་སྦྱིན་རིགས་འདུལ་ཕྲིན་ལས་རང་བཞིན་
སྐུ། །རྟོག་པའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་བཞི་སྐུ་མཆོག་ཕྱག་མཚན་ལྡན། །ཕྲིན་ལས་བཞི་མཛད་རྡོ་རྗེ་བེ་ཅོན་འཛིན། །སྡིགས་མཛུབ་གཉིས་མཛད་ཡུམ་ལ་འཁྱུད་ཁྱོད་འདུད། །བརྐྱང་བསྐུམ་མཛད་པ་རིགས་བཞིའི་སྦྲུལ་གྱིས་བརྒྱན། །སྟོད་
གཡོགས་སྔོན་པོ་སྟག་རིས་ན་བཟའ་གསོལ། །ཕྲིན་ལས་ཐམས་ཅད་རྫོགས་མཛད་མཐུ་སྟོབས་ཅན། །བགེགས་རྣམས་འཇོམས་མཛད་བདུད་རྩི་འཁྱིལ་ཁྱོད་འདུད། །ཐོད་གྱུར་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཐབས་ཤེས་ཚུལ་ལྡན་འཁོར་ལོ་གཙོ་ལ་འཁྱུད། །སྙིང་རྗེའི་རང་བཞིན་

བྷན་དམར་ཡབ་ལ་སྟོབས། །སྤྲུལ་ལྔ་འགྱེད་མཛད་རླུང་འབྱིན་སྐུ་ལ་འདུད། །ཛཿཧཱུྃ་བཾ་ཧོཿའཇིགས་སྟོན་རྒྱས་འདེབས་མ། །བདུད་དང་མུ་སྟེགས་སྐྲག་མཛད་སྙིང་ནས་འདྲེན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །བདུད་དཔུང་འཇོམས་མཛད་སྒོ་མ་
བཞི་ལ་འདུད། །རང་གི་དད་པའི་སྟོབས་ཀྱིས་བསྐུལ་གྱུར་ནས། །མོས་པའི་དབང་གིས་བསྟོད་པ་འདི་བྱས་པའི། །བསོད་ནམས་ཚོགས་གྱུར་སྒྲིབ་པ་གཉིས་བྱང་ནས། །རྒྱུད་ཤེལ་ལྟར་དག་སེམས་ཅན་དོན་བྱེད་ཤོག །བསྟོད་པ་མོས་པའི་རྒྱུད་ངན་ཐ་བ་བཏུལ། །མ་རིག་
མུན་སེལ་དག་པ་ཟླ་ཟེར་འདྲ། །དྲི་མེད་གསལ་བ་གང་ཐོབ་སེམས་ཅན་རྣམས། །འཁོར་ལོ་ཆེན་པོའི་ལྷ་ཞལ་མཐོང་བར་ཤོག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ་
དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དེ་བ་པཱུརྞ་མ་ཏི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་འགར་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏྱ་ས་མུཏྤ་ད་སྱ་ནཱ་མ་རཀྵ། བོད་
སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྲུང་བ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེ་གཤེགས་མཐུ་དང་སེམས་ཅན་ལས། །བསམ་གྱིས་མི་ཁྱབ་པར་བཤད་པས། །དེ་བཞིན་རྟེན་འབྲེལ་ནུས་པའི་མཐུ། །བསམ་གྱིས་མི་ཁྱབ་པ་ཡིན་པས། །
གནོད་བྱེད་རྣམས་ཀྱི་དགྲར་གྱུར་པ། །མདོར་བསྡུས་བདག་གིས་བཤད་པར་བྱ། །སྲུང་བྱེད་རྣམ་རྒྱལ་ཨ་རུ་ར། །བཅངས་སམ་ལུས་ལ་བརྟེན་པ་ཡིས། །མར་མེའི་སྣང་བས་མུན་སེལ་ལྟར། །ཕྱོགས་སུ་གནས་པར་མི་ནུས་སོ། །དོན་ཀུན་གྲུབ་བྱེད་ནོར་བུ་དང་། །དེ་བཞིན་ཚེ་
བསྲིང་ནོར་བུ་དང་། །ཨིནྡྲ་ནཱི་ལ་སྦུར་ལོང་དང་། །རིན་ཆེན་ནོར་བུ་སྣ་ཚོགས་ནོར། །གང་ཞིག་ལུས་ལ་འཆང་བྱེད་པ། །ནོར་བུའི་མཐུ་ནི་བསམ་མི་ཁྱབ། །ཉི་མ་ཤར་སར་གྲིབ་མི་གནས། །དེ་བཞིན་གདོན་དེ་མི་གནས་སོ། །བདེ་གཤེགས་དགྲ་བཅོམ་བྱང་ཆུབ་སེམས། །དེ་

བཞིན་རྣལ་འབྱོར་པ་ཡི་གདུང་། །མཆོད་ཅིང་བཅངས་པ་ཙམ་གྱིས་ནི། །ཞེ་སྡང་ཞི་ནས་མཆོད་བྱེད་འགྱུར། །ལྔ་བརྒྱ་སྟོང་དུ་ལོན་པ་ཡི། །རྨང་གི་སའམ་ཐབ་ཀྱི་ས། །སྔགས་བཏབ་བསྐུས་པ་ཙམ་གྱིས་ནི། །དཔག་ཚད་བྱེ་བ་བརྒྱ་རུ་འབྲོས། །དུག་དགྲའི་མཁྲིས་པ་མ་རུལ་བ། །
མན་ངག་གིས་ནི་བརྟེན་བྱས་ན། །ཀླུ་ཡི་རྒྱལ་པོ་འཇོག་པོ་ཡིས། །བཟུང་བ་ཡང་ནི་གཏོང་བར་འགྱུར། །གསེར་ཆུ་དངུལ་ཆུ་མུ་ཟི་ཡི། །བཅུད་ལེན་ལ་སོགས་སྦྱོར་བས་ནི། །གདོན་དེ་ཉེ་བར་མི་འགྱུར་རོ། །འདི་ལ་མ་དད་རིགས་མ་ཡིན། །འབྲས་བུ་གསུམ་དང་བྷྲྀངྒ་ར། །སྦྲང་རྩི་
མར་དང་ལྡན་པ་དང་། །སྣ་ཚོགས་པ་ཡི་སྨན་རྣམས་ཀྱི། །ནུས་པ་བརྗོད་ཀྱིས་མི་ལང་བས། །རྟག་ཏུ་གོམས་པར་བྱས་པས་ནི། །གདོན་དེ་བཟློག་པར་འགྱུར་བ་ཡིན། །ག་པུར་ལ་སོགས་བདུད་རྩི་ལྔ། །རྒྱུན་དུ་ལུས་ལ་བསྟེན་པ་ཡིས། །གདོན་དེ་ཕྱོགས་སུ་མི་ཉེའོ། །
འདི་ཡི་ནུས་པ་བསམ་མི་ཁྱབ། །ག་པུར་ཛཱ་ཏི་ཙནྡན་དང་། །གླ་རྩི་གུར་གུམ་དྲི་ལྔ་ནི། །རྟག་ཏུ་ལུས་ལ་བརྟེན་པ་ཡིས། །ཚོར་བ་ཙམ་གྱིས་བྱེ་བར་འབྲོས། །གུ་གུལ་ལ་སོགས་སྦྱར་བའི་སྤོས། །བཅངས་སམ་བདུགས་པ་ཙམ་གྱིས་ནི། །ཀླད་པ་འགས་ཤིང་འཐོམས་གྱུར་
པས། །སྐད་ཅིག་ཙམ་ཡང་མི་གནས་སོ། །གསུམ་ལྔ་བདུན་དགུ་ལོན་པ་ཡི། །ཤིན་ཏུ་སྐྱུར་བའི་སྦྱོར་བ་ཡིས། །མེ་ཡི་ཕུང་པོའི་རྩེ་མོ་ལ། །སྦྲང་བུ་ལ་སོགས་མི་གནས་ལྟར། །ཤིན་ཏུ་འཇིགས་པས་འབྲོས་པར་འགྱུར། །སྦྱོར་བ་འདི་ནི་བསྔགས་པ་ཡིན། །དགུ་གསུམ་
ཉི་ཤུ་ལྔ་བཅུ་གཅིག །བརྒྱ་ལ་སོགས་པ་ལོན་པ་ཡིན། །རྩི་མར་གྱི་ནི་འཁྲུ་སྨན་བཞིན། །མོད་ལ་དེ་ནི་འབྱུང་འགྱུར་རོ། །ཟླ་བའི་ཤེལ་ལས་ཆུ་འབྱུང་དང་། །ཉི་མའི་ཤེལ་ལས་མེ་འབྱུང་བ། །མི་རིགས་པར་ནི་སྨྲ་མིན་པས། །དེ་བཞིན་སྣ་ཚོགས་རྟེན་འབྲེལ་མཐུ། །མེད་པ་
རུ་ནི་མི་སྨྲའོ། །མཐུ་ནི་མངོན་དུ་འབྱུང་བས་ན། །མ་དད་པ་ནི་རིགས་མེད་པས། །དེ་ལ་ཡིད་ཆེས་བརྟན་པར་བཟུང་། །རྟེན་འབྲེལ་སྦྱོར་བ་བཅུ་གཉིས་ལ། །དད་པས་བླ་མ་མཉེས་བྱས་ཏེ། །མན་ངག་རིམ་པ་བླང་བར་བྱ། །མཉེས་པ་ཡིས་ནི་གཞན་དུ་མིན། །རྟེན་འབྲེལ་

ནུས་པ་བརྗོད་མི་ལང་། །རང་ཉིད་ཀྱིས་མཐོང་འགའ་ཙམ་སྨྲས། །འདི་ལ་དགེ་རྩ་ཅི་ཡོད་པས། །གདུག་པ་རྣམས་ནི་སྲུང་བྱེད་ཤོག །རྟེན་ཅིང་འབྲེལ་པར་འབྱུང་བའི་སྲུང་བ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ། དངོས་གྲུབ་བརྙེས་པ་ཛཱ་བ་
རིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་ཤེའུ་བཛྲ་དེ་བའི་འགྱུར།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་མ་ཧཱ་རུ་དྲ་བཛྲ་ཨགྣེ་ཛི་ཧྭ་ཏནྟྲ་བྲྀ་ཏྟི་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་
སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ། འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་སྐྱོན་གྱིས་མ་གོས་རིན་ཆེན་བཻ་ཌཱུརྱ་ལྟར་དང་ཞིང་རབ་འབར་རི་རབ་ལྟར་བརྗིད་དང་། །འགྲོ་ལ་རིག་པས་མྱུར་བར་སྟོན་དང་ཧཱུྃ་ལས་
རབ་བྱུང་སྟོང་གསུམ་སྐྲག་པར་མཛད་པ་ཉིད། །གདོད་ནས་མི་རྟོག་ཞི་བའི་ངང་ལས་སྙིང་རྗེའི་སྟོབས་ཀྱིས་མཐའ་དག་སྡུད་མཛད་ཞེ་སྡང་ཆེན་པོར་གསལ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་བའི་མཛོད་དུ་རབ་གྱུར་རྡོ་རྗེ་འཛིན་པའི་བདག་ཉིད་དེ་ལ་ཕྱག་འཚལ་ནས། །རྒྱུད་
ཀྱི་རྒྱལ་པོ་འགྲོ་དོན་མཛད་པ་ཉིད་ལ་ཕྱི་ནང་སྡུག་བསྔལ་ཞི་མཛད་གསང་བ་ཟབ་མོའི་དོན། །བླ་མ་བརྒྱུད་པའི་སྟོབས་ལས་རང་བྱུང་བདག་ཉིད་རབ་སྦྱོར་དྲག་པོ་དེ་ཡི་བདུད་རྩིའི་འོད་ཟེར་ངེས་པར་རབ་བརྙེས་ནས། །དང་པོའི་མིང་ལ་ལག་ན་རྡོ་རྗེས་སྣང་བ་ཞེས་བྱར་འཇིག་རྟེན་ཀུན་ལས་
གྲགས་པ་རབ་ཐོབ་སྟེ། །བདག་གིས་འགྲེལ་འདི་རྙེད་དང་བཀུར་སྟི་གྲགས་པ་རློམ་སེམས་ཕྱིར། །མིན་འདི་དྲན་དང་འགྲོ་ལ་ཕན་ཕྱིར་རྒྱས་པ་བྲི་བར་བྱ། །དེ་ལ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་འདིས་རིམ་པ་ཇི་ལྟ་བ་བཞིན་དུ་བླ་མའི་མན་ངག་ལ་རག་ལས་པ་རྣམས་བཤད་པར་བྱ་སྟེ། འདི་
སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ། ཨེ་ཝཾ་མ་ཡཱའི་བཤད་པ་ནི་འོག་ནས་རིག་པར་བྱའོ། །བདག་ནི་སྡུད་པ་པོ་ཉིད་དུ་རིག་པར་བྱ་སྟེ། དེ་ཡིས་དེའི་སྐད་ཅིག་དེ་ཉིད་ལ་ཐོས་པས་ན་ཐོས་པའི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཐམས་ཅད་འབྱུང་བའི་

ཡུམ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་གར་མཁན་ཉིད་སྔ་མའི་ཆ་བྱད་རྣམས་ཡང་དག་པར་སྤངས་ཏེ་བྷ་ག་ལ་བཞུགས་པའོ། །བཅོམ་ལྡན་འདས་མའི་སྒྲས་ནི་ཟ་བ་དང་འཇོམས་པ་ཉིད་དང་ལྡན་པར་སྟོན་ཏོ། །ཐམས་ཅད་འབྱུང་
བའི་སྒྲས་ནི་འབྱུང་བ་བཞིའི་ས་བོན་རྣམས་ནམ་མཁའ་ལ་ཡང་དག་པར་བརྟེན་ཏེ་གནས་པ་དེའི་ས་བོན་གྱི་གཟུགས་དྲག་པོའི་དཀྱིལ་འཁོར་ལ་བཞུགས་ཏེ། དེ་ཉིད་བུད་མེད་ཀྱི་བྷ་ག་དང་དབྱིབས་མཐུན་པས་བྷ་ག་ལ་བཞུགས་སོ། །དེ་ལས་འགྲོ་བ་རྣམས་བྱུང་བས་ན་ཐམས་
ཅད་བྱུང་བ་ཉིད་དོ། །ཡང་ན་སྟོང་པ་ཉིད་ལས་དངོས་པོ་ཐམས་ཅད་འབྱུང་ཞིང་དེའི་ངང་ལ་གནས་པས་བཞུགས་སོ། །ཡུམ་ནི་དངོས་པོ་རྣམས་བསྐྱེད་པའོ། །བཙུན་མོ་ནི་བདེ་བ་བསྐྱེད་པའི་རྒྱུ་ཡིན་ཏེ། དེ་དང་མཐུན་པར་སྟོང་པ་ཉིད་ལ་སྦྱོར་བས་བདེ་བའི་འབྲས་བུ་སྐྱེའོ། །བྷ་གའི་
སྒྲས་ངེས་པའི་རྟགས་སྟོན་པའམ། ཡང་ན་གོང་མའི་སྒྲ་དང་མཐུན་པར་གདུག་པ་རྣམས་འཇོམས་པས་ན་བྷ་གའོ། །འབྱུང་བ་དང་ཡུམ་དང་བཙུན་མོའི་སྒྲ་ནི་དུས་རྣམ་པ་གསུམ་ལའང་འཇུག་སྟེ། དུས་གསུམ་དུ་ངེས་པའི་དོན་བསྟན་པ་ལའང་སྦྱར་རོ། །དེ་ན་གནོད་སྦྱིན་ལ་སོགས་
པ་གདུག་པའི་རིགས་ཐམས་ཅད་དང་ཐབས་ཅིག་ཅེས་པ་ནི་ཅིའི་ཕྱིར་འདུས་ཤེ་ན། དེ་དག་འདུལ་བའི་ཕྱིར་ཉིད་ཀྱིས་བྱིན་གྱི་རླབས་ཀྱིས་བཀུག་པའོ། །དེ་ནའི་སྒྲས་ནི་ཉིད་ཀྱི་དྲུང་ན་གནས་པས་ཐབས་ཅིག་པའོ། །དེ་ནས་བཅོམ་ལྡན་འདས་དྲག་པོའི་སྐྱིལ་མོ་ཀྲུང་བཅས་
ནས་ཞེས་པ་ནི། དྲག་པོ་རྣམས་བསྒྲལ་བར་བྱ་བའི་ཕྱིར་ཞབས་ཀྱི་མཐིལ་གཉིས་སྦྱར་ནས་ཚིགས་གཉིས་བཅག་པས་བཞུགས་སོ། །ཕྱག་གཡས་པ་སྟེང་དུ་བསྒྲེང་། གཡོན་པ་ས་ལ་བསྒྲེང་ནས་སྤྱན་བཟློག་པས་ཕྱོགས་བཅུར་གཟིགས་པ་ནི་གདུག་པ་རྣམས་འདུལ་བའི་
ཕྱིར་དྲག་པོའི་ཕྱག་རྒྱར་ཤེས་པའོ། །ཧཱུྃ་དང་ཧ་ནི་སྔགས་སུ་རིག་པར་བྱ་སྟེ་སྡུད་པ་དང་འཇོམས་པའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་འདུལ་བར་ཤེས་པར་བྱའོ། །སྒྲ་ཆེར་ཕྱུང་བ་ནི་ལྟེ་བས་ཡོངས་སུ་བསྐྱོད་པའོ། །དེ་ནས་འཁོར་ཐམས་ཅད་གཙོ་བོ་མི་སྣང་བས་ཡུན་

རིང་ཞིག་ཏུ་བརྒྱལ་བར་གྱུར་ཏོ་ཞེས་བྱ་བ་ལ་གོང་མའི་སྔགས་ཀྱིས་བརྒྱལ་བ་ལས་ཕྱོགས་རྨོངས་པར་གྱུར་ཏེ་དེ་ཉིད་ཀྱང་མི་སྣང་བའོ། །དེའི་སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས་སྤྱི་བོ་ནས་སངས་རྒྱས་ཐམས་ཅད་ཀྱི་གནང་བ་ཞེས་བྱ་བ་ནི་དབུའི་གཙུག་ཏོར་
ནས་ཕྱུང་བ་ལ་བྱ་སྟེ། གནང་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་བྱས་ནས་གསང་བའི་བདག་པོར་གནང་བ་བྱིན་ཏེ་བསྒོ་བའོ། །སྔགས་རྣམ་པ་གསུམ་གྱི་བདག་པོ་ཞེས་བྱ་བ་ནས། རྒྱ་མཚོར་བཞུགས་སོ་ཞེས་བྱ་བའི་བར་ལ་སྔགས་རྣམ་པ་གསུམ་
ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལས་སྔགས་ཐམས་ཅད་འབྱུང་བས་དེའི་བདག་པོ་ཡིན་པར་བསྟན་པ་དང་། རིག་སྔགས་དང་། གསང་སྔགས་དང་། གཟུངས་སྔགས་གསུམ་གྱི་བདག་པོ་ཡིན་པར་བསྟན་པའོ། །ཕྱག་བརྙན་ཞེས་པ་ནི་དང་པོའི་ཚིག་ལ་འཇུག་པ་དང་ཕོ་ཉ་ཡིན་པར་
བསྟན་པའོ། །ཁ་དོག་སྔོན་པོའི་སྒྲས་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཉིད་དང་། ཉེས་པའི་སྐྱོན་གྱིས་མ་གོས་པར་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ནམ་མཁའ་ལྡིང་གཤོག་པ་བསྐྱོད་ནས་ཞེས་བྱ་བ་ནས། རང་གི་བདག་པོའི་ལག་པར་སླར་སོང་ངོ་ཞེས་བྱ་བའི་
འབར་ལ་ནམ་མཁའ་ལྡིང་གི་བདག་པོའི་རྒྱན་བླང་བའི་ཕྱིར་རྒྱ་མཚོར་ཞུགས་ཏེ། ཀླུ་རྣམས་ཀྱི་གཟུགས་བརྙན་བསྒྱུར་ནས་སྦྲུལ་གྱིས་སྐུ་ལ་རྒྱན་ཆ་བདུན་དུ་བརྒྱན་པའོ། །ནམ་མཁའ་ལྡིང་ཡང་དེ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་བསྐྱེད་པ་སྟེ། སླར་བདག་པོའི་ཕྱག་མཚན་དུ་གནས་
པའོ། །དེ་ནས་གནོད་སྦྱིན་བྱེ་བ་ཕྲག་བཅུ་དང་ཞེས་པ་ནས། མདུན་དུ་སྙིང་པོ་དང་ལྡན་པའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ་ཞེས་བྱ་བའི་བར་དུ་གོ་སླ་བས་འདིར་མ་བཤད་དོ། །དེ་ཉིད་ནི་བདེ་བར་གཤེགས་པའི་བཀའ་ལ་རག་ལས་པར་མ་གྱུར་པའི་གང་ཟག་ཁ་ཅིག་ན་རེ་
གནོད་སྦྱིན་དངོས་ཡིན་པར་འདོད་ན་དེ་ནི་བཀའ་ལ་རྨོངས་པར་གྱུར་པས་དེ་ལྟར་མི་བལྟའོ། །དེ་ནི་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་འབྱུང་བ་དང་མཐུན་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དངོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་དང་

ས་ལ་གཟིགས་ནས་བར་སྣང་དུ་ཡང་སྤྱན་གྱིས་འཁོར་བར་གཟིགས་སོ་ཞེས་བྱ་བ་ནི་ནམ་མཁའ་དང་ས་ལ་གཟིགས་པ་དང་བར་སྣང་དུ་ཡང་གཟིགས་པ་ནི་ཕྱོགས་བཅུ་ན་གནས་པའི་གདུག་པ་མ་ལུས་པ་འདུལ་བར་བསྟན་པའོ། །དེ་ནས་ཁཾ་བྲུཾ་སཾ་ཞེས་པའི་སྔགས་བརྗོད་
པ་ནི། ཁཾ་གི་སྙིང་པོས་སྟེང་གི་ཕྱོགས་སུ་འདུལ་བའོ། །བྲུཾ་གྱི་སྙིང་པོས་འོག་གི་ཕྱོགས་སུ་འདུལ་བར་བསྟན་པའོ། །སཾ་གི་སྙིང་པོས་ཕྱོགས་མཚམས་བརྒྱད་པོ་འདུལ་བར་བསྟན་པའོ། །དེ་ནས་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། རྡོ་རྗེ་ཐལ་མོ་རང་གི་སྙིང་གར་
སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའོ། །དེ་ཉིད་ཐུགས་ཀར་སྦྱར་ནས་བཅོམ་ལྡན་འདས་ལ་འོག་ནས་འབྱུང་བའི་ཚིག་གསོལ་བའོ། །ཀྱེ་མ་བཅོམ་ལྡན་འདས་ལ་གསང་བ་དྲག་པོའི་དོན་
བདག་དང་སེམས་ཅན་ཐམས་ཅད་ལ་སྨན་པའི་ཕྱིར་ཞུ་ན་ཅི་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་ཞེས་བྱ་བ་ལ། དང་པོའི་ཚིག་ལ་ཀྱེའི་སྒྲ་དང་ལྡན་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པའོ། །གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་ཤིན་ཏུ་གསང་
བར་གྱུར་པའི་ཕྱིར་གསང་བའོ། །དྲག་པོ་ནི་གདུག་པའི་ཚོགས་འདུལ་བ་དང་། གཞན་ཡང་ཤིན་ཏུ་དྲག་པོའི་ཆོས་ཉེ་བར་སྟོན་པས་ན་དེའི་དོན་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རྒྱས་པར་གསོལ་བའོ། །ཅང་མི་གསུང་ཞེས་བྱ་བ་ལ་སོགས་པ་ལ།
ཅང་མི་གསུང་བ་ནི་སྒྲའི་དོན་ལས་ཟབ་མོའི་དོན་རྒྱས་པར་གསུང་བར་རིག་པར་བྱའོ། །གདུག་པའི་ཚོགས་འདུལ་བ་ཞེས་བྱ་བ་ནི་བླ་མའི་ངག་ལས་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ལག་ན་རྡོ་རྗེ་ལ་གཟིགས་
ཏེ། བྱེད་པ་གཡོན་པ་ཆུའི་སྙིང་པོ་ནས་དངས་ཏེ་ཞེས་བྱ་བ་ནི། གཟིགས་པ་ནི་ཞུ་བ་པོའི་རེ་བ་སྐོང་བའི་རྟགས་སོ། །བྱེད་པ་ཞེས་བྱ་བ་ནི། ལས་ཀྱི་སྒྲ་དོན་ལ་ཉེ་བར་སྦྱོར་བ་ཞེས་བྱ་སྟེ་ལུས་ཀྱི་ཡན་ལག་རྣམས་ལས། ལག་པས་བྱ་བ་བྱེད་ཅེས་འབྲུ་མང་པོ་པ་ཀུན་དུ་རྒྱུའི་སྒྲ་ཡིན་ཏེ།

ལག་པ་ལ་རིག་པར་བྱའོ། །ཆུའི་སྙིང་པོ་ནས་དྲང་བ་ནི་རྔའི་སྒྲ་ལ་ཉེ་བར་སྦྱོར་བ་སྟེ། ཀ་ཏ་ལའི་སྒྲ་གང་འོག་དང་སྡེ་བར་ལྡན་པ་དང་། སྟོབས་ཆེ་བའི་ཕྱིར་དང་། གཅིག་ལ་གྲོགས་ཀྱིས་སྒྲོགས་པས་ཆུ་ཤིང་ནི་མཛུབ་མོའོ། །སྙིང་པོ་ནས་དྲངས་པ་ནི་ཀུན་རྫོབ་
ཏུ་དྲག་པོའི་སྙིང་པོ་ཉིད་དེ། དེའི་ཐད་ཀ་ནས་དྲངས་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་གནས་པའོ། །བྱེད་པ་སྐྱེད་པ་ཆུ་ཤིང་སྒྲ་དང་བཅས་པས་བརྐྱང་སྟེ་གནས་སོ་ཞེས་བྱ་བ་ནི་དེ་ལ་ཡང་གོང་མའི་སྒྲ་སྦྱོར་གྱིས་འཇུག་སྟེ། སྐྱེས་པ་ནི་དྲག་པོའི་སྒྲ་དང་ལྡན་པ་དང་སྟོབས་ཆེ་བའི་ཕྱིར་
ཏེ། གཡས་པ་ལ་རིག་པར་བྱའོ། །སྒྲ་དང་བཅས་པ་ནི་རང་གི་རིགས་ལ་དང་པོ་དང་གཉིས་པའི་སྦྱོར་བའི་སྒྲ་དང་བཅས་པའོ། །བརྐྱང་བ་ནི་དངོས་སུ་སྟེ། དེ་ཡང་གནས་ནི་སྒོའི་ཐད་ཀར་གནས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་ཕྱག་རྒྱ་དེ་ཉིད་ཡང་དག་པར་རིག་སྟེ་ཞེས་པ་ནི།
དེའི་དོན་བརྡའི་སྒོ་ནས་རིག་ནས་ཚིག་བརྗོད་པའོ། །ཁྱེད་ལ་སོགས་པའི་འཁོར་དག་ཅེས་པ་ནས་སྔ་མ་བཞིན་དུ་འཁོད་དོ་ཞེས་པའི་བར་ལ། དྲག་པོའི་ཆོས་སྟོན་པས་དེ་དང་མི་མཐུན་པ་རྣམས་དེའི་སྐད་ཅིག་དེ་ལ་མི་ཐོས་པར་བྱ་བའི་ཕྱིར་བརྗོད་པའོ། །སྒྲ་གནས་ཀྱི་ཁུང་བུར་
སྒྲིབ་བྱེད་ཀྱི་ཚིག་སོང་སྟེ་ཞེས་པ་ནི། སྒྲ་གནས་པ་ནི་རྟེན་བྱེད་པའི་ཕྱིར་རྣ་བ་ལའོ། །ཁུང་བུར་ནི་དངོས་སོ། །སྒྲིབ་བྱེད་ཀྱི་ཚིག་ནི་ཚིག་དེ་དངོས་ལ་བྱ་སྟེ། །ཅིའི་ཕྱིར་སྒྲིབ་པར་བྱེད་ཅེ་ན། གཉིས་ཀྱིས་བྱིན་གྱི་རླབས་ཀྱིས་བཅིངས་པ་གཉིས་ཀྱིས་ཡང་དག་པར་གནས་
བཅིངས་ནས་ཏེ། བསྒྲིབས་ནས་འཁོད་པའོ། །འཁོད་པ་ནི་དེ་དང་འདྲའོ། །སྔ་མ་ནི་དང་པོ་ལ་འདུས་བཞིན་དུའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ་དེ་ཁོ་ན་ཉིད་སྣང་བ་ནས་བྱ་བ་ལས་ལེའུ་དང་པོའི་བཤད་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ཡིས། །ཞེས་བྱ་བ་ནས།
མཚན་མ་ངེས་པར་བཤད་པར་བྱ། །ཞེས་པའི་བར་དུ་ནི་སྤྱི་དོན་རྒྱས་པར་ཞུ་བ་གསོལ་བ་དང་། ནན་ཏན་དུ་བྱ་བ་གནང་བ་ལེགས་པར་བྱིན་པ་དང་། ལག་ན་རྡོ་རྗེ་ཉིད་ཀྱི་རྒྱུད་བཤད་པར་མཚོན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བཤད་པར་དམ་བཅའ་བར་

ཤེས་པར་བྱའོ། །བ་ནི་རྣམ་པར་སྣང་མཛད་དེ། ཛ་ནི་མི་བསྐྱོད་ཐུབ་པའོ། །ར་ནི་རིན་ཆེན་ཀུན་འབྱུང་སྟེ། །ཞེས་བྱ་བ་ལ་སྐུ་གསུང་ཐུགས་རྣམ་པ་གསུམ་ལ། རྡོ་རྗེའི་ཚིག་ཉེ་བར་སྦྱར་བ་སྟེ། སྐུ་གསུམ་ལ་སྒྲའི་སྦྱོར་བའི་སྒོ་ནས་གང་གཞིའི་ཡི་གེ་ལ་གྲོགས་ཉེ་བར་བརྟགས་པར་
སྐུ་གསུམ་ལ་འཇུག་པའོ། །མེ་ལྕེའི་ཡིག་འབྲུ་གསུམ་པ་ལ། །དང་པོའི་གཙོ་བོ་བཤད་བྱ་བ། །ཞེས་བྱ་བ་ནི་འོག་ཏུ་བཏགས་པའི་འཁོར་མ་གཏོགས་པར་དང་པོ་ཡང་ཡིན་ལ་གཙོ་བོ་ཡང་ཡིན་པས་དང་པོའི་གཙོ་བོའོ། །དེ་དག་ཡོངས་སུ་འཆད་པས་བཤད་པར་བྱ་བར་སྦྱར་
རོ། །པ་ནི་རྡོ་རྗེ་འཇོམས་བྱེད་མ། །ན་ནི་པདྨ་འཇོམས་བྱེད་མ། །ཨི་ནི་ཀུན་འགྲོ་འཇོམས་བྱེད་མ། །ཞེས་བྱ་བ་ལ། དེ་ཡང་དང་པོ་མཐུན་པར་གཞིའི་ཡི་གེ་ལ་གྲོགས་ཉེ་བར་སྦྱར་བས་ཤེས་པར་བྱ་སྟེ། འཇོམས་པར་བྱེད་པའི་སྒྲ་ནི་གྲོགས་དང་བསྡོངས་པས་འོག་
བཏགས་གསུམ་པོ་ཡོད་པས་ན། འོག་བཏགས་གསུམ་པོའི་མིང་མཐར་སྦྱོར་ཞེས་པའོ། །ཨེ་ནི་ཀུན་དུ་གོ་བྱེད་དེ། །མ་ནི་སྨིན་པར་བྱེད་པ་སྟེ། །ཝཾ་ནི་ཀུན་ནས་སྡུད་པ་ཡིན། །ལ་ནི་ཡོངས་སུ་བརྟེན་པའི་ལས། །ཡ་ནི་ཡང་དག་བསྐྱོད་པར་བཤད། །གོ་འབྱེད་གཉིས་དང་
སྟེང་གནས་པའི། །སྣ་ལྡན་དག་ཏུ་ཤེས་པར་བྱ། །ཞེས་བྱ་བ་ལ། རང་བཞིན་གྱིས་གྲུབ་པའི་ས་བོན་སྔར་ཡོངས་སུ་གསུངས་ཏེ། མེ་དང་། ཆུ་དང་། ས་དང་། རླུང་དང་། ནམ་མཁའི་འབྱུང་བར་རྒྱུད་གཞན་དང་མཐུན་པར་ཤེས་པར་བྱ་སྟེ། ངེས་ཚིག་ཀྱང་བཤད་པའི་ཕྱིར་རོ། །
དེ་ལ་རྒྱུད་འདིར་མ་གསུངས་མོད་ཀྱང་སྒྲོལ་མ་ལ་སོགས་པ་ལྷ་མོ་ལྔ་དང་། དགའ་བ་བཞི་དང་། །སྡེ་པ་ལ་སོགས་པ་མཐའ་དག་རྒྱས་པར་ཤེས་པར་བྱའོ། །དེ་ལ་ངེས་པར་འབྱུང་བས་ན། ཀུན་སྣང་གང་ཡིན་དངོས་དང་སྦྱར། །བསམ་པའི་དངོས་ལ་འཇུག་རྣམས་ཀྱི། །
ཡན་ལག་རྣམས་ལ་ཐམས་ཅད་དུ། །གོང་དུ་སྨོས་པ་བརྗོད་པ་ཡིན། །ཞེས་བྱ་བ་ལ། དེ་ཞེས་པ་ནི་གོང་དུ་སྨོས་པའི་ས་བོན་རྣམས་སོ། །དེ་ལ་དངོས་པོ་ཐམས་ཅད་ཡང་དག་པར་འབྱུང་བས་ན། དེ་ལས་ངེས་པར་འབྱུང་བར་སྦྱར་རོ། །ཀུན་དུ་སྣང་བ་ནི། ཀུན་དུའི་སྒྲས་བདག་དང་

གཞན་གྱི་རྒྱུད་ལ་ཡང་དག་པར་འཇུག་སྟེ། འདི་ལྟར་སྣང་བ་ནི་གཡོ་བ་དང་མི་གཡོ་བའོ། །དེའི་དངོས་ལ་སྦྱར་བ་དང་བསམ་པའི་དངོས་པོ་ནི་རྣལ་འབྱོར་པ་གང་ཞིག་ཆོས་ཉིད་བསྒོམ་པའོ། །དེ་ཡང་སྐྱེས་བུའི་སྤྱིའི་སྒྲ་འབྲུ་མང་པོ་པར་སྦྱར་བར་
བྱའོ། །ཡན་ལག་དེའི་ལས་ལ་འཇུག་པའི་ཡན་ལག་གམ། ཐབས་སུ་གསུངས་པས་ན་ཡན་ལག་ཐབས་རྣམས་སུ་སྦྱར་རོ། །གོང་དུ་སྨོས་པས་ནི་གོང་མའི་ས་བོན་ལ་སྦྱར་བར་བྱའོ། །དོན་དུ་གསལ་བར་ཟློས་པ་ཡི། །ཚིག་ནི་རྒྱས་པར་བརྗོད་མི་དགོས། །ཞེས་བྱ་
བ་ནི་འདི་སྐད་བདག་གིས་ཐོས་པའི་དུས་ཏེ། དེའི་ཚིག་ལ་གསལ་བར་བརྗོད་མི་དགོས་པའོ། །ལས་ལས་སྐྱེས་པའི་གཟུགས་རྣམས་ལ། །དྲག་པོ་ཡོངས་སུ་སྟོན་པ་དང་། །གནོད་སྦྱིན་བེ་ཅོན་ཐོགས་རྣམས་ལ། །གཙོ་བོའི་དོན་དུ་བཤད་པས་ན། །ཚིག་ཏུ་ངེས་པར་ཡང་
དག་བརྗོད། །ཅེས་བྱ་བ་ནི་ལས་ལས་གྲུབ་པ་ནི་གནོད་སྦྱིན་ཏེ། དེ་རྣམས་ཀྱི་གཟུགས་སོ། །དྲག་པོ་ཡོངས་སུ་སྟོན་པ་ནི་སྔགས་དང་ཕྱག་རྒྱ་དང་ཐབས་རྣམས་དྲག་པོའི་སྟོན་པའོ། །སུ་ལ་སྟོན་ཞེ་ན། ལས་ལས་གྲུབ་པའི་གཟུགས་དྲག་པོའི་རིགས་ཐམས་ཅད་ལའོ། །
གནོད་སྦྱིན་བེ་ཅོན་ཐོགས་པ་ལ་སོགས་པ་གནོད་སྦྱིན་གྱི་རིགས་ཐམས་ཅད་ལ་གཙོ་བོ་ལག་ན་རྡོ་རྗེ་ཉིད་གཙོ་བོར་བཤད་ཅིང་སྦྱོར་བས་ན་གཙོ་བོའི་དོན་དུ་ཡོངས་སུ་ཤེས་པར་བྱའོ། །ཚིག་ཏུ་ངེས་པར་བརྗོད་པ་ནི་ངེས་པའི་ཚིག་རྒྱུད་ལ་ཡང་དག་པར་གོང་འོག་དང་སྦྱར་ཏེ་གསུངས་
པ་དང་གསུང་བར་སྦྱར་རོ། །ཁྱོད་ཀྱི་ཚུལ་འཆང་རབ་དགའ་བས། །དེ་ཉིད་རིགས་སུ་འབྱུང་བ་སྟེ། །ཀུན་ཀྱང་ནག་པོའི་ལས་ལ་དགའ། །གནང་བ་དག་པར་མི་མཐོང་ཞིང་། །དེ་ཉིད་ལ་ནི་ངེས་པར་བརྗོད། །ཅེས་བྱ་བ་ནི་ཁྱོད་ཀྱི་ཚུལ་འཆང་ཞེས་པ་ནི་ལག་ན་རྡོ་རྗེ་ཉིད་ཀྱི་ཚུལ་
འཆང་བའོ། །རབ་དགའ་ནི་གདུག་པ་གཞན་རྣམས་སོ། །དེ་ལ་རབ་ཏུ་དགའ་བས་གདུག་པ་གཞན་རྣམས་དེ་ཉིད་གནོད་སྦྱིན་གྱི་རིགས་སུ་འབྱུང་བར་སྦྱར་རོ། །དེ་དག་ཐམས་ཅད་ནག་པོའི་ལས་སྡིག་པ་ལ་དགའ་བས་སྣང་བ་ནི་ཡེ་ཤེས་ལ་སྦྱར་ཏེ། དེ་དག་ཐམས་ཅད་

ཀྱིས་མི་མཐོང་བཞིན་དུ། དེ་ཉིད་ནི་སྡིག་པ་ལ་གྲོལ་བ་དང་། ཐར་བར་ལྟ་བ་དེ་ཉིད་ལ་ངེས་པར་བརྗོད་པའམ་འདོད་པའོ། །གོང་དུ་བསྟན་པ་གང་ཡིན་པ། །སོ་སོར་དག་ལ་གདོན་མི་ཟ། །སྦྱོར་བ་སྣ་ཚོགས་ངེས་བསྒྲུབས་ནས། །རྣལ་འབྱོར་པ་ནི་སྣ་ཚོགས་པ། །མངོན་
དུ་རྒྱས་ཤིང་ངེས་པར་གསལ། ཞེས་བྱ་བ་ལ། གོང་དུ་བསྟན་པ་ནི་འདི་ཉིད་དུའོ། །གང་ཡིན་པ་ནི་སྦྱོར་བ་དང་ཐབས་རྣམས་སུ་སྦྱར་རོ། །སོ་སོ་དག་ལ་ནི་གདུག་པའི་རིགས་རང་རང་ལའོ། །གདོན་མི་ཟ་བ་ནི་ཐེ་ཚོམ་མེད་པར་འགྲུབ་པར་སྦྱར་རོ། །སྦྱོར་བ་སྣ་ཚོགས་
པ་ནི་འདིར་བསྟན་པ་རྣམས་ཏེ། དེ་དག་ངེས་པར་བསྒྲུབས་པས་སྣང་བ་ཡེ་ཤེས་དང་། འབྱོར་པ་སྣ་ཚོགས་པ་རྣམས་མངོན་པར་འགྲུབ་ཅིང་ངེས་པར་གསལ་བའོ། །སྣང་བ་ཆེན་པོ་བདག་མེད་པར། །བརྒྱུད་པས་ཡོངས་སུ་འགྲུབ་པ་ཡིན། །ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་
ཤེས་དང་ཆོས་ཉིད་སྟོང་པ་ཉིད་བདག་དང་གཞན་དུ་མི་དམིགས་པའི་ཕྱག་རྒྱ་ཉིད་གནང་བ་དང་། གནང་བ་ཉེ་བར་ཐོབ་པས། བརྒྱུད་པས་འགྲུབ་པའོ། །ཀུན་རྫོབ་གོང་མའི་དངོས་པོ་ལྟར། །བརྟན་པ་ལྟ་བུར་རབ་ཏུ་མཐོང་། །དོན་དམ་འོག་མའི་སྒྲ་ལྟ་བུར། །ཉོན་མོངས་ཀུན་སྲེག་
རང་བཞིན་གྱིས། །འོད་གསལ་བ་རུ་གནས་པ་ཡིན། །ཞེས་བྱ་བ་ལ། ངེས་པའི་ཚིག་སྒྲ་སྦྱོར་གྱི་སྒོ་ལས་དོན་དམ་པ་དང་། ཀུན་རྫོབ་གཉིས་ལ་ཡང་དག་པར་སྦྱར་ཏེ་གསུངས་པ་ལས། གོང་མའི་དངོས་པོ་ནི་སྣ་ཚོགས་པ་དང་། བརྟན་པ་མི་འཇིག་པར་མཐོང་བས་ན།
ཀུན་རྫོབ་གོང་མའི་ཚིག་ཏུ་སྦྱར་རོ། །དོན་དམ་པ་ནི་ཉོན་མོངས་པའི་བུད་ཤིང་རྣམས་བསྲེགས་པའི་ཚུལ་དུ་སྦྱངས་པ་དང་། རྣམ་པར་རྟོག་པ་མེད་པས་རང་བཞིན་གྱིས་འོད་གསལ་པར་གནས་པས་ན་འོག་མའི་དགྲ་ལྟ་བུར་ཤེས་པར་བྱའོ། །སྙིང་པོ་དོན་དམ་ལ་འཇུག་པ། །ཕྱི་རིམ་
ཀུན་རྫོབ་ལ་བརྟེན་པ། །དང་པོར་སངས་རྒྱས་མི་གནས་ཤིང་། །སྔ་མ་བྱ་བའི་སྦྱོར་བས་བརྩོན། །ཞེས་བྱ་བ་ལ། སྙིང་པོ་དོན་དམ་པའི་ནི་བསྒྲུབ་པའི་བྱ་བའི་དངོས་པོ་བརྟན་པ་མི་འཇིགས་པ་ལ་བྱ་སྟེ། དེ་ལ་འཇུག་པར་འདོད་པས་ཕྱི་རིམ་ཞེས་བྱ་བ་ནི་གསོག་དང་

གསོབ་ཏུ་གྱུར་པ་དངོས་པོ་ཇི་ལྟ་བ་བཞིན་དུ་ལས་དང་པོ་པ་རྣམས་ཀྱིས་ཐབས་ལ་མཁས་པས་ཡོངས་སུ་བསྒྲུབ་པར་བྱའོ། །དང་པོར་སངས་རྒྱས་མི་གནས་པ་ནི་ཐེག་པ་ཆེན་པོའི་སྔགས་ལ་ཞུགས་པ་ཙམ་གྱིས་རྨོངས་པ་ཁ་ཅིག་སངས་རྒྱས་པར་འདོད་དེ།
དེ་ལྟ་བུའི་ང་རྒྱལ་ལ་བརྟེན་ནས་ཐབས་ཀྱི་ཡན་ལག་མ་ཤེས་པས་ངན་འགྲོར་ལྟུང་བར་འགྱུར་རོ། །དེ་ནས་སྔ་མའི་བྱ་བ་ལས་དང་པོ་པ་རྣམས་ཀྱི་ཐབས་ཀྱི་སྦྱོར་བ་རིམ་པ་ཇི་ལྟ་བ་བཞིན་དུ་བརྩོན་པར་བསྒྲུབ་པར་སྦྱར་རོ། །དབང་ཐོབ་པ་ལ་རློམ་སེམས་བྱེད། །བླ་མའི་
མན་ངག་ངེས་པ་ལས། །བླ་མ་ཉིད་ལ་ཅི་ནུས་ཀྱིས། །ཡང་དག་པར་ནི་མཆོད་པར་བྱ། །ཞེས་བྱ་བ་ལ། དབང་ཐོབ་པ་ཙམ་དག་ལ་བདག་རྡོ་རྗེ་སེམས་དཔར་ཁ་ཅིག་རློམ་སེམས་པར་བྱེད་དེ། དེ་ལྟར་རློམ་སེམས་པར་ནི་མི་བྱ་བར་བླ་མ་དམ་པའི་མན་ངག་ངེས་པར་རྙེད་
པ་རྟོག་པ་དང་བྲལ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་ཐབས་ཀྱི་ཡན་ལག་ཡང་དག་པར་ཤེས་པར་བྱས་ནས། བླ་མ་དམ་པ་ལ་བུ་དང་ཆུང་མ་དང་རིན་པོ་ཆེ་སྣ་ཚོགས་པས་ཡོངས་སུ་མཆོད་པར་བྱའོ། །ཅིའི་ཕྱིར་མཆོད་ཅེ་ན། བླ་མ་ལས་དངོས་གྲུབ་ཐོབ་པར་གསུངས་པས་
དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་མཆོད་པའོ། །རྡོ་རྗེ་ངོ་བོ་ཀུན་འབྱུང་དང་། །གདུག་པ་ཐམས་ཅད་སྲེག་ཕྱིར་དང་། །དངོས་ལ་འཇུག་པ་ངེས་པའི་སྒྲས། །གོང་མའི་ཚིག་ཏུ་བརྗོད་པ་ཡིན། །ཞེས་བྱ་བ་ལ། རྡོ་རྗེ་ངོ་བོ་ཀུན་འབྱུང་བ་ནི་སྔགས་རྣམ་པ་གསུམ་དང་། ཕྱག་རྒྱའི་
སྙིང་པོ་ཡེ་ཤེས་ཀྱི་ཐབས་དང་། དེ་ཁོ་ན་ཉིད་ཐམས་ཅད་འབྱུང་བས་ན་ངོ་བོ་ཀུན་འབྱུང་ངོ་། །གདུག་པ་ཐམས་ཅད་མ་ལུས་པར་སྐྲག་ཅིང་རླག་པར་བྱེད་དེ། སྲེག་པས་ནི་སྲེག་པ་སྟེ་དངོས་པོ་འདི་ཉིད་དོ། །དངོས་པོ་ཉིད་ལ་མཐུན་པའི་ངེས་པའི་སྒྲ་སྦྱར་ན་གོང་མའི་རྡོ་རྗེ་མེ་ལྕེར་
གསུངས་བར་སྦྱར་རོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་གཉིས་པའི་བཤད་པའོ།། །།གོས་སྔོན་ལག་ན་རྡོ་རྗེ་ཡིས། །ཞེས་པ་ནས། ལྷ་ཡི་སྦྱོར་བ་བཤད་པར་བྱ། །ཞེས་བྱ་བའི་བར་དུ་ནི། ལག་ན་རྡོ་རྗེ་གང་དག་སྒྲུབ་པའི་

ཐབས་སུ་དཀྱིལ་འཁོར་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཡང་དག་པའི་དོན་དངོས་པོར་གྱུར་ན་ཁ་དོག་དང་དབྱིབས་དང་ལྷ་དང་སྔགས་ལ་སོགས་པ་མེད་དེ། འོ་ན་ཡང་འགྲོ་བའི་རྟོག་པ་བསལ་བ་དང་། ལས་དང་པོ་པས་སྒྲུབ་པའི་ཐབས་སུ་བཤད་པར་དམ་
བཅས་པར་ཤེས་པར་བྱའོ། །གང་ཞིག་མོས་པར་བྱེད་པ་ཡིས། །ཁྲུ་གསུམ་དཀྱིལ་འཁོར་ཕྱོགས་བཞི་པ། །ནགས་སམ་དུར་ཁྲོད་ཁང་སྟོང་ངམ། །གཙུག་ལག་ཁང་དང་མཆོད་རྟེན་ནང་། །དེ་དག་རྣམས་སུ་ངེས་པར་བརྩམ། །ཞེས་བྱ་བ་ལ། མོས་པར་རམ་
གྲུབ་པར་བྱེད་པའི་གང་ཟག་གིས་ཕྱོགས་བཞི་རུ་ཁྲུ་གསུམ་གསུམ་པའི་དཀྱིལ་འཁོར་གནས་གོ་སླ་བ་རྣམས་སུ་ངེས་པའམ། གདོན་མི་ཟ་བར་བརྩམ་པར་བྱ་བར་སྦྱར་བར་བྱའོ། །དང་པོ་བསྙེན་པ་རབ་གནས་པས། །བུ་མོ་བཅུ་དྲུག་སྟོན་མོ་བྱས། །བདག་གིས་
ཞག་གསུམ་ཁྲུས་བྱ་ཞིང་། །སྤྱི་བོ་ལྐོག་མ་སྙིང་ག་རུ། །གསང་བ་གསུམ་གྱི་ཡི་གེ་བརྟག །ཅེས་བྱ་བ་ལ་དང་པོ་བསྙེན་པ་ལ་བུ་མོ་ལོ་བཅུ་དྲུག་ལོན་པ་རྒྱལ་རིགས་སམ་བྲམ་ཟེའི་རིགས་སམ། རྗེའུ་རིགས་ལ་གཟུགས་དང་ཁ་དོག་ཕུན་སུམ་ཚོགས་པར་ལྡན་པ། ཞི་བ་བྱང་
ཆུབ་ཀྱི་སེམས་ལ་ལྷག་པར་ཆགས་པ་ལ། བདག་གི་སྔགས་ཆུ་དང་ལྡན་པའི་བུམ་པས་ཁྲུས་ཉི་མ་གསུམ་དུ་བྱས་ལ། ཙནྡན་དམར་པོའི་ལྡེ་གུས་གནས་རྣམ་པ་གསུམ་པོ་རུ་གསང་བ་གསུམ་གྱི་ཡི་གེའི་གདན་ཐིག་ལེ་ལེགས་པར་བསྐུ་བར་བྱའོ། །དེ་ཡང་བ་བ་སི་ཏ་བཛྲ་
ཧཱུཾ་ཞེས་པའི་སྔགས་ཀྱིས་ཡོངས་སུ་བསྐུས་ལ། སྐུ་གསུང་ཐུགས་ཀྱི་ཡི་གེ་བརྟན་པར་བྱ་བར་འབྲེལ་ཏོ། །རམས་སུ་བཙོས་པའི་གོས་ཉིད་ལ། །གུར་གུམ་ཐིག་ལེས་ངེས་བཏབ་སྟེ། །དེ་ཉིད་ལ་ནི་བསྐོན་པར་བྱ། །ཞེས་བྱ་བ་ལ། གོས་སྔོན་པོ་ལ་གུར་གུམ་གྱི་
ཐིག་ལེས་གནས་བཅུ་བདུན་དུ་བསྐུ་བར་བྱའོ། །སྐྱེས་པ་དང་ནི་སྤྲད་མི་བྱ། །ཞེས་པ་ནས། གནས་གང་ཡིན་པར་བདག་ལ་གཏད། །ཅེས་པའི་བར་ལ་སྐྱེས་པ་དང་ནི་སྤྲད་མི་བྱ་ནི་དེའི་བར་དུའོ། །དཀར་གསུམ་ནི་འོ་མ་དང་ཞོ་དང་འབྲས་གསུམ་མོ། །དེ་ཡོངས་

སུ་གསལ་ལ་སྙིང་པོ་ནི་འདི་ཡིན་ཏེ། དེ་ཡིས་འབུམ་དུ་བཟླས་པའོ། །ཨོཾ་ཨ་མྲྀ་ཏེ་སིདྡྷ་བཛྲ་ཧཱུཾ་ཞེས་བསྔགས་ལ། རང་གི་སྔགས་བུ་མོའི་ཁར་བཏབ་པ་དང་། དེ་ཉིད་ལ་ཡང་བསླབ་པའོ། །དེ་ནས་བསྙེན་པ་རྫོགས་པ་དང་། །བུ་མོ་ལ་ཉོས་ཤིག་
དང་ལོངས་ཤིག་པའི་ཚིག་བརྗོད་ནས། ཀུན་འདུས་པ་ནི་ཚོང་འདུས་སོ། །དེར་མི་སྒེག་པར་དངོས་པོ་གང་ཡིན་པ་ཉོས་ལ། རིགས་མཐུན་པ་ནི་གོས་སྔོན་པོ་དེར་གཏུམས་ལ། གནས་ནི་གང་ན་གནས་པའི་ས་རུ། བདག་ནི་སྒྲུབ་པ་པོ་ལ་གཏད་པར་འབྲེལ་ཏོ། །དེ་ཡིས་
ཞག་གསུམ་སྦྱོར་བ་ཡིས། །ཕྱག་རྒྱ་ངེས་པ་ཉིད་དང་ཡང་། །སྙིང་པོ་གང་གི་སྦྱོར་བ་ཡིས། །དྲི་ཆུ་བཏབ་ལ་གྲངས་ཚད་དུ། །ཕྱིན་པར་ཡང་དག་བཟླས་པར་བྱ། །ཞེས་བྱ་བ་ལ། དེ་ཡིས་ཞེས་པ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་པས་ནི་བའི་རྣམ་པ་ལྔ་ལ་སོགས་པ་
ལ་ཞག་གསུམ་གྱི་བར་དུ་བདག་གི་ཕྱག་རྒྱ་ནི་རྡོ་རྗེ་རྩེ་གཅིག་པའོ། །ལྷའི་སྙིང་པོ་ཀུན་ལ་གྲངས་ཉི་ཤུ་རྩ་གཅིག་ཏུ་ཡང་དག་པར་བཟླས་ལ། དྲི་ཆུས་ཀུན་ལ་ཕོག་པར་གཏོར་བར་བྱ་བར་འབྲེལ་ཏོ། །ལྷག་མ་ནི་གོ་སླ་བས་འདིར་མ་བཤད་དོ། །དང་པོར་བྱང་ཤར་མཚམས་
ཉིད་ནས། །ཀུན་བརྟེན་ཁ་དོག་རིགས་མཐུན་བླང་། །ཡོངས་སུ་བསྡུས་བྱས་ཉིད་དུ་ངེས། །གཉིས་པ་གཉིས་པར་ཡང་དག་ལྡན། །གསུམ་པ་གཅིག་གིས་ཚད་བྱས་ལ། །ཞེས་བྱ་བ་ལ། བྱང་ཤར་མཚམས་ནས་ཀུན་བརྟེན་པའི་སྟོབས་དང་ལྡན་པའི་སྒྲ་རྟགས་ཀྱིས་
དབྱེ་བས་འཇུག་སྟེ་ས་ལ་ངེས་པའོ། །ས་ཁ་དོག་རིགས་མཐུན་པ་ནི་སྔོན་པོར་ཤེས་པར་བྱའོ། །ས་དེ་ཡོངས་སུ་བསྡུས་པ་ལ་དཀྱིལ་འཁོར་ངེས་པར་བྱ་བར་འབྲེལ་ཏོ། །གཉིས་པ་གཉིས་པར་ཡང་དག་ལྡན་པ་ནི། །རབ་འབྲིང་ཐ་མའི་ཚད་ལ་བྱ་སྟེ། རབ་
ནི་གོང་དུ་བསྟན་པར་ཟད་དོ། །འབྲིང་ནི་གཉིས་པ་སྟེ་ཁྲུ་གཉིས་པ་ལས་བྱས་པའོ། །གསུམ་པ་གཅིག་པ་ནི་ཁྲུ་གཅིག་པ་ལ་ངེས་པར་བྱའོ། །དེ་ལྟར་ཚད་དུ་བྱས་པ་ལས། །ཤིན་ཏུ་མཉམ་པར་འཐས་པར་བྱ། །དེ་ཉིད་རྗེས་སུ་འཇུག་པ་ཡིས། །དང་པོར་སྲད་

བུ་གང་ཡིན་པས། །ཁ་དོག་སེར་པོས་ཐིག་གདབ་བྱ། །ཞེས་བྱ་བ་ལ། རབ་འབྲིང་ཐ་མའི་ཚད་དུ་བྱས་པ་ལས་མཉམ་པ་དང་འཐས་པ་དང་ལེགས་པར་བྱས་ལ་དེ་ཉིད་རྗེས་སུ་འཇུག་པ་ནི་གང་ཟག་རྣལ་འབྱོར་པའོ། །དེ་ཡི་དང་པོ་སྲད་བུ་ནི། །བུ་མོས་བཀལ་བའི་དགུ་སྒྲིལ་ལོ། །
ཁ་དོག་སེར་པོ་ནི་ཡུང་བ་ལ་སོགས་པ་གང་ཡང་རུང་བའི་ཐིག་གདབ་པར་སྦྱར་རོ། །དཀྱིལ་འཁོར་དགུ་རུ་ངེས་པ་ལས། །འབྲུ་དང་ས་དང་རིན་ཆེན་གང་། །ཕྱེ་མ་ཉིད་དུ་བཏགས་པ་ཡིས། །དཀྱིལ་དུ་པདྨ་བཅུ་དྲུག་པ། །འདབ་མར་ལྡན་པར་བྲི་བར་བྱ། །ཞེས་བྱ་བ་ལ། ཐིག་
བཏབ་པའི་ལེ་ཚེ་དགུ་ལ་དཀྱིལ་དུ་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། དམངས་རིགས་ལ་རིམ་པར་སྦྱར་ལ། རིན་པོ་ཆེ་མུ་ཏིག་ལ་སོགས་པས་བྲི་བ་དང་། འབྲས་བཏགས་པ་ལ་རམས་ལ་སོགས་པས་ཁ་དོག་བསྒྱུར་བ་དང་། ས་ཁ་དོག་ལྔ་པ་ལ་ཞིབ་པར་བཏགས་པས་པདྨ་
བཅུ་དྲུག་དང་ལྡན་པ་བྲི་བར་སྦྱར་བར་བྱའོ། །ཤར་དང་ལྷོ་དང་ཞེས་བྱ་བ་ནས། ཀུན་ཀྱང་སྟག་གི་པགས་པ་ཡིས། །སྨད་ནི་ཡོངས་སུ་དཀྲིས་པ་ཡིན། །ཞེས་བྱ་བའི་བར་ནི་གོ་སླ་བས་འདིར་མ་བཤད་དོ། །དེ་སྟེང་གདན་ནི་རབ་གནས་པས། །གཙོ་བོ་ཉིད་ལ་ཉི་ཟླ་
ཡིས། །ཕྲག་པ་ལ་ནི་འཁོར་བར་རྒྱུ། །ཚངས་པ་དབང་པོ་ལྷ་ཆེན་གཉིས། །ཞབས་ཀྱིས་ཡོངས་སུ་མནན་པ་ཡིན། །ཞེས་བྱ་བ་ལ། ལྷའི་བུ་ཉི་མ་དང་ཟླ་བ་གཉིས་ཕྲག་པ་ལ་རྒྱུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བར་གཤེགས་པས་ལུང་གཉིས་སུ་གསུངས་
ཏེ། གཅིག་ནི་ལག་ན་རྡོ་རྗེའི་སྐུས་རི་རབ་ཀྱི་རྐེད་པར་སླེབ་པས་ཉི་མ་དང་ཟླ་བ་ཡང་རི་རབ་ཀྱི་རྐེད་པ་ནས་རྒྱུ་བས་ལག་ན་རྡོ་རྗེའི་ཕྲག་པ་ལ་ཕོག་པའོ། །གཅིག་ནི་འཇིག་རྟེན་པ་རྣམས་ལ་ཕྲིན་ལས་རྣམ་པ་གཉིས་ཀྱིས་འདུལ་བ་དང་། ཐབས་དང་ཤེས་རབ་ཏུ་ལྡན་པས་ཨཱ་
ལི་ཀཱ་ལི་སྙོམས་པར་འཇུག་པའི་དོན་གསུམ་དུ་རིག་པར་བྱའོ། །དེ་ཡང་ལུང་གང་ལས་གྲུབ་ཅེ་ན་རིམ་པ་ཇི་ལྟ་བ་བཞིན་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་ལག་ན་རྡོ་རྗེ་བདེ་བར་རོལ་པའི་རྒྱུད་དང་ལག་ན་རྡོ་རྗེ་ཡུམ་ལྕང་ལོ་མའི་རྒྱུད་ལས་རིག་པར་བྱའོ། །ཚངས་པ་དང་

དབང་པོ་གཉིས་སྲིད་པ་དང་། མྱ་ངན་ལས་འདས་པའི་རྟགས་སུ་བརྟེན་ནས་དེ་གཉིས་ཀ་ལ་མི་གནས་པ་དང་། ཡང་ན་རྟོག་པ་དང་མི་རྟོག་པ་གཉིས་ཀ་ལ་མི་གནས་པའི་རྟགས་དང་། ཡང་ན་བདུད་ཀྱི་སྙིང་ག་ཉམས་དགའ་བར་བཅོམ་ལྡན་འདས་རོལ་བས་
བཞུགས་པའོ། །ཤར་གྱི་ལྷ་ཆེན་རྣམ་རྒྱལ་ཉིད། །ཀེང་རུས་སྟེང་ན་གནས་པ་བཞིན། །གཞན་ཡང་དེ་ལྟར་གནས་པ་ཡིན། །ས་བོན་གནས་པ་གང་ཡིན་པ། །སྒྲ་དང་བཅས་པས་ཤེས་པར་བྱ། །ཞེས་བྱ་བ་ལ། ཤར་ན་བཞུགས་པའི་ཁྲོ་བོ་ཁམས་གསུམ་རྣམ་པར་
རྒྱལ་བ་ཀེང་རུས་སྐམ་པོའི་སྟེང་ན་བཞུགས་པ་བཞིན་དུ་ནག་པོ་ཆེན་པོ་ལ་སོགས་པའང་ཀེང་རུས་སྐམ་པོའི་སྟེང་ན་བཞུགས་པར་འབྲེལ་ཏོ། །དེ་ཡང་ཅིའི་ཕྱིར་ཀེང་རུས་སྐམ་པོའི་སྟེང་ན་བཞུགས་ཤེ་ན། ཐམས་ཅད་ཀྱང་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་དང་། སྒྲའི་སྦྱོར་
བས་ཀ་རང་ཀ་ལ་གདུག་པ་རྣམས་སྐྲག་པར་བྱ་བའི་ཕྱིར་དང་། དྲག་པོའི་ལས་སུ་སྦྱོར་བས་ན་ཀེང་རུས་ལ་བཞུགས་པའོ། །ས་བོན་གནས་པ་དེ་ནི་དེ་དག་ཐམས་ཅད་སྐྱེད་པའི་ས་བོན་ལ་བྱ་སྟེ་ཡིག་འབྲུ་རྣམས་སོ། །སྒྲ་དང་བཅས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་གར་མཁན་གྱི་
ཞལ་ནས་སྒྲ་དང་བཅས་པར་ཕྱུང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ས་བོན་གྱི་ཡི་གེ་རེ་རེ་ལ་འོད་ཟེར་རིགས་མི་འདྲ་བ་རེ་རེ་དང་། སྒྲ་མི་འདྲ་བ་རེ་རེ་ཡང་དག་པར་ཕྱུང་སྟེ་བསྒྲགས་པར་སྦྱར་རོ། །དང་པོ་གཙོ་བོ་སྐྱེད་བྱེད་གང་། །ཧཱུཾ་ལས་ངེས་པར་རྫོགས་བྱ་ཞིང་། །གཞན་རྣམས་
འདི་ལས་འབྱུང་བར་བསམ། །ཞེས་བྱ་བ་ལ། དང་པོར་གཙོ་བོ་ཕྱག་ན་རྡོ་རྗེ་ཉིད་ཀྱི་བསྐྱེད་པར་བྱ་བའི་ས་བོན་དུ་ཧཱུཾ་ནག་པོ་ལས་ཡང་དག་པར་ཤེས་པར་བྱའོ། །གཞན་རྣམས་འདི་ལས་ཞེས་པ་ནི་འོག་ནས་འབྱུང་བའི་ས་བོན་བཅུ་དྲུག་པོ་རིམ་པ་ཇི་ལྟ་བ་བཞིན་དུ་ཁམས་གསུམ་
རྣམ་པར་རྒྱལ་བ་ནས། ཤ་ཟ་མའི་བར་དུ་ཁ་དོག་མི་འདྲ་བ་ནི་བླ་མའི་ངག་ལས་ཡོངས་སུ་རིག་པར་བྱ་ཞིང་དེ་རྣམས་ལས་འབྱུང་བའམ་བསྐྱེད་པར་འབྲེལ་ཏོ། །ལྷག་མ་ནི་གོ་སླའོ། །དེ་ལས་རགས་པ་གང་ཞིག་གིས། །བར་འཕྲ་ངེས་པར་བསྐྱེད་པར་བྱ། །དང་པོར་ཀུན་ཀྱང་

བརྩིགས་པ་ཡིས། །བཾ་ལས་གྱུར་པ་སྣ་ཚོགས་པ། །ཡང་དག་པར་ནི་བསྐྱེད་པར་བྱ། །དེ་འོག་ཀཾ་ལས་རབ་སྐྱེས་པ། །སྐམ་པོར་ཡོངས་སུ་བརྟགས་པ་ཡིན། །ཞེས་བྱ་བ་ལ། རགས་པ་ནི་སྐུ་ཉིད་དོ། །བར་འཕྲ་ནི་དང་པོར་གཅིག་པའི་བཾ་དམར་པོ་ལས་བྱུང་བའི་པདྨ་
འདབ་མ་བཅུ་དྲུག་པ་སྣ་ཚོགས་པ་བསྐྱེད་པར་བྱའོ། །དེ་འོག་ཅེས་པ་ནི། དེའི་རྟིང་ལ་བྱུང་བས་དེའི་འོག་སྟེ། དེའི་སྟིང་དུ་ཀཾ་དཀར་པོ་ལས་ཡང་དག་པར་བྱུང་བའི་ཀེང་རུས་སྐམ་པོ་རབ་ཏུ་གནས་པའོ། །ལྷག་མ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །
དེ་དག་རྣམས་ནི་རབ་རྫོགས་པའི། །སྐུ་རུ་ཡོངས་སུ་རྫོགས་བྱས་ལ། །བདག་གིས་རྣལ་འབྱོར་ཡང་དག་བསྒྲུབ། །ཅེས་བྱ་བ་ལ། དེ་དག་གི་ནི་གོང་དུ་སྨོས་པའི་གདན་དང་ཡིག་འབྲུ་དང་བླ་མའི་ངག་ལ་སོགས་པའི་ལས་རྫོགས་པའོ། །སྐུ་རུ་ནི་རང་རང་གི་ཆོ་ག་གསུམ་ལས་
རང་རང་གི་སྐུར་རྫོགས་པར་བྱས་ལ་ཞེས་པར་འབྲེལ་ཏོ། །དེ་ནས་བདག་རྣལ་འབྱོར་པས་མཆོད་པ་ལ་སོགས་པའི་རྣལ་འབྱོར་ཡང་དག་པར་སྒྲུབ་པར་འབྲེལ་ཏོ། །དེ་ནས་སྔགས་པ་བློ་ལྡན་པས། །རིགས་སུ་ངེས་པ་གང་ཡིན་པ། །ཐབས་འདི་ལ་ནི་འཇུག་
པར་བྱ། ཞེས་བྱ་བ་ནི་རིགས་རྣམ་པ་ལྔ་ལས་མི་འདའ་བས་རིགས་ཀྱི་རྗེས་སུ་འབྲང་བས་རྣལ་འབྱོར་ཡང་དག་པར་བསྒྲུབ་པར་གསུངས་ཏེ། སུ་ཡིས་ཤེ་ན། སྔགས་པ་ཤེས་རབ་ཅན་གྱིས་སོ། །དེ་ཡང་སྤྱིར་རིགས་ལ་བརྟེན་ཏེ་བསྒྲུབ་པར་གསུངས་སོ། །ཐབས་ནི་
འོག་ནས་སྟོན་པ་རྣམས་ལ་འཇུག་པར་འབྲེལ་ཏོ། །ཀུན་ལ་འཇུག་པར་འགྱུར་བ་ཡི། །ཁྱབ་པའི་བདག་པོ་ཆེན་པོ་ནི། །རིགས་ཀྱི་གཙོ་བོས་སྤྱི་ལ་ཁྱབ། །ཅེས་བྱ་བ་ནི་སྤྱིར་ཁྱབ་པ་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏེ་སྐུ་གསུང་ཐུགས་ཀྱིས་ཁྱབ་པའོ། །ཀུན་ལ་
འཇུག་པ་ནི་ལས་ཀྱི་བྱ་བ་ཐམས་ཅད་ལའོ། །ཁྱབ་པའི་བདག་པོ་ནི་རིགས་ཀུན་ལ་འཇུག་པ་དང་། གཙོ་བོ་དང་བདག་པོར་འབྲེལ་པས་ན་བདག་པོར་འབྲེལ་ཏོ། །རིགས་ཀྱི་གཙོ་བོ་ནི་རིགས་ཐམས་ཅད་དེ་ལས་འབྱུང་བས་ན་གཙོ་བོ་ཡིན་ཏེ་དེ་ཡིས་ཀུན་ལ་ཁྱབ་པར་འཇུག་པར་

བསྟན་པའོ། །མདུན་ནི་རྡོ་རྗེའི་རིགས་ཡིན་ཏེ། །ལྷ་མིན་ལ་སོགས་ངེས་པར་འཇིགས། །གཡས་ནི་རིན་ཆེན་རིགས་ཡིན་ཏེ། །ཤ་ཟ་ལ་སོགས་ཡང་དག་འཇིགས། །རྒྱབ་ན་གནས་པ་གང་ཡིན་པ། །པདྨའི་རིགས་སུ་ཡང་དག་ལྡན། །ནོར་ལ་
སོགས་པ་གང་དགོས་པ། །རེ་བ་བཞིན་དུ་སྐོང་བར་བྱེད། །གཡོན་ན་གནས་པ་གང་ཡིན་པ། །ལས་ཀྱི་རིགས་ཀྱི་ངེས་པ་ལས། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །མ་རུངས་པ་རྣམས་ཡོངས་སུ་འཇིགས། །ཞེས་བྱ་བ་ལ། མདུན་ནི་ཤར་དུ་རིག་པར་བྱ་སྟེ། ཁམས་གསུམ་རྣམ་
པར་རྒྱལ་བ་ནི་རྡོ་རྗེའི་རིགས་སུ་ངེས་བས་ཚངས་པ་དང་ལྷ་མ་ཡིན་རྣམས་འཇིགས་པའོ། །གཡས་པ་ནི་ལྷོར་རིག་པ་སྟེ། ནག་པོ་ཆེན་པོ་རིན་པོ་ཆེའི་རིགས་སུ་ངེས་པས་གཤིན་རྗེ་དང་ཤ་ཟ་རྣམས་འཇིགས་པའོ། །རྒྱབ་ནི་ནུབ་ཡིན་ཏེ་རྣམ་ཐོས་སྲས་པདྨའི་རིགས་སུ་ངེས་ཏེ། ནོར་དང་
བཞོན་པ་ལ་སོགས་པ་རྣམས་ངེས་པར་སྟེར་བ་དང་གནོད་སྦྱིན་རྣམས་འདུལ་བར་གསུངས་སོ། །གཡོན་ནི་བྱང་དུ་རིག་པར་བྱ་སྟེ། བདུད་རྩི་ཐབ་སྦྱོར་གྱིས་ཀླུ་དང་ཡང་མ་རུངས་པ་རྣམས་ཡོངས་སུ་འཇིགས་པར་གསུངས་སོ། །གཞན་ཡང་ལྷག་མ་ཐམས་ཅད་ཀུན། །ཕོ་ཉའི་
ཚུལ་དུ་ངེས་པར་གནས། །ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཕོ་ཉའི་ཚུལ་དུ་ཡང་དག་པར་གནས་པར་འབྲེལ་ཏོ། །དང་པོ་ཉི་མ་ཤར་བ་ནས། །ལས་ཀྱི་སྦྱོར་བ་སྣ་ཚོགས་པ། །སོ་སོ་དག་པ་སྙིང་པོ་ནི། །གང་དུ་འབུམ་ལས་རབ་རྫོགས་པ། །བརྒྱ་རྩ་བརྒྱད་དུ་ངེས་པར་
བཟླས། །ཞེས་པ་ལ་དཀྱིལ་འཁོར་བྲི་བའི་སྔ་དྲོ་ཚོན་རྩི་ལྔ་ལ་ལས་ཀྱི་སྦྱོར་བ་སྣ་ཚོགས་པ་ཞེས་བྱ་བ་བརྗོད་དེ། དེ་ལ་སྙིང་པོ་བརྒྱ་རྩ་བརྒྱད་ཡང་དག་པར་བཟླས་ཞེས་པ་ནི། གོང་གི་བསྙེན་པའི་དུས་སུ་སྙིང་པོ་འབུམ་ལ་སོགས་པ་བཟླས་པའོ། །དེ་ནས་སྔ་དྲོའི་དུས་སུ་བརྒྱ་
རྩ་བརྒྱད་བཟླས་པས་སྦྱོར་བ་བྲི་བར་བྱའོ། །ཧཱུཾ་གི་སྒྲ་དང་རབ་ལྡན་པས། །བདག་ཉིད་ཁ་ནས་མེ་འབར་གསལ། །ཕྱག་རྒྱ་གནང་བར་རབ་བཅས་ཏེ། །དེ་ཉིད་སྟང་སྟབས་བསྐྱོད་པ་ཡིས། །གདུག་པ་ཐམས་ཅད་སྐྲག་བྱེད་པ། །བདེ་གཤེགས་མངོན་པར་དགྱེས་པར་བྱ། །

ཞེས་བྱ་བ་ལ། སྔ་དྲོའི་དུས་སུ་རྒྱན་ཆ་ལྔ་ལ་སོགས་པ་ཡོངས་སུ་བགོས་ལ། རྡོ་རྗེ་དྲིལ་བུ་ངེས་པར་བཟུང་སྟེ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཁ་ནས་མེ་འབར་བར་བསམས་ལ། ཕྱག་རྒྱ་ནི་གར་གྱིས་ཡང་དག་པར་བྱས་ལ། དེ་ཉིད་ཅེས་པ་ནི། དོན་དམ་པ་གཉིས་ལ་སྒྲ་རྣམ་པ་
གཉིས་འཇུག་སྟེ། རྣལ་འབྱོར་པ་དེ་ཉིད་ཀྱིས་ལག་ན་རྡོ་རྗེ་དེ་ཉིད་ཀྱི་སྟང་སྟབས་བྱ་བར་གསུངས་པ་སྟེ། གཡས་པ་བརྐྱང་ལ་གཡོན་པ་ངེས་པར་བཀུག་ནས། རྡོ་རྗེ་རྒྱ་གྲམ་འགྲོས་ཀྱིས་ཕྱོགས་བཞིར་བསྐྱོད་པས་གདུག་པ་ཅན་ཐམས་ཅད་སྐྲག་པར་འགྱུར་བ་དང་། བདེ་བར་གཤེགས་
པ་རྣམས་གར་གྱིས་མངོན་པར་དགྱེས་པའོ། །རྡོ་རྗེ་དྲིལ་བུ་བཟུང་བྱས་ནས། །ཁྲོ་བོའི་ཆ་ལུགས་གང་ཡིན་པས། །ཕྱོགས་རྣམས་རྨོངས་པར་བྱེད་པ་ཡིན། །ལྷ་མོའི་གཟུགས་འཆང་གང་ཡིན་པས། །གཞན་གྱི་སེམས་ཀྱང་འཕྲོག་པར་བྱེད། །ཅེས་པ་ལ། དུས་རྣམ་
པ་གཉིས་ཀྱི་སྦྱོར་བས་གསུངས་པ་ཡིན་ཏེ། བགེགས་བསྐྲད་པ་དང་མཆོད་པ་ཉིད་ལ་སྦྱོར་བ་གསུངས་སོ། །དེ་ལ་ཁྲོ་བོའི་སྟང་སྟབས་ཀྱིས་རྡོ་རྗེ་དང་དྲིལ་བུ་བཟུང་བས་ཁ་ནས་ཧཱུཾ་འབར་བས་ཡང་དག་པར་བསྐྱོད་པས་གདུག་པ་རྣམས་བསྒྱེལ་ཏེ། ཅིའི་ཕྱིར་འཁྲུགས་ཤེ་ན་བརྒྱལ་
བས་སོ། །བརྒྱལ་བས་ཤར་ཕྱོགས་ལ་སོགས་པ་མི་ཤེས་སོ། །ལྷ་མོའི་གཟུགས་སུ་བདག་ཉིད་ཡང་དག་པར་བསྒྲུབས་ལ་གནས་པར་བྱ་སྟེ། ཇི་ལྟ་བུ་ཞེ་ན། ལས་ཀྱི་ལྷ་མོ་སྣ་ཚོགས་པ། །དབུ་རྒྱན་དང་གདུ་བུ་དང་། སྟོད་གཡོགས་ལ་སོགས་པ་རྒྱན་ཆ་བཅུ་
གཅིག་གིས་ཡང་དག་པར་བརྒྱན་ལ། ནུ་མ་ཅུང་ཟད་འབུར་བར་བྱ་སྟེ། མཆོད་པའི་རྫས་ཐམས་ཅད་རྡོ་རྗེའི་གླུ་དང་། གར་དང་། ཕྱག་རྒྱ་ལ་སོགས་པས་ཡང་དག་པར་མཆོད་པ་དང་། འདོད་པའི་ཡོན་ཏན་ལྔས་སྐུ་ལ་ཡོངས་སུ་མཆོད་
པར་བྱའོ། །དེའི་གཟུགས་ཀྱིས་ལྷ་རྣམས་མཉེས་པ་དང་། འཇིག་རྟེན་པ་རྣམས་དབང་དུ་སྡུད་པར་འབྲེལ་ཏོ། །རེ་མིག་རྣམས་ཀྱི་བར་གང་ཡིན། །མེ་ལྕེའི་ཕྲེང་བས་ཡོངས་སུ་བྲི། །འཁོར་ལོའི་འོག་ཏུ་གནས་བྱ་བ། །ཆོས་འབྱུང་ཕྱག་རྒྱ་ངེས་པར་བྲི། །

ཞེས་བྱ་བ་ལ། དང་པོར་དཀྱིལ་འཁོར་བྲི་བའི་སྐབས་སུ་ཤེས་པར་བྱ་སྟེ། རེ་མིག་ནི་དཀྱིལ་འཁོར་ལྔ་ལ་བྱ་སྟེ། དེའི་བར་དག་མེའི་འོད་ཀྱིས་བྲི་བར་འབྲེལ་ཏོ། །འཁོར་ལོ་ནི་དཀྱིལ་འཁོར་ལ་ཤེས་པར་བྱ་སྟེ། དེའི་འོག་ཏུ་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་པ།
མཚན་མ་ཀུན་ལ་ཁྱབ་པར་བྲི་བར་བྱ་བར་འབྲེལ་ཏོ། །དེ་ཡང་ཅིའི་ཕྱིར་ཆོས་འབྱུང་གི་ཕྱག་རྒྱ་བྲི་ཞེ་ན། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་པའོ། །ཐབས་དང་ཤེས་རབ་ལྡན་པ་དང་། །ཀུན་འབྱུང་ཡུམ་དུ་ངེས་པར་གསལ། །རྟེན་འབྲེལ་ཡང་དག་འབྱུང་བ་ཡིན། །ཀུན་
རྫོབ་ལ་ནི་དོན་དམ་བརྟེན། །དོན་དམ་ཉིད་ལ་ཀུན་རྫོབ་ཡང་། །བརྟེན་པ་ཉིད་དུ་འགྱུར་བ་ཡིས། །དེ་བས་གནང་བ་མི་གསལ་བར། །ཆོས་འབྱུང་ཕྱག་རྒྱ་ངེས་པར་བྲི། །རྒྱས་པ་ལ་སོགས་མ་ཡིན་གྱི། །དྲག་པོའི་དཀྱིལ་འཁོར་ཡིན་པ་དང་། །དེ་བཞིན་དབྱིབས་སུ་རབ་གསལ་
བས། །དྲན་དང་བཅས་པས་བྲི་བར་བྱ། །ཞེས་བྱ་བ་ལ། ཆོས་ཐམས་ཅད་ཐབས་དང་ཤེས་རབ་ཏུ་འབྲེལ་པར་གནས་པ་དང་། ཆོས་ཐམས་ཅད་དེ་ལས་འབྱུང་བས་ན། དེ་ཡང་དག་པར་བྲི་བར་འབྲེལ་ཏེ། ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་སུ་དངོས་པོ་ཀུན་གྲུབ་
པས་བྲི་བར་བྱའོ། །ཇི་ལྟར་རྟེན་ཅིང་འབྲེལ་ཞེ་ན། །ཀུན་རྫོབ་ལ་ཞེས་པ་གསུངས་ཏེ། ཀུན་རྫོབ་ལ་དོན་དམ་པ་བརྟེན་པ་དང་། དོན་དམ་པ་ལ་ཀུན་རྫོབ་བརྟེན་པའི་ཕྱིར་ཏེ། ཆོས་འབྱུང་ནི་དོན་དམ་པའི་ཕྱག་རྒྱ་ཡིན་པ་དང་། དཀྱིལ་འཁོར་ནི་ཀུན་རྫོབ་ཀྱི་ཕྱག་རྒྱ་ཡིན་པར་
འབྲེལ་ཏོ། །ཡང་ན་དྲག་པོའི་དཀྱིལ་འཁོར་ཡིན་པར་གསུངས་པས། སྐབས་འདིར་ཡང་དྲག་པོའི་སྐབས་ལ་བབ་པས་ན། དེ་ལ་ཡང་དབྱིབས་མཐུན་པའི་ཕྱིར་སྣང་བ་མི་གསལ་བར་བྲི་བར་བྱའོ། །སྣང་བ་མི་གསལ་བ་ནི་གོང་དུ་བསྟན་པར་ཟད་དོ། །དེ་བས་ན་རྣམ་པ་
ཐམས་ཅད་དུ་ཡང་རྣལ་འབྱོར་པས་ཆོས་འབྱུང་བའི་ཕྱག་རྒྱ་མཉམ་པར་གཞག་ཅིང་དྲན་པ་དང་བཅས་པས་བྲི་བར་གསུངས་སོ། །མཐུ་དང་ལྡན་པའི་གང་ཟག་ལ། །སྟོབས་ནི་ཤིན་ཏུ་ངེས་པར་སྐྱེད། །དཀྱིལ་འཁོར་ལྷ་ཉིད་མངོན་བསྒྲུབས་པས། །ལུས་ལ་གཟི་བརྗིད་འཇུག་

པའོ། །ཞེས་བྱ་བ་ལ། མཐུ་ཞེས་པ་ནི། ཨ་ནུ་བྷ་བའི་སྦྱོར་བས་སྐབས་མང་པོ་ལ་འཇུག་སྟེ། སྐབས་འདིར་ནི་སྔོན་གྱི་ལས་འཕྲོ་དང་ལྡན་པ་ལ་བྱའོ། །དེ་དང་ལྡན་པའི་གང་ཟག་ལ་ནི་ཕྱག་ན་རྡོ་རྗེའི་སྟོབས་སྐྱེ་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་པར་
བསྒྲུབས་པས་ནི། ལུས་ནི་བདག་གི་ཕུང་པོའི་རྒྱུད་ལ་གཟི་བརྗིད་ཡེ་ཤེས་འཇུག་པར་གསུངས་སོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།ལག་ན་རྡོ་རྗེ་ཞེས་བྱ་བ་ནས། ཐབས་དེ་གང་ལགས་གསུང་
དུ་གསོལ་ཞེས་པའི་བར་དུ་ནི་གོ་སླའོ། །ནང་གི་བདག་ཉིད་ཅན་དང་ཡང་། །ཕྱི་ཡི་ཁྲུས་སོགས་རབ་བྱས་ལ། །རབ་གསལ་ལ་སོགས་རྒྱུན་ཆད་ནས། །གང་ཡང་རུང་བའི་ལོ་ཉིད་ལ། །སྟོན་ཟླ་ར་བ་ནས་བརྩམས་ལ། །ལྷ་མིན་ལྷ་དང་མེ་ཏོག་མཛེས། །དྲག་པོའི་དང་པོ་འདི་ཉིད་ལ། །
བདག་གིས་ངེས་པར་སྦྱོར་བ་བརྩམ། །ཞེས་བྱ་བ་ལ། དང་པོར་ནང་གི་བདག་ཉིད་ནི་ནང་སྟེ། ཕྱི་རོལ་གྱི་དངོས་པོར་མི་འཛིན་པ་དང་། བདག་དང་གཞན་དུ་མི་རྟོག་པ་དང་། སྟོང་པ་དང་མི་སྟོང་པའི་མཐའ་གཉིས་དང་བྲལ་བའོ། །ཕྱིའི་ཆོས་དང་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་
པར་དག་པར་བྱེད་པས་ཁྲུས་མཆོག་ཏུ་གསུངས་སོ། །ཕྱིའི་ཁྲུས་ནི་གོ་སླའོ། །ཁྲུས་རྣམ་པ་གཉིས་བྱས་ནས་རབ་གསལ་ལ་སོགས་ཞེས་སྨོས་ཏེ། ཤེས་རབ་གསལ་བས་ན་རབ་གསལ་ལོ། །དེ་ཡང་ཤེས་པ་ལྔ་དང་རྒྱུན་ཆད་མེད་པ་ནི། རྣམ་པར་བཟའ་བར་མི་བྱ་བ་དང་། སོགས་
པ་ནི་མྱོས་འགྱུར་ཡང་ལོངས་སྤྱོད་པར་མི་བྱའོ། །གང་ཡང་རུང་བ་ནི་བྱི་བ་ལ་སོགས་པའི་ལོ་གང་ཡང་རུང་བའོ། །སྟོན་ཟླ་ར་བ་སྨོས་པ་ནི་སྟོན་ཟླ་ར་བ་ལ་མེ་ཏོག་དང་ལོ་ཏོག་ཀུན་དུ་རྒྱས་པས་དེའི་ཕྱིར། དེ་ནས་བརྩིས་པའི་ལྷ་མ་ཡིན་གྱི་བླ་མ་དོན་ཐམས་ཅད་ཀུན་དུ་འགྲུབ་པ་དང་། མེ་
ཏོག་མཛེས་བཀྲ་ཤིས་བར་གསུངས་པ་དེ་དང་། དྲག་པོ་བྱ་བ་ནི་འོད་ཟེར་དྲག་པོ་གང་ལ་ཡོད་པ་ལ་དྲག་པོ་ཞེས་སྨོས་པའོ། །དང་པོའི་ཞེས་བྱ་བ་ནི་ཆ་བཞིར་བགོས་པའི་དང་པོའོ། །དེ་གསུམ་ཡོངས་སུ་འཇོམས་པས་ན་བདག་རྣལ་འབྱོར་པས་སྦྱོར་བ་ཡང་དག་པར་བརྩམ་པར་

བྱ་བར་གསུངས་སོ། །དེ་ནས་བདག་ཉིད་ལུས་ཉིད་ལ། །རྒྱན་ཆ་ལྔ་ཡིས་རབ་བརྒྱན་ཏེ། །ལུས་ལ་གོས་དག་སྔོན་པོ་ཉིད། །བླ་གོས་སྨད་གཡོགས་ཡང་དག་བཅིངས། །སྤྱི་བོ་ལ་སོགས་གནས་ལྔ་རུ། །སྦྲུལ་གྱིས་ཡོངས་སུ་བཅིང་བར་བྱ། །རང་ཉིད་དཀྱིལ་
འཁོར་ཤར་སྒོ་རུ། །འདུག་པས་སྦྱོར་བ་བརྩམ་པར་བྱ། །ཞེས་བྱ་བ་ལ། རྣལ་འབྱོར་པའི་ལུས་ལ་དབུ་རྒྱན་ལ་སོགས་པ་ལྔས་བརྒྱན་པར་བྱའོ། །སྟོད་གཡོགས་སྔོན་པོས་ལུས་ལ་བགོ་བར་བྱ་བ་དང་། སྲོག་སོང་བའི་སྦྲུལ་ལམ། ཡང་ན་ཤིང་ཤུན་ལས་གཟུགས་བྱས་པ་སྔ་མའི་
རྒྱན་ཆའི་རྩར་བཅིང་བར་སྦྱར་རོ། །བདག་ཉིད་ཤར་གྱི་ཕྱོགས་སུ་འདུག་པས་ལས་བྱ་བར་འབྲེལ་ཏོ། །དེ་ནས་དང་པོར་བླ་རེ་གང་། །ཞེས་བྱ་བ་ནས། གོས་སར་ཡང་དག་གཙང་བར་བྱ། །ཞེས་བྱ་བའི་བར་དུ་ནི་གོ་སླ་བས་འདིར