Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 49

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
བཟླས། །དེ་ཡིས་བདུད་རྩིའི་རྒྱུན་བྱུང་ནས། །རང་གི་སྤྱི་གཙུག་ཐིམ་པ་ཡིས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བདུད་རྩིས་རང་ལུས་གང་བ་ཡིན། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ཚེ་དཔག་མེད་པར་གྱུར་པར་བསམ། །བརྟན་པའི་ཡན་
ལག་ལྔ་བཟླས་སོ། །མདུན་བསྐྱེད་བདག་ལ་བསྟིམ་པ་དང་། །དེ་ཡི་ཚེ་ཚད་ཉི་ཟླར་འགྱུར། །ཚེ་ཉམས་ལ་སོགས་སྨོས་ཅི་དགོས། །གསང་ནས་སྒྲུབ་པ་རབ་ཏུ་བསྔགས། །དེ་ནས་གསང་སྒྲུབ་བཤད་པར་བྱ། །དཀྱིལ་འཁོར་གོང་དང་འདྲ་བ་ལ། །ལྷ་ཚོགས་ཐམས་

ཅད་ལི་ཁྲི་ལྟར། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པ་ཐོད་པར་བཅས་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །པདྨ་རྡོ་རྗེ་རིན་ཆེན་དང་། །འཁོར་ལོ་སྣ་ཚོགས་རྡོ་རྗེ་སྟེ། །གཡས་པ་
རང་གི་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩིས་གང་། །ཡབ་ལ་སྟོབས་ཤིང་གཉིས་སུ་འཁྲིལ། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་འོད་ཟེར་ཚོགས་འཁྲུགས་ཤིང་། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །མཚམས་བཞིར་བདུད་
རྩིའི་བུམ་པ་བཞི། །ཕྱོགས་ཀྱི་ལྷ་ཡི་སྣམ་བུ་ལ། །ཤར་དུ་རྡོ་རྗེ་ཁྲོ་བོ་དང་། །ལྷོ་རུ་རིན་ཆེན་ཁྲོ་བོ་དང་། །ནུབ་ཏུ་པདྨའི་ཁྲོ་བོ་དང་། །བྱང་དུ་ཕྲིན་ལས་ཁྲོ་བོ་དང་། །སྟེང་འོག་རྣམ་སྣང་ཁྲོ་བོ་གཉིས། །ཕྱོགས་བཞིར་ཁྲོ་བོ་གཉིས་གཉིས་ནི། །རིགས་ཀྱི་ཡུམ་
དང་བཅས་པ་ལ། །གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །ཐམས་ཅད་གཡས་པ་རང་རྟགས་འཛིན། །གཡོན་པ་ཚེ་ཡི་བུམ་པ་དང་། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་ན་བཞུགས། །ལྷ་མོ་བཞི་དང་སྒོ་བ་བཞི། །བཞེངས་པ་ཁྲོ་བོའི་ཚུལ་དུ་གནས། །འབྲུ་
གསུམ་སྔགས་ཀྱིས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་དྲང་གཉིས་མེད་བསྟིམ། །དབང་བསྐུར་རིགས་ཀྱིས་དབུ་བརྒྱན་པ། །གཙོ་བོ་ལྔ་དང་ཁྲོ་བོ་བཅུའི། །བུམ་པ་དག་ལ་དམིགས་ནས་ནི། །གསང་སྔགས་འདི་ནི་བཟླས་པར་བྱ། །ཨོཾ་ཧྲཱིཿཧཱུྃ། སྭཱ་བྷྲཱུཾ་ཨཱཿ
ཛཿཧཱུྃ་བཾ་ཧོཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། དེ་ནས་རང་ཉིད་བཟླས་པ་བྱ། །བུམ་པ་ལེགས་པར་བཅས་པ་ལ། །ལྷ་རྣམས་གོང་བཞིན་བསྐྱེད་པ་དང་། །རང་དང་ལྷ་རྣམས་སྔགས་བཟླས་པས། །འཆི་མེད་བདུད་རྩིའི་བུམ་པ་གང་། །རྗེས་སུ་
ལྷ་རྣམས་ཞུ་བའི་ཆུས། །རང་གཞན་ཐམས་ཅད་ཁྲུས་བྱའོ། །དེ་ཡིས་མཆོག་དང་ཐུན་མོང་གི །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །བདུད་རྩི་ལྔ་ཡི་གཏོར་མ་འདི། །སྙིང་པོ་སྔགས་ཀྱིས་འབུལ་བར་བྱ། །ལས་བཞིའི་སྦྱིན་སྲེག་བྱ་བ་དང་། །ལོངས་སྤྱོད་

སྤེལ་ལ་ཐོད་པ་མཆོད། །དེ་ནས་དེ་ཁོ་ན་ཉིད་སྒྲུབ། །རང་ཉིད་མགོན་པོར་གསལ་བ་ཡི། །གསང་གནས་ཆོས་འབྱུང་གྲུ་གསུམ་དུ། །ཧྲཱིཿདང་པཾ་ལས་མེ་འབར་བས། །ལུས་ཀྱི་ནད་རྣམས་ཐམས་ཅད་ཁེངས། །སྤྱི་བོའི་ཧཾ་བརྒྱད་ཞུ་བ་ལས། །བདེ་ཆེན་བདུད་རྩིའི་ཆུ་རྒྱུན་འབབ། །རྩ་གསུམ་གང་བས་བདེ་བ་རྒྱས། །དྲོད་
དང་བདེ་བའི་ཁྱད་པར་རྣམས། །སྟེང་འོག་རླུང་གིས་མནན་ཞེས་བྱ། །རྟ་བདུན་རི་བོ་རྒྱས་འདྲ་ནས། །མཐར་ཐུག་ལྷུན་གྲུབ་རྣམ་གསུམ་ཐོབ། །བཅུ་གསུམ་ས་རྣམས་རྫོགས་པར་འགྱུར། །ཚེ་དཔག་མེད་པའི་སྒྲུབ་པའི་ཐབས། །རྩ་རྒྱུད་ལེའུ་འབུམ་པ་དང་། །བཤད་རྒྱུད་འོད་ཟེར་དྲ་བ་ལ། །བརྟེན་ནས་གྲུབ་
པའི་རྒྱལ་མོས་མཛད། །འཆི་མེད་ཚེ་སྒྲུབ་འདི་བརྩམས་པས། །བདག་དང་རིགས་དྲུག་སེམས་ཅན་རྣམས། །འཆི་མེད་དངོས་གྲུབ་ཐོབ་གྱུར་ནས། །ཚེ་དཔག་མེད་པ་ཐོབ་པར་ཤོག།། །།རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ཨ་པ་རི་མི་ཏ་ཨཱ་ཡུ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །སྦྱིན་སྲེག་གིས་ནི་ལས་རྣམས་འགྲུབ། །ལས་ཀྱི་མཆོག་རབ་སྦྱིན་སྲེག་གོ། །ཞི་བ་དང་ནི་རྒྱས་པ་དང་། །
དབང་དང་དྲག་པོ་མངོན་སྤྱོད་དོ། །ཞི་བ་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་གྲུ་བཞི་ཟླ་གམ་དབང་། །མངོན་སྤྱོད་ཟུར་གསུམ་ཉིད་དུ་བྱ། །ཁྲུ་གང་ཁྲུ་དོ་ཁྲུ་གང་བ། །སོར་མོ་ཉི་ཤུ་ཁ་དོག་ནག །དཀར་སེར་དམར་བ་ཉིད་དུ་བྱ། །མཆོད་རྫས་ཡམ་ཤིང་དཱུར་བ་སོགས། །སྲེག་རྫས་གཡས་གཡོན་རིམ་པ་བཞིན། །ཤར་དུ་ཞི་བ་བྱང་དུ་རྒྱས། །
དབང་ལ་ནུབ་དང་དྲག་པོ་ལྷོ། །རཾ་ལས་མེ་ལྷ་ཁ་དོག་དམར། དབྱུ་གུ་རིལ་བ་སྤྱི་བླུགས་དང་། །བགྲང་ཕྲེང་གཡོན་དང་གཡས་སུ་བསམ། །རལ་པ་ཅོད་པན་གསུས་ཁྱིམ་ཆེ། །ཚངས་སྐུད་འཆང་ལ་ཡེ་ཤེས་བསྟིམ། །རིགས་བདག་རྣམས་ཀྱིས་དབུ་བརྒྱན་ནས། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །དགོང་
བླུགས་དབུལ་ལ་མཚན་མ་བརྟགས། །ཁ་དོག་སྒྲ་དང་དབྱིབས་དང་དྲི། །ཟླ་བ་རྒྱས་པ་དུ་བ་མེད། །ནད་མེད་སྡིག་པ་མ་ལུས་ཟད། །དུང་དང་རྫ་རྔ་པི་ཝང་དང་། །བདེ་བ་མ་ལུས་འཕེལ་བར་བྱེད། །ཙནྡན་ག་པུར་ཨ་ག་རུ། །དགེ་ཞིང་ཚེ་རིང་དཔལ་གྱི་གནས། །བཀྲ་ཤིས་རྫས་བརྒྱད་རྒྱལ་མཚན་གདུགས། །

སྒྲུབ་པ་པོ་རྣམས་དགེ་བའི་རྟགས། །ངན་པ་དེ་ལས་བཟློག་པའོ། །རྟ་མགྲིན་རྒྱལ་པོས་བསྲུང་བ་བྱ། དེ་ནས་སྲེག་རྫས་རིམ་གྱིས་དབུལ། །མར་དང་ཡམ་ཤིང་ཏིལ་དང་ཞོ། །འབྲས་སོ་ནས་དང་སྲན་མ་དང་། །གྲོ་དང་དཱུར་བ་ཀུ་ཤ་རྣམས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨོཾ་སརྦ་པཱ་
པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཡེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། མེ་ལྷ་བསྟོད་ཅིང་གསོལ་བ་གདབ། །དེ་ནས་མེ་ལྷའི་ཐུགས་
ཀ་རུ། །དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་བསྟིམ། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །ཁུ་བ་ལ་སོགས་ཞལ་དུ་མཆོད། །ཡམ་ཤིང་ཀུ་ཤ་འོད་ལ་དབུལ། །ཞོ་ཟན་འཐོར་འཐུང་ཕྱག་ཏུ་དབུལ། །ཁྱད་པར་དཱུར་བ་བརྒྱ་རྩ་ནི། །ཚེ་འཕེལ་ཆེད་དུ་དབུལ་བར་
བྱ། །ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ། འོ་མ་སྦྲང་རྩི་ཀ་ར་དང་། །བདུད་རྩི་ལྔ་དང་སྦྱར་བའི་རྫས། །སློབ་དཔོན་གཡོན་གྱི་མཐེའུ་ཆུང་གིས། །སློབ་མའི་གཡས་ཀྱི་མཐེའུ་ཆུང་གཟུང་། །ལན་གསུམ་བསྐོར་བས་ལྷ་ལ་དབུལ། །དངོས་གྲུབ་རྫས་ཀྱི་ལྷག་མ་དེ། །སློབ་མ་རྣམས་
ལ་སྦྱིན་པར་བྱ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ་མྲྀ་ཏ་སིདྡྷི་ཧཱུཾ། །ཞི་བ་སྭཱ་ཧཱ་དང་སྦྱར་བ། །རྒྱས་པ་ཨོཾ་ལ་དབང་ལ་ཧོ། །དྲག་པོ་མ་རཱ་ཡ་ཕཊ་སྦྱར། །དཀྱིལ་འཁོར་ལྷ་ལ་མཆོད་ཅིང་བསྟོད། །ཡེ་ཤེས་གཤེགས་སུ་གསོལ་བ་དང་། །དམ་ཚིག་བདག་ལ་བསྡུ་བར་བྱ། །
དཀྱིལ་འཁོར་ལྷ་ནི་མཆོད་སྟེར་རོ། །མེ་ཡིས་འདོད་པའི་དོན་གྲུབ་བྱེད། །ཡམ་ཤིང་གཟི་བརྗིད་སྟེར་བར་བྱེད། །མར་གྱིས་འབྱོར་པ་འཕེལ་བ་ཡིན། །ཏིལ་གྱིས་སྡིག་པ་འདག་པ་དང་། །ཞོ་ཟན་གྱིས་ནི་རིག་པ་འཕེལ། །ནས་ཀྱིས་བརྩོན་འགྲུས་འཕེལ་བར་འགྱུར། །འབྲས་
ཀྱིས་ནུས་པ་འཕེལ་བྱེད་པ། །སོ་བས་འབྲུ་འཕེལ་ལས་ཡིན་ནོ། །གྲོ་དང་སྲན་མས་ནད་ཀུན་སེལ། །དཱུར་བས་ཚེ་རིང་ནད་མེད་དོ། །ཀུ་ཤས་བར་ཆད་སྲུང་བར་བྱེད། །འོ་མ་སྦྲང་རྩིས་དངོས་གྲུབ་སྟེར། །དཔལ་འཕེལ་བ་ནི་བུད་ཤིང་ངོ་། །སྦྱིན་བདག་བཀྲ་ཤིས་ཐབས་

ཡིན་ནོ། །ཚོགས་གཉིས་རྫོགས་པ་མཆོད་པའི་རྫས། །ཐབས་དང་ཤེས་རབ་གཟར་བུ་སྟེ། །བདུད་རྩི་མར་གྱིས་ཚིམ་བྱེད་པ། །མཆོད་པ་གཞན་གྱིས་ཅི་ཞིག་བྱ། །ཐོག་མར་དབེན་པའི་གནས་ཉིད་དུ། །ཐབས་དང་མཆོད་རྫས་བཤམས་པ་ནི། །ཞི་བ་ཙནྡན་དཀར་པོའོ། །རྒྱས་པ་འབྲས་བུ་
ཅན་གྱི་ཤིང་། །དབང་ལ་ཙནྡན་དམར་པོ་དང་། །དྲག་པོ་ཚེར་མ་ཅན་ལ་བྱ། །རྒྱ་ཕྱེད་དཔངས་དང་ལྡན་པ་དང་། །སྣ་ཚོགས་པདྨ་འདབ་བརྒྱད་ལ། །སློབ་དཔོན་བདག་ཉིད་འདུག་པ་དང་། །གཡས་གཡོན་པདྨ་འདབ་བརྒྱད་ལ། གཡས་སུ་སྲེག་རྫས་རིམ་གྱིས་གཞག །གཡོན་དུ་བུམ་པ་མཆོད་རྫས་བཤམ། །ལྷ་ཡི་
རྣལ་འབྱོར་བསྐྱེད་པ་དང་། །སྔགས་ཀྱི་བཟླས་པས་རབ་ཏུ་ཚིམ། །བུམ་པར་རྟ་མཆོག་བསྐྱེད་པར་བྱ། །སྔགས་བཟླས་བར་ཆད་བསྲུང་བར་བྱ། །དེ་བས་བྲམ་ཟེ་རྒྱུན་བཞག་མེ། །བསླངས་ལ་སྦར་བར་བྱ་བ་དང་། །དང་པོ་འཇིག་རྟེན་མེ་ལྷ་མཆོད། །གཉིས་པ་དཀྱིལ་འཁོར་དགྱེས་པར་ཚིམ། །
གསུམ་པ་མེ་ལྷ་གཏང་རག་དབུལ། །དེ་ནས་ཡེ་ཤེས་གཤེགས་དང་དམ་ཚིག་བསྡུ། །མེ་མནལ་ཐལ་བ་ཆུ་བོར་དོར། །སྦྱིན་སྲེག་ལས་ཀྱི་འབྲས་འབྱིན་འདི། །མཁའ་འགྲོ་གྲུབ་པའི་རྒྱལ་མོས་བརྩམས། །དགེ་བ་འདི་ཡིས་འགྲོ་བ་ཀུན། །ཚེ་དཔག་མེད་པ་རེད་འགྱུར་ཤོག།། །།རྒྱ་གར་གྱི་མཁན་པོ་ཝ་
ལ་ཙནྡྲ་བླ་མ་དང་། །ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དད་བརྩོན་འགྲོ་རྣམས་
བསྒྲལ་འདོད་པ། །བསོད་ནམས་ཚོགས་ནི་སྔོན་སོང་བས། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །རང་གི་སྙིང་གའི་ཧྲཱིཿདམར་ལས། །ཡེ་ཤེས་མེ་འབར་རྣམ་སྨིན་བསྲེགས། །དེ་རྗེས་རང་སེམས་ཐིག་ལེ་དང་། །ཧྲཱིཿདམར་ཚེག་དྲག་གྱུར་པ་ལས། །རྟ་མཆོག་སྤྱན་གསུམ་ཞལ་བགྲད་པ། །
དབྱུག་པ་སྡིགས་མཛུབ་འབར་འཇིགས་བསྒོམ། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད། །མདོག་དམར་རྒྱན་མཛེས་བུམ་པ་བསྣམས། །ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿ། །དེ་ལས་བྷྲཱུཾ་ཆད་འཁོར་ལོ་ནི། །རྩིབས་བརྒྱད་ཡོངས་སུ་གྱུར་བ་ལས། །

གཞལ་ཡས་གྲུ་བཞི་སྒོ་བཞི་པ། །འདབ་བརྒྱད་ཁྱམས་དང་པད་ར་དང་། །འདོད་ཡོན་ཕ་གུ་དྲ་ཕྱེད་དང་། །རྟ་བབས་མཆོད་རྟེན་ཡོངས་མཛེས་པ། །རྡོ་རྗེ་མེ་རི་དམར་སྨུག་འཁྲུག །དངས་ཤིང་ཐོགས་པ་མེད་པ་ཡི། །འོད་ཟེར་ཚོགས་འཁྲུག་བསྒོམ་
པར་བྱ། །དེ་ཡང་ཧྲཱིཿལས་ཕོ་བྲང་གི །དབུས་སུ་སཾ་ཅིག་ཆད་པ་ལས། །མི་འཇིགས་བརྒྱད་དུ་གྱུར་པར་བསྒོམ། །དེ་སྟེང་པཾ་ཨ་རཾ་ཆད་པས། །པད་ཟླ་རྟ་བདུན་དག་ཏུ་འགྱུར། །དེ་ཡི་སྟེང་དུ་ཧྲཱིཿལས་ནི། །འོད་འཕྲོས་དོན་བྱས་ཚུར་འདུས་པས། །པདྨ་དམར་པོ་འདབ་ལྔར་གྱུར། །དེ་ལས་བཅོམ་
ལྡན་ཚེ་དཔག་མེད། །མདོག་དམར་གཞོན་སྒེག་རྒྱན་གྱིས་མཛེས། །འགྲོ་རྣམས་རེ་སྐོང་དཔག་བསམ་ཤིང་། །བུམ་པའི་ཁ་རྒྱན་ཐུགས་ཀར་འཛིན། །འགྱིང་བཅས་འོད་འཁྲུག་སྐྱིལ་ཀྲུང་བཞུགས། །དེ་ཡི་གཡོན་དུ་པཾ་དང་ཨ། །གྱུར་པས་ཟླ་བའི་གདན་སྟེངས་སུ། །ཨ་ལས་ཡུམ་མཆོག་གོས་དཀར་མོ། །
མཚལ་མདོག་འགྱིང་བཅས་འཛུམ་ཞིང་སྒེག །ཐུགས་ཀར་པདྨ་རཱ་ག་ཡི། །བུམ་པ་ཡོངས་སུ་འཛིན་པའོ། །ཤར་དུ་པད་ཟླ་ཉི་མ་ཡི། །སྟེང་དུ་ཧཱུྃ་ལས་རྡོ་རྗེར་གྱུར། །དེ་ལས་མི་བསྐྱོད་ཚེ་དཔག་མེད། །བཻ་ཌཱུར་སྔོན་པོའི་མདོག་འདྲ་བ། །སྐྱིལ་ཀྲུང་དང་བཅས་བུམ་པ་འཛིན། །དེ་ཡི་གཡོན་དུ་པད་ཟླའི་སྟེང་། །
ས་ལས་ཡུམ་མཆོག་སངས་རྒྱས་སྤྱན། །མདོག་དཀར་ཕྱག་གཉིས་བུམ་པ་བསྣམས། །གཞོན་སྒེག་སྐྱིལ་ཀྲུང་བཞུགས་པའོ། །ལྷོ་རུ་པདྨ་ཉི་ཟླའི་སྟེངས། །སྭ་ལས་རིན་འབྱུང་ཚེ་དཔག་མེད། །བཙོ་མ་གསེར་མདོག་སྐྱིལ་ཀྲུང་བཞུགས། །བུམ་འཛིན་རིན་ཆེན་རྒྱན་གྱིས་སྤྲས། །གཡོན་དུ་པད་ཟླ་ཏྲཱཾ་ཉིད་
ལས། །བྱུང་བའི་ཡུམ་མཆོག་མཱ་མ་ཀཱི། །ནམ་མཁའི་མདོག་ཅན་འཛུམ་སྒེག་མཛེས། །བུམ་པ་བསྣམས་ཤིང་སྐྱིལ་ཀྲུང་བཞུགས། །ནུབ་ཏུ་པད་ཟླ་ཉི་མ་ཡི། །སྟེང་དུ་བྷྲཱུཾ་ལས་འཁོར་ལོར་གྱུར། །དེ་ལས་སྣང་མཛད་ཚེ་དཔག་མེད། །དཀར་ཞིང་སྐྱིལ་ཀྲུང་བཞུགས་པའོ། །གཡོན་དུ་པད་ཟླ་
མཾ་ལས་ནི། །དབྱིངས་ཕྱུག་མ་ནི་དུང་གི་མདོག །འགྱིང་བཅས་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ངོ་། །བྱང་དུ་པད་ཟླ་རཾ་ཉི་ཡི། །སྟེང་དུ་ཨ་ལས་རྒྱ་གྲམ་པ། །དེ་ལས་དོན་གྲུབ་ཚེ་དཔག་མེད། །མདོག་ལྗང་བུམ་པ་སྐྱིལ་ཀྲུང་མཛེས། །གཡོན་དུ་པདྨ་ཟླ་བའི་སྟེང་། །ཏཱཾ་ལས་

དམ་ཚིག་སྒྲོན་མ་ནི། །སྔོ་ལྗང་སྣ་ཚོགས་རྒྱན་གྱིས་མཛེས། །ཐུགས་ཀར་བུམ་པ་འཛིན་པའོ། །ཤར་ཁྱམས་ཟླ་བའི་གདན་སྟེངས་སུ། །ཧཱུྃ་བཞི་རྡོ་རྗེ་བཞིར་གྱུར་པས། །རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི། །གཡས་པ་རང་རྟགས་རྡོ་རྗེ་འཛིན། །གཡོན་པ་ཚེ་ཡི་བུམ་པ་
འཛིན། །རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ལྷོ་ཕྱོགས་པདྨ་ཟླ་བའི་སྟེང་། །སྭཱ་ལས་རིན་ཆེན་འབར་བ་བཞི། །རིན་ཆེན་རིགས་ཀྱི་སེམས་དཔར་གྱུར། །གཡས་པ་རིན་ཆེན་གཡོན་པ་ནི། །ཚེ་ཡི་བུམ་པ་ཐུགས་ཀར་འཛིན། །བཙོ་མ་གསེར་འདྲ་སྐྱིལ་ཀྲུང་བཞུགས། །ནུབ་ཏུ་པད་ཟླ་ཧྲཱིཿབཞི་
ལས། །པདྨ་འདབ་ལྔར་གྱུར་པ་ལས། །པདྨའི་སེམས་དཔའ་བཞི་རུ་གྱུར། །ཕྱག་གཡས་རང་རྟགས་པདྨ་བསྣམས། །གཡོན་པ་བུམ་འཛིན་རྒྱན་སྤྲས་ཤིང་། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །བྱང་དུ་གདན་སྟེངས་ཨ་བཞི་ལས། །རྡོ་རྗེ་རྒྱ་གྲམ་ལས་བྱུང་བའི། །ལས་ཀྱི་སེམས་དཔའ་
བཞི་རུ་གྱུར། །སྔོ་ལྗང་རྒྱ་གྲམ་བུམ་པ་བསྣམས། །གཞོན་སྒེག་མཛེས་ཤིང་སྐྱིལ་ཀྲུང་བཞུགས། །འོད་ཟེར་ཚོགས་ཀྱིས་བསྐོར་བའོ། །ཤར་སྒོར་ཛཿདང་ལྕགས་ཀྱུ་ལས། །ལྕགས་ཀྱུ་མ་ནི་མུ་ཏིག་མདོག །ལྷོ་སྒོར་ཧཱུྃ་ལས་ཞགས་པ་སེར། །ནུབ་ཏུ་བཾ་ལས་ལྕགས་སྒྲོག་དམར། །བྱང་དུ་ཧོཿལས་
དྲིལ་བུ་ལྗང་། །ལྷ་མོ་དེ་དག་ཐམས་ཅད་ཀྱང་། །འཁྲིལ་ལྡེམ་གཞོན་སྒེག་རྒྱན་སྤྲས་མཛེས། །ཞལ་ནི་ཕྱིར་གཟིགས་བཞེངས་པའོ། །སྒོ་བཞིར་རྒྱལ་ཆེན་བཞི་ཡང་བསམ། །ཡང་ན་ཕྱི་རོལ་དག་ཏུའོ། །གྲུ་ཆད་བཞི་ལ་མཆོད་པ་ཡི། །ལྷ་མོ་སྤྱི་དང་མཐུན་པར་བསམ། །དེ་ནས་ཐུགས་ཀའི་
འོད་ཟེར་གྱིས། །རང་བཞིན་གནས་ནས་ཡེ་ཤེས་པ། །འདི་བརྗོད་སྤྱན་ནི་དྲང་བར་བྱ། །གདོད་ནས་རང་བཞིན་མཁའ་ལྟར་དག །ཐུགས་རྗེས་འཇའ་ཚོན་སྐུར་སྟོན་པའི། །བཅོམ་ལྡན་གསུང་མཆོག་ཚེ་དཔག་མེད། །རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །ཏིང་འཛིན་གཟུགས་བརྙན་དམ་པ་
འདིར། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན། །ཚེ་ཟད་ཚེ་ཉམས་བསལ་མཛད་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་རིགས་མཆོག་ཚེ་དཔག་མེད། །རིགས་ཀྱི་ཡུམ་མཆོག་ལྔ་དང་ནི། །མཆོད་པའི་ལྷ་མོ་རྣམ་བཞི་དང་། །སེམས་དཔའ་བཅུ་

དྲུག་སྒོ་མར་བཅས། །རང་བཞིན་བདེ་ཆེན་དཀྱིལ་འཁོར་ནས། །ཏིང་འཛིན་གཟུགས་བརྙན་དམ་པ་འདིར། །ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །ཐུགས་མཆོག་ཡེ་ཤེས་ཐོབ་བྱའི་ཕྱིར། །གནས་འདི་ཉིད་དུ་སྤྱན་འདྲེན་གྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་
བཅིང་། །མཉེས་པར་གྱུར་ལ་མཆོད་པ་དང་། །བསྟོད་པ་རྒྱས་དང་བསྡུས་བ་བྱ། །སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ། །དེ་ནས་བྱིང་རྒོད་རབ་སྤངས་ནས། །མ་ཡེངས་ལྷ་རྣམས་གསལ་བར་བསྒོམ། །དེ་རྗེས་བཟླས་པ་བྱ་བ་ནི། །ལྷ་རྣམས་ཐུགས་ཀའི་བུམ་པའི་ནང་། །ཧྲཱིཿཧཱུྃ་སྭཱ་བྷྲཱུཾ་ཨཱཿལ་
ནི། །རང་རང་སྔགས་ཀྱིས་བསྐོར་བར་བསྒོམ། །ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། །ཨོཾ་སྭཱ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། །ཨོཾ་བྷྲཱུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། །ཨོཾ་ཨཱཿབྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། །དེ་རྣམས་ཡབ་ཀྱི་སྙིང་པོའོ། །ཡུམ་གྱི་བུམ་པར་ཨ་པ་རི་མི་ཏ་
བསམས་ལ་སྔགས་འདིས་བསྐོར། ཨོཾ་བྷྲཱུཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་སྭཱ་ཧཱ། ཡུམ་མཆོག་ལྔ་ཡི་སྙིང་པོར་བརྗོད། །ཕྱོགས་བཞིའི་སེམས་དཔའ་བཅུ་དྲུག་པོ། །གཙོ་བོའི་སྔགས་རྣམས་བསྐོར་བར་བསམས། །ཛཿཧཱུྃ་བཾ་ཧོཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཿསྭཱ་ཧཱ། སྒོ་མ་བཞི་ཡི་
སྙིང་པོའོ། །དེ་ལྟར་བུམ་པའི་སྔགས་རྣམས་ལ། །དམིགས་ནས་བཟླས་པ་བྱས་པ་ཡིས། །ཡིག་འབྲུ་རྣམས་ལས་བདུད་རྩིའི་རྒྱུན། །བྱུང་བས་བུམ་པ་ཁེངས་པར་བསམ། །བུམ་ནང་ཡེ་ཤེས་བདུད་རྩིའི་རྒྱུན། །རང་གི་གནས་གསུམ་ཐིམ་པ་ཡིས། །ལུས་ངག་ཡིད་གསུམ་ནད་གདོན་དང་། །
སྡིག་སྒྲིབ་དག་ནས་དབང་བཞི་ཐོབ། །འཆི་མེད་དངོས་གྲུབ་ཐོབ་པར་བསམ། །དེ་ནས་རང་གི་སྔགས་བཟླས་པས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱང་། །རང་རང་གསང་སྔགས་ཟློས་པར་བསམ། །རང་སྙིང་ས་བོན་ཤར་སྒོ་ནས། །ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས། །དཔག་མེད་ཤར་
དུ་སྤྲོས་པ་ཡིས། །ནད་གདོན་ཞི་བའི་ལས་བྱས་ནས། །དྲི་ཟའི་ལག་ནས་ཚེ་བཀུག་ལ། །རང་དང་བུམ་པར་བསྟིམ་པར་བྱ། །དེ་བཞིན་ལྷོ་ཡི་ཞགས་པ་བསམ། །ཚེ་དང་ལོངས་སྤྱོད་རྒྱས་བྱས་ནས། །གཤིན་རྗེའི་ལག་ནས་ཚེ་བཀུག་སྟེ། །གོང་བཞིན་དུ་ནི་བསྟིམ་པར་བྱའོ། །ནུབ་ཀྱི་ལྕགས་

སྒྲོག་དམར་མོ་ཡིས། །སྲིད་གསུམ་མ་ལུས་དབང་བསྡུས་ཏེ། །ཆུ་ལྷའི་ལག་ནས་ཚེ་བཀུག་ལ། །བསྟིམ་ཞིང་ཀླུ་གདོན་དག་པར་བསམ། །བྱང་གི་དྲིལ་བུ་དགྱེས་མཛད་མས། །ནད་གདོན་ལོག་འདྲེན་ཚར་བཅད་ནས། །གནོད་སྦྱིན་ལག་ནས་ཚེ་བཀུག་ལ། །གོང་བཞིན་དམིགས་པ་གསལ་
བས་བསྟིམ། །ཤར་ཕྱོགས་རྣམ་རྒྱལ་བུམ་པ་ནི། །རྫས་དང་མགུལ་ཆིངས་ཁ་རྒྱན་བཅས། །ཕྱག་མཚན་བྲིས་ནས་གཞུག་པར་བྱ། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་ནི་གཞལ་ཡས་ཁང་དུ་བསམ། །གོང་བཞིན་བདུད་རྩིས་བུམ་པ་དགང་། །དེ་ཡིས་རང་གཞན་ཐམས་ཅད་ཀྱི། །ནད་གདོན་སྡིག་སྒྲིབ་སངས་དག་
ནས། །འཆི་མེད་དངོས་གྲུབ་ཐོབ་པར་བསམ། །ལས་བུམ་རྟ་མགྲིན་བསྐྱེད་པ་ཡང་། །བགེགས་ཀྱི་སྟེང་དུ་གཞག་པར་བྱ། །དེ་ཡིས་རང་གཞན་བར་ཆད་བསྲུང་། །བདུད་རྩི་དཀར་དམར་ཁྲུས་བྱའོ། །དེ་ལྟར་རང་དོན་གཞན་དོན་ལ། །མ་ཡེངས་བསྐྱེད་རིམ་གསལ་པོ་ཡིས། །ཟླ་བ་གཅིག་ཏུ་སྔགས་བཟླས་ནས། །
རྟགས་རྫོགས་ཟླ་དྲུག་ཞལ་མཐོང་འགྱུར། །དེ་ཡང་རྒྱུན་དུ་ཉམས་ལེན་ན། །ཁྭ་དའི་སྐད་ཀྱིས་མ་ནོན་པར། །མདུན་དུ་གཙོ་བོ་ཡབ་ཡུམ་བསམ། །གསོལ་བ་བཏབ་ལ་མཆོད་བསྟོད་བྱ། །བུམ་པ་དག་ལ་དམིགས་ནས་ནི། །ཨོཾ་ཨཱ་ཡུ་དྷེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུཾ། །གསང་སྔགས་ཉི་ཤུ་རྩ་གཅིག་བཟླས། །དེ་ཡིས་བདུད་
རྩིའི་རྒྱུན་བྱུང་ནས། །རང་གི་སྤྱི་གཙུག་ཐིམ་པ་ཡིས། །ནད་གདོན་སྡིག་སྒྲིབ་སངས་དག་ནས། །བདུད་རྩིས་རང་ལུས་ཁེངས་པ་ཡིས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ཚེ་དཔག་མེད་པར་གྱུར་པར་བསམ། །བརྟན་པའི་ཡན་ལག་སྔགས་བཟླས་སོ། །ཨོཾ་ཨཱ་ཡུ་ཨ་མ་ར་ཎ་ཛཱི་བནྟི་ཡེ་སྭཱ་ཧཱ། །དེ་ཡི་ཚེ་ཚད་ཉི་ཟླར་
འགྱུར། །ཚེ་ཉམས་ལ་སོགས་སྨོས་ཅི་དགོས། །གསང་ནས་སྒྲུབ་པ་རབ་ཏུ་བསྔགས། །དེ་ནས་གསང་སྒྲུབ་བཤད་པར་བྱ། །དཀྱིལ་འཁོར་གོང་དང་འདྲ་བ་ལས། །ཡབ་ལྔ་སྐུ་མདོག་འཚེར་ཞིང་དམར། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །བུམ་པ་ཐོད་པར་བཅས་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་
པའོ། །ཡུམ་ལྔ་སྐུ་མདོག་འདྲ་བ་དང་། །གཞོན་<སྒྲེག་‚སྒེག་>རྒྱན་མཛེས་སྐུ་ཤ་རྒྱས། །འཛུམ་ཞིང་ནུ་མ་འབུར་བ་ཡིས། །གཡས་པ་པདྨ་རྡོ་རྗེ་དང་། །རིན་ཆེན་འཁོར་ལོ་རྒྱ་གྲམ་སྟེ། །གཡས་པ་རང་རྟགས་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩིས་བཀང་། །ཡབ་ལ་སྟོབས་ཤིང་སྐྱིལ་ཀྲུང་འཁྲིལ། །

ཡབ་ཀྱི་འོད་ཟེར་དམར་བའི་མདངས། །ཡབ་ཡུམ་འོད་ཟེར་ཚོགས་འཁྲུག་ཅིང་། །སྙོམས་འཇུག་ཟག་མེད་བདེ་བས་རྒྱས། །གཉིས་སུ་མེད་པའི་སྦྱོར་མཚམས་ནས། །བྱང་སེམས་དཀར་དམར་བདུད་རྩིའི་རྒྱུན། །རང་གི་གནས་གསུམ་ཕོག་པ་ཡིས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག །ཐུན་མོང་མ་ཡིན་
དབང་བཞི་ཐོབ། །རང་ལུས་ཟག་མེད་བདེ་བས་རྒྱས། །ཡེ་ཤེས་ལུས་ལ་མགོན་པོར་བསྐྱེད། །ཤར་གྱི་ཁྱམས་སུ་རྡོ་རྗེའི་རིགས། །ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། །མདོག་དམར་ཕྱག་གཡས་རྡོ་རྗེ་བསྣམས། །གཡོན་པ་རཱ་གའི་བུམ་པ་འཛིན། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་དཀྱིལ་ནས། །
གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །ཡུམ་ཡང་མདོག་དམར་རྡོ་རྗེ་དང་། །བུམ་པ་འཛིན་ཅིང་ཡབ་ལ་འཁྲིལ། །ཁྲོ་ཞིང་ཅུང་ཟད་སྒེག་པར་བསམ། །ལྷོ་ཕྱོགས་སུ་ནི་རིན་ཆེན་རིགས། །ཡབ་ཡུམ་གཡས་པ་རིན་པོ་ཆེ། །གཡོན་པ་ཚེ་ཡི་བུམ་པའོ། །ནུབ་ཕྱོགས་བུདྡྷའི་ཁྲོ་བོ་ནི། །ཡབ་ཡུམ་གཡས་པ་
འཁོར་ལོ་སྟེ། །གཡོན་པ་ཚེ་ཡི་བུམ་པའོ། །བྱང་ཕྱོགས་ཕྲིན་ལས་ཁྲོ་བོ་ནི། །ཡབ་ཡུམ་གཡས་པ་རྒྱ་གྲམ་བསྣམས། །གཡོན་པ་ཚེ་བུམ་འཛིན་པའོ། །དབུས་ཀྱི་སྟེང་དང་འོག་ཏུ་ནི། །ཁྲོ་བོ་ཡབ་ཡུམ་ཕྱག་གཡས་ན། །པདྨ་འདབ་ལྔ་བསྣམས་པ་སྟེ། །གཡོན་པ་ཚེ་ཡི་བུམ་པའོ། །ཕྱོགས་བཞིར་
ཁྲོ་བོ་གཉིས་གཉིས་བསྒོམ། །རྒྱན་དང་ཆ་ལུགས་སྐུ་མདོག་རྣམས། །ཤར་ཕྱོགས་བཞིན་དུ་བསམ་པར་བྱ། །སྒོ་མ་བཞི་ནི་མདོག་དམར་ཞིང་། །ཞལ་ནི་ཕྱིར་གཟིགས་ཁྲོ་མོའོ། །གཙོ་བོ་ལྔ་དང་ཁྲུས་ཆུ་ཡི། །བུམ་པ་བདག་ལ་དམིགས་བྱས་ནས། །གསང་བའི་སྔགས་ནི་
བཟླས་པར་བྱ། །ཨོཾ་ཧྲཱིཿཧཱུྃ་སྭཱ་ཨཱཿབྷྲཱུཾ་ཛཿཧཱུྃ་བཾ་ཧོཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མ་ཧ་སིདྡྷི་ཧ་ས་ནི་རི་སྭཱ་ཧཱ། དེ་སྐད་མ་ཡེངས་བཟླས་པ་ཡིས། །བུམ་པའི་ཆུ་རྒྱུན་སྤྱི་བོར་ཕོག །སྡིག་སྒྲིབ་དག་ནས་དབང་བཞི་ཐོབ། །དེ་ནས་རང་ཉིད་ཡབ་ཡུམ་དུ། །བསམས་ལ་གསང་བའི་སྔགས་བརྗོད་དོ། །ཤར་
དང་བྱང་ཤར་མཚམས་སུ་ནི། །བུམ་པ་ལྷ་རྣམས་གོང་བཞིན་བསམ། །རང་དང་ལྷ་རྣམས་སྔགས་བཟླས་པས། །འཆི་མེད་བདུད་རྩིའི་བུམ་པ་ཁེངས། །རྗེས་སུ་ཆགས་རྣམས་ཞུ་བའི་ཆུས། །རང་གཞན་ཐམས་ཅད་ཁྲུས་བྱའོ། །དེ་ཡིས་མཆོག་དང་ཐུན་མོང་གི །དངོས་

གྲུབ་ཐམས་ཅད་འབྱུང་བར་འགྱུར། །དེ་ནས་ཁོ་ན་ཉིད་འདི་བསྒྲུབ། །རང་ཉིད་མགོན་པོར་གསལ་བ་ཡི། །གསང་གནས་ཆོས་འབྱུང་གྲུ་གསུམ་དུ། །ཧྲཱིཿདང་རཾ་ལས་མེ་འབར་བས། །ཁོག་པའི་ནང་རྣམས་ཐམས་ཅད་ཁེངས། །སྤྱི་བོའི་ཧཾ་བརྒྱད་ཞུ་བ་ལས། །བདེ་ཆེན་བདུད་རྩིའི་
ཆུ་རྒྱུན་བབ། །རྩ་རྣམས་ཁེངས་པས་བདེ་བ་རྒྱས། །དྲོད་དང་བདེ་བའི་ཁྱད་པར་ཀུན། །སྟེང་འོག་རླུང་གི་གནད་ཤེས་བྱ། །རྟ་བདུན་རི་བོང་རྒྱས་བརྟན་ནས། །མཐར་ཐུག་ལྷུན་གྲུབ་རྣམ་གསུམ་ཐོབ། །བཅུ་གསུམ་ས་རྣམས་རྫོགས་པར་འགྱུར། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་
བའི་སྒྲུབ་ཐབས། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏི་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དད་ལྡན་མགོན་ལ་གུས་པ་ཡིས། །ནགས་འདབ་ཆུ་གླིང་དགོན་པར་ནི། །རང་དང་སློབ་མའི་དོན་གྱི་ཕྱིར། །བསྙེན་པས་ཆོ་ག་སྟ་གོན་དང་། །དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བྱ། །དེ་ལ་དང་པོ་བསྙེན་པ་ནི། །རབ་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་
མཐོང་བ། འབྲིང་རྨི་ལམ་དུ་མཐོང་བ། ཐ་མ་ཡང་ལུང་བསྟན་ཐོབ་པའོ། །གྲངས་ཀྱི་བསྙེན་པ་འབུམ་ཚོ་བདུན། །འབྲིང་གསུམ། །ཐ་མ་ཁྲིའམ་བླ་མའི་རྗེས་གནང་ཐོབ་པའོ། །སའི་ཆོ་ག་ནི་རྒྱུད་ལས། དཀྱིལ་འཁོར་སོ་ནི་བརྟག་པ་བླང་བ་དང་། །སྦྱང་བ་དང་ནི་བྱིན་བརླབས་གཟུང་བའོ། །ཞེས་གསུངས་པས།
ས་ཆོག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྟ་གོན་ལ་བཞི་སྟེ། ལྷ་སྟ་གོན། བུམ་པ་སྟ་གོན། སའི་ལྷ་མོ་སྟ་གོན། སྦྱིན་སྲེག་སྟ་གོན། སློབ་མ་སྟ་གོན་རྣམས་གཞན་བཞིན་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཤད་པར་བྱའོ། །དང་པོ་ནི་ཚོན་སྣ་ལྔའི་ཐི་གུ་རིགས་ལྔ་ཡབ་ཡུམ་དང་བཅས་པ།
བདེ་སྟོང་དབྱེར་མེད་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་ལ་དམ་ཚིག་གི་ཐིག་ཆེན་བརྒྱད་བཏབ་ལ། མཆོད་བསྟོད་བྱས་ནས་སྟ་གོན་གྱི་ལྷ་དང་དབྱེར་མེད་དུ་བསམ་མོ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་གི་རྗེས་སུ་དམ་ཚིག་གི་ཐིག་གདབ་པ་ནི། སློབ་དཔོན་ཤར་དུ་བལྟ། སློབ་མ་ནུབ་ཏུ་བལྟ། ཚངས་

ཐིག་དང་པོ་གདབ། །དེ་ནས་ལྷོ་བྱང་དང་མཚམས་སུ་ཐིག་ཆེན་བརྒྱད་གདབ། དེ་ལ་བཅུ་དྲུག་ཏུ་བགོས་ནས་གསུམ་པ་མན་ཆད་ལ་འདབ་བརྒྱད་ཕྱོགས་ཚོན་དབུས་དམར་པོའོ། །བཞི་པ་ཁྱམས་ལ་ཤར་དཀར་པོའམ་མཐིང་ག །ལྷོ་སེར་ནུབ་དམར་བྱང་ལྗང་། རྩིག་པ་ལྔ་དང་ལྡན་པ། འདོད་ཡོན་དམར་ཕ་གུ་སེར།
དྲ་ཕྱེད་སྔོ་མདའ་ཡབ་དམར་པོ་མཆོད་རྟེན་དང་ལྡན་པ། རྟ་བབས་ཆ་བཞི་མཆོད་རྟེན་དུ་ཡོད་པའོ། །དེ་ཡང་རྡོ་རྗེ་མེ་རི་རབ་ཏུ་འབར་བ་དང་བཅས་པ་བྲི་བར་བྱའོ། །དེ་ཡང་ཚོན་བྱིན་གྱིས་བརླབ་པ་ནི། ཡབ་ཡུམ་བདེ་སྟོང་དབྱེར་མེད་དུ་བསམ་པའོ། །ཚོན་ལྔ་ཕྱོགས་བཞི་དང་དབུས་སུ་བཞག་ལ་ས་བོན་བྲིས་ཏེ་རིགས་
ལྔར་བསྐྱེད་ནས་མཆོད་བསྟོད་བྱས་ལ་བྲིའོ། །དེ་ཡང་ཤར་དུ་སློབ་དཔོན་གྱིས་བན་རག་སོར་བརྒྱད་བྲིས་ལ་གྲ་བརྟག་པར་བྱའོ། །དེ་ནས་སྐུ་ཙ་ཀ་ལི་འམ་མེ་ཏོག་ཚོམ་བུ་བཀོད་པའམ། ཕྱག་མཚན་རྣམས་བཀོད་པའོ། །དེ་ལྟར་སྐུ་གསུང་ཐུགས་གང་བཀོད་པའི་རྗེས་ལ། གཙོ་བོའི་བུམ་པ་ཤར་ཕྱོགས་རྡོ་རྗེ་
ར་བའི་ནང་དུའོ། །ལས་བུམ་ཤར་མེ་རིའི་སྟེང་དུ་བུམ་པ་རྒྱས་པར་དགོད་ན་གོང་བཞིན་ནོ། །དེ་ནས་མཆོད་པ་དང་གཏོར་མ་དང་འབྱོར་པའི་ཡོ་བྱད་ཀྱིས་དཀྱིལ་འཁོར་གྱི་མཐའ་མ་བསྐོར། མདའ་དང་ཕུར་པ་དང་གྲི་བརྒྱད་ཕྱོགས་མཚམས་སུ་བཙུགས་ལ་སྟེང་འཁོར་ལོ་རྩིབས་བརྒྱད་ལ་ཕྱོགས་དྲ་མིག་ཏུ་
ཡོད་པ་བྱའོ། །དེ་ནས་རང་ཉིད་བསྐྱེད་ཆོག་ཇི་ལྟ་བ་བཞིན་དུ་བསྒོམ། །དཀྱིལ་འཁོར་དང་བུམ་པའི་ནང་དུ་ལྷ་ཚོགས་བསྐྱེད་ལ་སྒྲུབ་ཐབས་བཞིན་འཆི་མེད་ཡེ་ཤེས་བདུད་རྩིས་གང་བ་ལ་རང་གིས་དབང་བླང་བར་བྱའོ། །སློབ་མ་ལ་ཇི་ཙམ་བསྐུར་བ་དེ་རང་གིས་བླང་བར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་
བྱས་གོས་སོ་མ་གོན་ནས་ཡོལ་བའི་ཕྱི་རོལ་དུ་འཁོད་པ་ལ་བགེགས་བསྐྲད། ཀྲྀ་ཡ་དཔུང་བཟང་ལྟར་གཏོར་མ་གཏང་ངོ་། །དེ་ནས་སློབ་མ་རྣམས་ཕྱག་བྱས་ལ་མེ་ཏོག་དང་བཅས་པས། གོང་བཞིན་དུ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །གསོལ་བ་ལན་གསུམ་གདབ་པར་བྱའོ། །དེ་ནས་སྡིག་
པ་བཤགས་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པ་ཡང་གོང་བཞིན་བྱས་ལ། མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཐུབ་ཆེན་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་ཡེ་

ཤེས་སྤྱན་མངའ་བའི། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་མཆོག་ཏུ་ཐམས་ཅད་དུ། །སློབ་དཔོན་གྱིས་ནི་བདག་འཇུག་འཚལ། །ཕྱིར་མི་ལྡོག་པར་
དབང་བསྐུར་བའི། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་འབྱུང་ཆེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་
དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་དྲི་བ་ནི། །བཅོམ་ལྡན་ཚེ་དཔག་མེད་པ་ཡི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །སློབ་མས་འཚལ་ལགས་ཞེས་བརྗོད་དོ། །དེ་
ནས་རིགས་ཀྱི་སྡོམ་པའི་དམ་ཚིག་བསྒྲགས་པ་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་དེ་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །
ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཉིད་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །
སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་
པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །སྤང་ཞིང་དོར་བར་མི་བྱ་སྟེ། །ཕས་ཕམ་པར་ནི་རབ་བཤད་དེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བླང་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །

ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་སྟེ། །ཆང་ནི་ཡོངས་སུ་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་
འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ལས་ནི་རྣམ་བཞི་དང་། །ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྣམ་པར་སྤང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་
ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ནི་བསྙེན་པར་མི་བྱ་ཞིང་། །ཕྱག་རྒྱ་མཚོན་ཆ་བཞོན་པ་དང་། །མཚན་མ་བགོམ་པར་མི་བྱ་ཞིང་། །འདི་དག་དམ་ཚིག་ཡིན་པར་གསུངས། །འདི་ལས་རྟག་ཏུ་མི་འདའ་བར། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །ཞེས་ལན་གསུམ་བརྗོད་པའི་
ཚེ་སློབ་མས་ཉན་པར་བྱའོ། །དེ་ནས་སློབ་མས་སྡོམ་པ་འདི་ལྟར་ཁས་བླང་བར་བྱ་སྟེ། སློབ་དཔོན་དེང་འདིར་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་རིགས་ལྔའི་སྡོམ་པ་ཁས་བླང་བ་ནི། སངས་རྒྱས་བྱང་
ཆུབ་སེམས་དཔའ་རྣམས། །ཅི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་
ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །
བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་

བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམས་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་དང་གསང་བ་
ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་
དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སེམས་བསྐྱེད་པ་ནི། སློབ་
མ་སྐད་ཅིག་གིས། ཚེ་དཔག་མེད་མགོན་པོར་བསྐྱེད་ལ། རྡོ་རྗེས་དྲིའི་ཐིག་ལེ་སྙིང་གར་བྱས་ལ། །དེ་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས། ཨོཾ་ཧྲཱིཿབྷྲཱུཾ་ཨཱ་ཡུརྫྙཱ་ན་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཡང་སྙིང་གར་རྡོ་རྗེ་བཞག་ལ། ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་
ལྔ་པ་བསྒོམ་དུ་གཞུག །དེ་ནས་ཨོཾ་བཛྲ་སུ་ར་ཏ་ས་མ་ཡ་སྟྭཾ་བོ་དྷི་ཙིཏྟ་ཡ་ཐཱ་སུ་ཁཾ་ས་མ་ཡ་ཧོ། །ཞེས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །དེ་ལྟར་སློབ་མ་ལྷར་བསྐྱེད་པ་དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་རྣམ་པ་ལྔ་དབུལ་བར་བྱའོ། །དེའི་རྗེས་ལ་སློབ་མ་དེ་རྣམས་ཤར་སྒོ་དང་
ལྷོ་སྒོ་ནུབ་སྒོ་བྱང་སྒོ་རྣམས་ནས་ཡིད་ཀྱིས་འཇུག་པར་བྱའོ། །དེ་ནས་སློབ་མ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་དམ་བསྒྲག་པ་ནི། སྙིང་གར་རྡོ་རྗེ་བཞག་ལ། །མི་ཡི་སྲིད་པ་ལེགས་ཐོབ་པས། །དུས་འདིར་སངས་རྒྱས་རིགས་སུ་ཆུད། །ང་ཡིས་ཡི་ཤེས་དབང་ཐོབ་པས། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །
གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་དམ་ཚིག་ཉམས། །དེས་ན་མཆོག་ཏུ་གསང་བར་བགྱི། །ལན་ཅིག་བརྗོད་དོ། །དེ་ནས་ཡེ་ཤེས་སེམས་དཔའི་སྒོ་ནས་དམ་བསྒྲག་པ་ནི། སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ནས་ཚེ་དཔག་མེད་ཏུ་བསམས་ནས་ལུས་

ལ་བསྟིམས་ལ། །འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། །གང་ལ་སྨྲས་ན་ཀླད་པ་འགེམས། །སྲོག་ལ་བབས་ཀྱང་མི་སྨྲའོ། །གསང་བས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་གི་ཆུ་སྦྱིན་པ་ནི། སྦྲང་གི་ཆུ་དང་ཡབ་ཡུམ་ཞུ་བ་གཉིས་སུ་མེད་པར་བསམས་ནས་སློབ་མ་ལ་བྱིན་ལ། འདི་ནི་ཁྱོད་
ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །ཡེ་ཤེས་བདུད་རྩིའི་ཆུ་འདི་འཐུང་། །ཨོཾ་ཧྲཱིཿབྷྲཱུཾ་ཛྙཱ་ན་བཛྲ་ཡ་ཏ་ཧཱུྃ་ཞེས་བརྗོད་དོ། །དེ་ནས་ཁྱད་པར་དུ་རྡོ་རྗེ་སློབ་དཔོན་གྱི་དམ་བསྒྲག་པ་ནི། རྡོ་རྗེ་དྲིལ་བུ་མགོར་བཞག་ལ། །དུས་འདི་ཉིད་ནས་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་
ང་ཡིན་གྱི། །ང་ཡིས་འདི་སྐད་བཀའ་སྩལ་པ། །ཁྱོད་ཀྱིས་གུས་པས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་པ་ན། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མོས་དང་གུས་པ་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །དམ་ཚིག་དག་ལས་མི་འདའ་བ། །
ཚེ་འདིར་སངས་རྒྱས་ཐོབ་པར་འགྱུར། །ཞེས་བརྗོད་པར་བྱའོ། །དེ་ནས་གདོང་གཡོགས་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ་བཅིངས་ནས་ལུས་ཀྱི་གཤིས་ནི་འདི་ལྟར་བྱ་སྟེ། རྐང་པ་གཉིས་གཤིབས་ལ་ལངས་ནས་ཐལ་མོ་སྤྱི་བོར་སྦྱར་རླུང་བཟུང་ནས་ཡིད་ཀྱིས་གསོལ་བ་གདབ་པ་ནི། བཅོམ་
ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་འཁོར་དང་བཅས་པ་ཡིས། །བདག་ལ་ཡེ་ཤེས་དབབ་ཏུ་གསོལ། །དུས་འདིར་བྱིན་གྱིས་བརླབ་པར་རིགས། །ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ་འོད་དང་འོད་ཟེར་གྱི་རང་བཞིན་
གར་བྱེད་པ་ལ་དམིགས་པ་གཏད་པ་དང་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ལྔ་བྱུང་ནས་ལུས་ལ་ཐིམ་པར་བསམ། །ཡང་ཡབ་ཀྱི་གཡས་སུ་གྲུབ་པའི་རྒྱལ་མོ་གཡས་ཌ་མ་རུ་གཡོན་ཐོད་པ་བསྣམས་པ། སྐུ་མདོག་སྨུག་ནག་རུས་པའི་རྒྱན་གྱིས་བརྒྱན་པ་གར་བྱེད་པ་ལ་ཤེས་པ་གཏད། གཡོན་
དུ་བརྒྱུད་པ་རྣམས་བསམ། དེ་ནས་སློབ་མ་ལ་དམིགས་པ་དེ་རྣམས་བསྟན་ནས་རང་དང་སློབ་མས་མོས་གུས་བྱས་པ་དང་། སྤྱི་བོའི་ལྷ་ཚོགས་རྣམས་གར་ཐབས་སུ་ལིང་ལིང་ལ་སྤྱི་བོར་སིབ་སིབ་ཐིམ་པར་བསམས་ནས། རོལ་མོ་སྣ་ཚོགས་སྒྲོགས་སྤོས་དཀར་ནག་དུད་པས་བདུག་ཅིང་ངག་ཏུ།

ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཨཱ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨཱཿཨཱཿཞེས་མང་དུ་བརྗོད་པས། ལུས་ངག་ཡིད་གསུམ་ལ་ཕེབས་པར་འགྱུར་རོ། །དེའི་རྟགས་ནི་འཕར་བ་དང་གར་བྱེད་པ་དང་། །སཾ་སྐྲྀ་ཏའི་སྐད་དང་རྡོ་རྗེའི་གླུ་དང་། རྟོག་མེད་ཏིང་འཛིན་དཔག་མེད་འབྱུང་ངོ་། །དེ་ནས་དཀྱིལ་
འཁོར་དུ་འཇུག་པ་ནི། ལས་ཀྱི་སློབ་དཔོན་གཅིག་གིས་རྡོ་རྗེ་ཐོགས་ལ་སློབ་མ་དཀྱིལ་འཁོར་གྱི་ཤར་དུ་ཁྲིད་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་འཇུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །དངོས་གྲུབ་བསོད་ནམས་དེ་བཞིན་ཤོག །ཅེས་
བརྗོད་དོ། །དེ་ནས་མེ་ཏོག་ཐོགས་ལ། སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ། །གང་ཡིན་དེ་རིང་བདག་བསྙེན་གྱི། །རིགས་དང་མཐུན་པའི་དངོས་གྲུབ་དང་། །ལྷ་དང་མ་ནོར་མཇལ་བར་ཤོག །ཅེས་མེ་ཏོག་དོར་ལ་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་བདེ་ཆེན་འོད་དཔག་མེད་དང་མི་བསྐྱོད་
ཚེ་དཔག་མེད་དང་། རིན་ཆེན་ཚེ་དཔག་མེད་ལ་སོགས་པའི་རིགས་མཐུན་མིང་རྣམས་གདགས་པར་བྱའོ། །དེ་ནས་མེ་ཏོག་དེ་མགོ་ལ་བཅིངས་ནས་ཚེ་དཔག་མེད་དུ་བསམས་ནས། ཕྱོགས་བཅུའི་སངས་རྒྱས་བྱིན་བརླབས་པའི། །མེ་ཏོག་འོད་དཔག་མེད་པ་འདི། །སྟོབས་ཆེན་ཁྱོད་ཀྱིས་
རབ་བཅིངས་པའི། །རིགས་ཀྱི་བདག་པོར་དབང་བསྐུར་རོ། །ཞེས་པས་སྤྱི་བོར་གདགས་སོ། །དེ་ནས་གསེར་གྱི་ཐུར་མས་མིག་བྱེ་ལ། ཚེ་དཔག་མེད་པས་དེང་ཁྱོད་ཀྱིས། །མིག་ནི་ཡང་དག་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །
ཞེས་བརྗོད་ལ་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དང་བ་རབ་ཏུ་བསྐྱེད། །ཁྱོད་ནི་ཚེ་དཔག་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །འགྲོ་དོན་ཕུན་སུམ་ཚོགས་ཀུན་དང་། །
དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྲུང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་དཀྱིལ་འཁོར་གྱི་རྣམ་དག་བསྟན། དེ་ནས་ཕུང་པོ་ལྔ་ཡབ་ལྔ། ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དུ་ངོ་སྤྲད་པར་བྱའོ། །དེ་ནས་ཕྱག་རྒྱ་བྱ་སྟེ། གླིང་

བཞིས་བརྒྱན་པའི་མཎྜལ་དང་། ལུས་ལོངས་སྤྱོད་གསེར་གྱི་མཎྜལ་ཕུལ་ནས། དབང་བསྐུར་བར་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །གཙོ་བོ་མགོན་པོ་ཚེ་དཔག་མེད། །
ཡབ་ཡུམ་འཁོར་དང་བཅས་པ་ཡི། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་པོ། །དེ་ནས་དབང་བསྐུར་བ་ནི། སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ། ཁྲོ་བོ་ཐམས་ཅད་ཀྱིས་བར་ཆད་<དབབ་‚རྣམས་>
བསྲུང་། །མཆོད་པའི་ལྷ་མོ་ཐམས་ཀྱིས་ཕྱི་ནང་གསང་གསུམ་གྱིས་མཆོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། རིགས་ཀྱི་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བར་བསམས་ལ། །སློབ་མའི་སྤྱི་གཙུག་ཏུ་བུམ་པ་བཞག་ནས། ཇི་
ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་
བྱས་པའི། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་པ་ནི་སྤྱིར་བསྐུར་བའོ། །དེ་ནས་རིགས་པའི་དབང་ལྔ་བསྐུར་བ་ནི། བུམ་པ་མི་བསྐྱོད་པར་བསྐྱེད་ལ་དགུག་གཞུག་བྱ། རང་དང་སློབ་མ་གཉིས་ཀ་མི་བསྐྱོད་པར་བསྐྱེད་ནས་དབང་བསྐུར་བ་ནི། ཀུན་གཞི་རྣམ་ཤེས་རྣམ་དག་པ། །མེ་ལོང་ཡེ་ཤེས་ངོ་བོ་
ཉིད། །བཅོམ་ལྡན་མི་བསྐྱོད་པ་ཡི་ནི། །བདུད་རྩིའི་ཆུ་རྒྱུན་དབང་བསྐུར་རོ། །ཞེས་བརྗོད་ནས། ཆུ་རྒྱུན་སྤྱི་བོར་བླུགས་པས་ལུས་བདེ་བས་ཁྱབ་ཅིང་། ཞེ་སྡང་ཐམས་ཅད་དག་ནས་མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེས་བར་བསྒོམ་མོ། །དེ་ནས་དབུ་རྒྱན་སྟོང་པའི་ངང་ལས་རིན་འབྱུང་དུ་བསྐྱེད། ཡེ་ཤེས་པ་
གཞུག །རང་དང་སློབ་མ་གཉིས་ཀ་ཡང་རིན་འབྱུང་དུ་བསམས། དབུ་རྒྱན་དེ་སློབ་མའི་སྤྱི་བོར་བཞག་ལ། ཐོར་གཙུག་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པ། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། ཨོཾ་རཏྣ་ཨ་བྷིཥིཉྩ་མཱཾ་ཞེས་བརྗོད་

པས། །ང་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ནས་རྡོ་རྗེ་དང་རང་གི་སློབ་མ་སྣང་བ་མཐའ་ཡས་སུ་བསྐྱེད་ལ་རྡོ་རྗེ་མགོར་བཞག་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བྱར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །
རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཞེས་པ་ལག་པ་གཡས་སུ་བྱིན་ལ། ཨོཾ་པདྨ་བཛྲ་ན་ཡ་ཧྲཱི་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་དོ། །དེས་འདོད་ཆགས་དག་ནས། སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་ནས་དྲིལ་བུ་དང་སློབ་མ་དོན་ཡོད་གྲུབ་པར་བསྐྱེད་ལ། དྲིལ་བུ་མགོར་བཞག་ལ།
སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་ཨ་ཏི་པ་ཏ་ཡེ་ཨ་བྷི་ཥིཉྩ་མཱཾ་ཞེས་ལག་པ་གཡོན་དུ་སྦྱིན་ནོ། །དེས་ཕྲག་དོག་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་
ནས་རྡོ་རྗེ་དང་དྲིལ་བུ་རྣམ་པར་སྣང་མཛད་དུ་བསྐྱེད་ལ། རང་སློབ་མ་ཡང་དེ་བཞིན་དུ་བསམས་ནས། རྡོ་རྗེ་དང་དྲིལ་བུ་ལྕེ་ཐོག་ཏུ་བཞག་ནས། སངས་རྒྱས་ཀུན་གྱི་མིང་གི་དབང་། དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །མིང་གི་དབང་འདི་ཁྱོད་ཀྱིས་ལོང་། །
ཨོཾ་བཛྲ་སཏྭ་ཡ་ཏྭཾ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་བརྗོད་པས། གཏི་མུག་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་དག་གིས་བྱེ་བྲག་ཏུ་རིགས་པའི་དབང་ལྔ་བསྐུར་བ་བསྟན་ནོ། །དེ་ནས་ཁྱད་པར་དུ་འཆི་མེད་ཡེ་ཤེས་བདུད་རྩིའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་བཤད་
པར་བྱ་སྟེ། དེ་ཡང་སློབ་མས་གསེར་གྱི་མཎྜལ་ཕུལ་ནས། གསོལ་བ་གདབ་པ་ནི། བླ་མ་མགོན་པོ་ཚེ་དཔག་མེད། །ལྷ་ཚོགས་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་བར་དགོངས་ནས་ཀྱང་། །འཆི་མེད་ཚེ་ཡི་དབང་བསྐུར་སྩོལ། །ཞེས་གསོལ་བ་ལན་གསུམ་གདབ་པོ། །དེ་ནས་
དབང་བསྐུར་བ་ནི། གོང་བཞིན་དུ་སྤྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། ཁྱད་པར་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་བདུད་རྩིའི་རྒྱུན་བུམ་པ་བཀང་ནས་དབང་བསྐུར་བས། སྤྱིར་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་དང་། ཁྱད་པར་དུ་ཚེ་ཟད་པ་དང་ཉམས་པ་དང་འགྲིབས་པ་

ཐམས་ཅད་སངས་ཀྱིས་དག་པར་བསམས་ནས། བུམ་པ་སྤྱི་བོའི་ཐོག་ཏུ་བཞག་ལ་དབང་བསྐུར་བ་ནི། སོ་སོར་ཀུན་རྟོག་རང་བཞིན་གྱི། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །སྐུ་མདོག་དམར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་
ཅད་བདག་ལ་སྩོལ། །ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་ནས་དམིགས་པ་ཐམས་ཅད་གོང་བཞིན་དུ་རང་དང་སློབ་མ་གཉིས་ཀས་བསམས་ལ། དབང་བསྐུར་བ་ནི། མེ་ལོང་ཡེ་ཤེས་རང་བཞིན་གྱི། །མི་བསྐྱོད་ཚེ་དཔག་མེད་པ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་
དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་ཧཱུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། མཉམ་ཉིད་ཡེ་ཤེས་རང་བཞིན་གྱི། །རིན་འབྱུང་ཚེ་དཔག་མེད་པ་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །
ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་སྭཱ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱི། །རྣམ་སྣང་ཚེ་དཔག་མེད་པ་ནི། །སྐུ་མདོག་དཀར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་
བྷྲཱུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། བྱ་གྲུབ་ཡེ་ཤེས་རང་བཞིན་གྱི། །དོན་གྲུབ་ཚེ་དཔག་མེད་པ་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་ཨཱཿབྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་དག་གིས་ཕྱི་ཡབ་
ལྔའི་སྒོ་ནས་དབང་བསྐུར་བ་བསྟན་ཏོ། །དེ་ནས་ཡུམ་གོས་དཀར་མོས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ཚེ་ཉམས་པ་དང་འགྲིབས་པ་ཐམས་ཅད་སངས་ཀྱིས་དག་ནས་ལུས་ཕྲུ་མ་ཕུས་བཏབ་པ་བཞིན་དུ་གྱུར་ཏོ། །དེ་ནས་བདུད་རྩི་རྐང་མཐིལ་ནས་ཡར་སྐྱ་མེ་རེ་རེ་བྱུང་ནས་སྤྱི་བོར་སླེབ་
པ་དང་རང་གི་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་པར་བསམས་ལ་བུམ་པ་སྤྱི་བོར་བཞག་ནས། འོད་དཔག་ཡུམ་མཆོག་གོས་དཀར་མོ། །ཕྱག་ན་རཱ་གའི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །ཨོཾ་བྷྲཱུཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་

ཛཱ་ཡ་སྭཱ་ཧཱ། ཞེས་ཡུམ་ཐམས་ཅད་ལ་དམིགས་པ་དང་སྔགས་གོང་བཞིན་ནོ། །མི་བསྐྱོད་ཡུམ་མཆོག་སངས་རྒྱས་སྤྱན། །ཕྱག་ན་ཤེལ་གྱི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །རིན་ཆེན་ཡུམ་མཆོག་མཱ་
མཱ་ཀི། །ཕྱག་ན་བཻ་ཌཱུར་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །སྣང་མཛད་ཡུམ་མཆོག་དབྱིངས་ཕྱུག་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །དོན་
གྲུབ་ཡུམ་མཆོག་དམ་ཚིག་སྒྲོལ། །ཕྱག་ན་ཨིནྡྲའི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །དེ་དག་གིས་ཡུམ་ལྔའི་དབང་བསྟན་ཏོ། །དེ་ནས་སེམས་དཔའ་བཅུ་དྲུག་གི་བཤད་པར་བྱ་སྟེ། ཤར་ཕྱོགས་ཀྱི་སེམས་དཔའ་བཞིས་དབང་
བསྐུར་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། བུམ་པ་སྤྱི་གཙུག་ཏུ་བཞག་ནས་འདི་སྐད་བརྗོད་པར་བྱ་སྟེ། ཤར་ཕྱོགས་མི་བསྐྱོད་སེམས་དཔའ་བཞི། །བཻ་ཌཱུར་སྔོན་པོའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་ཚེ་ཡི་བུམ་པ་འཛིན། །ཚེ་དང་བདུད་རྩིས་
བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །སྔགས་ནི་གཙོ་བོ་མི་བསྐྱོད་པའོ། །ལྷོ་ཕྱོགས་རིན་ཆེན་སེམས་དཔའ་བཞི། །བཙོ་མ་གསེར་གྱི་མདོག་འདྲ་བ། །ཕྱག་གཡས་རིན་ཆེན་འབར་བ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །
ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །ནུབ་ཕྱོགས་པདྨའི་སེམས་དཔའ་བཞི། །པདྨ་རཱ་གའི་མདོག་འདྲ་བ། །ཕྱག་གཡས་ཆུ་སྐྱེས་འདབ་ལྔ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །བྱང་ཕྱོགས་ཕྲིན་ལས་
སེམས་དཔའ་བཞི། །ཨིནྡྲ་ནཱི་ལའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྒྱ་གྲམ་འཛིན། །གཡོན་པ་ཚེ་ཡི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །དེ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་ཡིན་སྙམ་པའི་ངེས་ཤེས་བསྐྱེད་དོ། །དེས་ནི་

གསང་བ་སེམས་དཔའ་བཅུ་དྲུག་གི་དབང་བསྟན་ཏོ། །དེ་ནས་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། རང་དང་སློབ་མའི་སྙིང་གའི་ཧྲཱིཿདང་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་ལྷ་མོ་ལྕགས་ཀྱུ་མ་དཀར་མོ་གཅིག་ལས་བཅུ། བཅུ་ལས་བརྒྱ་ལ་སོགས་པ་མང་པོ་དཔག་ཏུ་མེད་པ་སྤྲོས་ནས་རང་གཞན་ཐམས་ཅད་ཀྱི་ནད་
གདོན་ཞི་བའི་ལས་བྱས། །<བྱད་‚ཁྱད་>པར་དུ་ཤར་དྲི་ཟའི་ལག་ནས་རང་གི་ཚེ་ཉམས་པ་འགྲིབས་པ་ཟད་པ་རྣམས་བཀུག་ནས་སློབ་མ་ལ་བསྟིམས་བས་ནད་གདོན་ཐམས་ཅད་ཞི་ནས་ཚེ་རྒྱས་པར་བསམས་ལ་སྤྱི་གཙུག་ཏུ་བུམ་པ་བཞག་ནས། ཤར་ཕྱོགས་དཀར་མོ་ཞི་མཛད་ལྷ། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །ནད་དང་
གདོན་རྣམས་ཞི་མཛད་པའི། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །ཛཿཧཱུཾ་བཾ་ཧོཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཿསྭཱ་ཧཱ། དེ་ནས་རང་དཀྱིལ་འཁོར་གྱི་ལྷོ་ནས་ཞགས་པ་མ་སེར་མོ་སྤྲོས་ལ་ཚེ་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་བྱས་ཏེ། གཤིན་རྗེའི་ལག་ནས་ཚེ་བཀུག་ལ་བསྟིམས་
ནས། ལྷོ་ཕྱོགས་སེར་མོ་རྒྱས་མཛད་མ། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །ཚེ་དང་ལོངས་སྤྱོད་རྒྱས་པ་ཡི། །དབང་བསྐུར་བདག་ལ་དེང་འདིར་སྩོལ། །ཡང་ས་བོན་དང་ནུབ་ནས་ལྕགས་སྒྲོག་མ་ནུབ་ཏུ་སྤྲོས་ཆུ་ལྷའི་ལག་ནས་ཚེ་ཁུག་ལ། སྲིད་གསུམ་དབང་དུ་བྱས་པར་བསམས་
ནས། ནུབ་ཕྱོགས་དམར་མོ་དབང་གི་ལྷ། །ཆུ་ལྷའི་ལག་ནས་ཚེ་ཁུག་ལ། །སྲིད་གསུམ་དབང་དུ་སྡུད་མཛད་པའི། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །ཡང་ས་བོན་དང་བྱང་ཕྱོགས་ནས་དྲིལ་བུ་མ་མང་པོ་སྤྲོས་ནས་ནད་གདོན་ཚར་བཅད་ནས། གནོད་སྦྱིན་གྱི་ལག་ནས་ཚེ་བཀུག་ལ་
བསྟིམས་ཏེ། བྱང་ཕྱོགས་ལྗང་གུ་དྲག་པོའི་ལྷ། །གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །ནད་གདོན་ཐམས་ཅད་ཚར་བཅད་པའི། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །དེས་ཡུམ་བཞི་ཕོ་ཉ་མོར་བྱས་ནས་དབང་བསྐུར་བའོ། །དེ་ལྟར་དབང་བཞི་པོ་དེ་རྣམས་བསྐུར་བས་ཉོན་མོངས་པ་དག་འཆི་
བ་མེད་པའི་དངོས་གྲུབ་ཐོབ་པ་དེའི་ངང་ལས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསམ་མོ། །དེ་ནས་དེ་ཉིད་བརྟན་པར་བྱ་ཞིང་དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བྱ་སྟེ། དེ་ཡང་བུམ་པ་སྤྱི་བོར་བཞག་སྟེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། དེ་ལས་འོད་ཟེར་དམར་པོ་ལུས་ལ་ཐིམ་པས་འདོད་

ཆགས་དག་ནས་སོ་སོར་ཀུན་རྟོག་རྒྱུད་ལ་སྐྱེས་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམས་ནས། འདོད་ཆགས་རྣམ་པར་དག་ནས་ནི། །འོད་དཔག་མེད་པས་དབུ་བརྒྱན་ཏེ། །སོ་སོར་ཀུན་རྟོག་དོན་རྟོགས་ནས། །མཛེས་ཤིང་པདྨའི་ལུས་ཐོབ་ཤོག །ཨོཾ་ཧྲཱིཿབྷྲཱུཾ་པདྨ་ཀ་མ་ལ་
ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་བུམ་པ་མི་བསྐྱོད་པར་བསམས་ནས་དཔྲལ་བར་བཞག་འོད་འཕྲོས་པས། ཞེ་སྡང་དག་ནས་མེ་ལོང་ཡེ་ཤེས་སྐྱེས་ཏེ། མི་བསྐྱོད་པས་དབུ་བརྒྱན་པར་བསམས་ནས། ཞེ་སྡང་རྣམ་པར་དག་ནས་ནི། །བཅོམ་ལྡན་མི་བསྐྱོད་དབུ་བརྒྱན་ཏེ། །མེ་ལོང་ཡེ་ཤེས་དོན་རྟོགས་ཤིང་། །
འགྱུར་མེད་རྡོ་རྗེའི་ལུས་ཐོབ་ཤོག །ཨོཾ་ཧཱུྃ་བྷྲཱུཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་བུམ་པ་རྣ་བ་གཡས་ཀྱི་སྟེང་དུ་བཞག་ནས་རིན་འབྱུང་དུ་བསམ། དེའི་འོད་ཀྱིས་ང་རྒྱལ་དག་ནས་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ། རིན་འབྱུང་གིས་དབུ་བརྒྱན་པར་བསམས་ནས། ང་རྒྱལ་རྣམ་པར་དག་ནས་ནི། །རིན་
ཆེན་འབྱུང་ལྡན་དབུ་བརྒྱན་པས། །མཉམ་ཉིད་ཡེ་ཤེས་དོན་རྟོགས་ནས། །བདེ་ཆེན་ལྷུན་གྲུབ་དོན་རྟོགས་ཤོག །ཨོཾ་སྭཱ་བྷྲཱུཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་ལྟག་པར་བུམ་པ་བཞག་ནས་རྣམ་པར་སྣང་མཛད་དུ་བསྐྱེད། དེའི་འོད་ཀྱིས་གཏི་མུག་དག་སྟེ་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས།
དེས་དབུ་བརྒྱན་པར་བསམས་ནས། གཏི་མུག་རྣམ་པར་དག་ནས་ནི། །སངས་རྒྱས་རིགས་ཀྱིས་དབུ་བརྒྱན་ཏེ། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་བྷྲཱུཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་རྣ་བ་གཡོན་པར་བུམ་པ་གཞག །དོན་ཡོད་གྲུབ་པར་བསྐྱེད།
དེའི་འོད་ཀྱིས་ཕྲག་དོག་དག །བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས། །དེས་དབུ་བརྒྱན་པར་བསམས་ནས། །ཕྲག་དོག་རྣམ་པར་དག་ནས་ནི། །དོན་གྲུབ་རིགས་ཀྱིས་དབུ་བརྒྱན་ཏེ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ནས། །ཅི་བསམས་མ་ལུས་འགྲུབ་པར་ཤོག །ཨོཾ་ཨཱ་བྷྲཱུཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ།
ཞེས་རིགས་ལྔས་དབུ་བརྒྱན་པར་བསམས་ནས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །བདག་ཁོ་ན་མགོན་པོ་ཚེ་དཔག་མེད་ཡིན་ཞིང་། ཚེ་དཔག་མེད་ཁོ་ན་བདག་ཡིན་སྙམ་པའི་ང་རྒྱལ་བརྟན་པོས་གནས་པར་བྱའོ། །དེ་རྣམས་ཀྱིས་ཐུན་མོང་མ་ཡིན་

པ་ཁྱད་པར་གྱི་དབང་བསྟན་ནོ། །དེ་ནས་རྗེས་གནང་བཤད་པར་བྱ་སྟེ། དང་པོ་གཙོ་བོ་ཡབ་ཡུམ་བསྟན་ནས་འདི་ཁོ་ན་ལྟར་ཡིད་ལ་བྱོས་ཤིག་བྱས་ལ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་དུའང་མ་བྱེད་
ཅིག །ཅེས་བརྗོད། སྔགས་ཀྱི་རྗེས་གནང་ནི། པདྨའི་ཕྲེང་བ་ལ་གཙོ་བོའི་སྔགས་ཀྱིས་བསངས་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་པས་གསོལ་བ་གདབ་བོ། །དེ་ནས་སློབ་མས་ཕྲེང་བ་སྙིང་གར་བཟུང་སྟེ། བཅོམ་ལྡན་བདག་ལ་སྩལ་ལགས་
ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གཙོ་བོ་ཡབ་ཡུམ་འཁོར་དང་བཅས་པའི་སྔགས་ལན་ལྔར་རྗེས་ཟློས་བྱའོ། །དེ་ནས་མཆོད་པ་ཕྱི་ནང་གསང་བ་གསུམ་དུ་གུས་པས་ཕུལ་ཅིག་ཅེས་པའི་རྗེས་སུ་གནང་བར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་དབང་བསྐུར་བར་བྱ་
སྟེ། །དེ་ཡང་སློབ་མ་དང་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ། གཞན་དོན་བསམས་པས། ཐོག་མ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་བོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་
བུའོ། །ཞེས་རྡོ་རྗེ་ལག་པ་གཡས་སུ་གཏད་དེ་སྙིང་གར་བཟུང་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱིས་ཤིག་པའོ། །དེ་ནས་སྣང་བ་མཐའ་ཡས་གསུང་གི་རང་བཞིན་དུ་བསྐྱེད་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་
སེམས་དཔའ་མཆོག །སྲིད་པའི་མཆོད་ནི་བྱེད་པ་པོ། །སྒྲ་ཐམས་ཅད་ཆོས་ཉིད་ཀྱི་རང་སྒྲར་རྟོགས་པར་གྱིས་ཤིག་པའོ། །དེ་ནས་རང་གི་སྙིང་གར་གཙོ་བོ་ཡབ་ཡུམ་བསམས་ནས། ཡི་དམ་གཟུགས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་རབ་ཏུ་བརྗོད། །དམ་ཚིག་འདི་ལ་རྟག་
གནས་པས། །ལྷ་ཡི་སྦྱོར་བ་རབ་ཏུ་གྲགས། །ཞེས་པས་ལྷ་སྐུ་སྣང་སྟོང་སྒྱུ་མའི་སྐུར་བལྟ་བར་བྱའོ། །དེ་ནས་སྤྱི་དང་བྱེ་བྲག་གི་དབང་བཤད་པར་བྱ་སྟེ། དང་པོ་སློབ་མ་སྐྱིལ་ཀྲུང་དུ་འདུག་པའི་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ། ལག་པ་གཡས་སུ་དུང་། གཡོན་དུ་གླེགས་བམ། སྟེང་

དུ་གདུགས་ཕུབ་ལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་ན་མེད། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མ་ཟ་ཅིག །
དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཀུན་དུ་ཁྱོད་ལ་བསྲུང་བར་གྱིས། །ཞེས་པའོ། །དེ་ནས་བྱེ་བྲག་ཏུ་
བསྐུར་བ་ནི། རང་དང་སློབ་མ་གཉིས་ཀ་རྣམ་སྣང་དུ་བསྐྱེད་ལ་རིགས་ལྔའི་སྒོ་ནས་དོན་བྱ་སྙམ་དུ་བསམས་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་སངས་
རྒྱས་ཀྱི་རིགས་ཀྱིས་གདུལ་བྱ་གཏི་མུག་ཅན་གྱི་དོན་བྱ་སྙམ་དུ་བསམ་མོ། །དེ་བཞིན་དུ་རྡོ་རྗེ་དང་ནོར་བུ་དང་པདྨ་དང་། རྒྱ་གྲམ་རྣམས་ཀྱིས་འཁོར་ལོ་བསྐོར་བ་རྣམས་ལ་ཆོ་ག་གོང་བཞིན་སྤེལ་བར་བྱའོ། །དེ་ནས་རྗེས་ཀྱི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་ལུང་བསྟན་པ་ནི། ཁྱོད་
ཀྱི་ཕུང་པོ་ལྔ་ཁམས་ལྔ་ཚེ་དཔག་མེད་ཡབ་ཡུམ་ཡིན་པར་བདག་གིས་ལུང་བསྟན་གྱིས། དེང་འདིར་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་རང་བཞིན་རྣམ་དག་པས། །ལྷ་ཡི་འཁོར་ལོར་གནས་པའོ། །ཞེས་བརྗོད་པའོ། །དེ་ནས་གཟེངས་བསྟོད་པ་
ནི། །ཡི་དམ་ལྷ་དང་མཉམ་པར་ནི། །དུས་འདི་ཉིད་ནས་འགྱུར་བ་སྟེ། །དགའ་ཞིང་སྤྲོ་བ་ཆེན་པོ་ཡིས། །ཕྱི་རོལ་མི་བསམས་ནང་དུའོ། །ཞེས་བརྗོད་དོ། །དེ་ནས་དབུགས་དབྱུང་བ་ནི། །བདེ་ཆེན་ཐེག་པ་འདི་ལ་ནི། །སླན་ཆད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་གསོད་པས། །
ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཞེས་བརྗོད་དོ། །དེ་རྣམས་བསྟན་པའི་ཡན་ལག་ཏུ་བརྟུལ་ཞུགས་ཀྱི་དབང་སྦྱིན་པ་ནི། སྦྲང་དང་བདུད་རྩི་བསྲེས་ལ། འཆི་མེད་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ལ་སློབ་མ་ལ་བྱིན་ཏེ། འདི་ནི་འཆི་མེད་ཡེ་ཤེས་ཆུ། །གང་གིས་རེག་དང་

འཐུངས་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཐམས་ཅད་ད་ལྟ་མངོན་དུ་འགྱུར། །བགེགས་དང་ལོག་འདྲེན་ཀུན་འཇོམས་ཤིང་། །གཞན་གྱིས་རྫི་བར་མི་ནུས་པའི། །མི་ཤིགས་རྡོ་རྗེ་ཕ་ལམ་འགྱུར། །ལྷུན་གྲུབ་བདེ་བ་ཆེན་པོའོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་
དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཚེ་དཔག་མེད་ཡབ་ཡུམ་ཞལ་སྦྱོར་དུ་བསམ། དེ་ལ་ཡེ་ཤེས་པ་གཞུག་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། མཆོད་པ་དང་བསྟོད་པ་བྱས་ནས་གསང་སྒྲུབ་ལྟར་བཟླས་པ་བྱས། རང་ཡང་གཙོ་བོ་ཡབ་ཡུམ་དུ་བསམས་ནས་
སྙོམས་འཇུག་བྱས་པས་བྱང་སེམས་དཀར་དམར་གསང་གནས་ནས་དོན། ཡབ་ཡུམ་རྣམས་ཀྱང་སྙོམས་འཇུག་བྱས་ནས་གསང་གནས་ནས་བྱང་སེམས་དཀར་དམར་ན་རར་བྱུང་བར་བསམ། དེ་ནས་ཀ་པཱ་ལར་སྦྲང་བུ་རམ་བདུད་རྩི་བསྲེས་ལ། དེར་བྱང་སེམས་དཀར་དམར་བསྟིམ་པ་དང་ཀ་པཱ་ལ་
འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་པོས་མེར་གྱིས་ཁེངས་པར་བསམ་མོ། །དེ་ནས་མཎྜལ་སྟེང་དུ་བླ་མ་དང་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་གསང་གནས་ནས་བྱང་སེམས་ཀྱི་རྒྱུན་བྱུང་སྟེ། སློབ་མའི་ལྕེ་ཐོག་ཏུ་ཐིམ་པས་བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་པ་དང་། ལུས་
བྱང་སེམས་དམར་པོས་ཁེངས་པར་བསམས་ནས་ཀ་པཱ་ལའི་བདུད་རྩི་བྱིན་ལ། ཕྱོགས་བཅུ་རྡོ་རྗེ་འཆང་རྣམས་ཀྱི། །གསང་བའི་གནས་ལས་བྱུང་བ་ཡི། །ང་ཡི་བྱང་ཆུབ་སེམས་ཀྱི་རྒྱུན། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཞེས་བརྗོད་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་
འཁོར་གྱི་ལྷོ་ཕྱོགས་སུ་པདྨ་འདབ་མ་བརྒྱད་ཕྱོགས་ཚོན་གྱི་སྟེང་དུ་སློབ་མ་ཡབ་ཡུམ་དུ་བསྐྱེད། དེ་ནས་ཡུམ་གོས་དཀར་མོ་དང་། གཉིས་སུ་མེད་པའི་སྦྱོར་བ་བྱས་པས། ཡུམ་གྱི་བྱང་སེམས་དམར་པོས་རྩ་གསུམ་འཁོར་ལོ་རིམ་གྱིས་དམར་མེར་གྱིས་ཁེངས་པར་བསམས་ལ། གཞོན་
ནུ་ཡིད་འོང་བདེ་བའི་མཆོག །ཐེ་ཚོམ་སྤངས་ནས་བསྟེན་པར་བྱ། །བརྗོད་བྲལ་ལྷན་ཅིག་སྐྱེས་དགའ་བ། །དུས་འདི་ཉིད་དུ་མངོན་དུ་འགྱུར། །ཞེས་དངོས་སམ། ཡིད་ཀྱིས་བསྟན་པར་བྱའོ། །དེ་ནས་དབང་བཞི་པ་བྱང་དུ་རས་དཀར་པོའི་སྟེང་དུ་བསྐུར་བར་བྱའོ། །རང་གཙོ་བོ་ཡབ་ཡུམ་དུ་

གསལ་བའི་གནས་བཞིར་ཚེ་དཔག་མེད་ཚོན་གང་ཙམ་པ་ཞལ་སྦྱོར་དུ་བསམ། །དེ་རྣམས་དམིགས་པ་མེད་པའི་ངང་ལ་གནས་པར་བྱ་སྟེ། དེ་ཡང་མ་བཅོས་པར་རང་གྲོལ་དུ་བཞག་ལ། ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་
པ་མེད། །བསལ་གཞག་དགག་སྒྲུབ་མ་ལུས་པ། །རང་གྲོལ་ཉིད་དུ་གནས་པའོ། །ཞེས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ཀྱང་བྱ། །དུས་འདིར་རང་གྲོལ་ལྷུན་གྲུབ་ཏུ་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དབང་བཞི་བསྐུར་བའི་ཆོ་གའི་ལས་
ཁྲིགས་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་པ་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་རུ་ཏྲ་བི་ཏི་ཏནྟྲ་བྲྀཏྟི་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་
སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་དུག་ལས་སྒྲོལ་མཛད་པ། །དོན་དམ་དབྱེར་མེད་ཁྲོ་ཆགས་སྐུར་སྣང་བ། །གདུག་པའི་དུག་རྣམས་འཇོམས་པར་མཛད་པ་ཡི། །
ཐུགས་རྗེ་ཅན་ལ་རབ་ཏུ་གུས་བཏུད་དེ། །དུག་ཟན་ཆུ་དང་འོ་མ་དབྱེ་བ་ཡི། །བླ་མའི་རིམ་གྱིས་རྒྱུད་འདིར་ཕན་ཕྱིར་བརྩམ། །ཐབས་དང་ཤེས་རབ་གཉིས་མེད་པའི། །མི་འགྱུར་དབྱེར་མེད་རྟགས་ཀྱིས་མཚན། །དྲག་པོ་རྣམ་གསུམ་ཉོན་མོངས་འཇོམས། །ཉོན་མོངས་ཤེས་བྱ་ལས་
འཕགས་པའི། །བརྗོད་མེད་རྟོག་བྲལ་སྐུ་དོན་བཤད། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ་དང་། ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་
འདས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ལུང་སྟོན་པ་བསྟན་པར་མཛད་ནས། གདུལ་བྱ་གདུལ་བར་མཛད་པ་ནི། །བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་དེ། འོད་བྱེ་བ་དཔག་ཏུ་མེད་པས་ཁྱབ་པར་མཛད་ནས་ངན་

སོང་གསུམ་སྦྱོང་བར་མཛད་དེ། གཡོ་བ་དང་། འགུལ་བ་དང་། ལྡེག་པ་སྟོན་པ་མཛད་ནས། རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་དུ་བཞུགས་སོ། །དེ་ནས་བདུད་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཏིང་ངེ་འཛིན་གྱི་མཐུས་དེ་ཉིད་དུ་ལྷགས་ནས་བར་དུ་གཅོད་པར་བྱ་བའི་ཕྱིར་ཚིག་འདི་སྨྲས་
ཏེ། །སེམས་ཅན་ཡོངས་སུ་སྨིན་མ་བྱས། །ཕ་རོལ་ཕྱིན་དྲུག་རྫོགས་མ་བྱས། །སྤྱོད་པ་དེ་གཉིས་རྫོགས་བྱས་ནས། །མངོན་པར་རྫོགས་པར་སངས་རྒྱས་ཏེ། །དེ་མེད་ཕྱིར་ན་མི་རིགས་སོ། །ཞེས་སྨྲས་སོ། །དེའི་དོན་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་དང་བསྐལ་པ་དཔག་ཏུ་མེད་
པར་སེམས་སྦྱངས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་དགོས་པ་ལས་ཁྱོད་ཀྱིས་དེ་མ་སྤྱད་པས་སངས་རྒྱས་པར་མི་རིགས་སོ་ཞེས་སྨྲས། བདུད་དེའི་བསམ་པ་ཕྱིན་ཅི་ལོག་བཟློག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་ས་ལ་བརྡབས་པས་ས་གཞི་ཐམས་ཅད་གཡོས་
འཁྲུགས་ནས། བཅོམ་ལྡན་འདས་ཀྱི་མདུན་དེ་ཉིད་དུ་སའི་ལྷ་མོ་གསེར་བཙོ་མ་ལྟ་བུ་འཐོན་ཏེ། འཐོན་པ་ཙམ་གྱིས་བདུད་བྲེད་བཞིན་དུ་འདུག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་དེ་ལ་བསྒོ་བ་མཛད་ནས་དེ་སའི་སྟེང་ནས་རྡུལ་ཕྲ་མོ་བླངས་ཏེ། སངས་རྒྱས་པར་
རིགས་སོ་ཞེས་སྨྲས་པས་བདུད་འཁྲུགས་ནས་ནམ་མཁའ་ལ་སོང་ངོ་། །དེ་ནས་བདུད་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུའི་བདུད་དང་། ས་འོག་ན་གནས་པའི་ཀླུ་དང་། ས་སྟེང་ན་གནས་པའི་གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པ་བདུད་ཀྱི་འཁོར་ཐམས་ཅད་བསྡུས་པར་གྱུར་ཏོ།
དེ་ནས་བཅོམ་ལྡན་འདས་ལ་བདུད་འཁོར་དང་བཅས་པས་མཚོན་རྣམ་པ་དུ་མ་དང་། འབྲུག་དང་ཐོག་དང་། ལྕགས་ཀྱི་སེར་བ་དྲག་པོ་དབབ་པ་དང་། གཅན་གཟན་གདུག་པ་བཞིན་ཁྲོས་པ་རྦད་པ་དང་། རི་དང་བྲག་ཐོགས་པ་མེད་པར་འཕངས་པ་དེ་ཐམས་ཅད་ཞི་བར་མཛད་དེ། །
གང་གིས་ཀྱང་མཐོང་བར་མ་གྱུར་ཏོ། །དེ་ནས་ནམ་མཁའི་དཀྱིལ་དེ་ཉིད་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབས་པའི་སྐུ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཞུགས་པའི་དེ་མ་ཐག་ཏུ་གཡོ་བ་དང་འགུལ་བ་དང་། །

ལྡེག་པ་ལ་སོགས་པ་བྱུང་སྟེ། བདུད་དེ་རྣམས་ཅི་བྱུང་སྙམ་པའི་བསམ་པས་ཕྱོགས་སུ་བལྟ་བ་ནི་བྲེད་ཅིང་སྡུག་བསྔལ་བའི་བསམ་པས་སོ། །དེ་ནས་ནམ་མཁའ་ལ་བལྟས་ཏེ། མཐོང་བར་གྱུར་ནས་སྙིང་འགས་པའི་ཚུལ་གྱིས་ས་ལ་འགྱེལ་བར་གྱུར་ཏེ། ས་དང་
པོའི་བསམ་པ་དང་ལྡན་པར་གྱུར་ཏོ། །དེ་ནས་སྤྲུལ་པའི་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་འཇིག་རྟེན་གྱི་ཁམས་གཞན་ནས་འཐོན་ཏེ། བཅོམ་ལྡན་འདས་དེ་ལ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ཕྱག་གིས། བདུད་དེ་རྣམས་ལ་
རེག་མ་ཐག་ཏུ་དྲན་པ་རྙེད་པར་གྱུར་ཏེ། སྙིང་རྗེའི་བསམ་པ་རྒྱུད་ལ་སྐྱེས་ནས་ནམ་མཁའི་ཁྲོ་བོ་ཆེན་པོ་ཡང་མཐོང་བར་གྱུར་ཏེ། ཕྱག་ན་རྡོ་རྗེ་ལ་མྱུར་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བའི་ཚིག་བརྗོད་པ་ནི། གཙོ་བོ་བདག་ཅག་རྣམས་ལ་བསྐྱབ་ཏུ་གསོལ། འཇིགས་པ་ཆེན་པོ་འདི་ལས་
བསྐྱབ་ཏུ་གསོལ་ཞེས་སྨྲས་པ་དང་། ཕྱག་ན་རྡོ་རྗེས་དེ་ཉིད་ལ་སོང་ཞེས་པའི་ལེན་བརྗོད་ནས་སྐྱབས་སུ་སོང་ངོ་། །དེ་ནས་དུས་དེའི་དུས་སུ་ཞུ་བ་ཕྱག་ན་རྡོ་རྗེ་བདག་གིས་ཐོས། དུས་གཅིག་ན་ཐོས་པའོ། །འོ་ན་གང་ལས་ཐོས་ཤེ་ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པའི་
ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་ལའོ། །གནས་གང་དུ་ཞེ་ན། འདོད་པ་ཁམས་ཀྱི་རྩེ་མོ་གཟུགས་ཀྱི་ཁམས་ཀྱི་ཐ་མ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་གནས་སུའོ། །འཁོར་གང་དང་ལྡན་ཞེ་ན། ས་བླ་ས་སྟེང་། ས་འོག་གི་གདུག་པ་ཅན་
རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །འོ་ན་རྒྱུ་དེ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཤེ་ན། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་ཅིག་བཞུགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་སྐྱེད་པར་མཛད་པའི་རྗེས་ལ། མ་འོངས་པར་
ལུང་སྟོན་པར་མཛད་དེ། ཁྱོད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་མི་མཇེད་དུ་འབྱུང་ངོ་ཞེས་ལུང་བསྟན་ནས། གདུག་པ་ཅན་རྣམ་པ་འདི་གསུམ་ཐུལ་ཅིག་ཅེས་གནང་བ་སྦྱིན་པས་ན། གནོད་སྦྱིན་གྱི་སྡེ་དཔོན་དང་བཅས་པ་ཕམ་པར་བྱེད་པ་དང་། བདུད་ཀྱི་སྡེ་དཔོན་དང་བཅས་པ་

ཕམ་པར་བྱེད་པ། ཀླུའི་སྡེ་དཔོན་དང་བཅས་པ་ཕམ་པར་བྱེད་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་འདས་པས་བྱིན་གྱིས་བརླབས་པ། ད་ལྟར་བྱུང་བས་བྱིན་གྱིས་རློབ་པ། མ་འོངས་
པས་བྱིན་གྱིས་བརླབ་པར་འགྱུར་བ་འདི་ལག་ན་རྡོ་རྗེས་ཟུང་ཤིག་ཅེས་བཀའ་སྩལ་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བསྐུལ་ནས། ཕྱག་ན་རྡོ་རྗེས་གསོལ་བ་ཞེས་བྱ་བ་ནི་གུས་པའི་ཚུལ་གྱིས་བསྟོད། གནོད་སྦྱིན་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་
བ། མཆེ་བ་གཙིགས་པ་དང་། འཚམ་པ་ཞེས་བྱ་བ་ནི་མཆེ་བ་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་གཅོད་པ་སྟེ། མཚམས་ནི་གཡོ་བའོ། །ཡང་ན་གདུག་པ་ཅན་ལའོ། །དེའི་དོན་ནི་སྒྲིབ་པ་རྣམ་པ་གཉིས་རྩད་ནས་གཅོད་ཅིང་ཐུགས་རྗེས་འགྲོ་བའི་དོན་ལ་སྤྱོད་པའོ། །མིག་
མེ་མདག་གི་ཕུང་པོ་འདྲ་བ་ཞེས་བྱ་བ་ནི། མིག་ནི་ཤེས་རབ་པོ། །དམར་བ་ནི་ཆགས་པའོ། །ཡང་ན་གདུག་པ་ཅན་སྲེག་པར་བྱེད་པའི་སྤྱན་ནོ། །དེའི་དོན་ནི་མ་རིག་པ་འཇོམས་པའོ། །ཤེས་རབ་མེ་མདག་གི་ཕུང་པོ་འདྲ་བ་ནི་ཡེ་ཤེས་ཆེན་པོ་རང་འབར་བའོ། །དབུགས་ནི་ཐུགས་རྗེའོ། །མེ་ལྕེ་ནི་སྨིན་
པར་བྱེད་པ་སྟེ། གཞན་སྨིན་པར་བྱེད་པའོ། །ཡང་ན་འཇིགས་པའི་ང་རོ་ནི་ཧཱུྃ་ངོ་། །སྒྲ་ནི་ཕྱིར་སྒྲོགས་པ་སྟེ། དབུགས་ནི་ཕྱིར་འཕྲོ་བའོ། །དེ་ནི་མེ་ལྕེ་བཞིན་འབར་ཞིང་གདུག་པ་ཅན་སྲེག་པར་མཛད་པའོ། །དེའི་དོན་ནི་དབུགས་ནི་རྒྱུན་མི་འཆད་པའི་ཡེ་ཤེས་སོ། །མེ་ལྟར་འབར་བ་ནི་གསལ་
བའོ། །འཇིགས་པ་ནི་འཇིགས་པ་ཐམས་ཅད་དོ། །ང་རོ་ཅན་ནི་དབུགས་འབྱིན་པ་སྟེ། འཇིགས་པ་ཐམས་ཅད་ལས་ཐར་པར་བྱེད་པའོ། །དེ་བས་ན་འདོད་ཆགས་ཀྱི་དབུགས་འབྱིན་པ་ལ་དེ་སྐད་བྱའོ། །འོ་ན་འབྲས་བུ་ཅི་ཞེ་ན། སྨིན་མ་ཁྲོ་གཉེར་བསྡུས་པ་ཞེས་བྱ་བ་སྟེ། སྐུ་གསུམ་གྱིས་
འགྲོ་བའི་དོན་བྱེད་པ་དང་ལྡན་པ་སྟེ། རྣམ་པར་དག་ཅིང་སྐུ་གསུམ་གྱི་འབྲས་བུ་དང་ལྡན་པ་ལ་བསྟོད་པའོ། །པདྨ་དང་ཆུ་ལྷས་ལག་པ་དང་དཔུང་པ་བརྒྱན་པ་ཞེས་བྱ་བ་ནི་སྦྲུལ་དཀར་པོས་སོ། །ནོར་རྒྱས་དང་དུང་སྐྱོང་གིས་དབུ་ལ་བརྒྱན་ཞེས་བྱ་བ་ནི་ཅོད་པན་བྱས་པའོ། །སྦྲུལ་རིན་པོ་ཆེ་

འབར་བ་ཅོད་པན་ཐོགས་པ་ནི་སྦྲུལ་དེ་བཞི་ལ་རྣ་བའི་སྟེང་ན་རིན་པོ་ཆེ་འབར་བའི་འོད་དང་བཅས་པ་ཡོད་པའོ། །དེ་ཡང་ཅོན་པན་བྱས་པའི་ནོར་བུ་ནི་ཡིད་བཞིན་གྱི་ནོར་བུ་འབར་བའོ། །གཞན་གྱི་ནོར་བུ་ནི་མཐོན་ཀ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལའོ། །ཀླུ་དགའ་བོ་དང་ཉེ་དགའ་བོ་
འབར་བས་སྙན་ཆ་བྱས་པ་ཞེས་བྱ་བ་ནི་སྦྲུལ་དམར་པོ་གཉིས་སོ། །འབར་བ་ནི་སྤྱི་གཙུག་ན་པདྨ་རཱ་ག་འབར་བའོ། །རྐང་པས་སྦྲུལ་གདུག་པ་འབར་བ་མནན་ཞིང་ཟ་བ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་ཤིང་། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ཞེས་བྱ་བ་ནི་སྟོབས་ཀྱི་རྒྱུ་
དང་། །རིགས་ལྡན་གཉིས་ནག་པོ་ཁར་བཅུག་ནས་སེ་རལ་ཁར་དྲངས་པ་སྟེ། །ཁ་ནས་དུག་ནག་པོ་འཕྲོ་བ་སྤྱི་བོ་ན་ཨིནྡྲ་ནཱི་ལའི་ནོར་བུ་ལྗང་ནག་འབར་བའོ། །དེས་ནི་ཞེ་སྡང་ཅན་འདུལ་བར་བྱེད་པའི་མཚན་མའོ། །བཞིན་རྒྱས་པ་ཡ་སོས་མ་མཆུ་མནན་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དབྱེར་
མེད་པའམ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ། རྒྱས་པས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་རྒྱས་པའོ། །དེའི་དོན་ནི་འདོད་ཆགས་ཅན་འདུལ་བར་བྱེད་པའི་མཚན་མ་དང་ལྡན་པའོ། །གཤིན་རྗེའི་ཆ་བྱད་ནི་སྐུ་ཆེ་བ་དང་། ཤིན་ཏུ་ཁྲོས་པའོ། །དེ་དང་ལྡན་པའི་བཅོམ་ལྡན་
འདས་དེ་ནི་ཕྱིན་ཅི་ལོག་ལ་ཞུགས་པ་ལ་ཁྲོས་ཤིང་ལྗགས་འཁྱུག་པ་དང་། གསུས་པ་འཁྱིལ་ཞིང་སྦྲུལ་ཟ་བར་སྟོན་པའོ། །དེའི་དོན་ནི་གཤིན་རྗེ་ནི་ཕྱིན་ཅི་ལོག་གི་གང་ཟག་ལ་བྱ་ལ། དེ་ལ་ཤེས་རབ་ཀྱི་སྣང་བ་སྟོན་པར་བྱེད་པས་ན་གསུང་གི་སྒོ་ནས་སྣང་བ་བསྐྱེད་པའི་གློག་གོ། །གསུས་
པ་ནི་ཡངས་པ་ཡིན་ལ། སྦྲུལ་ནི་གཏི་མུག་གི་རང་བཞིན་ནོ། །དེ་འཇོམས་པར་བྱེད་པ་ལ་ཟ་བ་ཞེས་བྱ་བའོ། །དེས་ནི་གཏི་མུག་ཅན་འདུལ་བའོ། །དེ་ལྟར་དུག་གསུམ་འདུལ་བར་བྱེད་པའི་མཚན་མ་དང་ལྡན་པའི་བསྟོད་པའོ། །འོ་ན་ཡོན་ཏན་གྱི་ཁྱད་པར་ཅི་ཞེ་ན། རྒྱ་མཚོའི་ཟབས་སུ་
དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ་ཞེས་བྱ་བ་ནི་སྐུའི་ཚད་སྟོན་པ་སྟེ། ཤིན་ཏུ་ཆེ་ཞེས་བྱ་བའི་དོན་ཏོ། །དབང་པོ་དང་ཉི་མའི་སྟེང་ན་བཞུགས་པ་ཞེས་བྱ་བ་ནི། དབང་པོ་ནི་འདོད་པའི་ཁམས་ཀྱི་བརྒྱ་བྱིན་དང་། གཟུགས་ཀྱི་ཁམས་ཀྱི་ཚངས་པ་སྟེ། ཁ་སྦུབ་ཏུ་

བསྣོལ་བའི་ཚངས་པའི་ཕྲག་པའི་སྟེང་ན་ཟླ་བ་ཉ་གང་བ་ལྟ་བུའོ། །བརྒྱ་བྱིན་གྱི་ཕྲག་པའི་སྟེང་ན་ཉི་མ་སྟེ། དེ་གཉིས་ཀྱི་སྟེང་ན་བཞུགས་པ་ནི་བརྐྱང་བསྐུམ་དུ་བཞུགས་པའོ། །ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ཞེས་བྱ་བ་ནི། སྟོབས་ཕུལ་དུ་བྱུང་བ་