Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
སྟེ། ལག་པ་བརྡབས་པས་
འཇིག་རྟེན་གྱི་ཁམས་རླིག་པར་བྱེད་པའི་སྟོབས་མངའ་བའོ། །ཨ་ལ་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ངོ་མཚར་བའམ། གདུལ་བྱ་ལ་ངོ་མཚར་བའི་སྒྲ་བསྒྲགས་པས་སྐྲག་པར་བྱེད་པ་ཞེས་བྱ་བ་ནི་ས་བླ་དང་ས་སྟེང་ངོ་། །ཀླུ་རྣམས་རློག་པར་བྱེད་ཅེས་པ་ནི་ས་འོག་ན་གནས་པའོ། །དེ་རྣམས་
གད་མོ་དྲག་པོ་སྒྲོགས་པའི་བཅོམ་ལྡན་འདས་སྐུ་དེ་དང་ལྡན་པའི་གད་རྒྱངས་ཆེན་པོ་དགོད་པ་དེས་རློག་པར་བྱེད་པའོ། །འོ་ན་ཕྲིན་ལས་ནི་མི་མངའ་འམ་ཞེ་ན། ཀུན་དུ་འཁྲུགས་པར་བྱེད་ཅིང་གཤིན་རྗེའི་གཟུགས་ཅན་ནོ། །ཁམས་གསུམ་འཇིགས་པར་བྱེད་པ། ཀླུ་རྣམ་འདུལ་བར་བྱེད་པ་ཞེས་བྱ་
བ་ནི་ཀུན་དུ་འཁྲུགས་པར་བྱེད་པའི་སྐུ་དེ་ལས་འོད་ཟེར་ཀུན་དུ་འཁྲུགས་ཤིང་འཕྲོ་བ་དེ་ལས་སྤྲུལ་པ་དཔག་ཏུ་མེད་པ་ཕྱག་ན་རྡོ་རྗེ་ལྟ་བུའི་སྤྲུལ་པ་འཕྲོ་བས་ན་གཤིན་རྗེའི་གཟུགས་ཅན། ས་འོག་ས་སྟེངས་ས་བླ་གསུམ་འཇིགས་པར་བྱེད་པས་ཁམས་གསུམ་འཇིགས་པར་བྱེད་པའོ། །དེ་ཡང་
གདུལ་བྱ་རྣམ་པ་གསུམ་འདུལ་བར་བྱེད་པས་ན། ཀླུ་རྣམས་འདུལ་བར་བྱེད་པའོ། །དེའི་ཕྱིར་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས་སྤོབས་པ་དང་ལྡན་པའི་ཕྱིར་ན་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །དེ་ལ་དགོས་པ་ཅི་
ཡོད་ཅེ་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བསྟོད་ནས་གསུང་དུ་གསོལ་ཞེས་སྨྲས་པའོ། །དེ་ནས་བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་གནས་ཀྱི་བདུད་ཀྱི་ཁང་པ་དེ་ཉིད་དུ་ཏིང་ངེ་འཛིན་ལ་བཞུགས་པ་ནི། དེ་ནས་ནམ་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་
འཕྲུལ་པས་བདུད་ཀྱི་ཁང་པ་དེ་ཉིད་གཞལ་ཡས་ཁང་དུ་སྤྲུལ་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་རྩིབས་བཞིས་རྣམ་པར་མཛེས། །དྲ་བ་དྲ་བ་ཕྱེད་པ་དང་། །བདུད་རྣམས་འདུལ་བར་ཏྭ་ར་ནའོ། །དྷརྨ་དྷཱ་ཏུ་ནམ་མཁའི་དཀྱིལ། །དུར་ཁྲོད་འཇིགས་པའི་དབུས་སུའོ། །འཁོར་ལོ་ཆེན་པོའི་

ཏིང་ངེ་འཛིན་དང་ལྡན་པའི་དྲག་པོ་ཆེན་པོས་འཁོར་བསྡུས་ནས་ཞེས་བྱ་བ་ནི། གཞལ་ཡས་ཁང་དེའི་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞལ་གསུམ་པ་སྟེ། འདོད་པ་དང་གཟུགས་དབང་དུ་སྡུད་པའི་ཞལ་གཡས་གཡོན་དཀར་པོ་དང་དམར་སེར་དབུས་མཐིང་ནག་གཏི་མུག་ཅན་
འདུལ་བའི་ཞལ་ལོ། །ཡང་ན་ཁྲོས་པ་དང་། བཞད་པ་དང་། གཙིགས་པས་དྲག་པོ་གསུམ་འདུལ་བར་བྱེད་པ། ཡང་ན་གཞན་འཕྲུལ་དབང་བྱེད་ཀྱིས་བདུད་ཀྱི་གཙོ་བོའི་ཆ་ལུགས་འཛིན་པས་བདུད་དབང་དུ་སྡུད་པའི་རྟགས་སོ། །ཕྱག་དྲུག་ནི་རྡོ་རྗེ་རྩེ་ལྔ་པ་དང་། སྡིགས་མཛུབ་དང་། བར་མ་
གཉིས་ཐལ་མོ་རྡེབས་པ། ཐ་མ་གཉིས་སྦྲུལ་ཟ་བ། ཞབས་བཞིས་ཉི་ཟླ་དང་ཚངས་པ་དང་། བརྒྱ་བྱིན་མནན་པ། སྟག་གི་ཤམ་ཐབས་དང་། རིགས་བཞིའི་ཀླུས་སྐུ་ལ་བརྒྱན་པའོ། །གང་གི་བསྟོད་པའི་ཡོན་ཏན་སྐུ་ལ་རྫོགས་པའི་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ལྷ་མོ་མཛེས་ལྡན་མ་མཐིང་ནག་གྲི་
གུག་དང་ཐོད་པ་བསྣམས་ཤིང་། སྐུ་ལ་འཁྱུད་པ་དང་ལྷན་ཅིག་ཏུ་གནས་ཏེ། བདུད་འདུལ་བའི་ཚུལ་ཅན་ནོ། །ཤར་ཕྱོགས་སུ་དྲི་ཟའི་རིགས་ཀྱི་གནོད་སྦྱིན་འདུལ་བར་བྱེད་དེ། དྲི་ཟ་ཕོ་མོའི་སྟེང་དུ་ཁྲོ་བོ་བདུད་ལས་རྒྱལ་བར་བྱེད་པ་ཞེས་བྱ་བ་སྐུ་མདོག་དཀར་པོ། ཕྱག་བཞི་པ། རྡོ་རྗེ་རྩེ་ལྔ་པ་དང་།
ཁ་ཊྭཱཾ་ག་འཛིན་པ། འོག་མ་གཉིས་པ་སྡིགས་མཛུབ་བཅས་ཤིང་ཡུམ་ལ་འཁྱུད་པ། ལྷ་མོ་འོད་ཟེར་ཅན་སྐུ་མདོག་དཀར་མོ་སྤུ་གྲི་དང་ཐོད་པ་བསྣམས་ཤིང་གཡོན་ཕྱོགས་ནས་འཁྲིལ་བའོ། །ལྷོ་ཕྱོགས་སུ་གཤིན་རྗེའི་རིགས་ཀྱི་གནོད་སྦྱིན་འདུལ་བར་བྱེད་པ། གཤིན་རྗེ་ཕོ་མོའི་སྟེང་ན་ཁྲོ་བོ་གཟི་
བརྗིད་འབར་བ་ཞེས་བྱ་བ་མདོག་སེར་པོ། ཕྱག་བཞི་པ་རྡོ་རྗེ་དང་དབྱུག་ཏོ་འཛིན་པ། འོག་མ་གཉིས་པ་སྡིགས་མཛུབ་བཅས་ཤིང་ཡུམ་ལ་འཁྱུད་པ། ལྷ་མོ་མདངས་ཅན་མ་སྐུ་མདོག་སེར་མོ་ཟངས་གྲི་དང་ཐོད་པ་བསྣམས་ཤིང་གཡོན་ཕྱོགས་སུ་འཁྲིལ་བའོ། །ནུབ་ཕྱོགས་སུ་ཆུ་ལྷའི་རིགས་ཀྱི་གནོད་
སྦྱིན་འདུལ་བར་བྱེད་པ་ཆུ་ལྷ་ཕོ་མོའི་སྟེང་དུ་ཁྲོ་བོ་རྔམ་པའི་སྒྲ་སྒྲོགས་ཞེས་བྱ་བ་མདོག་དམར་པོ། ཕྱག་བཞི་པ་རྡོ་རྗེ་དང་སྦྲུལ་ཞགས་འཛིན་པ། །འོག་མ་གཉིས་པ་སྡིགས་མཛུབ་བཅངས་ཤིང་ཡུམ་ལ་འཁྱུད་པ། ལྷ་མོ་སྒྲ་དབྱངས་ཅན་སྐུ་མདོག་དམར་མོ་སྟ་རེ་དང་ཐོད་པ་བསྣམས་ཤིང་

གཡོན་ཕྱོགས་ནས་འཁྲིལ་བའོ། །བྱང་ཕྱོགས་སུ་གནོད་སྦྱིན་གྱི་རིགས་ཀྱིས་གནོད་སྦྱིན་འདུལ་བར་བྱེད་པའི་བགེགས་ཀྱི་རྒྱལ་པོ་ཕོ་མོ་བསྣོལ་བའི་སྟེང་ན་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞེས་བྱ་བ་སྐུ་མདོག་ལྗང་གུ་ཕྱག་བཞི་པ། རྡོ་རྗེ་དང་བེ་ཅོན་བསྣམས་པ། ཐོག་མ་གཉིས་སྡིགས་མཛུབ་བཅངས་
ཤིང་ཡུམ་ལ་འཁྱུད་པ། ལྷ་མོ་རླུང་འབྱིན་མ་སྐུ་མདོག་ལྗང་གུ་འཁོར་ལོ་དང་ཐོད་པ་བསྣམས་ཤིང་། གཡོན་ཕྱོགས་ནས་གཙོ་བོ་ལ་འཁྲིལ་བའོ། །ཤར་ཕྱོགས་ཀྱི་སྒོར་སྒོ་བ་གཉིས་ཏེ། ལྕགས་ཀྱུ་མདོག་དཀར་པོ་ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང་། ལྕགས་ཀྱུས་འདྲེན་ཞིང་སྡིགས་
མཛུབ་མཛད་པའོ། །ལྷོ་ཕྱོགས་ཀྱི་སྒོར་སྒོ་བ་གཉིས་ཏེ། ཞགས་པ་གསེར་མདོག་སེར་པོ། ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང་། ཞགས་པ་འཕེན་ཞིང་སྡིགས་མཛུབ་མཛད་པའོ། །ནུབ་ཕྱོགས་ཀྱི་སྒོར་སྒོ་བ་གཉིས་ཏེ། ལྕགས་སྒྲོག་མདོག་དམར་པོ་ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང་། ལྕགས་སྒྲོག་
བསྣམས་ཤིང་སྡིགས་མཛུབ་མཛད་པའོ། །བྱང་ཕྱོགས་ཀྱི་སྒོར་སྒོ་བ་གཉིས་ཏེ། དྲིལ་བུ་མདོག་ལྗང་གུ་ཟླ་བའི་སྟེང་ན་ཕྱིར་བརྐྱང་ཞིང་རྡོ་རྗེ་དང་དྲིལ་བུ་སྡིགས་མཛུབ་བསྣོལ་བའོ། །དེ་ལྟར་དཀྱིལ་འཁོར་རབ་ཏུ་སྤྲུལ་ནས་གདུག་པ་ཅན་རྣམས་དབང་དུ་བསྡུས་ནས་གཙོ་བོ་འཁོར་ལོ་ཆེན་པོ་ལ་
གདུག་པ་འདུལ་ཕྱིར་བསྟོད་པ་ནི། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་མི་ཐུབ་འཇིགས་བྱེད་ཆེ། རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་ཕྲིན་ལས་ཀུན་དོན་མཛད། །ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་
ཅན་དང་ནི། །མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་སྒྲུབ་པ་ལ། །འགུགས་ཤིང་སྡུད་དང་སྡོམ་ཞིང་འཛིན། །མཐའ་བརྟུལ་ལས་རྣམས་གྲུབ་པ་ལ། །ཞེས་བྱ་བས་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་བསྟོད་པའོ། །ད་ནི་རྫོགས་པའི་རིམ་པ་དེ་
ཁོ་ན་ཉིད་དབང་དུ་བྱས་ནས་བསྟོད་པ་ནི། ཐིག་ལེའི་རང་བཞིན་མི་ཤིགས་ལ། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ཅེས་བྱ་བ་ལ་བདག་པོ་ནི་བཅོམ་ལྡན་འདས་ཀྱི་སྐུ་སྟེ། ལྷའི་བདག་ཉིད་དོ། །

འཁོར་ལོ་ནི་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་དང་། བདེ་བ་ཆེན་པོའོ། །ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའོ། །རང་བཞིན་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་མི་རྟོག་པའོ། །མི་ཤིགས་པ་ནི་དབྱེར་མི་ཕྱེད་པའམ། ཐ་མི་དད་པ་སྟེ། དེ་བས་ན་ཐབས་ཤེས་རབ་དབྱེར་མེད་ཅེས་བྱ་བའི་
དོན་ཏོ། །དེ་རང་བཞིན་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཁ་སྦྱོར་ཞེས་བྱ་བ་ནི་འཁོར་ལོའོ། །ཉི་ཟླ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །འཕྲོ་འདུ་ཞེས་བྱ་བ་ནི་བསྲེག་པ་དང་། གསོ་བ་དང་། སྲོག་དང་གནད་དུ་འཕྲོ་ཞིང་འདུ་བའོ། །དགོས་པ་ཅི་ཞེ་ན། བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །
ཞེས་བྱ་བ་ནི་རྣམ་པར་རྟོག་པ་འཇོམས་པ་ལ་བྱའོ། །ཡང་ན་འཁོར་ལོ་ནི་རྣམ་པ་བཞིའོ། །བདག་པོ་ནི་ཕྱག་མཚན་རྡོ་རྗེའི་རང་བཞིན་ཏེ། སྲོག་དང་རྩོལ་བའི་རང་བཞིན་ནོ། །དེའི་ཕྱིར་མི་ཤིགས་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ཁ་སྦྱོར་ནི་རྡོ་རྗེའི་ར་དང་བུམ་པའི་རང་བཞིན་འཁོར་ལོ་བཞིའོ། །དེ་ཡང་ཐབས་
ཤེས་རབ་ཀྱི་རང་བཞིན་ཏེ། ཉི་ཟླ་རྣམ་པ་གཉིས་སོ། །འཕྲོ་འདུའི་ཚུལ་གྱིས་ནི་བསྲེག་པ་དང་། གསོ་བ་དང་སྤྲོ་བ་དང་བསྡུ་བའོ། །ཇི་ལྟར་ཞེ་ན། བགེགས་རིགས་སྟོང་ཕྲག་ཞི་བར་མཛད་པའི་ཕྱིར། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཤིང་ཞི་བས་ན་བགེགས་ལ་སོགས་པ་ཞི་བའོ། །དེ་བས་ན་ཕྱིའི་
བགེགས་དང་། ནང་གི་བགེགས་ཞི་བར་མཛད་ནས་ཕན་པ་བསྐྱེད་པའི་ཕྱིར་དགོས་པ་ནི་དེའོ། །ཡང་གསུངས་པ། ས་བོན་རབ་ཏུ་འབར་བ་ཡིས། །ཐབས་དང་ཤེས་རབ་བསྲེགས་གསོ་མཛད། །བདེ་ཆེན་རབ་ཏུ་གསོད་མཛད་པ། །སྡུག་བསྔལ་ཉོན་མོངས་འཇོམས་ལ་འདུད། །ཅེས་གསུངས་སོ། །
དེས་ནི་གོང་དང་ཡང་འབྲེལ་ལོ། །དེའི་དོན་ནི་འདིའོ། །བགེགས་ཇི་ལྟར་ཞི་བར་མཛད་ཅེ་ན། གཏོར་མས་ཞི་བར་མཛད་པའི་ཕྱིར། ས་བོན་རབ་ཏུ་འབར་བ་ཡིས། །ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་ནས། གསང་སྔགས་སྟོན་པའི་སྒོ་ནས་འཁོར་རྣམས་ལ་དམ་བསྒྲག་
པ་ནི། ཏདྱ་ཐཱ་བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ་བཛྲ་པཱ་ཎི་ཧྲྀ་ད་ཡ་ནི། ཡ་ས་མ་ཏི་ཀྲ་མ་ཏེ། ཨུཏྶཱ་ད་ནཾ་བྷ་བི་ཤུདྡྷི་ཞེས་བྱ་བ་སྟེ། འདི་ལྟ་སྟེ། ཀྱེ་ཀྱེ་བྲང་གིས་འགྲོ་བའི་ཀླུའི་བདག་པོ་ལ་སོགས་པ་རྣམས་འདི་ལས་འདའ་བར་མ་བྱེད་ཅིག །གང་ལས་ཤེ་ན། ཕྱག་ན་

རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྐུ་འཛིན་པའི་སྙིང་པོ་འདི་ལས་སོ། །འདས་ན་ཅི་ཞེ་ན། འདས་ན་བརླག་པར་འགྱུར་རོ། །འདས་པར་གྱུར་ན་ཉེས་པ་ཇི་ལྟ་བུ་འབྱུང་ཞེ་ན། ཏདྱ་ཐཱ་བུདྡྷ་བུདྡྷ་བི་བུདྡྷ་མ་ཏི་ཀྲ་མ་ཏ་ཞེས་བྱ་བ་ནི་འདས་པ་དང་། ད་ལྟར་དང་། མ་འོངས་པའི་སངས་རྒྱས་རྣམས་ཀྱི་བཀའ་བཅག་
པས། ཧ་ར་ཧ་ར་ནཱ་ག་ནན། པྲ་ཧ་ར་པྲ་ཧ་ར་ནཱ་ག་ནན། ཚིནྡ་ཚིནྡ་ནཱ་ག་ཧྲྀ་ད་ཡ་ནི་བྷིནྡ་བྷིནྡ་ནཱ་ག་དྷ་མ་ནི། བཱི་སཱི་མཏྟ་ནཱ་ག་ཤ་རཱི་ཎི། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ན་ནི། ནཱ་ག་བི་ད་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་ག་ཀྲོ་དྷ་སཱ་དྷ་ནཱ་ཡ་ཕཊ། ཅེས་བྱ་བ་ནི་ས་འོག་ན་གནས་པ་རྣམས་ལ་གནོད་པ་མདོར་བསྟན་ཏེ། འདི་འདྲ་བ་འབྱུང་
བའོ། །ཀླུ་རྣམས་གདན་དུ་བྱས་ནས་ཟ་བ་དང་། མནན་ནས་གཙོ་བོ་ལ་སྟེར་བ་དང་། དབང་པོའི་རྟེན་གཅོད་པ་དང་། ལུས་བཅིང་བ་དང་། ཀླུའི་ལུས་དང་སྙིང་འདྲ་ལ་བར་བྱེད་པ་དང་། ཀླུའི་ལུས་གཤོག་པ་དང་། ཀླུ་རྣམས་འཇོམས་པ་དང་། ཀླུ་ཁྲོ་བོས་རློག་པར་བྱེད་དོ། །དེའི་ལས་ལ་སྦྱར་བ་ནི། །
དཀྱིལ་འཁོར་གྲུ་གསུམ་པ་བསྒྲུབ་པའི་དཀྱིལ་འཁོར་གྱི་བྱང་དུ་བཅས་ཏེ། བསྒྲུབ་བྱའི་གཟུགས་སྤྲ་ཚིལ་ལམ་རྟེན་གྱི་ས་ལས་བྱས་ཏེ། དེ་ཡང་གྲུ་གསུམ་དུ་བཅུག་ནས་བདག་ཉིད་གོང་དུ་བསྟན་པའི་འཁོར་ལོ་ཆེན་པོ་བསྒོམས་ལ། སྒྲུབ་པའི་སྔགས་ལ་ལས་ཀྱི་སྔགས་དེ་རྣམས་བཏགས་ཏེ། ཡུངས་
ཀར་སྦྲུ་བར་བྱས་ལ་ལས་བརྩམ་མོ། །དེ་ནི་ཕུཿལས་བསྐྱེད་ཅིང་། དགུག་གཞུག་བཅིང་བ་བྱ་ཞིང་ས་བོན་ཕུཿལ་ལས་བྱའོ། །དེ་ནས་མནན་ནོ། །ས་སྟེང་གི་གནོད་སྦྱིན་ལ་གནོད་པ་དོར་བ་ནི། ཏདྱ་ཐཱ། བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ།
བ་ལ་ཀྲ་མ་ཡ་ཕཊ། ཀྲྀ་ཏཱནྟ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པ་ཡ་ཕཊ། རོཥ་ཎཱ་ཡ་ཕཊ་ཅེས་བྱ་བ་ནི་ཁྲོ་མོ་འཇོམས་མ་དང་། སྒྲུབ་པའི་ཁྲོ་མོ་དང་། སྒྲུབ་པའི་གོས་སྔོན་མ་དང་། ཐོགས་མེད་སྟོབས་མའོ། །ཕ་རོལ་གནོན་མ་དང་། མཐར་བྱེད་གནོན་མ་དང་། མཐར་གཟུགས་གནོན་པ་དང་། གཏུམ་ཆེན་
གནོན་པའོ། །ཡཀྵ་ཨ་པ་མྨཱ་ར་ཕཊ་ཅེས་བྱ་བ་ནི་གནོད་སྦྱིན་གྱིས་འགལ་བ་ནི་འདི་ལྟ་སྟེ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཞེས་བྱ་བ་ནི་བརྡེག་པ་དང་། འཇོམས་པ་དང་། གསོད་པ་དང་། གནོད་པར་བྱེད་པའོ། །དེའི་ལས་སྦྱོར་ནི། སྒྲུབ་པ་དང་འབྲེལ་བའི་ལས་

སྦྱོར་གྱི་དཀྱིལ་འཁོར་བྱས་ཏེ། དེ་ཡང་གྲུ་གསུམ་མཛུབ་གང་བ་བྱས་ཏེ། སྤྲ་ཚིལ་ལས་གཟུགས་སོར་བརྒྱད་པ་སྙིང་གར་ཡི་གེ་ཀྵ་གཞུག་པར་བྱའོ། །འཁོར་གྱི་སྤྲུལ་པས་ཡུངས་ཀར་ལ་གསད་པའི་ལས་བྱའོ། །དེ་ནས་མནན་པའི་ལས་བྱའོ། །ཏདྱ་ཐཱ། བི་དཱ་ར་ཎ་ཡ་ཧཱུྃ་ཕཊ།
ཀྲོ་དྷ་སཱ་དྷ་ཡ་ཕཊ། ནཱི་ལཱཾ་བ་ས་ན་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ་ཅེས་བྱ་བ་ནི་ས་དང་། མེ་དང་ཆུ་དང་། རླུང་ངོ་། །སའི་ལྷ་མོས་ནི་རིན་པོ་ཆེ་དང་། པདྨ་དང་། ཀུ་མུ་ཏར་བྱིན་གྱིས་བརླབས་སོ། །མེའི་ལྷ་མོས་ནི་འོད་གསལ་བ་དང་། འབར་བ་དང་། འོད་གཞན་ཟིལ་གྱིས་མནོན་པར་མཛད་དོ། །
ཆུའི་ལྷ་མོས་ནི་འབབ་ཆུ་དང་། བདུད་རྩིའི་མཚོ་དང་། ཡིད་དུ་འོང་བའི་ཆར་དུ་ཕྱིན་གྱིས་བརླབས་སོ། །རླུང་གི་ལྷ་མོས་ནི་སྒྲ་སྙན་པ་དང་། ཡིད་དུ་འོང་བ་དང་། སིམ་པའི་ངད་དང་། སྤོས་ཀྱི་ངད་དུ་བྱས་ཏེ་བདུད་རྩིའི་ཆོ་འཕྲུལ་ལེགས་པར་བྱིན་གྱིས་བརླབས་པའོ། །པ་ར་ཀྲ་མ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཧཱུྃ་
ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཧཱུྃ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཅེས་བྱ་བ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། གཟུགས་དང་། རྣམ་པར་ཤེས་པའོ། །མཚན་མར་འཛིན་པ་ལ་བརྟེན་ནས་རྣམ་པར་འབྱེད་ཅིང་ཕྲག་དོག་ཞི་ནས་སྡུག་བསྔལ་ཅན་རྣམས་བདེ་བར་བྱིན་གྱིས་བརླབས་སོ། །མི་དགེ་བའི་
བསམ་པ་དང་ལྡན་པ་དགེ་བར་བྱིན་གྱིས་བརླབས་སོ། །གཟུགས་མི་སྡུག་པ་མཛེས་པར་བྱིན་གྱིས་བརླབས་སོ། །ཞེ་སྡང་དང་བཅས་པ་བྱམས་པ་དང་སྙིང་རྗེ་དང་ལྡན་པར་བྱིན་གྱིས་བརླབས་སོ། །རྣམ་པར་ཤེས་པ་ནི་གཏུམ་པའམ་འབར་བའོ། །གཟུགས་ནི་བརྟན་པའི་རང་བཞིན་ནོ། །
འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ། །འདུ་བྱེད་ནི་ཐོགས་པ་མེད་པའམ་ཆགས་པ་དང་བྲལ་བའོ། །ཚོར་བ་ནི་བདེ་བའམ་རྒྱུད་ལ་སྲོག་འཛིན་པའི་རང་བཞིན་ནོ། །གཞན་རྒྱུད་སྲེག་པའི་ཁྲོ་བོའི་གཟུགས་མཐར་འཇོམས་པར་བྱེད་ཅིང་ཕ་རོལ་གནོན་པར་བྱེད་པས། ཏྲཱས་
ནཱ་ཡ་ཕཊ། ཀུཥྨཎྜོཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤཱ་ཀ་རཱ་ཡ་ཕཊ། ཅེས་བྱ་བ་འཆིང་བ་དང་། འཛིན་པ་དང་། གསོད་པ་དང་། གནོན་པ་ལ་སོགས་པའི་གནོད་པར་འགྱུར་རོ། །དེའི་ལས་སྦྱོར་ནི་འདི་ལྟ་སྟེ། བདུད་རྣམས་དང་། གྲུལ་བུམ་རྣམས་དང་། སྲོག་འཕྲོག་པར་བྱེད་པའི་ཡི་དགས་

རྣམས་དང་། ཤ་ཟ་ལ་སོགས་པ་བདུད་དང་བདུད་ཀྱི་རིགས་མ་རུངས་པ་རྣམས་དང་། དེ་རྣམས་བཀའ་ལས་འདས་ན་བརླག་པར་འགྱུར་ཏེ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཞེས་བྱ་བ་སྟེ། འཆིང་བ་དང་འཛིན་པ་དང་། གསོད་པ་དང་གནོན་པ་ལ་སོགས་པའི་གནོད་པར་འགྱུར་རོ། །
དེའི་ལས་སྦྱོར་ནི་བསྐྲད་པ་དང་། གསད་པའོ། །བསྐྲད་པ་ནི་གྲོ་གའམ་ཤིང་ཤུན་ལ་གདོན་གྱི་གཟུགས་བརྙན་བྲིས་ཏེ། རྡོ་རྗེས་མེ་ལ་བསྲོ་ཞིང་བྱབ་པ་བྱའོ། །སྔགས་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཕཊ་ཅེས་བརྗོད་ནས་བསྐྲད་པར་བྱའོ། །གསད་པ་ནི་སྒྲུབ་པའི་དཀྱིལ་འཁོར་དང་འབྲེལ་བའི་གསད་པའི་དཀྱིལ་
འཁོར་བྱས་ཏེ། གྲུ་གསུམ་པ་ནི་ནིམ་པའི་ཁུ་བས་བྱུགས་ཏེ། ནང་དུ་རྡོ་རྗེ་རྩེ་མོ་གྱེས་པ་ནག་པོ་བྲི་བར་བྱའོ། །ཟུར་གསུམ་ལ་ལྕགས་ཀྱུ་བྲི་བར་བྱའོ། །མཐའ་མ་ལ་མེ་རི་དང་གྲི་གུག་གིས་བསྐོར་བར་བྱའོ། །དེའི་གཟུགས་བརྙན་སོར་བརྒྱད་སྙིང་གར་བྲེ་དང་བཅས་པ་དེར་བཅུག་ནས་ནིམ་པའི་
ཁུ་བ་དང་ཡུངས་ཀར་དང་ཕྱེ་མ་གསུམ་ལ་སྤྲུལ་པའི་ཁྲོ་བོར་བྱས་ལ་གསད་པའི་ལས་བྱའོ། །ཆས་གོས་ནི་ནག་པོར་བྱའོ། །བདག་ཉིད་བསྒོམ་པ་ནི་འཁོར་ལོ་ཆེན་པོ་ཇི་ལྟ་བ་བཞིན་དུ་གསལ་བར་བྱའོ། །ཕྱིར་གསད་ཐབས་སྦྱར་བ་ནི། སརྦ་བིགྷྣཱཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཅེས་བྱ་བས་ལས་ཐམས་
ཅད་བྱའོ། །བསྟན་པ་འཇིག་པ་རྣམས་ལ་ནི། །གུ་ཧྱ་འདི་ནི་རབ་ཏུ་བསྟན། །རབས་ཆད་ཐོད་པའི་སྣོད་ནང་དུ། །ཛཿབརྒྱད་བཅས་པའི་གཟུགས་བརྙན་གཞུག །གྲུ་གསུམ་རྒྱ་གྲམ་སྐུ་གཟུགས་ཏེ། །བསྙེན་པ་རྫོགས་ནས་ལས་བརྩམ་མོ། །ཏ་དྱ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ་ཨི་དཾ་
ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ་བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མ་ཏི་ཀྲ་མ་ཏེ་ཨུཏྶཱ་ད་ནཾ་བྷ་བི་ཤུདྡྷི་སརྦ་ཤ་ཏྲཱུཾ་བུདྡྷྱ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་དྷརྨཱ་ཡ། བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུན་སཾ་གྷ་ཏ་བི་ནཱ་ཤ་ཀ་རཱ་ཡཱ་ཕཊ། ཅེས་བཟླས་ཤིང་ལན་བདུན་བསྐོར་བས་བཟློག་པར་བྱའོ། །དེ་ཐིམ་པ་དང་ཤར་
ཕྱོགས་སུ་འདུག་སྟེ། གཏོར་མ་བཏང་ནས་བསླབ་པ་གསོ་སྟེ་གསོལ་བ་གདབ་པོ། །དེ་ནས་རྡོ་རྗེ་རྩེ་དགུ་པས་བརྡུང་བ་ནི། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། ཚིནྡ་ཚིནྡ། བྷིནྡ་བྷིནྡ། སརྦ་ཤ་ཏྲཱུན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཅེས་བྱ་བས་བརྡེག་པར་བྱའོ། །དེ་ཡང་དབང་དུ་བསྡུ་བ་དང་།

བསད་པ་དང་། འདྲེན་པ་དང་། བཅིང་བ་སྟེ། སྒོ་བའི་གཙོ་བོ་ལ་བརྟེན་པའི་སྔགས་སོ། །རྡོ་རྗེ་རྩེ་མོ་གཡས་རྩེས་བསྐོར་ཞིང་བརྡུང་བར་བྱའོ། །ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཞེས་བྱ་བ་ནི། རྐང་པའི་འོག་ནས་མནན་ཞིང་བརྡེག །དགུག་དང་དབང་དུ་
བསྡུ་བ་དང་། །གསད་དང་མནན་པའི་ལས་ཡིན་ཏེ། །དཀྱིལ་འཁོར་ལྷའི་དབང་དུ་བྱས་པའི་སྒོ་མ་བཞིའི་ལས་སྦྱོར་རོ། །ཁྲོ་མོ་བཞིས་ནི་མཆོད་པ་འབུལ། །ཁྲོ་བོ་བཞི་ཡིས་ལས་བརྩམ་མོ། །མཆོད་རྟེན་བཅས་པའི་རི་རྩེར་སྦ། དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །འཁར་གཞོང་དཀར་
པོའི་སྣོད་ནང་དུ། །ནཱ་ག་བརྒྱད་ཀྱི་གཟུགས་བྱས་ཏེ། འཕེལ་བའི་དུས་ཀྱི་ཚེས་གྲངས་ལ། །བདུད་རྩི་འོ་མས་དུས་གསུམ་མཆོད། །བསྙེན་པ་འབུམ་དུ་ཐིམ་པ་དང་། །ལྟོ་འཕྱེའི་གཟུགས་ནང་མིད་གཞུག་བྱ། །མ་ཏི་པྲ་པ་ཏ་ཧ་ར་ཧ་ར་ནཱ་ག་ནཱན། །པྲ་ཧ་ར་པྲ་ཧ་ར་ནཱ་ག་ནཱན། །ཚིནྡ་ཚིནྡ་ནཱ་ག་ཧྲྀ་
ད་ཡ་ནི། བྷིནྡ་བྷིནྡ་ནཱ་ག་དྷ་མ་ནི། བྷི་སི་མ་ཏ་ནཱ་ག་ཤ་རཱི་ར་ཎི། བི་སྥོ་ཊ་ཡ་ནཱ་ག་ཡ་ན་ནི། ནཱ་ག་བི་དྷ་ར་ཎ་ཧཱུྃ་ཕཊ། ནཱ་ག་ཀྲོ་དྷ་སཱ་དྷ་ནཱ་ཡ་ཕཊ། ཀླུ་བརྒྱད་དྲག་པོའི་གསང་སྔགས་ཏེ། །བསྙེན་པ་གཙོ་བོའི་བསྙེན་པ་ལ། །ཕུ་བཏབ་འདི་ཡི་རྩ་སྔགས་ཏེ། །འབུམ་བཟླས་འདི་ཡི་ལས་བརྩམ་མོ། །བསྲུང་
བ་ལུས་ལ་གདགས་པར་བྱ། ལས་ཐེབས་ལྟོ་འཕྱེའི་ཐོད་བཅུག་ལ། །བྱང་བལྟས་གདོལ་པ་ཅན་ལ་གཏད། །མཆོད་རྟེན་རབ་གནས་སྒྲུབ་སྔགས་སོ། །ཐོད་པ་བྱིན་རླབས་བསྐོར་བའི་སྔགས། །ཕུར་བུ་ཧཱུྃ་དང་ཕཊ་ཀྱིས་སོ། །ལྟོ་འཕྱེ་ལ་ནི་ཀླུ་བརྒྱད་སྔགས། །འཁོར་ལོ་གཉིས་སུ་ཤེས་པས་
གཞུག །གདོན་སྔགས་གསལ་བྱེད་དབྱངས་ཡིག་བསྐོར། །བསྙེན་སྒྲུབ་ལས་རྣམས་རྫོགས་གྱུར་ན། །རང་འོག་ཐམས་ཅད་འདུ་བར་སྦའོ། །འདག་པ་ལ་སོགས་བྱིན་བརླབས་ནས། །གྲུ་གསུམ་རྡོ་རྗེས་མཚན་པའོ། །སུམ་བརྩེགས་དྲག་པོའི་མཆོད་རྟེན་ལ། །བུམ་པར་གདུང་དང་བཅས་
པས་མཆོད། །ཞག་གསུམ་བསྙེན་པ་རྫོགས་བྱས་ནས། །བྱིན་རླབས་ཅན་གྱིས་རབ་ཏུ་མནན། །ཀླུ་འདུལ་བ་ཡི་གཟུགས་བྱ་སྟེ། །གཙོ་བོའི་སྔགས་ཀྱིས་ལེགས་བསྒྲུབས་ནས། །གྲུ་གསུམ་གཟུགས་བརྙན་བཅས་པ་ནི། །གདམས་ངག་ལྡན་པས་ལེགས་པར་སྦ། །འཁོར་ལོ་གྲོ་ག་

ཤིན་ཤུན་ལ། །ནིམ་པའི་ཆུ་ཡིས་བྲི་བ་ནི། །ཐིག་བཞི་ལིང་རྩེ་དགུ་པ་ལ། །མ་ནོར་སྔགས་རྣམས་དགོད་པ་ནི། །བི་དཱ་ར་ཎཱ་ཡ་ཧཱུྃ་ཕཊ། ཀྲོ་དྷ་སཱ་དྷ་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ་ཅེས་བྱ་བ་དགོད། པ་ར་ཀྲ་
མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱན་ཏ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། ཚིནྡ་ཚིནྡ། བྷིནྡ་བྷིནྡ་ཧཱུཾ་ཕཊ། ཟུར་ལ་གཟུགས་དང་མིང་བཅས་ལ། །འཁྲུལ་འཁོར་གཙོ་བོའི་ལྟེ་བར་བསྐོར། །བི་དཱ་ར་ཎཱ་ཡ་ཕཊ། པ་ར་ཀྲ་མཱ་ཡ་ཕཊ། ཅེས་བྱ་བས། ས་ཡི་དཀྱིལ་འཁོར་སྟེང་གནས་པས། །ཞི་
ཞིང་སྦྱང་བའི་ལས་བསྐོར་རོ། །ཀྲོ་དྷ་སཱ་དྷ་ནཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཅེས་བྱ་བས། མེ་ཡི་གདན་ལ་རབ་བཞུགས་པས། །རྒྱས་ཤིང་སྨིན་པའི་ལས་བྱའོ། །དེ་གཉིས་རྩིབས་བཞིའི་འཁོར་ལོ་སྟེ། དང་པོའི་མཚམས་སུ་ལཾ་བསམས་ཏེ། གཉིས་པའི་མཚམས་སུ་ར་བསམ་མོ། །ནཱི་ལཱཾ་བས་
ནཱ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། རོ་ཥ་ཎ་ཧ་ཏ་བ་ལཱ་ཡ་ཕཊ། དང་པོའི་འཁོར་ལོ་རྩིབས་དྲུག་སྟེ། །ཆུ་ཡི་གདན་བཞུགས་འཁྲུལ་འཁོར་ནི། །དབང་དུ་བྱ་དང་སྡུད་པའི་ཕྱིར། །ཆུ་ཡི་འཁོར་ལོ་<བསྐར་‚བསྐོར་>བར་བྱ། །ཐ་མའི་འཁོར་ལོ་རྩིབས་བརྒྱད་དེ། །རླུང་གི་དཀྱིལ་
འཁོར་ལ་གནས་ཏེ། །དབྱེ་ཞིང་རླག་པའི་ལས་བརྩམས་ཏེ། །རླུང་གི་འཁོར་ལོ་བསྐོར་བར་བྱའོ། །དང་པོའི་རྩིབས་མཆན་བཾ་བསམས་ནས། །ཐ་མའི་རྩིབས་ལ་ཡཾ་དགོད་བྱ། །ཐུན་མཚམས་གཅོད་ཅིང་གཏོར་མ་བཏང་། །འཁོར་རྣམས་སྣ་ལ་གཙོ་བོས་གསད། །དེ་ཐམས་ཅད་
ཀྱི་བསྙེན་པ་ནི་བཅོ་ལྔ་པའམ། །ཉི་ཤུ་རྩ་གཉིས་པས་བྱའོ། །བསྒྲུབ་པར་བྱ་བའི་རིམ་པ་ནི། །བདག་ཉིད་འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་དུ་བསྒོམས་ཏེ། ཏདྱ་ཐཱ་བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། ཀྲོ་དྷ་སཱ་བྷ་བཛྲ་པཱ་ཎི་ཧྲྀ་ད་ཡཾ། །ཡཿས་མ་ཏི་ཀྲ་མ་ཏེ། ཨུཏྶཱ་དྷ་ནཾ།
བྷ་བི་ཤུདྡྷི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བ་ནི་གཙོ་བོ་དང་ཡུམ་དང་བཅས་པའོ། །ཨོཾ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ཨོཾ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཕཊ། ཨོཾ་ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨོཾ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། ཅེས་བྱ་བ་ནི་ཁྲོ་མོ་བཞིའོ། །ཨོཾ་བ་ར་ཀྲ་མཱ་ཡ་ཕཊ། ཨོཾ་ཀྲྀ་ཏཱནྟཱ་ཡ་ཕཊ། ཨོཾ་ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ།

ཨོཾ་རོ་ཥ་ཎ་ཧ་ཏ་བ་ལཱ་ཡ་ཕཊ། ཅེས་བྱ་བས་ནི་གཙོ་སྔགས་བསྟན་པ་སྟེ། འབུམ་དུ་རྫོགས་ནས་ལས་བརྩམ་མོ། །ཨོཾ་ཧ་ས་ཧ་ས་ཧཱུྃ། ཨོཾ་དྷ་ར་དྷ་ར་ཛཿཨོཾ་མཱ་ར་ཡ་མཱ་ར་ཡ་བཾ། ཨོཾ་ནཱ་ཤ་ཡ་ནཱ་ཤ་ཡ་ཧོཿའཁོར་ཉིད་ལ་ནི་རབ་ཏུ་སྦྱར། ཨོཾ་ཧ་ར་ཧ་ར་ཧོཿཨོཾ་པྲ་ཧ་ར་པྲ་ཧ་ར་བཾ།
ཨོཾ་ཚིནྡ་ཚིནྡ་ཛཿ། ཨོཾ་བྷི་ནྡ་བྷིནྡ་ཧཱུྃ། གཙོ་བོ་ཉིད་ལ་སྦྱར་བར་བྱ། །ལས་ཀྱི་སྔགས་ནི་དེ་ཉིད་དོ། །སྔགས་ཀྱི་དོན་ནི་བསྟན་པའོ། །ད་ནི་བརྗེད་པ་གསོ་བར་བྱ་སྟེ། །གནོད་སྦྱིན་རྣམས་ཀྱིས་བརྗེད་ན་ཆུ་ཁྱོར་བ་གང་ལ་སྔགས་བཏབ་སྟེ། ནམ་མཁའ་ལ་གཏོར་རོ། །ས་འོག་ན་གནས་པས་བརྗེད་ན་
བལ་པོ་སེའུས་སམ་ཉ་བྲིད་ལྕུག་མས་བྲབ་བོ། །བདུད་དང་ལོག་འདྲེན་གྱིས་བརྗེད་ན་ནི་སྐུད་པ་ལ་བརྗོད་པས་གསོའོ། །གལ་ཏེ་དེ་ལས་འདས་ན་གོང་དུ་བསྟན་པའི་ཉེས་པ་དེར་འགྱུར་རོ། །ཨརྫ་གའི་དོག་པ་བཞིན་དུ་ཡང་འགས་པས་དྲན་པར་གྱིས་ཞེས་བརྗོད་དོ། །དེའི་ཆོ་ག་ནི་ཞེས་བྱ་བའི་
དོན་ནི་གདོན་གསུམ་པོ་དེའི་འོ། །དེ་ལས་གནོད་སྦྱིན་གྱི་ཆོ་ག་ནི་དང་པོར་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྔོན་དུ་སོང་བའི་བདུད་རྩི་ཐིགས་པའི་སྒྲུབ་ཐབས་བཞིན་བསྒོམས་ཏེ། ཞག་གསུམ་བསྙུང་བར་འདུག་སྟེ། མཎྜལ་གྱི་ཐོག་ཏུ་ཡུངས་ཀར་ལ་སྔགས་བཟླས་ཏེ། ཞག་
གསུམ་ཐིམ་པ་དང་ནད་པའི་སྤྱི་བོར་གཞག །ལག་ཏུ་ཡང་བྱིན་པས་དངངས་པ་དང་། ཁྲོ་བ་དང་། བཞིན་མི་སྡུག་པ་སྟོན་ཅིང་ཕྱིར་འབྲོས་སོ། །དེ་ལ་མཎྜལ་གྲུ་བཞི་པ་མདའ་གང་བ་བྱས་ཏེ་སྤོས་ཀྱིས་བྱུགས། དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ཐིག་གདབ་སྟེ། ཚོན་སེར་པོས་བྲི་བར་བྱའོ། །
བུམ་པ་ཁ་དོག་སྔོན་པོ་མགུལ་ཆིངས་སྔོན་པོ་ཅན་བརྒྱད་དགོད་དོ། །མདའ་དང་གྲི་དང་མེ་ལོང་བཞི་གྲྭ་བཞིར་གཟུགས་སོ། །རས་སམ་དར་སྔོན་པོས་གུར་དུ་དབུབ་པོ། །གཏོར་མ་དམར་གཏོར་ཆ་བརྒྱད་ཀྱང་བཀྲམ་མོ། །མདུན་དུ་བུམ་པ་སྔོན་པོ་མགུལ་ཆིངས་སྔོན་པོ་དང་བཅས་པ་གཞག་
གོ། །ནད་པ་བྱང་དུ་ཁྲུས་བྱས་ཏེ་ཀུ་ཤའི་སྟེང་དུ་གཞག་པར་བྱའོ། །དེ་ནས་བུམ་པ་བྱིན་གྱིས་བརླབ་པ་ནི་བྷྲཱུཾ་ལས་བསྐྱེད་ཅིང་ཟླ་བའི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྔོན་པོ་ཕྱག་བྲང་དུ་བསྣོལ་བ་མཆེ་བ་ཅུང་ཞིག་གཙིགས་པ་བསྐྱེད་ལ་ཡེ་ཤེས་བསྟིམ་པ་ལ་སོགས་པ་བྱའོ། །དེ་ནས་

བདག་ཉིད་བདུད་རྩི་ཐིགས་པ་བཞིན་བསྒོམས་ལ། བུམ་པ་བསྒྲུབ་པའི་སྔགས་རིངས་བརྒྱ་རྩ་བརྒྱད་བཟླས་པས་ཞུ་བར་བསམ་མོ། །དེ་ནས་རང་གཙོ་བོར་བསམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ལ། གནོད་སྦྱིན་ཆེན་པོ་བརྒྱད་ཀུ་ལས་བསྐྱེད། དགུག་པ་དང་བགེགས་བསྐྲད་པ་དང་། བསྟིམ་པ་
དང་བདུད་རྩི་མྱོང་བ་ཡན་ཆད་རྫོགས་པ་དང་སྔགས་རིངས་བཟླས་སོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། ཨོཾ་ཧཱུྃ་ཧྲཱིཿཞེས་བྱ་བས་སྦྱང་བ་དང་སྤེལ་བ་དང་། སྦར་བས་བྱིན་གྱིས་བརླབས་ནས། གནོད་སྦྱིན་འཁོར་དང་བཅས་པས་བཅོམ་ལྡན་འདས་མཆོད་པ་ནི། ཨོཾ་ནཱི་ལཱཾ་བ་ར་དྷ་ར་ཀྲོ་དྷ་སཱ་དྷ་
བཛྲ་པཱ་ཎི་ཧཱུྃ་ཧཱུྃ་མ་ཧཱ་ཡཀྵ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧཱི་ཞེས་བྱ་བས་ཕུལ་ཏེ། དེའི་རྗེས་ལ་བུམ་པའི་ཆུས་ནད་པའི་ལུས་བཀྲུ་བར་བྱས་ལ་གཏོར་མ་བཏང་ན་ཟློག་པར་འགྱུར་རོ། །དེའི་ཕྱིར་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ཆུ་ལ་སྔགས་བཏབ་སྟེ་གཏོར་ན་གཏང་བར་འགྱུར་རོ་ཞེས་བྱའོ། །ཀླུ་ཟློག་པར་
བྱེད་ན་བདུད་རྩི་ཐིགས་པ་ནས་འབྱུང་བ་བཞིན་དུ་ཞག་གསུམ་བསྙུང་བར་འདུག་སྟེ། བདག་ཉིད་ལྷར་བསྒོམས་ནས་མདུན་དུ་མཎྜལ་མཆོད་པ་དང་བཅས་པའི་ཐོག་ཏུ་ཀུ་ཀུ་རའི་མིང་ཉ་ཕྱིས་སམ། དངུལ་ལས་བྱས་པའི་ག་འུར་བཅུག་ནས། གསང་སྔགས་སུ་སྔགས་རིངས་འབུམ་བཟླས་པའམ། །
བརྒྱ་རྩ་བརྒྱད་བཟླས་ནས་ནད་པ་ལ་བྱིན་ན། འཕྲིག་པ་དང་སྙིང་མི་དགའ་བ་དང་། སྣ་འགགས་པ་དང་། ངུ་སྙིང་འདོད་པ་དང་། ལུས་བེར་བ་དང་བཅས་པར་འགྱུར་རོ། །བརྟག་པ་དང་། རྨི་ལྟས་ནི་མཛེ་ནད་བརྟག་པ་དང་། རིམ་པ་དྲུག་པར་ཤེས་པར་བྱས་ནས། གསོ་རུང་མི་རུང་ཤེས་པའི་
རྟགས་འབྱུང་ངོ་། །དེ་ལ་ནི་བུ་མོ་ལོ་བརྒྱད་ནས་བཅུ་དྲུག་ལོན་པས་ཁྲུས་བྱས་ཏེ་ས་བླངས་ལ་ཀླུ་སྒྲུབ་བཞིན་དཀྱིལ་འཁོར་བཞེངས་ལ་བསྒྲུབ་པར་བྱ་བ་ནི་ཀླུ་སྒྲུབ་ཏུ་ཤེས་པར་བྱའོ། །དེ་ནས་ནད་པ་ལ་རྨ་བྱའི་སྒྲོ་འམ་སྨྱག་ཤད་ཀྱི་ལྕུག་མས་བྱ་བ་པར་བྱ་ཞིང་། བདག་ཉིད་བདུད་རྩི་ཐིགས་
པ་བཞིན་དུ་བསྐྱེད་ལ་ཀླུ་བརྒྱད་འཁོར་དང་བཅས་པ་མཆོད་པ་ནི། གཏོར་མ་པཾ་ལས་པདྨའི་སྣོད་དུ་བྱིན་གྱིས་བརླབས་ལ། ཕྱག་ལས་བདུད་རྩིའི་རྒྱུན་དབབ་པ་ནི་ལག་མཐིལ་དུ་ཟླ་བ་ལ་ཨ་བསམས་ལ། དེ་ལས་ཆུ་རྒྱུན་རྣམ་པ་ལྔ་འབབ་པར་བསམ་ཞིང་སྔགས་འདི་བཟླས་སོ། །

ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་ལན་གསུམ་བཏབ་སྟེ་བྱིན་གྱིས་བརླབས་ལ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་ཀྲོ་དྷ་སཱ་དྷ་བཛྲ་པཱ་ཎི་ཨི་དཾ་བ་ལཱིཾ་ཁ་ཁ་ཨི་དཾ་བཾ་ལིཾ་ཧ་ར་ཧ་ར་ནཱ་ག་ཨི་དཾ་བ་ལཱིཾ་པྲ་ཧ་ར་
པྲ་ཧ་ར་ནཱ་ག་ཨི་དཾ་བ་ལིཾ་ཚིནྡ་ཚིནྡ་ནཱ་ག་ཨི་དཾ་བ་ལིཾ་བྷིནྡ་བྷིནྡ་ནཱ་ག་ཨི་དཾ་བ་ལིཾ་ནཱ་ག་ཤ་རཱི་ར་ཎི་ཨི་དཾ་བ་ལཱིཾ་ནཱ་ག་དྷརྨ་ནི་ཨི་དཾ་བ་ལཱིཾ་ནཱ་ག་བི་དྷ་ར་ཎི། ཨི་དཾ་བ་ལིཾ་ནཱ་ག་ཀྲོ་དྷ་སཱ་དྷ་ན་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་སྭཱ་ཧཱ། ཞེས་པས་གཏོར་མ་སྦྱིན་པར་བྱའོ། །མཆོད་པ་སྔོན་དུ་སོང་ནས་གསོལ་བ་བཏབ་
སྟེ། རྟགས་བརྟག་པ་ནི་རིམ་པ་དྲུག་པར་ཤེས་པར་བྱའོ། །དེའི་ཕྱིར་ཀླུ་ཟློག་པར་བྱེད་ན་སྨྱག་ཤད་ཀྱི་ལྕུགས་མའམ། བལ་པོ་སེའུའི་ལྕུག་མས་བྱབ་པར་བྱའོ་ཞེས་པའི་དོན་ཏོ། །ཆར་དབབ་པར་འདོད་ན་གཞན་ཀླུ་སྒྲུབ་ཏུ་ཤེས་པར་བྱའོ། །ཁྱད་པར་ནི་དེ་ན་གནས་པའི་ཀླུ་དེ་ཀླུའི་རྒྱལ་པོ་དུང་སྐྱོང་
དུ་བྱས་ཏེ། སྔགས་རིངས་ཀྱིས་གཟེར་རོ། །སེར་བ་བསྲུངས་ན་སྟེང་འོག་འཁོར་ལོ་བསམས་ལ་སྔགས་རིངས་བཟླས་སོ། །ཡི་དགས་དང་བརྗེད་བྱེད་རྣམས་ལ་ནི་ནད་པའི་ལག་པ་དང་རྐང་པ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ། བདག་ཉིད་བདུད་རྩི་ཐིགས་པ་བཞིན་དུ་བསྐྱེད་ལ་ནད་པའི་
སྲིན་ལག་ནས་བཟུང་སྟེ། སྔགས་བཏབ་ན་ལུས་འདར་བ་དང་རྔུལ་བ་དང་སྨྲ་བ་འོང་། དེ་ལ་ནི་བདག་ཉིད་གོང་བཞིན་བུ་བསྐྱེད་ལ་ཉི་ཟླའི་བར་དུ་གདོན་བྲེ་ལས་བསྐྱེད་པར་བྱ་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་ལ་རླུང་ལྷ་ལ་བསྐྱོན་ལ་འཕང་ངོ་། །གཟུགས་བརྙན་ནི་ཚོན་སྣ་ལྔའི་སྐུད་པས་
བཅིངས་ལ་བྱའོ། །དེའི་ཕྱིར་བརྗེད་བྱེད་དང་སྨྱོ་བྱེད་ལ་ནི་སྐུད་པས་བྱའོ། །རིམས་ནད་མེད་པར་བྱ་བ་དང་གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། གནོད་སྦྱིན་དང་། ཀླུ་དང་ཡི་དགས་ལ་སོགས་པའི་ནད་འདི་གསུམ་བཟློག་པ་ལ་ནི་སྐུད་པ་སྔོན་པོས་བྱ་སྟེ། མེ་ཏོག་སྔོན་པོའི་ཆུས་
བསྒྱུར་ལ་མཎྜལ་བྱས་ཏེ། བདག་ཉིད་བདུད་རྩི་ཐིགས་པ་བཞིན་བསྒོམས་ཏེ། གའུའི་ནང་དུ་བཞག་སྟེ། ཞག་གསུམ་བསྙུང་བ་དང་བཅས་པས་བསྒྲུབ་པོ། མདུད་པ་བྱིན་གྱིས་བརླབ་པ་ནི། །སྟོང་པ་ལས་ཞལ་ནས་རྡོ་རྗེའི་ཕྲེང་བ་མདུད་པ་ལ་ཁྲོ་བོ་རྡོ་རྗེ་ཕྱིར་འཕྱར་བ་ཟླ་བའི་སྟེང་དུ་བསམ་

ཞིང་རབ་གནས་སྔགས་རིངས་བདུན་བདུན་གདབ་པོ། དེ་བས་ན་སྐུད་པ་སྔོན་པོ་གདགས་སོ། །ནོར་འདོད་ན་ཞག་གཅིག་བསྙུང་བར་འདུག་སྟེ་ཞེས་བྱ་བ་ནི་བདག་ཉིད་ཁྲུས་བྱས་གོས་གཙང་མ་བགོས་ཏེ། ཟ་གཅིག་པར་བྱས་ལ་སྦྲུལ་དཀར་པོའི་ཚིལ་བུ་དང་། དུར་ཁྲོད་ཀྱི་རས་ལ་མེ་བཏང་སྟེ་
བསྒྲུབ་པོ། །དེ་ནས་ལྕགས་ཀྱུ་ལྔ་དག་དང་། ས་བོན་གཉིས་དང་རྐྱེན་གསུམ་གྱིས། སྒྲུབ་པའི་རྫས་ཀྱིས་དེ་རྣམས་སྦྱར། སྤེན་མ་དུམ་བུ་གཅིག་ཏུ་གཞག །མཎྜལ་སྔོན་པོ་ལེགས་བྱས་ཏེ། །བདག་ཉིད་ལྷ་ཡི་སྐུར་གསལ་བས། །འོད་ཟེར་འཕྲོ་འདུའི་བཟླས་པ་བྱ། །འོད་དང་སྒྲ་དག་བྱུང་བ་ན། །
བྱུག་པ་ལུས་ལ་བྱུགས་བྱས་ནས། །མཆོད་པས་མཆོད་ནས་གསོལ་བ་གདབ། །ཅེས་བྱ་བ་ནི། སྤོས་ཀྱིས་བདུགས་ནས་ཞེས་བྱ་བའོ། །དེ་ལ་དབང་པོ་རབ་ལ་ནི་དངོས་སུ། ཐ་མ་ལ་རྨི་ལམ་དུ་དགེ་བ་སྟེ། གཏེར་ཡོད་པ་དང་མི་དགེ་བ་སྟེ། གཏེར་མེད་ཅེས་སྟོན་ནོ། །ནོར་ལྷ་སྒྲུབ་པ་ནི་དབེན་པའི་
གནས་སུ་སོང་སྟེ། སྟན་བདེ་བ་ལ་འདུག་ནས་མཎྜལ་སྔོན་པོ་བྱས་ཏེ། དེའི་སྟེང་དུ་གཞག་པ་ནི། །མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་ལ་ཞེས་བྱ་བ་ནི་འདག་པ་ལས་མཆོད་རྟེན་སྔོན་པོ་གདུང་ཤ་རཱི་རམ་བུམ་པ་ན་ཡོད་པའི་འཁོར་ལོ་དང་གདུགས་དང་བཅས་པ་
དབུས་སུ་གཞག་གོ། །བུམ་པ་སྔོན་པོ་མེ་ཏོག་སྔོན་པོའི་ཁ་རྒྱན་ཅན་བཞི་ཡང་མཆོད་ཡོན་གྱི་རྫས་སུ་ཕྱོགས་བཞིར་གཞག་གོ། །མཆོད་པ་རྣམ་པ་ལྔ་ནི་མེ་ཏོག་ལ་སོགས་པ་ཅི་འབྱོར་པའི་མཆོད་པའི་རྫས་རྣམས་གཞག་གོ། །ཆོས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་ཡང་བཤམས་ནས། སྒྲུབ་པ་ནི་བདག་ཉིད་
བསྙུང་བར་འདུག་སྟེ། ཚོགས་གཉིས་སྔོན་དུ་སོང་བ་བདག་ཉིད་བདུད་རྩིའི་ཐིགས་པ་བཞིན་བྱས་ཏེ། མཆོད་རྟེན་ལས་ནོར་ལྷ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ནོར་བུ་རིན་པོའི་ཆེའི་མཆོད་རྟེན། ཕྱག་གཡོན་ན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེ་འབྲུལ་བ། ཞབས་
བརྐྱང་བསྐུམ་དུ་བྱི་ན་ཡ་ཀའི་སྟེང་དུ་བསམ་མོ། །དེའི་སྙིང་གར་ཧྲཱིཿདམར་པོ་བསམས་ལ། སྤྱན་དྲང་ཞིང་བསྟིམ་པ་ལ་སོགས་པ་རྫོགས་པ་དང་། གསང་སྔགས་ཀྱི་འཕྲོ་འདུ་བྱའོ། །དེ་ཡང་སྔགས་སྟོང་བཟླས་ནས་གསོལ་བ་བཏབ་ན་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ་ཞེས་

བྱ་བ་ནི་སྔགས་སྟོང་ཐིམ་པའི་ཆུས་ལན་བདུན་མཆོད་པ་ནི་ཆུ་ཐིགས་པ་རེ་རེ་ལ་སྔགས་ལན་བདུན་བདུན་གདབ་པོ། དེ་ནས་གསོལ་བ་གདབ་སྟེ། བདག་ཆེ་གེ་མོ་འདི་ཞེས་བྱ་བ་ལ་འདུས་བྱས་ཀྱི་དངོས་པོ་འདི་དང་འདི་སྩོལ་ཅིག་བྱས་ནས་ཆོས་སྐྱོང་རྣམས་ལ་གཏོར་མ་བཏང་ནས་
ཉིན་རེ་ལ་ཅི་འདོད་པའི་རྫས་གསེར་གྱི་དོང་ཚེ་བདུན་སྟོང་བདུན་སྟོང་རི་བ་འབྱུང་ངོ་། །རྒྱས་གདབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ་ཞེས་བྱ་བ་ནི་རྒྱས་བཏབ་པ་ནི་བན་བོན་གྱི་བྱད་དུ་བཅུག་པའོ། །མཆོད་པ་སྔོན་དུ་སོང་བས་གསོལ་ཏེ་བརྟག་པ་ནི། རིམ་པ་དྲུག་པར་ཤེས་པར་བྱའོ། །
དེ་དགྲོལ་བའི་ཐབས་ནི་སྔོན་དུ་བསྙེན་པ་རྫོགས་པའི་གང་ཟག་གིས་ཐབ་ཁུང་གྲུ་གསུམ་བཅས་ཏེ་དྲག་པོའི་སྦྱིན་སྲེག་བྱས་ནས་དེའི་ཐལ་བ་དང་སྔགས་པ་དེ་ཉིད་ཀྱི་དྲི་ཆུ་སྦྱར་ཏེ། ནག་པོའི་ཕྱོགས་ཀྱི་ཚེས་གྲངས་ཀྱི་དུས་སུ་ཁྲུས་བྱས་ན་དྲང་སྲོང་དམོད་མོ་ཡང་བཟློག་གོ། །བསྲུང་བར་
འདོད་ན་དྲག་པོའི་སྦྱིན་སྲེག་གི་ཐལ་བ་དང་། སྐྱེ་བ་བདུན་པའི་ཐལ་ཆེན་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། སྐྱབས་འགྲོ་སྔོན་དུ་སོང་བ་ལ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །སྒོ་ལྕགས་དབྱེ་བར་འདོད་པས་ཡུངས་ཀར་གྱིས་བྱའོ་ཞེས་བྱ་བ་ནི་ཐབ་ཁུང་གྲུ་བཞི་བྱས་ཏེ། ཡུངས་ཀར་
སེར་པོ་སྒྲུབ་པ་བྱས་ལ་ཤིང་ཀ་ར་བཱི་རའི་མེ་ལ་ཟླ་བ་རྒྱས་པའི་དུས་སུ་སྦྱིན་སྲེག་བྱས་པའི་ཐལ་བ་དང་། ཡུངས་ཀར་བསྲེས་པས་མིག་ནས་མར་བླུགས་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབྱེ་བར་འགྱུར་རོ། །འཇིགས་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་བརྒྱད་དེ། མེའི་འཇིགས་པ་དང་།
ཆུའི་འཇིགས་པ་དང་། སྦྲུལ་དུག་ཅན་གྱིས་འཇིགས་པ་དང་། རྒྱལ་པོའི་ཆད་པས་འཇིགས་པ་དང་། ཤུགས་ཅན་གཅན་གཟན་གདུག་པས་འཇིགས་པ་དང་། རྡོ་རྗེ་འབར་བས་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་བར་དུ་གཅོད་པས་འཇིགས་པ་དང་། སྲིན་པོ་ཁྲོས་ཤིང་
རྔམ་པས་འཇིགས་པའོ། །དེ་ལ་བསྲུང་བ་ནི་རྩི་མར་གྱི་སྙིང་པོ་དང་། ཞི་བའི་སྦྱིན་སྲེག་བྱས་པའི་ཐལ་བ་དང་། ཡུངས་ཀར་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། བསྲུང་བའི་འཁོར་ལོའི་བར་དུ་བླུགས་ཏེ། ཡོངས་སུ་རྫོགས་པའི་པགས་པའི་མཐའ་མར་གཏུམས་ཏེ།

མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ནད་ཀྱི་འཇིགས་པ་ཐམས་ཅད་ཅེས་བྱ་བ་ནི་རླུང་དང་། མཁྲིས་པ་དང་། བད་ཀན་དང་ལྡན་པ་དང་། འདུས་པ་དང་། ཡམས་དང་། རིམས་དང་། འབྲུམ་བུ་དང་། ཤུ་བ་དང་། མེ་དབལ་དང་། གཡན་པ་ལ་སོགས་པ་ཐམས་ཅད་དོ། །དེ་
བསྲུང་བ་ནི་སྐུད་པ་མེ་ཏོག་སྔོན་པོའི་ཆུས་སྐུད་པ་སྔོན་པོར་བསྒྱུར་བ་ལ་རང་ལྷའི་སྐུར་གསལ་བས་མི་དམིགས་པ་ལས་རྡོ་རྗེའི་རང་བཞིན་རྒྱ་གྲམ་དང་ལྡན་པའི་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ཞེས་བྱ་བ་ནི་གདོན་
གྱི་ཟ་འཕྲོའོ། །ཐམས་ཅད་ནི་ཕོ་མོའོ། །དེ་བསྲུང་བ་ནི་ཚོན་སྣ་ལྔའི་སྐུད་པ་ལ་བདག་ཉིད་ལྷའི་སྐུ་དང་ལྡན་པས་འོད་ཁ་དོག་ལྔ་དང་ལྡན་པའི་འོད་ཀྱི་གོང་བུའི་ནང་དུ་ཨོཾ་ཧཱུཾ་སྭཱ་ཨཾ་ཧཱ་ཞེས་བྱ་བ་བསམས་ཏེ། རབ་ཏུ་གནས་པ་བྱས་ལ་དེ་ལ་སྐྱབས་སུ་འགྲོར་བཅུག་སྟེ། མགུལ་དུ་བཏགས་ན་
བསྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པ་ཞེས་བྱ་བ་ནི་ལམ་དུ་ཞུགས་པ་ལ་སོགས་པའི་དུས་སུའོ། །སས་བྱའོ་ཞེས་བྱ་བ་ནི་དང་པོ་མལ་ས་ནས་གོམ་པ་འདོར་བའི་ཚེ་སྐྱེས་པའི་གཡས། བུད་མེད་ཀྱི་གཡོན་ནས་སྲིན་ལག་མ་གཏོགས་པའི་ལག་པས་ས་བླངས་ཏེ་
སྔགས་ལན་བདུན་བཏབ་ནས་བྱུང་བའི་ཚེ་བྱམས་པ་དང་ལྡན་པའི་བསམ་པས་གདོང་དུ་གཏོར་ན་ཞི་བར་འགྱུར་རོ། །དུག་ལ་ནི་རྩྭ་ཀུ་ཤས་བྱབ་པར་བྱའོ་ཞེས་བྱ་བ་ནི་དུག་རང་ལ་མི་བྱབ་པོ། དུག་གིས་ན་བ་ལ་ནི་རྩྭ་ཀུ་ཤ་བསྲེགས་པ་དང་། ཡུན་རིང་པོ་ལོན་པའི་དམར་པོའི་ས་ཁྲུ་གང་འོག་ནས་
འཇམ་པོ་བྲུད་དེ་ལོ་བརྒྱད་པའི་ཆུས་སྦྱར་ནས་སྔགས་བཏབ་སྟེ་བཏང་ན་འཚོ་བར་འགྱུར་རོ། །བདག་བསྲུང་བ་ལ་ཡིད་ཀྱིས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ལྷར་མོས་པའོ། །ཡང་ན་ཆུ་ལ་སྔགས་བཏབ་སྟེ་བྱའོ། །གཞན་ལ་ནི་གོང་གི་སྐུད་པ་སོ་སོས་བྱའོ། །ལས་དེ་ཐམས་ཅད་ལ་སྔགས་
བརྗོད་པ་ནི་གཅིག་གམ། གསུམ་མམ། ལན་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཁོར་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་།

བདུད་དཔུང་དང་བཅས་པ་རྗེས་སུ་ཡི་རངས་ཏེ། ཡི་རངས་ནས་བསྟན་པ་ལ་འཁོད་དོ། །དྲག་པོ་གསུམ་ནི་ས་བླ་ས་སྟེངས། ས་འོག་གསུམ་དྲག་ནི་མ་རུངས་པའོ། །དེ་ལ་འདུལ་བར་དུས་ལ་བབ་པར་གཟིགས་ནས་བསྟན་པ་ལ་བཀོད་པའོ། །དེའི་འགྲེལ་པ་བདག་གིས་
བརྩམས། ལུང་དང་མན་ངག་རྟོགས་པས་དེ་དོན་བསྒྲུབས། །འབྲས་བུ་བདུད་རྩི་ལྟ་བུ་བདག་གིས་འཐུངས། །སིང་ག་ལ་ཡི་ཡུལ་དུ་དེ་ཐོབ་ནས། །ཕྱི་རབས་རྣམས་ལ་ཕན་ཕྱིར་དེ་དོན་བརྩམས། །མོས་ཤིང་འཇུག་པས་ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག །དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱི་
འགྲེལ་བ་བདུད་རྩི་མྱུ་གུ་ཞེས་བྱ་བ། དངོས་གྲུབ་བརྙེས་པའི་ཛཱ་བ་རི་པས་ས་བ་རི་པ་ལ་མན་ངག་ཏུ་ཞུས་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་པཎྜི་ཏ་དེ་བ་པུནྱ་མ་ཏི་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་
མ་ཧཱ་ཡཀྵ་ཀ་ལ་པཾ་མ་ཧཱ་ཙཀྲ་སཱ་དྷ་ན་ནཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་འཁོར་ལོ་ཆེན་པོ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འགྲོ་བ་ཁ་ཅིག་ས་བོན་གནས་དང་རྩོལ་རྐྱེན་གྱིས། །གདུག་པས་ཟིན་ཅིང་དུག་དང་ཁྲག་
ནི་འདྲེས་གྱུར་པ། །ཐབས་གཞན་དུ་མ་གང་གིས་འབྱེད་པར་མི་ནུས་ཏེ། །འདབ་བཟངས་རྒྱལ་པོས་ཆུ་དང་འོ་མ་འབྱེད་པ་བཞིན། །གདུག་པ་འདུལ་ཕྱིར་དབང་བསྐུར་ཇི་སྲིད་མཉེས་བྱས་པས། །དེས་ནི་འབྱེད་ཅིང་གསལ་བར་ཕོད་པ་ཡིན་པ་སྟེ། །བརྒྱད་ཁྲིར་ཞབས་ནུབ་འཇིག་དུས་མེ་དཔུང་ནང་
འདུག་པ། །གདུག་པའི་དགྲར་གྱུར་ལྗགས་འདྲིལ་དབུགས་ཚ་མི་ཤིགས་འཛིན། །བྱོལ་སོང་རྒྱན་ལྡན་མཆེ་བ་གཙིགས་ཤིང་ང་རོ་འཇིགས། །དེ་ལ་ལུས་ངག་ཡིད་གསུམ་དང་བས་གུས་བཏུད་དེ། །ཇི་སྲིད་མཉེས་བྱས་དམ་པའི་དྲིན་གྱིས་མན་ངག་རི། །རང་ཉམས་མྱོང་བས་དུག་
ཟིན་སྒྲུབ་པོ་རྗེས་སུ་དྲན། །དེ་ལ་རྒྱལ་པོ་དང་རྐུན་པོ་དང་སྟག་ལ་སོགས་པ་ཡ་ང་བ་ཐམས་ཅད་དང་བྲལ་བའི་རིའམ། ཡིད་དུ་འོང་བའི་གནས་འདུ་འཛི་མེད་པ་གང་ཡང་རུང་བར་རྣལ་འབྱོར་པས་ཁྲུས་བྱས་ཏེ། སྟན་བདེ་བ་ལ་འདུག་ནས་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་བསམས་

ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང་། བླ་མ་དང་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་ཏེ་བྱོན་པར་བསམས་ལ་མཆོད་པ་ལྔས་ཡང་དག་པར་མཆོད་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་བྱམས་པ་དང་སྙིང་
རྗེ་དང་དགའ་བ་དང་བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་གཅིག་དང་དུ་མ་དང་བྲལ་བའི་བློས་ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་ཞིང་བདག་མེད་པར་བསམ་མོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་མི་གཡོ་བར་བྱའོ། །དེ་ནས་
གུར་དང་ར་བ་ལ་སོགས་པ་ས་བོན་ལས་བསམས་ཏེ། ས་བོན་གྱི་ཡི་གེ་ལས་བྱུང་བ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་དུར་ཁྲོད་ཆེན་པོའི་དབུས་སུའོ། །དེའི་ལྟེ་བ་ལ་ཚངས་པ་དང་། བརྒྱ་བྱིན་གྱི་ཐོག་
ན་ཉི་མ་དང་ཟླ་བ། ཤར་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཆུ་ལྷ། བྱང་གནོད་སྦྱིན་དེ་རྣམས་ཀྱི་སྟེང་དུ་ཉི་མའོ། །ཡི་གེ་ཧཱུྃ་ལས་བྱུང་བའི་ཉི་ཟླའི་ཐོག་ཏུ་ནི། སྤྲིན་སྒྲའི་ཡི་གེ་ཡོངས་སུ་གྱུར་པ་ལས་ཐོད་པ་དང་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསམ་མོ། །དེའི་འོད་ཀྱིས་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་
སངས་རྒྱས་རྣམས་སྤྱན་དྲངས་ཏེ། བསྟིམས་ནས་དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གོས་སྔོན་པོ་ཅན་ཞལ་གསུམ་ཕྱག་དྲུག་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། སྐུ་མདོག་མཐིང་ནག་སྤྱན་གསུམ་མེའི་ཕུང་པོ་འདྲ་བ། སྨིན་མ་དང་དཔྲལ་བར་ཁྲོ་གཉེར་དུ་བསྡུས་པ། ལྗགས་འདྲིལ་
ཞིང་མཆེ་བ་གཙིགས་པ། ང་རོའི་སྒྲ་འབྱུང་ཞིང་དབུགས་མེ་ལྟར་འབར་བ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། རལ་པའི་ཅོད་པན་ལ་སོགས་པ་ལ་སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཡོད་པ། དེའི་དཀྱིལ་ན་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡོན་བརྐྱང་གཡས་
བསྐུམ་པས་བཞུགས་པ། གདུག་པ་ཅན་ཞེ་ལ་མནན་ནས་སྡིགས་མཛུབ་ཅན་ནོ། །ཞལ་གཡས་དུང་དང་འདྲ་བ་གཡོན་པདྨ་རཱ་ག་འདྲ་བ་དབུས་སྐུ་དང་མཐུན་པ་ཟླ་བའི་དཀྱིལ་འཁོར་ལྟར་རྒྱས་པའོ། །གསུས་པ་ཡངས་ཤིང་གསུས་པ་འཁྱིལ་བ་སྟེ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་འཕྱར་

བ། གཡོན་དང་པོ་སྡིགས་མཛུབ་འཆང་བ། བར་པ་གཉིས་ཡུམ་ལ་འཁྱུད་པ། ཐ་མ་གཉིས་སྦྲུལ་རྐེད་པ་ནས་གཟུང་ཞིང་ཟ་བའོ། །རང་གི་སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་དང་ལྡན་པའི་གོས་སྔོན་པོ་སྟག་གི་རིས་ཅན་མནབས་པའོ། །ཀླུ་རིགས་བཞི་རྒྱན་དུ་བྱས་པ་ནི་
ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་བརྒྱན་པ། དགའ་བོ་དང་ཉེ་དགའ་འབར་བས་སྙན་ཆ་བྱས་པ། པདྨ་དང་ཆུ་ལྷས་ལག་པ་བརྒྱན་པ། སྟོབས་ཀྱི་རྒྱུ་དང་རིགས་ལྡན་ཁར་ཟ་བ་ཅན་གྱི་སྐ་རགས་བྱས་པ་སྟེ། དེ་ལྟར་བདུད་ལ་སོགས་པ་བརླག་པ་ཅན་དུ་བདག་ཉིད་བསྒོམ་མོ། །ལྷ་མོ་མཛེས་
ལྡན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་གྲི་གུག་གཙོ་བོ་ལ་འཁྱུད་པ། གཡོན་པ་ཐོད་པ་ཁྲག་གིས་གང་བ་གཙོ་བོའི་ཞལ་དུ་སྟོབས་པའོ། །དེའི་སྦྱོར་བའི་མཚམས་ནས་ཤར་ཕྱོགས་ཀྱི་པདྨའི་སྟེང་དུ་ཐིག་ལེ་ཁ་སྦྱོར་འཕྲོས་པ་ལས་ཐོད་པ་དང་། རྡོ་རྗེར་གྱུར་ཏེ་རྡོ་རྗེ་
ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་ལས་རྒྱལ་བྱེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་དང་པོ་རྡོ་རྗེ་འཕྱར་བ། གཡོན་གྱི་དང་པོ་རྩེ་གསུམ་པ་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བྲང་དུ་བསྣོལ་བས་ཡུམ་ལ་འཁྱུད་པ། གོས་སྔོན་པོ་སྟག་གི་རིས་ཅན་མནབས་པའོ། །
ཐོད་པ་དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་འོད་ཟེར་ཅན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པ་སྤུ་གྲིས་གཙོ་བོ་ལ་འཁྱུད་པ། གཡོན་པ་བྷན་དྷ་ཁྲག་གིས་བཀང་བ་གཙོ་བོའི་ཞལ་དུ་སྟོབས་པའོ། །ལྷོ་ཕྱོགས་ཀྱི་པདྨའི་སྟེང་དུ་ཐིག་ལེ་ཁ་སྦྱོར་འཕྲོས་པས་ཐོད་པ་དང་རྡོ་
རྗེར་གྱུར་ཏེ། རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྡོ་རྗེ་གཟི་བརྗིད་འབར་བ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་རྡོ་རྗེ་འཕྱར་བ། གཡོན་གོང་མ་དབྱུག་ཏོ་འཛིན་པ་འོག་མ་གཉིས་སྡིགས་མཛུབ་བསྣོལ་མ་ཡུམ་ལ་འཁྱུད་པ། གོས་སྔོན་པོ་སྟག་གི་རིས་ཅན་མནབས་
པའོ། །ཐོད་པ་དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་མདངས་ཅན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་གཡས་ན་ཟངས་གྲི། གཡོན་ན་ཐོད་པ་ཁྲག་གིས་བཀང་ནས་ཞལ་དུ་སྟོབ་ཅིང་གཙོ་བོ་ལ་འཁྱུད་པའོ། །ནུབ་ཕྱོགས་ཀྱི་པདྨའི་སྟེང་དུ་ཐིག་ལེ་ཁ་སྦྱོར་འཕྲོས་པ་ལས་ཐོད་

པ་དང་རྡོ་རྗེར་གྱུར་ཏེ། རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྔམ་པ་སྒྲ་སྒྲོགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་རྡོ་རྗེ་འཕྱར་བ། གཡོན་དང་པོ་སྦྲུལ་ཞགས་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བསྣོལ་མ་ཡུམ་ལ་འཁྱུད་པའོ། །ཐོད་པ་དེ་ཡོངས་སུ་གྱུར་པ་ལས།
ལྷ་མོ་སྒྲ་ཅན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ན་སྟ་རེ་གཡོན་པ་ཐོད་པ་གཙོ་བོ་ལ་འཁྱུད་པའོ། །བྱང་ཕྱོགས་སུ་པདྨའི་སྟེང་དུ་ཐིག་ལེ་ཁ་སྦྱོར་འཕྲོས་པ་ལས་རྡོ་རྗེ་དང་ཐོད་པར་གྱུར་ཏེ། རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཞལ་
གཅིག་ཕྱག་བཞི་པ་ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་འཕྱར་བ། གཡོན་གོང་མ་བེ་ཅོན་འཛིན་པ། འོག་མ་གཉིས་སྡིགས་མཛུབ་བསྣོལ་བས་ཡུམ་ལ་འཁྱུད་པ། གོས་སྔོན་པོ་སྟག་གི་རིས་ཅན་མནབས་པའོ། །ཐོད་པ་དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་རླུང་འབྱིན་མ་སྐུ་མདོག་ལྗང་གུ་ཞལ་
གཅིག་ཕྱག་གཉིས་པ་ཕྱག་གཡས་ན་འཁོར་ལོ། གཡོན་ན་ཐོད་པ་གཙོ་བོ་ལ་འཁྱུད་པའོ། །ཤར་གྱི་སྒོར་ཐིག་ལེ་འཕྲོས་པ་ལས། ལྕགས་ཀྱུ་དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་ན་ལྕགས་ཀྱུ་ཐོགས་པའོ། །ལྷོའི་སྒོར་
ཐིག་ལེ་འཕྲོས་པ་ལས་ཞགས་པར་གྱུར་ཏེ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་ཞགས་པ་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་ཞགས་པ་བསྣམས་པའོ། །ནུབ་ཀྱི་སྒོར་ཐིག་ལེ་འཕྲོས་པ་ལས་ལྕགས་སྒྲོག་ཏུ་གྱུར་ཏེ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་
ཞལ་གཅིག་ཕྱག་གཉིས་ན་ལྕགས་སྒྲོག་བསྣམས་པའོ། །བྱང་གི་སྒོར་ཐིག་ལེ་འཕྲོས་པ་ལས་དྲིལ་བུར་གྱུར་ཏེ། དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་དྲིལ་བུ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་ན་དྲིལ་བུ་བསྣམས་པ་ཟླ་བའི་སྟེང་ན་ཐབས་ཤེས་རབ་ཀྱི་ཚུལ་གྱིས་བཞུགས་
པའོ། །དེ་ནས་རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུྃ་ལས་འོད་ཟེར་འཕྲོས་པས་དམ་ཚིག་གི་དཀྱིལ་འཁོར་ཅི་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ་ཕྱག་འཚལ་ཞིང་། སྙིང་ག་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་

དག་པར་མཆོད་པ་ལ་སོགས་པ་བྱས་ཏེ། དེ་ནས་ཛཿཧཱུྃ་བཾ་ཧོཿཞེས་པའི་ཕྱག་རྒྱ་བཞིས་དགུག་པ་དང་། གཞུག་པ་དང་བཅིང་བ་ལ་སོགས་པས་ཐ་མི་དད་པར་བྱའོ། །དེའི་རྗེས་ལ་སངས་རྒྱས་གངྒཱའི་ཀླུང་གིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་དང་ཨཱཿདང་
ཧཱུྃ་སྟེ་དཀར་པོ་དང་དམར་པོ་དང་མཐིང་གའི་རིམ་པས་སྤྱི་བོ་དང་མགྲིན་པ་དང་། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པར་བསྒོམ་མོ། །དེ་ནས་སྙིང་ག་ན་གནས་པའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གངྒཱའི་ཀླུང་གི་སངས་རྒྱས་རྣམས་སྤྱན་དྲངས་ཏེ། དེ་དག་ཀུན་གྱི་ཕྱག་ན་བུམ་པ་རྡོ་རྗེ་རྩེ་ལྔ་པས་མཚན་
པས་སྙོམས་པར་འཇུག་པའི་དམ་ཚིག་གི་དཀྱིལ་འཁོར་ལ་དབང་བསྐུར་རོ། །དེ་ནས་གཙོ་བོ་ནས་བྱང་སྒོ་ལ་ཐུག་པར་བསྒོམ་མོ། །སྐྱོ་ན་ཐུན་མཚམས་བཞིར་རྣལ་འབྱོར་པས་བསྙེན་པ་དབུལ་བར་བྱའོ། །དེ་ལྟར་ལྷ་ནི་གསལ་བ་དང་། །ས་བོན་རབ་ཏུ་འབར་བ་ཡིས། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །
ཐབས་དང་ཤེས་རབ་སྦྱོར་བས་ནི། །བདེ་ཆེན་རབ་ཏུ་གསོ་མཛད་ནས། །སྡུག་བསྔལ་ཉོན་མོངས་འཇོམས་མཛད་པའི། །ཐིག་ལེའི་རང་བཞིན་མི་ཤིགས་ཀྱིས། །བགེགས་རིགས་སྟོང་ཕྲག་འཇོམས་པར་མཛད། །ཅེས་བྱ་བས་བསྒོམ་པ་བསྟན་ནས། གཏོར་མ་བཏང་ལ་ཡང་དག་པར་མཆོད་ནས་
སྐྱོ་བར་གྱུར་ན་སངས་རྒྱས་གངྒཱའི་ཀླུང་གིས་གསུངས་པ་འདི་བཟླས་པ་བྱ་བ་སྟེ། ཏདྱ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ་ཨི་དཾ་ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ་བཛྲ་པཱ་ཎི་ཧྲྀ་ད་ཡན་ཡ་ས་མ་ཏི་ཀྲ་མ་ཏི་ཨུཏྶཱ་དྷ་ནཾ་བྷ་བི་ཤུདྡྷི་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཀྲ་མ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱནྟ་྅རཱུ་པ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ།
ཨོཾ་བི་དཱ་ར་ཎཱ་ཡ་ཕཊ། ཀྲྀ་དྷ་སཱ་དྷ་ནཱ་ཡ་ཕཊ། ནཱི་ལཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བཱ་ལ་ཡ་ཕཊ། ཧ་ར་ཧ་ར། དྷ་ར་དྷ་ར། པྲ་ཧ་ར་པྲ་ཧ་ར། མཱ་ར་ཡ་མཱ་ར་ཡ། ཚིནྡ་ཚིནྡ། ཧ་ས་ཧ་ས། བྷིནྡ་བྷིནྡ། དྷཱ་ར་ཡ་དྷཱ་ར་ཡ། ཞེས་བྱ་བའི་གསང་སྔགས་བཟླས་པར་བྱའོ། །དེ་ནས་སྤྱོད་ལམ་གྱིས་གནས་པར་བྱའོ། །རིགས་པས་རང་
བྱུང་སྐུ་ཉིད་རང་གསལ་རྟོགས། །བླ་མ་དང་འགྲོགས་དམ་པའི་དྲིན་གྱིས་ཐོབ། །རྗེས་སུ་གཟུང་ཕྱིར་རང་ཉམས་མྱོང་བས་བརྩམས། །ཟླ་བ་ལྟར་གསལ་དག་ཅིང་དྲི་མེད་དེས། །འགྲོ་ཀུན་རྟོག་པའི་དྲི་མ་རབ་ཞི་ནས། །འབྲས་བུ་ཕྱག་ན་རྡོ་རྗེ་དང་འདྲར་ཤོག །སློབ་དཔོན་ཆེན་པོ་ཛཱ་བ་རི་

པས་མཛད་པའི་སྒྲུབ་ཐབས་འཁོར་ལོ་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ཀ་ལྤཾ་ནཱ་མ་དྷཱ་ར་ཎི་སཱ་དྷ་ན་ཨ་མྲྀ་ཏ་བིནྡུ། བོད་སྐད་དུ།
གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་ས་བོན་གནས་དང་རྩོལ་རྐྱེན་གྱིས། །གདུག་པས་ཟིན་གྱུར་དུག་དང་ཁྲག་ནི་འདྲས་གྱུར་པ། །ཐབས་གཞན་དུ་མས་
དབྱེ་ཞིང་བསལ་བར་མི་ནུས་ཏེ། འདབ་བཟང་རྒྱལ་པོས་ཆུ་དང་འོ་མ་འབྱེད་པ་ལྟར། །གདུལ་བྱ་གདུལ་ཕྱིར་དབང་བསྐུར་ཇི་སྲིད་མཉེས་གྱུར་པས། །དེས་ནི་འབྱེད་ཅིང་གསལ་བར་ཕོད་པ་ཡིན་པ་སྟེ། །རྒྱ་མཚོར་ཞབས་ནུབ་འཇིག་དུས་མེ་དཔུང་ནང་འདུག་པ། །གདུག་པའི་དགྲར་གྱུར་ལྗགས་འདྲིལ་
དབུགས་ཚ་མི་ཤིགས་འཛིན། །དེ་ལ་བཏུད་དེ་ཇི་སྲིད་མཉེས་བྱས་མན་ངག་བྲི། །རང་ཉམས་མྱོང་བས་དུག་ཟིན་སྒྲུབ་པ་རྗེས་དྲན་གཟུང་། །རྒྱལ་པོ་དང་། རྐུན་པོ་དང་། སྟག་ལ་སོགས་པའི་འཇིགས་པ་ཐམས་ཅད་དང་བྲལ་བའི་རི་བོའམ། ཡིད་དུ་འོང་བ་འདུ་འཛི་མེད་པའི་གནས་སུ་བྱམས་པ་དང་ལྡན་པའི་
སྒྲུབ་པ་པོས་ཁྲུས་ཉེ་བར་བྱས་ཏེ། སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུྃ་བསམས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་ན་གནས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང་། བླ་མ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུལ་ནས་མཆོད་
པ་རྣམ་ལྔས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི་ལ་འདྲིས་པར་བྱའོ། །དེ་ནས་གཅིག་དང་དུ་མ་དང་བྲལ་བའི་བློས་ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་
ཞིང་བདག་མེད་པར་བསམ་མོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་མི་གཡོ་བར་བྱའོ། །དེ་ནས་པཾ་ལས་པདྨའི་ལྟེ་བ་ལ། ཨ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དབང་པོ་གཉིས་ཀྱི་སྟེང་དུ་བསམས་ཏེ། ཡི་གེ་ཧཱུཾ་རིང་པོའི་སྒྲ་དང་བཅས་པ་འོད་འཕྲོས་པ་ལས་ཁྲོ་

བོའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་འབུམ་ཕྲག་གི་སངས་རྒྱས་རྣམས་སྤྱན་དྲངས་ལ། དེའི་འོད་ཟེར་དེ་ཉིད་དུ་ཐིམ་སྟེ། དེ་ཡོངས་སུ་གྱུར་པ་ལས། སངས་རྒྱས་གོས་སྔོན་པོ་ཅན། ཞལ་གསུམ་ཕྱག་དྲུག་དང་ལྡན་པ།
ཞབས་གཡོན་བརྐྱང་བ། གཡས་བསྐུམ་པ། སྐུ་མདོག་མཐིང་ནག་ཏུ་འདུག་པ། སྤྱན་གསུམ་མེའི་ཕུང་པོ་འདྲ་བ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་རལ་པའི་ཅོད་པན་ལ། སྦྲུལ་མགོ་བརྒྱད་ཀྱི་ཅོད་པན་ཡོད་པ། སྨིན་མ་དང་དཔྲལ་བའི་མཚམས་སུ་ཁྲོ་གཉེར་བསྡུས་པ། ལྗགས་འདྲིལ་ཞིང་མཆེ་
བ་གཙིགས་པ། ཁ་རླངས་ཚ་ཞིང་ང་རོའི་སྒྲ་འབྱུང་བ། དེའི་དཀྱིལ་ན་སངས་རྒྱས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡོན་བརྐྱང་བས་བཞུགས་པ། གདུག་པ་ཞེ་ལ་མནན་ནས་སྡིགས་མཛུབ་མཛད་པ་ཅན་ནོ། །ལྟོ་བ་ཡངས་ཤིང་གསུས་པའི་སྨད་འཁྱིལ་པ། ཞལ་གཡས་དུང་དང་འདྲ་བ། གཡོན་པདྨ་རཱ་ག་འདྲ་
བ་དབུས་སྐུ་དང་མཐུན་པ། ཟླ་བའི་དཀྱིལ་འཁོར་ལྟར་རྒྱས་པའོ། །ཕྱག་དང་པོ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་སྡིགས་མཛུབ་མཛད་པ། བར་མ་གཉིས་ཐལ་མོ་བརྡེབས་པའི་སྒྲ་སྒྲོགས་པ། ཐ་མ་གཉིས་སྦྲུལ་གདུག་པའི་རྐེད་པ་ནས་བཟུང་ཞིང་མགོ་ནས་ཟ་བའོ། །རང་གི་སྙིང་གར་ཉི་མ་ལ་གནས་
པའི་ཡི་གེ་ཧཱུཾ་དང་ལྡན་པའོ། །གོས་སྔོན་པོའི་སྟོད་གཡོགས་དང་། ཤམ་ཐབས་སྟག་གི་རིས་ཅན་བསྣམས་པའོ། །ལྟ་བ་ཕྱིན་ཅི་ལོག་ཐམས་ཅད་ཀྱི་གཞུང་འཇོམས་པའི་རྟགས་སུ་ཉི་མ་དང་ཟླ་བའི་སྟེང་ན་བཞུགས་པ། ཚངས་པ་དང་བརྒྱ་བྱིན་གྱི་སྟེང་ན་རིགས་བཞིའི་ཀླུ་ཡིས་རྒྱན་དུ་བྱས་པ་ནི་དགའ་
བོ་དང་ཉེ་དགའ་འབར་བས་སྙན་ཆ་བྱས་པ། ལག་པ་དང་དཔུང་པ་པདྨ་དང་ཆུ་ལྷས་བརྒྱན་པ། སྟོབས་ཀྱི་རྒྱུ་དང་རིགས་ལྡན་ཁར་ཟ་བའི་སྐ་རགས་ཅན་ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་བརྒྱན་ཞིང་རྒྱན་དུ་བྱས་པ་ནི་སེར་པོ་དང་དམར་པོ་དང་དཀར་པོ་དང་ནག་པོ་སྟེ། རིན་པོ་ཆེ་སྤྱི་བོའི་སྟེང་དུ་ན་ཡོད་པའོ། །དེ་ལྟར་
བདུད་ལ་སོགས་པ་རློག་པར་བྱེད་པ་ཅན་དུ་བདག་ཉིད་རྣམ་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས། རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སྙིང་ག་ལས་འཕྲོས་པའི་འོད་ཟེར་གྱིས་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཛཿཧཱུཾ་བཾ་ཧོཿ

བཞིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། ཐ་མི་དད་པའི་ཕྱིར་དབང་དུ་བྱའོ། །དེའི་རྗེས་ལ་སངས་རྒྱས་གངྒཱའི་ཀླུང་གིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་དང་ཨཱཿདང་ཧཱུཾ་མཐིང་ག་དང་། དམར་པོ་དང་། དཀར་པོའི་རིམ་པས་སྤྱི་བོ་དང་། སྙིང་ག་དང་། མགྲིན་པར་ཉི་མའི་
དཀྱིལ་འཁོར་ལ་རྣམ་པར་བསམ་མོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ལག་ན་བདུད་རྩིའི་བུམ་པ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པས་མཚན་པས་དབང་བསྐུར་རོ། །དེ་ནས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་སངས་རྒྱས་གངྒཱའི་ཀླུང་གིས་རྗེས་སུ་གནང་བའི་གཟུངས་ཀྱི་ཕྲེང་བ་ཁོ་
ན་བཟླས་པར་བྱ་སྟེ། ཉུང་དུ་འདོད་པ་རྣམས་ཀྱིས་ནི། ཨོཾ་ནཱེ་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མ་ཧཱ་ཀྲོ་དྷ་སཱ་དྷ་ཧཱུཾ་ཕཊ་ཅེས་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཅིག་པའོ། །ངག་གི་བརྗོད་པས་ཀྱང་སྐྱོ་བར་གྱུར་ན། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པས་གཏོར་མ་ཉེ་བར་ཕུལ་ཏེ། རྡོ་རྗེ་སེམས་དཔའི་སྙིང་
པོས་ལྷག་པ་དང་མ་ཚང་བ་དག་པར་བྱའོ། །དེ་ནས་ལྡང་བར་འདོད་ན་ཡེ་ཤེས་སེམས་དཔའ་ཕྱུང་སྟེ། ཡང་དག་པར་མཆོད་ལ་ཨོཾ་ཀྲྀ་ཏོ་བ་ཞེས་བྱ་བའི་སྔགས་ཀྱིས་གཤེགས་སུ་གསོལ་ལོ། །དེ་ནས་དེའི་ང་རྒྱལ་གྱིས་ལྡང་བར་བྱའོ། །བླ་མ་མཉེས་བྱས་དང་ལྡན་སྙིང་རྗེར་བཅས། །བརྩོན་འགྲུས་དྲག་
ལྡན་དྲན་ལྡན་བརྟན་བློ་ཅན། །སྐད་ཅིག་ཙམ་ཡང་གཉིད་ནི་ལོག་པ་མིན། །དེ་བཞིན་གཉིད་ལས་རྒྱལ་བྱེད་ཤེས་རབ་<གྱིས‚ཀྱིས>། །ཏཀྵ་ཀ་ཡིས་ཟིན་པར་གྱུར་པ་ཡང་། །ཟླ་བ་དྲུག་གིས་ངེས་པར་བཟུང་འགྱུར་ཟློགས། །བླ་མ་ལ་གུས་བརྩེ་བས་བདུད་རྩི་ཐིགས་པ་ལྷུང་། །བདག་གིས་བླངས་ཏེ་མིད་པས་ལུས་རྒྱས་ཏེ། །ལུས་རྒྱས་
སྟོབས་ཀྱིས་སྒྲུབ་པོ་རྗེས་གཟུང་སྒྲུབ་ཐབས་དྲན། །བསོད་ནམས་གང་ཡོད་སྒྲུབ་པོའི་རྟོག་པའི་ནད་མེད་ཤོག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་པས་
མཛད་པ་རྫོགས་སོ།། །།བལ་པོའི་མཁན་པོ་དེ་བ་པཱུརྞ་མ་ཏི་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ན་ནོ་པི་ཀ་ཙནྡྷ་ནཱ་མ། བོད་སྐད་དུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་
ཐབས་

མདོར་བསྡུས་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྔར་ཉིད་དོན་དམ་ཐུགས་ཆུད་འགྲོ་བའི་དོན་དུ་རྡོ་རྗེའི་སྐུ། །གནས་མཛད་མཐུ་སྟོབས་ཁྱད་འཕགས་གདུག་པ་རྣམས་ཀྱི་དགྲར་གྱུར་པ། །རྒྱ་མཚོར་ཞབས་གཞག་འཇིག་དུས་མེ་དཔུང་དང་ལྡན་སྙིང་
རྗེས་ཁྲོས། །རྟོག་པའི་སྡུག་བསྔལ་ཐར་མཛད་ཁྱོད་ལ་དངོས་པོ་ཀུན་གྱིས་འདུད། །རྩོད་པའི་དུས་གང་ཕྲད་གྱུར་བརྩོན་འགྲུས་ཆུང་ཞིང་བློ་ཞེན་པས། །ཤིན་ཏུ་བསྡུས་ལ་དགའ་ཞིང་མ་བཙལ་འབྲས་བུ་འདོད་ལ་གཟུད་ཕྱིར་དྲན། །དེ་ལ་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་ཁྲུས་བྱས་ཏེ།
ཡིད་དུ་འོང་བའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འདུག་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་གངྒཱའི་ཀླུང་གི་སངས་རྒྱས་རྣམས་དང་དེའི་སྲས་རྣམས་མདུན་དུ་སྤྱན་དྲངས་ཏེ། མཆོད་པའི་ཡོ་བྱད་ལྔས་ཡང་དག་པར་མཆོད་པ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་
རྗེས་སུ་ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པ་དང་བཅས་པས་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་པཾ་ལས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཧཱུཾ་དང་བཅས་པ་བསམས་ཏེ། དེ་ཡང་རིང་པོའི་སྒྲ་དང་ལྡན་ཞིང་འོད་ཟེར་འཕྲོ་བ་ཅན་ནོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་དང་ལྡན་
པའི་ས་བོན་ལས་འོད་འཕྲོས་ཏེ། ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་སྤྱན་དྲངས་ཏེ། དེ་ཉིད་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གོས་སྔོན་པོ་ཅན། ཞལ་གཅིག་ཕྱག་གཉིས་པ། གཡོན་བརྐྱང་བ་གཡས་བསྐུམ་པ། སྐུ་མདོག་མཐིང་ནག་སྤྱན་མེའི་ཕུང་
པོ་འདྲ་བ། ཡ་སོས་མ་མཆུ་མནན་པ། འབྲུག་སྒྲ་ཅན་གྱི་དབུགས་ཚ་བ། སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་ན་སྡིགས་མཛུབ་མཛད་པ། གོས་སྔོན་པོ་ཅན་ལ་ལྟོས་འགྲོ་བརྒྱད་ཀྱིས་བརྒྱན་པ། བདུད་ལ་སོགས་པ་ཚར་གཅོད་པའི་ཚུལ་ཅན་དུ་
བདག་ཉིད་བསམ་མོ། །རང་གི་སྙིང་གའི་ས་བོན་གྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སྙིང་པོ་བཞིས་ཐ་མི་དད་པར་བྱ། དེ་ནས་བྱིན་གྱིས་བརླབ་ཅིང་དབང་བསྐུར་རོ། །ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བསྒོམ་ཞིང་། སྐྱོ་བའི་ཚེ་སངས་རྒྱས་གངྒཱའི་ཀླུང་གི་རྗེས་སུ་

གནང་བའི་ཕྲེང་བའི་སྔགས་ཁོ་ན་བཟླས་པར་བྱའོ། །བསྡུས་པ་དག་ལ་དགའ་བས་ནི། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མ་ཧ་ཀྲོ་དྷ་སཱ་དྷ་ཧཱུཾ་ཕཊ། སྙིང་པོའི་སྔགས་ཉི་ཤུ་རྩ་གཅིག་པའོ། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་དྷར་མ་ཧཱ་ཀྲོ་དྷ་སཱ་དྷ་ཧཱུཾ། ཉེ་བའི་སྙིང་པོ་དང་། ཡང་སྙིང་སྟེ་བཅུ་བདུན་པའོ། །གཏོང་བར་འདོད་པའི་
ཚེ་གཏོར་མ་ཕུལ་ལ། ཡེ་ཤེས་སེམས་དཔའ་ཕྱུང་སྟེ་གཤེགས་སུ་གསོལ་ལོ། །སྤྱོད་ལམ་ཐམས་ཅད་དུ་ཡང་རང་ལྷའི་ང་རྒྱལ་དང་ལྡན་པས་གནས་པར་བྱའོ། །ཁ་ཟས་གོས་སོགས་ཟས་སྐོམ་དང་། །དབུལ་བ་ཀུན་ཟད་ནད་མེད་དང་། །འཇིགས་ཆེན་བརྒྱད་དང་སྡུག་བསྔལ་སོགས། །འཇིགས་པ་མེད་ཅིང་གང་བསམ་པའི། །འདོད་
པའི་དོན་རྣམས་ཐམས་ཅད་ནི། སྒྲུབ་ཐབས་འདི་ལས་འབྱུང་འགྱུར་རོ། །འགྲོ་རྣམས་འདོད་པ་ཐ་དད་པས། །དེ་ལ་དགོངས་ནས་བདེ་གཤེགས་ཀྱིས། །བྱང་ཆུབ་ལམ་ནི་སྣ་ཚོགས་གསུངས། །རང་འདོད་ལམ་ནི་ཐོབ་བྱའི་ཕྱིར། །དད་པས་བླ་མ་བཟང་བཙལ་ཏེ། །ཇི་སྲིད་བླ་མ་མཉེས་བྱས་ནས། །འདོད་དོན་མན་ངག་བླང་བར་བྱ། མཉེས་པས་
ཡིན་གྱི་གཞན་གྱིས་མིན། །བདག་གིས་སྒྲུབ་ཐབས་མདོར་བསྡུས་སྨྲས། །སྨྲས་པས་ཟླ་བ་ལྟར་གསལ་བའི། །དག་ཅིང་ནམ་མཁར་མི་ཤོང་བའི། །དགེ་བ་གང་གིས་ཐོབ་པ་གང་། །འདིར་བཞུགས་འདོད་ལྷའི་ཞལ་མཐོང་ཤོག །དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་མདོར་བསྡུས་པ་ཞེས་བྱ་བ། ནམ་གྲུའི་རིགས་ལས་བྱུང་བ། དངོས་
གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཛཱ་བ་རི་པས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དེ་ཝ་པཱུརྞ་མ་ཏི་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་ག་ཀུ་ལ་ཙ་ཏྭ་རི་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། ཀླུ་རིགས་བཞིའི་སྒྲུབ་ཐབས་ཞེས་བྱ་བ། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །
ཐུགས་རྗེ་བྱམས་པས་འགྲོ་བ་རྣམས་ལ་མ་བཞིན་བརྩེ་བར་མཛད། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་འབར་བའི་སྐུར་སྟོན་པ། །བྱོལ་སོང་རྒྱན་ལྡན་བསྐལ་པའི་མེ་ལྟར་འབར། །བཟོད་དཀའ་གདུག་པའི་ནད་ལས་ཐར་མཛད་དེ་ལ་དངོས་པོ་ཀུན་གྱིས་འདུད། །བྱམས་པས་ཞེ་སྡང་ཞི་བ་དང་། དྲག་པོས་ཉེ་རིངས་གསང་བའི་
ཕྱིར། །དེ་ཡི་སྒྲུབ་ཐབས་གཟུང་བའི་ཕྱིར། །བླ་མའི་དྲིན་གྱིས་ཐོབ་ནས་བརྩམ། །གང་ཞིག་བསྙེན་པ་རྫོགས་པ་ཡིས། །གང་ཞིག་དབང་དུ་བསྡུ་འདོད་ན། །ཀླུ་ཡི་སྒྲུབ་དང་འཁྲུལ་འཁོར་དང་། །སྦྱོར་བ་བརྩམ་པར་བྱ་བ་ཡིན། །དང་པོ་གནས་ཆེན་ཡིད་འོང་དུ། །བསྙེན་པ་སྔོན་དུ་རྫོགས་བྱས་ཏེ། །ཀླུ་བརྒྱད་གཟུགས་

ནི་འཁར་གཞོང་གཞག །རང་ཉིད་ལྷ་ཡི་སྐུར་བསྒོམས་ན། །དུས་གསུམ་ཀླུ་ལ་མཆོད་པ་བྱ། །རྟགས་དང་རྨི་ལམ་བརྟགས་ནས་ནི། །དེ་ལས་བཟློག་པའི་ལས་བརྩམ་སྟེ། །མཚམས་བཅད་ས་ཡི་ཆོ་ག་བྱ། །སྟེགས་བུ་བྱི་དོར་ལེགས་བྱས་ཏེ། །སྟ་གོན་ཆོ་ག་རྒྱས་བྱས་ལ། །དེ་ནས་རྫས་རྣམས་བསག་པར་བྱ། །འབྲས་ཀྱི་རྒྱུ་ལས་
བྱས་པ་ཡི། །ཀླུ་ཆེན་བརྒྱད་ནི་སྦྲུལ་མགོ་ཅན། །དངུལ་གཞོང་ནང་དུ་བསག་པར་བྱ། ཁ་དོག་ཚོན་གྱིས་བསྒྱུར་ལ་གཞག །སོ་སོ་ལྟོ་འཕྱེའི་མགོ་བོ་ནི། །དགུ་དང་བདུན་དང་ལྔ་དང་གསུམ། །སྐྱེས་པ་བུད་མེད་མཛེས་པ་དང་། །སྦྲུལ་དང་སྦལ་པ་ལྕོང་མོ་དང་། །ཉ་དང་རུས་སྦལ་རྐང་མངས་དང་། །སྡིག་པ་ཕག་དང་མཛོ་རྟོལ་དྲེ། །གཞན་
ཡང་གང་བྱུང་གཟུགས་བྱའོ། །དེ་ནས་ཐིག་དང་ཚོན་དགྱེ་ཞིང་། །དབུས་ཀྱི་ལྟེ་བ་ཟླུམ་པོ་ལ། །གཙོ་བོ་དབུས་སུ་བྲིས་ནས་ནི། །འདབ་མ་བརྒྱད་ལ་ཀླུ་བརྒྱད་བྲི། །ཕྱི་རོལ་གྱི་ནི་འདབ་མ་ལ། །འཁོར་དུ་གཏོགས་པ་སོ་སོར་བྲི། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །སྐྱེས་པ་བུད་མེད་ལ་སོགས་བྲི། །མཚམས་སུ་ལྕོང་མོ་ཉ་སོགས་དགོད། །
སྟེང་དུ་སྡིག་པ་ཕག་སོགས་བྲིའོ། །སྟེང་དུ་འཁར་གཞོང་ཀླུ་ཆེན་བརྒྱད། །བར་ཁྱམས་ལྷ་ཡི་སྣམ་བུ་ལ། །ཀླུ་དང་གཉན་དང་ས་བདག་གསུམ། །རིམ་གྱིས་མཉམ་པར་དགོད་པར་བྱ། །བླ་རྒྱན་འོག་རྒྱན་འབྱོར་ཚད་དགྲམ། །འབྲུ་ལྔ་སྨན་ལྔའི་གཏོར་མ་དང་། །ནཱ་ག་གེ་སར་ཀཎྜ་ཀ་རི་དང་། །ནཱ་ག་པུཥྤ་རྒྱ་མཚོ་དབུ་བ་དང་། །ཆུ་སྲིན་སྡེར་མོ་དབང་
པོ་ལག་པ་དང་། །བལ་པོའི་སེའུ་སྨྱག་ཤད་ལྕུག་མ་དང་། །ནཱི་ལོཏྤ་ལ་འདམ་བུའི་རྩ་བ་དང་། །དར་ཚོན་སྣ་ལྔ་རས་སྐུད་དམར་པོ་དང་། །ལི་ཁྲི་དམར་པོ་དང་ནི་ག་བུར་ཤེལ། །པུ་ཤེལ་ཙེ་དང་ལྗོན་ཤིང་འདམ་བུ་ཚལ། །དཀར་གསུམ་མངར་གསུམ་འབྲས་ཆན་ཁུར་བའོ། །དེ་ནས། འདོད་ཡོན་ལྔ་ཡི་འཁོར་ལོ་ནི། །གྲུ་བཞི་སྒོ་བཞི་བྷྲཱུཾ་ལས་ནི། །
འདབ་བཞི་འདབ་བརྒྱད་བསྐྱེད་པར་བྱ། །ཕུཿལས་ཀླུ་བརྒྱད་ཀླུ་ཆེན་ཏེ། །འཁོར་ཡང་དེ་བཞིན་བསྐྱེད་བྱས་ནས། །གཙོ་བོ་སྒྲུབ་ཐབས་ལས་གསུངས་བཞིན། །སྤྱན་དྲངས་བསྟིམ་པ་ལ་སོགས་ཀྱིས། །ཀླུ་ལ་སོགས་པ་དེ་བཞིན་དགུག །ཨོཾ་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཙུག་ན་རིན་ཆེན་ཀླུ་ཡི་རྗེ། །ནོར་རྒྱས་བུ་དང་དུང་
སྐྱོང་དང་། །དགའ་བོ་དང་ནི་འཇོག་པོ་དང་། །པདྨ་དང་ནི་ཆུ་ལྷ་དང་། །སྟོབས་ཀྱི་རྒྱུ་དང་མ་དྲོས་དང་། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །རྗེ་རིགས་དང་ནི་གདོལ་པའི་རིགས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །

ཀླུ་བྲན་གཉན་དང་ས་བདག་ཚོགས། །སྤྲུལ་པ་འབུམ་སྡེ་འཁོར་དང་བཅས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །མེ་ཏོག་ལ་སོགས་མཆོད་པ་ལྔ། །འདོད་པའི་ལྷ་ལ་དབུལ་བར་བྱ། །གཏོར་མ་རྣམས་ཀྱང་སོ་སོར་དབུལ། །ནཱ་ག་གེ་སར་སྨན་གྱི་མཆོག །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཏིང་འཛིན་འཕྲོ་འདུའི་
བརྡས་བཀྲོལ་ཏེ། །ཀླུ་ཆེན་བརྒྱད་ལ་མཆོད་པ་དབུལ། །སྔོན་གྱི་དམ་ཚིག་སླར་དུལ་ལ། །ཞེ་རིངས་དུག་ལས་སླར་དུལ་ཞིག །ཀཎྜ་ཀ་རི་ནཱ་ག་པུཥྤ་དང་། །རྒྱ་མཚོ་དབུ་བ་ཆུ་སྲིན་སྡེར་མོ་དང་། །དབང་བོ་ལག་པ་ནཱ་ག་གེ་སར་དང་། །བལ་པོ་སེའུ་སྨྱག་ཤད་ལྕུག་མ་དང་། །ནཱི་ལ་ཨུཏྤལ་འདམ་བུའི་ནགས་ཚལ་དང་། །དར་ཚོན་སྣ་ལྔའི་རས་
སྐུད་དམར་པོ་དང་། །ལི་ཁྲི་དམར་པོ་ག་བུར་ཤལ་དང་ནི། །པུ་ཤེལ་རྩེ་དང་དུང་གཡས་འཁྱིལ་བ་དང་། །ཤུ་དག་དཀར་པོ་སྙིང་ནི་ཞོ་ཤ་དང་། །མཁལ་མ་ཞོ་ཤ་སྟག་པའི་ཤུན་པ་དང་། །སེང་ལྡེང་དཀར་དམར་ཀླུ་སྨན་སྣ་ཚོགས་ཀྱིས། །ཀླུ་རྣམས་ཀུན་ལ་རབ་ཏུ་མཆོད་པར་བྱ། །མཆོད་པ་ཕུལ་ནས་བཟླས་པ་བྱ། །ཨོཾ་ནཱ་ག་ཧ་ར་
ཧ་ར་ནཱ་ག་ཕུ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ཕུ། ཚིནྡ་ཚིནྡ་ནཱ་ག་ཕུ་ཧྲྀ་ད་ཡ་ནི་ཕུ། བྷིནྡ་བྷིནྡ་ནཱ་ག་དྷ་མ་ནི་ཕུ། བི་སི་མ་ཏ་ནཱ་ག་ཤ་རཱི་ར་ཎི་ཕུ། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནི་ཕུ། ནཱ་ག་བི་དཱ་ར་ཎ་ཡ་ཕུ། ནཱ་ག་ཀྲོ་དྷ་ན་ཡ་ཕུ་སྭཱ་ཧཱ། ཨོཾ་ཨ་ནནྟ་ཡ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀི་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་པདྨ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་
ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་ཎ་ཝ་ཏ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་ནཱ་ག་ཀུ་ལ་ཙ་ཏྭ་རི་ཤཱནྟི་སྭཱ་ཧཱ། ཨོཾ་ནཱ་ག་པྲ་ཏི་སྥོ་ཊ་ཡ་སྭཱ་ཧཱ། ཨོཾ་ནཱ་ག་པྲ་པཉྩ་བུ་ཉེ་བ་སྭཱ་ཧཱ། ཨོཾ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཀུན་ལ་བརྒྱ་བརྒྱ་བཟླས་པར་བྱ། །གཙུག་ན་ཡིད་བཞིན་ནོར་
བུ་ཅན། །མིག་ནི་གདེངས་པ་ལྟོ་འཕྱེའི་རིགས། །ཀླུ་ཆེན་བརྒྱད་པོ་མཐོང་བའི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །ལུས་ཆེན་མགོ་བོ་ཐ་དད་པའི། །ཞེ་སྡང་དྲག་པོ་རྒྱས་པ་ཡི། །རིགས་བཞི་ཀླུ་རྒྱལ་ཡིད་ཀྱི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །གཤེར་ལ་གནས་པ་མཛངས་པའི་རིགས། །གཙང་མ་
ཕལ་ལ་གནོད་མི་བྱེད། །ཀླུ་བྲན་འབུམ་སྡེ་རེག་པའི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །ཞེ་རིངས་ནག་པོ་བྱོལ་སོང་རིགས། །རྨིག་བཞི་ལྕགས་ལས་ན་བུན་འཐིབས། །གཉེན་ཆེན་འབུམ་སྡེ་ཁ་བླངས་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །དམན་པའི་ཆ་འཛིན་ཞེ་སྡང་ཅན། །བདེན་པ་མི་ཉན་

ཀུན་ལ་གནོད། །ས་བདག་འབུམ་སྡེ་མཆེ་བའི་དུག །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །དྲེགས་པ་ཞེ་སྡང་འབར་བ་ཡི། །གླེན་པ་ང་རྒྱལ་མཐུ་བོ་ཆེ། །འགྲོ་བ་འདི་ལ་གང་གནོད་པ། །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །སྦྱོར་གཞན་རབ་ཏུ་ཁྲོས་པའི་ཕོ་ཉ་ནི། །སྤྲུལ་པ་འབུམ་སྡེ་འགྲོ་བའི་
གནོད་པ་སྐྱེལ། །སྨན་དང་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །བཟོད་དཀའི་དུག་རྣམས་ཕྱིར་ཕྱུང་ཤིག །དེ་ལྟར་བསྙེན་པ་སྔོན་སོང་བས། །མཆོག་ཏུ་སྒྲུབ་པོས་དུག་ཕྱུང་ནས། །རྨི་ལྟས་རིམ་པ་སོ་སོར་གསལ། །ཐུབ་རྟགས་བྱུང་ན་རྫས་རྣམས་ནི། །རྟེན་ཡོད་གནས་སུ་སྦ་བར་བྱའོ། །གལ་ཏེ་མི་ཐུབ་རྟགས་བྱུང་ནས། །
ཆོ་འཕྲུལ་དྲག་པོ་སྟོན་བྱེད་ན། །འཁྲུལ་འཁོར་ལས་ཀྱི་སྦྱོར་བ་བརྩམ། །བསད་པའི་ལས་ཀྱི་སྦྱོར་བ་ནི། །འཁོར་ལོ་ཆེན་པོ་ལ་བརྟེན་ནས། །ཀླུ་གྲུབ་དཀྱིལ་འཁོར་ཤར་ཕྱོགས་སུ། །ཐབས་བཟློག་པ་ཡི་ལས་བྱ་སྟེ། །བྱང་དུ་གསད་པའི་ལས་བྱའོ། །སྲོག་ནན་ནན་ཕཊ་ཕཊ། པྲ་རཾ་པྲ་རཾ་ཛྭ་ལ་ཛྭ་ལ་ཕཊ་ཕཊ། ཤད་ཤད་
ཤིག་ཤིག་ཕཊ་ཕཊ། མཱ་ར་ཡ་ཧཱུཾ་ཕཊ། རིགས་བཞི་ཀླུ་ལ་མནན་པ་བྱ། །རཱ་ཛ་ཀུ་ལེའི་ཐེམ་པའམ། །ཡང་ན་སྒྲུབ་ཁང་ཐེམ་འོག་ཏུ། །དབྱར་གྱི་ཁྱིམ་གསུམ་ཐ་མ་ལ། །དྲུག་གཉིས་བཞི་ཡི་ཉིན་ཕྱེད་ན། །ཤིན་ཏུ་དམ་པར་སྦ་བར་བྱ། །རྒྱ་གྲམ་འབར་བས་སྟེང་ནས་མནན། །ཇི་ལྟར་བསྟན་པའི་ཏིང་འཛིན་གྱིས། །
རི་རབ་གླང་ལ་བསྐོར་ནས་ནི། །བསྐལ་པའི་མཐའ་རུ་མནན་པར་བསམ། །མཐུ་སྟོབས་ཆེན་པོའི་ང་རོ་ཡིས། །ཕྲེང་བའི་སྔགས་ནི་རབ་བཟླས་ཤིང་། །རྒྱ་གྲམ་འབར་བས་སྟང་སྟབས་བྱ། །མོས་པ་རང་འདོད་ལྷ་མཉེས་ཏེ། །སྒྲུབ་པས་མངོན་སུམ་སྣང་བར་མཛད། །རྩོལ་བ་དྲག་པོས་རྟོག་པའི་ནད་ལས་ཐར། །
ཡུན་དུ་མ་བཏང་དང་ལྡན་ངང་བསྲིངས་ན། །ཏཀྵ་ཀ་ཡིས་བཟུང་བར་གྱུར་པ་ཡང་། །ཟླ་བ་དྲུག་གིས་བཟློག་འགྱུར་ཐེ་ཚོམ་མེད། །གང་ཞིག་རང་སེམས་དཔང་དུ་བཙུགས་ནས་ནི། །ཐེ་ཚོམ་མེད་པར་རྟག་ཏུ་མ་བརྗེད་ན། །རྟོག་པའི་ནད་ལས་ཐར་ཅིང་དངོས་གྲུབ་
འབྱུང་བར་ངེས། །འགྲོ་ལ་བརྩེ་བས་ཀླུ་སྒྲུབ་འཁྲུལ་འཁོར་བརྩམས། །འདི་ལས་བསོད་ནམས་དགེ་རྩ་ཅི་ཡོད་པ། །གང་མོས་རྟོག་པའི་ནད་ལས་ཐར་གྱུར་ནས། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཤོག །རིན་ཆེན་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །དངོས་གྲུབ་སྡུག་

བསྔལ་ཐམས་ཅད་ཞི་བར་ཤོག །སློབ་དཔོན་ཛཱ་བ་རི་པས་མཛད་པའི་ཀླུ་སྒྲུབ་ཐབས་རྫོགས་སོ།། །།བལ་པོའི་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཡཀྵ་སེ་ནཱ་པ་ཏ་ཡེ་བི་ཤོ་དྷ་ན་ཧ་ར་སཱ་དྷ་ནཱ་མ། བོད་སྐད་དུ། གནོད་
སྦྱིན་གྱི་སྡེ་དཔོན་རྣམས་སྦྱོང་ཞིང་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །སྐུ་མདོག་མཐིང་ནག་ཁྲོས་པའི་གཟུགས་ལྡན་ཤིན་ཏུ་འཇིགས། །གནོད་སྦྱིན་འདུལ་མཛད་མེ་འབར་རྡོ་རྗེ་འཛིན་ལ་གུས་བཏུད་དེ། །ལས་དང་ཉོན་མོངས་ལས་དང་རྐྱེན་གྱིས་
རབ་བསྐུལ་ནས། །འབྲས་བུ་སྡུག་བསྔལ་གནོད་སྦྱིན་དུག་ནི་བསལ་ཕྱིར་བྲི། །ལྷ་ཡི་བསྙེན་པ་རབ་རྫོགས་ཤིང་། །དུལ་ལ་སྙིང་བརྩེར་ལྡན་པ་དང་། །ཆོ་ག་ཐབས་ལ་མཁས་པ་དང་། །དབང་རྫོགས་ནུས་པ་ལྡན་པས་བཟློག །ཁྲུས་ལ་སོགས་པ་དང་ལྡན་པས། །བུམ་པ་ཡུངས་ཀར་ལེགས་
པར་བརྟག །རྟགས་བྱུང་སྒྲུབ་པ་རབ་ཏུ་བརྩམ། །གནས་ནི་ཡིད་འོང་དེར་འདུག་སྟེ། །བསྲུང་དང་ས་ཆོག་རྫོགས་པ་དང་། །མཎྜལ་ལེགས་པར་བྱས་ནས་ནི། །སྟ་གོན་རྫོགས་པར་བྱས་པ་དང་། །དམར་གཏོར་བུམ་པ་ལྔ་རྣམས་དང་། །འབྲུ་སྣ་སྨན་སྣ་རིན་ཆེན་དང་། །ཁྲག་དང་ཤ་དང་སྙིང་ལ་སོགས། །རྫས་
དང་སྟ་གོན་རྫོགས་པར་བསགས། །དེ་ནས་ཐིག་གིས་གདབ་བྱ་བ། །བྱིན་རླབས་དམ་ཚིག་ཅན་གྱིས་བྱ། །དང་པོ་ཚངས་ཐིག་གདབ་པ་དང་། །ཟུར་དང་ལོགས་དང་ཆ་ཆེན་དབྱེ། །སྒོ་རྒྱན་ལྷ་སྣམ་གཉིས་བཏབ་ནས། །དེ་ནས་ཚོན་རྣམས་བྱིན་གྱིས་བརླབ། །དགེ་བ་འཁོར་ལོ་ལྟེ་བར་བཅས། །ལྟེ་བར་ཉི་
མའི་དཀྱིལ་འཁོར་ལ། །རྡོ་རྗེ་སྔོན་པོ་བྲི་བར་བྱ། །འཁོར་ལོའི་རྩིབས་བརྒྱད་སེར་པོ་སྟེ། །ཤར་དུ་རལ་གྲི་ལྷོར་དབྱུག་པ། །ནུབ་ཏུ་མདུང་སྟེ་དགྲ་སྟ་བྱང་། །ཤར་ལྷོ་འཁོར་ལོ་ལྷོ་ནུབ་མདའ། །ནུབ་བྱང་གྲི་གུག་བྱང་ཤར་ཏྲི་ཤཱུལ་དགོད། །ལྷ་སྣམ་ཕྱོགས་སྐྱོང་བཅུ་དགོད་དོ། །དེ་ནས་རྫས་རྣམས་དགྲམ་
པ་ནི། །དབུས་སུ་བུམ་པ་སྔོན་པོ་དགོད། །ཕྱོགས་བཞིར་རིགས་དང་བསྟུན་པའོ། །མཚམས་བཞིར་ཁྲག་གི་གཏོར་མ་གཞག །གྲྭ་རྣམས་མཆོད་པ་སྔོན་པོ་བཤམ། །ཕྱོགས་སྐྱོང་གཏོར་མ་སྒོ་བཞིར་གཞག །ནད་པ་ཁྲུས་བྱས་བྱང་འདུག་ལྷོ། །བདག་ཉིད་ལྷོར་འདུག་བྱང་དུའོ། །ལས་

ཀྱི་བུམ་པ་བྱང་དུའོ། །དེ་ལྟར་རྫས་རྣམས་རྫོགས་པ་དང་། །མཆོད་བསྟོད་སྔོན་དུ་རྫོགས་པ་དང་། །སྔགས་ཀྱིས་སྟོང་ཉིད་བསྒོམས་ནས་ནི། །དེ་རྗེས་ས་བོན་ཧཱུཾ་ཡིག་ལས། །རྡོ་རྗེ་ར་གུར་ས་གཞིར་གྱུར། །དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ནི། །དུར་ཁྲོད་འཇིགས་པར་བསྐྱེད་པར་བྱ། །
དེ་ནས་གྲུ་བཞི་སྒོ་བཞི་པ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །དྲ་བ་དྲ་ཕྱེད་རྟ་བབས་སོ། །དབུས་སུ་ཉི་མ་དབང་པོའི་སྟེང་། །ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་ཅན། །ཞལ་གསུམ་ཕྱག་དྲུག་རབ་བསྐྱེད་ནས། །རེ་པ་ལ་གནས་ཧཱུཾ་མཐིང་ནག །ཐུགས་ཀར་རབ་ཏུ་བསྒོམས་པ་ལས། །རྩིབས་བརྒྱད་རེ་ཕ་བརྒྱད་སྟེང་
དུ། །ཀྵ་ལས་བསྐྱེད་པའི་གནོད་སྦྱིན་ནི། །ཤ་ཟ་དང་ནི་རལ་པ་ཅན། །གདོང་སེར་དང་ནི་སེང་གདོང་སྟེ། །མོ་བཞི་མཚམས་སུ་རབ་བསམ་བྱ། །རབ་ཏུ་སྨུག་ནག་ཤིན་ཏུ་དམར་བ་དང་། །རབ་ཏུ་འབར་བའི་གསེར་བསྲེགས་དུང་མདོག་གོ། །འཁོར་ལོ་མདའ་དང་གྲི་གུག་ཏྲི་ཤཱུ་ལ། །གཡས་ན་དེ་རྣམས་གཡོན་ཐོད་པའོ། །
ཤིན་ཏུ་འཇིགས་པའི་གནོད་སྦྱིན་མོ། །ཉི་མའི་དཀྱིལ་ན་གཡས་བསྐུམ་བཞུགས། །བོང་བུ་