Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
ྱ་བའི་དོན་ཏོ། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་བྱ་བ་ནི་ཤུགས་ཤིན་ཏུ་དྲག་

པོས་ཁྲོ་བོ་རྣམས་གནས་གཞན་དུ་ཉེ་བར་མ་དམིགས་པས་འཁོར་ལོ་མི་འགུལ་བ་ལྟ་བུར་བསམ་པར་བྱའོ། །ཡང་ན་བཟུང་བ་ལ་སོགས་པའི་དམིགས་པ་དང་བྲལ་བས་སེམས་ཅན་གྱི་དོན་གྱི་ཕྱིར་ཕྱོགས་བཅུར་ཁྱབ་པས་ན་མི་གཡོ་བ་དང་མཚུངས་ཞེས་བྱ་བ་ནི་དེ་ཁོ་ན་
ཉིད་དུ་ན་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར། མི་གཡོ་ཞིང་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་དང་མཚུངས་ཏེ། དེའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདིས་ནི་བཀའི་འཁོར་ལོ་ཡང་གསུངས་པ་ཡིན་ཏེ། དེ་ཡང་བླ་མའི་མན་ངག་ལས་གསལ་བར་བྱའོ། །སྡོམ་པ་ཞུས་པའི་ལན་
གསུངས་པ་ནི། རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྒྲུབ་པ་ཞེས་བྱ་བ་ནི་རིམ་པ་གཉིས་པོ་འདི་རྒྱུའོ། །ནན་ཏན་ཞེས་བྱ་བ་ནི་ཉམས་སུ་ལེན་པའོ། །དམ་ཚིག་ཅེས་བྱ་བ་ནི་ཉི་མ་དང་ཟླ་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པའོ། །སྡོམ་པ་ཞེས་བྱ་བ་ནི་དམ་ཚིག་བཞི་པོ་
བསྲུང་བའོ། །འདི་དག་ཐམས་ཅད་ནི་སྔར་རྩ་བའི་རྒྱུད་དུ་རྒྱས་པར་བཤད་པ་ཡིན་ནོ། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པར་རང་བཞིན་གྱིས་གྲུབ་པར་ལྷག་པར་མོས་པས་དམ་ཚིག་ཉམས་སུ་བླང་བ་དང་། གཞན་དུ་ནི་བསྐྱེད་པར་བྱ་བ་ཞེས་པའི་དོན་ཏོ། །
ཞེ་སྡང་གཏི་མུག་འདོད་ཆགས་ཆེས། །སེམས་ཅན་དོན་བྱེད་ཇི་ལྟ་བུ། །ཞེས་བྱ་བའི་ལན་གསུངས་པ་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྡུག་པ་དང་མི་སྡུག་པ་དང་གཉི་གར་བརྟགས་པའི་དབང་གིས་སོ་སོའི་སྐྱེ་བོ་རྣམས་རྟག་ཏུ་གཟུགས་ལ་སོགས་པའི་ཡུལ་རྣམས་
ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བར་འགྱུར་རོ། །དེ་རྣམས་རྣམ་པར་དག་པའི་རྣལ་འབྱོར་པ་རྣམ་པ་ཅིར་འགྱུར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་འདོད་ཆགས་ཀྱི་དཀྱིལ་འཁོར་དུའོ། །འདོད་ཆགས་དམ་ཚིག་ནི་འོད་དཔག་ཏུ་
མེད་པའི་ངོ་བོ་ཉིད་དོ། །རྡོ་རྗེ་ནི་མི་བསྐྱོད་པ་འབྱུང་བར་འགྱུར་བའོ། །རྡོ་རྗེ་འདྲ་བར་རིན་ཆེན་འབྱུང་། །ཞེས་བྱ་བ་ནི་ཇི་ལྟར་འདོད་ཆགས་ལ་འདོད་ཆགས་ཀྱི་ངོ་བོ་ཉིད་དང་མི་བསྐྱོད་པ་ཡིན་པ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ཡང་དེ་དང་འདྲ་བའོ། །རིན་ཆེན་བཞིན་དུ་དམ་ཚིག་ཤེས། །ཞེས་བྱ་

བ་ནི་ཇི་ལྟར་འདོད་ཆགས་ལ་རིན་ཆེན་དབང་ཉིད་ཡིན་པ་དེ་བཞིན་དུ་དོན་ཡོད་རྡོ་རྗེ་ཅན་ཡང་དེ་དང་འདྲ་བའོ། །འདི་སྐད་སྟོན་ཏེ། འདོད་ཆགས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་ཀྱང་འདོད་ཆགས་སུ་རོ་གཅིག་པར་འགྱུར་རོ། །ཡུལ་རྣམས་དེ་ཇི་ལྟར་བལྟ་བར་བྱ་ཞེ་ན། འདོད་ཆགས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཞེས་བྱ་བ་ནི་སྔར་བཤད་པའི་གཟུགས་ལ་སོགས་པའི་ཡུལ་རྣམ་པ་གསུམ་པོ་ནི་དམ་ཚིག་ཅེས་བྱ་བ་དོན་ཡོད་གྲུབ་པ་དང་མཚུངས་ཤིང་མཉམ་པར་བལྟ་བར་བྱ་སྟེ། ཇི་ལྟར་འདོད་ཆགས་ཀྱི་དཀྱིལ་འཁོར་དོན་ཡོད་གྲུབ་པར་འགྱུར་བ་དེ་
བཞིན་དུ་ཡུལ་རྣམས་ཀྱང་འདོད་ཆགས་ཀྱི་བདག་ཉིད་ཅན་དུ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་འདིས་སྡོམ་པ་ཞུས་པའི་ལན་བསྟན་པར་མཛད་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ན་འདི་ལྟར་འདོད་ཆགས་ཆེན་པོ་ལ་སོགས་པ་ཉིད་དུ་བསམ་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་དང་ཞེས་བྱ་བ་ནི་འདིས་བདག་གིར་ཀུན་དུ་བྱས་པའི་ཕྱིར་རྣམ་པ་སྟེ། སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཕན་པ་ལ་དམིགས་པའི་ཐབས་ཀྱི་རང་བཞིན་ཅན་གྱི་སེམས་སོ། །རྣམ་པ་མེད་ཅེས་བྱ་བ་ནི་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་
སོ་སོར་རྟོག་པའི་ཕྱིར་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །འགྲོ་ཀུན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་ཀྱི་ཁམས་གསུམ་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་ལ་ཁྱབ་པའོ། །ཡིད་གསུམ་བདག་ཉིད་ཅན་ཞེས་བྱ་བ་ཆོས་དང་། ལོངས་
སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བདག་ཉིད་ཅན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །བྱ་བ་དང་ནི་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་བདག་ཉིད་ཅན་གྱི་ལྷར་བསྐྱེད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འཕྲོག་པ་དང་སྤྲོ་བ་དང་ཞེས་བྱ་བ་ནི། སྤྲོ་བ་དང་བསྡུ་བ་
སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་བཟླས་པ་ཞེས་བྱ་བ་ནི་རང་རང་གི་འབྱིན་པའི་སྔགས་བརྗོད་པ་ཉིད་དམ་ཡང་ན་ཇི་ལྟར་རང་གི་སྐུ་ལ་སོགས་པའི་བཟླས་པ་ལས་སྤྲོ་བ་ལ་སོགས་པ་བྱེད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་

ཇི་ལྟར་འདོད་ཆགས་ལ་འདོད་ཆགས་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ་ཞེ་སྡང་ལ་ཞེ་སྡང་ཆེན་པོའི་ངོ་བོ་ཉིད་དང་། གཏི་མུག་ལ་གཏི་མུག་ཆེན་པོ་ཚུལ་དུ་དཀྱིལ་འཁོར་པ་བསྒོམས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་སྣ་ཚོགས་པ་རྒྱས་གདབ་
པར་བྱའོ། །གསང་བ་དག་པ་ཞེས་བྱ་བ་ལ་རིགས་གསུམ་གྱི་ངོ་བོར་བསྐྱེད་པ་ནི་ལུས་ལ་སོགས་པ་ཡང་དག་པར་སྦྱང་བའོ། །དེ་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ཅན་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣལ་འབྱོར་པའོ། །དོན་ཞེས་བྱ་བ་ནི་སྐུ་གསུམ་རྣམ་པར་དག་པའི་
མཚན་ཉིད་ཅན་དེ་དག་ཉིད་དོ། །ཡང་ན་རྡོ་རྗེ་གསང་བ་ནི། །རྡོ་རྗེ་འཆང་ཆེན་པོའི་སྟེ། ཐེག་པ་དམན་པ་ལ་མོས་པ་རྣམས་ལ་གསང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་དག་པ་ནི་དེའི་ཡེ་ཤེས་བསྐྱེད་པས་ཉོན་མོངས་པའི་དྲི་མ་མ་ལུས་པར་བཀྲུས་པའོ། །དེ་ལྟ་བུའི་བདག་
ཉིད་ཅན་གྱི་དོན་ཏེ་བྱ་བ་བྱེད་པའོ། །དེ་དག་ཉིད་ཀྱི་དབྱེ་བ་གསུངས་པ་ནི་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། ཞེ་སྡང་སྦྱོར་བ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་སོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་རྣམས་སོ། །ཞེ་སྡང་འཁོར་ལོ་ཞེས་བྱ་བ་ནི་ཐུགས་ཀྱི་
དཀྱིལ་འཁོར་རོ། །རྡོ་རྗེ་དྲག་པོ་ཞེས་བྱ་བ་ནི་ལག་ན་གནས་པའི་རྡོ་རྗེ་འབར་བས་སོ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཡང་དག་པའི་བདག་ཉིད་ལ་སྙོམས་པར་ཞུགས་པར་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་བཅུག་པའོ། །སྤྲོས་ལ་ཞེས་བྱ་བ་ནི་
རང་སྣང་བའི་པདྨའི་ནང་དུ་སྔ་མ་བཞིན་དུ་བསྐྱེད་ལ་སྤྲོ་བར་བྱའོ། །རྟོགས་བྱས་ལ་ཞེས་བྱ་བ་ནི། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་འབྱིན་པའི་སྔགས་ཀྱིས་ཡང་དག་པར་བསྐུལ་བའོ། །དེ་བཞིན་བསྡུ་བར་བྱ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་དྲག་པོས་བཅོམ་སྟེ། ཡེ་ཤེས་
ཙམ་དུ་བྱས་ལ་བསྡུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གོམས་པར་བྱས་པའི་སྦྱོར་བ་གསུངས་པ་ནི། འདི་ལྟའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མངོན་དུ་ནུས་པར་ཐེ་ཚོམ་མེད། །ཅེས་བྱ་བ་ནི་རྣལ་འབྱོར་བརྟན་པོར་བྱ་བ་ལེགས་པར་བྱས་པའི་ཕྱིར་ནུས་པ་ཐོབ་པར་གྱུར་

པས་སེམས་ཅན་གྱི་ཁམས་མ་ལུས་པར་ཚར་གཅད་པ་དང་། ཕན་འདོགས་པར་ནུས་པར་འགྱུར་བའོ། །གཏི་མུག་སྦྱོར་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་སོ། །གཏི་མུག་འཁོར་ལོ་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་རོ། །རྒྱན་ཞེས་བྱ་བ་ནི་རང་གི་དཀྱིལ་
འཁོར་པ་རྣམས་ཀྱི་རྒྱན་རྣམས་སོ། །རྐུ་ཞེས་བྱ་བ་ནི་ནོར་གྱི་བདག་པོས་ཡོངས་སུ་མི་ཤེས་པར་བླངས་པའོ། །གཏི་མུག་རྒྱ་མཚོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །རིན་ཆེན་ཀུན་གྱིས་ཞེས་བྱ་བ་ནི་འཕྲོག་པས་སོ། །རབ་ཏུ་དགང་ཞེས་བྱ་བ་ནི་བརྒྱན་པའོ། །དེ་རྣམས་ལ་
ཞེས་བྱ་བ་ནི་གང་ལ་འཕྲོག་པར་འགྱུར་བ་སྟེ། དེ་ལ་སླར་སྦྱིན་པར་བྱ་བའོ། །ཏིང་ངེ་འཛིན་འདི་གྲུབ་པའི་རྣལ་འབྱོར་པ་ནི་ཕྱི་རོལ་གྱི་དངོས་པོ་མ་ལུས་པ་ལེན་པ་དང་སྟེར་བར་བྱེད་པར་ནུས་པར་འགྱུར་རོ། །འདོད་ཆགས་སྦྱོར་བ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སོ། །འདོད་
ཆགས་འཁོར་ལོ་ཞེས་བྱ་བ་ནི་གསུང་གི་དཀྱིལ་འཁོར་རོ། །ལྷ་མོ་ཐམས་ཅད་འཕྲོག་ནས་སུ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་པ་རྣམས་ཀྱི་ཤེས་རབ་འཕྲོག་པའོ། །འདོད་པའི་སྦྱོར་བ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་བདག་ཉིད་ཅན་འོད་དཔག་ཏུ་མེད་པའི་སྦྱོར་
བས་སོ། །འདོད་པའི་རྩེ་མོས་རྣམ་པར་འཕྲུལ། །ཞེས་བྱ་བ་ནི་དགའ་བའི་ཆོ་གར་བཤད་པའི་རྣམ་པར་རོལ་པས་སོ། །འཁོར་ལོ་ཅན་ཀུན་ལ་ཞེས་བྱ་བ་ནི་གང་ལ་བླངས་པ་དེ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་འདི་དག་ལ་ནུས་པ་ཇི་ལྟ་བུ་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་གསུངས་
པ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། གྲུབ་པའི་རྣལ་འབྱོར་པ་སེམས་ལ་དབང་ཐོབ་པའི་ཕྱིར། དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་འདོད་པ་ཙམ་ལ་རག་ལས་པ་ཡིན་གྱིས། ལས་དང་པོ་པ་རྣམས་ལྟར་བྲི་བ་ལ་སོགས་པ་ཕྱི་རོལ་གྱི་སྦྱོར་བའི་རྗེས་སུ་
འགྲོ་བ་ནི་མ་ཡིན་ནོ། །དཀྱིལ་འཁོར་ཞུས་པའི་ལན་གསུངས་པ་ནི། བྷ་ག་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྷ་ག་ཞེས་བྱ་བ་ནི་པདྨའོ། །དེ་ཡང་། ཇི་ལྟར་པདྨ་དམར་པོ་འདི། །ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་རྣམ་པར་དག་པའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནི་འདི་

ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་སྙིང་པོ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་རོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་མ་སྐྱེས་མ་བཅོས་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དུ་གསུངས་པའི་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་
སེམས་ནི་ཆོས་ཀྱི་སྐུའི་སྙིང་པོ་ལེན་པ་ཡིན་པས་ན་དཀྱིལ་འཁོར་རོ། །ལུས་ཀྱི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ཉེ་བར་ལྡན་པའི་སྤྲུལ་པའི་སྐུ་སྟེ། དེ་ཡང་འགྲོ་བ་མ་ལུས་པའི་དོན་བྱེད་པའི་མཚན་ཉིད་ཅན་གྱི་སྙིང་པོ་ལེན་པར་བྱེད་པ་ཡིན་པས་ན་དཀྱིལ་འཁོར་རོ། །གསུམ་
པོ་དཀྱིལ་འཁོར་ཡིན་པར་བརྟག །ཅེས་བྱ་བ་ནི་བྷ་ག་ལ་སོགས་པ་ཉིད་ཀྱི་ཐབས་ལས་བྱུང་བ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྐུ་གསུམ་གྱིས་བསྡུས་པ་ལ་སོགས་པ་ཉིད་ལ་དཀྱིལ་འཁོར་གསུམ་དུ་བཤད་པ་ཡིན་ནོ། །ལ་ལ་ན་རེ་ཆོས་འབྱུང་བའི་དཀྱིལ་འཁོར་དང་། པདྨར་བྱང་ཆུབ་
ཀྱི་སེམས་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང་ལུས་ལ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་བྷ་ག་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ཕྱག་རྒྱ་དགོད་པ་ཞུས་པའི་ལན་གསུངས་པ་ནི། ཕུང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཕྱིར་ཕུང་པོ་ལ་སོགས་
པའི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཕྱག་རྒྱས་གཟུགས་བརྙན་འབྱུང་བའི་ཚུལ་གྱིས་རྒྱུ་བ་དང་། མི་རྒྱུ་བའི་བདག་ཉིད་ཅན་སྣ་ཚོགས་པས་ཐམས་ཅད་ལ་རྒྱས་བཏབ་པ་ཡིན་ནོ། །རྒྱུ་དེས་ན་བྲིས་པ་དང་བསྒོམ་པའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གསུམ་ཆར་ལ་མཚན་མ་
དང་། ཕྱག་རྒྱ་ལ་སོགས་པ་དགོད་པར་བྱས་པ་ཡིན་ནོ། །ད་ནི་དགོད་པའི་ཁྱད་པར་གསུངས་པ་ནི། འདོད་རྒྱལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྲུང་བའི་འཁོར་ལོ་འམ་བསྡུས་པའི་དཀྱིལ་འཁོར་དུ་མེ་ལ་སོགས་པའི་ཕྱོགས་སུ་འདོད་པའི་རྒྱལ་པོ་ལ་སོགས་པ་བཞི་པོའི་ཕྱག་མཚན་
ལྕགས་ཀྱུ་ལ་སོགས་པའི་མཚན་མ་དགོད་པར་བྱའོ། །གཤིན་རྗེ་གཤེད་ལ་སོགས་པ་ནི། ལེའུ་བཞི་པ་ལས་གསུངས་པའི་ཕྱོགས་ཀྱི་རིམ་པས་ཕྱག་རྒྱ་དགོད་པར་བྱའོ། །བསྒོམ་པའི་དཀྱིལ་འཁོར་གྱི་ཁྱད་པར་གསུངས་པ་ནི། སྟེང་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྟེང་དུ་

འཁོར་ལོ་འོག་གནོད་མཛེས། །ཞེས་བྱ་བ་ནི་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་འོག་ཏུ་གནོད་མཛེས་བསྒོམ་པར་བྱའོ། །ལྷག་མ་རྣམས་ནི་ཇི་སྐད་བཤད་པའི་རང་གི་མཚན་མའི་རིམ་པ་ཉིད་ཀྱིས་བསམ་མོ། །རིགས་རྒྱལ་རྡོ་རྗེ་རྣམས་དང་ནི། །ཞེས་བྱ་བ་ལ་སའི་སྙིང་
པོའིའོ། །འཁོར་ལོས་སྒྱུར་བ་དྲུག་གི་ཞེས་བྱ་བ་ནི་སངས་རྒྱས་ལྔ་པོ་རྡོ་རྗེ་འཆང་བ་དང་བཅས་པའི་མཚན་མའི་ཕྱག་རྒྱ་རྣམས་ནི་དེ་དག་ཉིད་དང་ཅི་རིགས་པར་སྦྱར་རོ། །ས་ལ་སོགས་པའི་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་རྩ་བའི་རྒྱུད་ལས་གསུངས་པ་ཉིད་ཡིན་ནོ། །གཟུགས་རྡོ་རྗེ་ལ་
སོགས་པའི་མཚན་མའི་ཕྱག་རྒྱ་རིམ་བཞིན་དུ་གསུངས་པ་ནི། མེ་ལོང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །ཁྲོ་རྒྱལ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་
ཀྱིས་མངོན་པར་རྒྱས་བཏབ་པའོ། །འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཚུལ་གྱི་ཕྱག་རྒྱ་ནི་བཤད་ཟིན་པ་ཉིད་ཡིན་ནོ། །གང་རྩ་བའི་རྒྱུད་ལས་སྐུ་མདོག་མ་གསུངས་པ་དེ་རྣམས་ནི་རིགས་ཀྱི་བདག་པོའི་མདོག་དང་ལྡན་པ་ཉིད་དུ་བརྟག་པར་བྱའོ། །
དེ་བས་ན་སའི་སྙིང་པོ་ལ་སོགས་པ་དང་། གཟུགས་རྡོ་རྗེ་ལ་སོགས་པ་དང་། ནང་གི་བདག་པོའི་སྐུ་མདོག་ཉིད་དང་ལྡན་པ་ཡིན་ནོ། །ལེའུ་བཞི་པ་ལས་གསུངས་པ་མེ་ཏོག་གི་སྒྲའི་དོན་ཞུས་པའི་ལན་གསུངས་པ་ནི། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷ་མོ་དག་ནི་
གཞོན་ནུ་མ་སྟེ། དེའི་ནམ་མཁའི་དབྱིངས་ཀྱི་བདག་པོའི་ཁྲག་ནི་མེ་ཏོག་ཅེས་བཤད་དོ། །ཡང་ན་པདྨ་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་པདྨ་ལ་སོགས་པའི་དོན་སྤྱིའི་ཚིག་གིས་མེ་ཏོག་གི་སྒྲར་ཞུས་པའི་ལན་གསུངས་པ་ནི། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་ལྷ་
མོ་དགུ་ནི་སྤྱན་ལ་སོགས་པ་བཞི་དང་། གཟུགས་ལ་སོགས་པ་ལྔའོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་སྟེ་ལྷ་མོ་བཅུ་པོ་འདི་དག་ནི་མེ་ཏོག་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ནི་རེ་རེ་ཞིང་ཡི་གེ་གསུམ་བརྗོད་ལ་གཟུགས་རྡོ་རྗེ་ལ་

སོགས་པ་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་རིམ་གྱིས་དགོད་པར་བྱ། །ཞེས་བྱ་བ་ནི་རིགས་ཀྱི་གོ་རིམས་ཀྱིས་ཏེ། གཟུགས་ལ་སོགས་པ་བཞི་པོ་ནི་མེ་ལ་སོགས་པ་མཚམས་བཞིར་དགོད་པར་བྱའོ། །རེག་དང་ཆོས་ཀྱི་དབྱིངས་ནི་ཤར་གྱི་སྒོའི་བྱང་དང་།
ལྷོའི་ཆ་དག་ཏུ་དགོད་དོ། །མཆོད་རྟེན་ཞུས་པའི་ལན་གསུངས་པ་ནི། མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་བཞུགས་གནས་ཏེ། གཞིར་གྱུར་པ་ཁང་པ་བརྩེགས་མའོ་ཞེས་བྱ་བའི་བར་དུའོ། །ཡེ་ཤེས་ཀྱི་འཁོར་ལོ་ཞུས་པའི་
ལན་གསུངས་པ་ནི། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱིས་གང་ཡང་དག་པར་བསྐུལ་བའི་དམ་ཚིག་གི་འཁོར་ལོ་ལ་སོགས་པའི་དོན་དེ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །གནས་ཞུས་པའི་ལན་གསུངས་པ་ནི། ས་
བོན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷ་རྣམས་སྐྱེད་པར་བྱེད་པའི་ས་བོན་གྱི་ཡི་གེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གཞིར་གྱུར་པས་ན་གནས་ཞེས་བྱའོ། །ཡི་གེའི་དོན་གསུངས་པ་ནི་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ཡི་གེ་
ཨོཾ་ལ་སོགས་པ་གསུམ་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་མི་འཕོ་བའི་ཆོས་ཅན་ཡིན་པས་ན་མི་འགྱུར་བ་ཞེས་བྱའོ། །མགོན་པོ་བསྐུལ་བ་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཞུས་པ་བཞི་པོའི་ལན་རིམ་བཞིན་དུ་བསྟན་པའི་ཕྱིར་གསུངས་པ་ནི། སྐུ་གསུང་ཐུགས་ཞེས་བྱ་བ་
ལ་སོགས་པ་ཡིན་ཏེ། གདོད་མ་ནས་མ་སྐྱེས་པ་དང་རྟོག་པ་དང་བྲལ་བ་དང་། སྒྱུ་མ་ལྟ་བུའི་སྐུ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་ལ་སོགས་པ་ཨོཾ་ཨཱཿཧཱུཾ་གི་ཡི་གེ་ནི་བསྐུལ་བ་ཞེས་བྱ་བར་བཤད་དོ། །གང་ས་བོན་གྱི་འོད་ཟེར་རྣམས་ཕྱོགས་ཐམས་ཅད་དུ་འགྱེད་པ་
དེ་ནི་གཏོང་བ་ཞེས་བྱ་བ་ལ། བདག་ལ་བྱིན་གྱིས་བརླབས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་བསྐུལ་བ་གང་ཡིན་པ་དེ་སྤྱན་དྲང་བའོ། །གང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་གནས་དེ་དང་། ས་བོན་གྱི་ཡི་གེ་དེར་ཡང་དག་པར་

བསྡུས་ནས་མི་ཕྱེད་པ་རྣམ་པར་འཇོག་པ་དེ་ནི་བཅིང་བ་ཞེས་བཤད་དོ། །འདི་དག་ཀྱང་ལྷ་ཐམས་ཅད་བསྐྱེད་པ་ལ་ཐུན་མོང་ཡིན་གྱི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ཙམ་གྱི་ཡུལ་ནི་མ་ཡིན་ནོ། །རྡུལ་ཚོན་ནམ་ཡིད་ཀྱིས་དཀྱིལ་འཁོར་བྲིས་ལ་དབང་བསྐུར་བ་སྦྱིན་པར་བྱ་བ་ཡིན་པས་
ན། དེའི་ཕྱིར་བྲི་བའི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས་གསུངས་པ་ནི། སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་དུ་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བ་ཇི་ལྟ་བས་རང་གི་སྐུ་དང་གསུང་དང་ཐུགས་རྒྱས་བཏབ་ཅིང་བརྟན་པར་བྱས་ལ་དཀྱིལ་
འཁོར་བྲི་བ་ལ་སོགས་པ་བྱ་ཞིང་ཇི་ལྟ་བ་བཞིན་དུ་བརྟག་པར་བྱའོ། །འདི་སྐད་སྟོན་ཏེ། བསོད་ནམས་དང་ཡེ་ཤེས་ལ་སོགས་པ་འདོད་པས་རང་གི་ལྷག་པའི་ལྷའི་སྦྱོར་བས་རང་གི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས།
དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཞིག་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟག་པ་འགྲུབ་པར་འགྱུར། །ཞེས་བྱ་བ་དང་། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །དཀྱིལ་འཁོར་མངོན་སུམ་མཐོང་བ་ལས། །བསོད་ནམས་བརྟག་པ་ཅི་འདྲ་
བར། །ཕྱིས་བྲིས་པ་ཡང་དེ་བཞིན་ནོ། །ཞེས་བཤད་པ་ཡིན་ནོ། །ད་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བའི་ཆོ་ག་གསུངས་པ་ཡིན་ཏེ་དེ་ནི་བླ་མ་ལས་ཤེས་པར་བྱའོ། །རིག་པའི་བརྟུལ་ཞུགས་ཞུས་པའི་ལན་གསུངས་པ་ནི། རིག་པའི་ལྷ་མོ་ཞེས་བྱ་བ་ལ་
སོགས་པ་ཡིན་ཏེ། ཆོས་ཀུན་གཉིས་སུ་མེད་པ་ལ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གཉིས་སུ་བརྟགས་པ་ཡིན། །ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་གཟུང་བ་ལ་སོགས་པ་ཉིད་དུ་རྣམ་པར་བརྟགས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན།
འཁོར་བ་རྣམ་པར་སྤང་བའི་བློ་བསྐྱེད་པར་མི་བྱའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རིག་པའི་བརྟུལ་ཞུགས་ཞེས་བྱ་བ་ནི། རིག་པ་ཉིད་དམ་རིག་པ་དང་། །བརྟུལ་ཞུགས་གཅིག་ཏུ་ངེས་པའོ། །ཉམས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་གསུངས་པ་ནི།

རྨོངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་བསླབ་པ་ཉམས་པར་གྱུར་པའོ། །དངོས་གྲུབ་མཆོག་ཀྱང་མི་འགྲུབ་ཅེས་བྱ་བ་ལ། ཀྱང་གི་སྒྲ་ནི་ཐ་མལ་པ་མི་འགྲུབ་པ་ནི་ཞར་ལ་བསྡུ་བ་ཡིན་ནོ། །བདུད་རྩི་ལྔ་ཞུས་པའི་ལན་གསུངས་པ་ནི། ཐ་མལ་ཞེས་བྱ་བ་ལ་
སོགས་པ་ཡིན་ཏེ། དྲི་མ་ལྔ་ཞེས་བྱ་བ་ནི་བཤང་བ་ལ་སོགས་པ་ལྔའོ། །ཡི་གེ་ལྔ་ཡི་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་འམ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་སོ། །བསྟན་པ་དེའི་བཤད་པ་གསུངས་པ་ནི། སྦར་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡི་གེ་ཧཱུཾ་དང་ཡི་གེ་ཨཱཿདག་ལས་
རྡོ་རྗེ་དང་པདྨ་ཡོངས་སུ་གྱུར་པར་སྦྱང་བ་དང་། རྟོགས་པར་བྱ་བ་དང་། ཡི་གེ་ཨོཾ་གྱིས་སྣང་བར་བྱ་ཞིང་འོད་གསལ་བར་བྱ་བ་དང་། གཟུགས་སྣང་བ་དེ་ཡེ་ཤེས་ཀྱི་འོད་ཟེར་གྱིས་དྲངས་པའི་དེ་བཞིན་གཤེགས་བཞུགས་པས་བདུད་རྩི་ཉིད་དུ་ངེས་པར་བྱས་པའོ། །སྔགས་ཀྱི་ལུས་ཚུལ་རབ་སྦྱོར་
བས། །ཞེས་བྱ་བས་ནི་རང་གི་ལྷག་པའི་ལྷའི་སྦྱོར་བ་སྔོན་དུ་འགྲོ་བས་ལྕེ་སྦྱང་བ་ལ་སོགས་པ་བྱའོ་ཞེས་བྱ་བའི་དོན་ཏོ། །བཟའ་བར་བྱ་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱའོ། །འདི་དག་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི། རྡོ་རྗེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ནི་སྟེང་དུ་
རྡོ་རྗེའོ། །འོག་ཏུ་ཞེས་བྱ་བ་ནི་དེའི་འོག་ཏུའོ། །པདྨ་ནི་པདྨའི་སྣོད་དོ། །ཨོཾ་གྱིས་མཚན་པ་ཞེས་བྱ་བ་ནི་ཇི་ལྟར་རང་གི་ཡི་གེ་ཨོཾ་ལ་སོགས་པའི་ས་བོན་ལྔས་བྱིན་གྱིས་བརླབས་པའོ། །བདུད་རྩི་ཞེས་བྱ་བ་ནི་བཤང་བ་ལ་སོགས་པའོ། །དེ་ཡི་ཞེས་བྱ་བ་ནི་པདྨའི་སྣོད་ཀྱིའོ། །
འབར་བས་རྣལ་འབྱོར་ཚིམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་རྗེས་ལ་རླུང་གིས་སྦར་བའི་མེས་བཙོས་ལ་ཡི་གེ་ཨོཾ་གྱིས་གསལ་བར་བྱའོ། །ཤེལ་དང་མཚུངས་པར་ཞེས་བྱ་བ་ནི། སྒྲིབ་གཡོགས་མེད་པའི་སྣང་བའི་རང་བཞིན་ཅན་ནོ། །མཚོན་ཆ་མཆོག་
གིས་ཞེས་བྱ་བ་ནི། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུས་སོ། །ལ་ལ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་རོ། །བཟའ་བའི་སྦྱོར་བས་ཞེས་བྱ་བ་ནི་ཟས་ལ་སྤྱོད་པའི་ཆོ་གས་ཏེ། དེ་ཡང་། འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས། །རླུང་དང་མེ་ཡིས་ཞེས་བྱ་བ་ལ་སོགས་པ་ཀུན་དུ་

བཟང་པོའི་སྒྲུབ་པའི་ཐབས་ལས་བཤད་པ་བཞིན་དུ་ཤེས་པར་བྱའོ། །བརྩོན་འགྲུས་ལྔའི་ལན་གསུངས་པ་ནི། དཔའ་བོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གོ་ཀུ་ད་ཧ་ནའི་སྒྲོན་མ་ལྔ་པོའོ། །དེ་བཞིན་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་སོ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །ཞེས་བྱ་བ་
ལ་དོན་ནི་འདི་ཡིན་ཏེ། གང་དུ་ཐུན་མོང་དང་ཅིག་ཤོས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དཔའ་བོ་གང་ཆོ་ག་ཉིད་དུ་བསྟན་པ་དེར་བརྟགས་པ་བརྩོན་འགྲུས་ཐམས་ཅད་རང་གི་ལྷའི་སྦྱོར་བས་ཉེ་བར་སྦྱངས་པ་ལ་ལོངས་སྤྱད་པར་བྱའོ། །དངོས་གྲུབ་ཐ་མལ་པ་དང་མཆོག་ཞུས་པའི་ལན་གསུངས་པ་ནི། མི་
སྣང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་དངོས་གྲུབ་ཐ་མལ་པ་ནི་མི་སྣང་བ་ལ་སོགས་པའོ། །དངོས་གྲུབ་ཀྱི་མཆོག་ནི་འཚང་རྒྱ་བ་ཉིད་དུ་བྱ་བར་བཤད་དེ། ཐམས་ཅད་ཀྱི་དམ་པར་གྱུར་པའི་ཕྱིར་རོ། །དེ་ཡང་། མི་སྣང་བ་ནི་སྟོང་གིས་ཏེ། །མངོན་ཤེས་ལྡན་པ་ཉིས་སྟོང་གིས། །རིག་
པ་འཛིན་པ་སུམ་སྟོང་ཡིན། །རྡོ་རྗེ་འཛིན་ནི་འགྲོ་ཀུན་བདག །ཅེས་བཤད་པ་ཡིན་ནོ། །ཐབས་ཞུས་པའི་ལན་བསྟན་པ་གསུངས་པ་ནི། ཐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པ་བཞི་པོ་དེ་དག་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་
རྒྱའི་དབྱེ་བའམ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་གྱི་དབྱེ་བས་སམ། ཡང་དཔལ་གསང་བ་འདུས་པ་ལས་བསྙེན་པ་ལ་སོགས་པའི་དབྱེ་བས་ཕྱེ་སྟེ། བསྙེན་པའི་ཆོ་གས་ཞེས་བྱ་བ་ལ་སོགས་པའོ། །བསྙེན་པའི་རབ་ཏུ་དབྱེ་བ་
གསུངས་པ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་གྲུབ་ཐ་མལ་པ་དང་། མཆོག་གི་དབྱེ་བས་བསྙེན་པ་ཡང་ཐ་དད་པ་ཡིན་ཏེ། གཞན་དུ་ན་རྒྱུ་གཅིག་ལས་བྱུང་བ་དངོས་གྲུབ་ཐ་མལ་པ་དང་། མཆོག་གི་དབྱེ་བ་མེད་པར་འགྱུར་རོ། །གཉིས་པོ་ཉིད་ཡིན་པར་གསུངས་པ་ནི། རྡོ་རྗེ་
ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡེ་ཤེས་བདུད་རྩི་ནི་འོག་ནས་བཤད་པའི་ཡན་ལག་དྲུག་གི་སྦྱོར་བའི་མཚན་ཉིད་ཅན་ཡིན་ནོ། །རྡོ་རྗེ་བཞི་པོ་གསུངས་པ་ནི། དང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་དག་ནི་ལེའུ་བཅུ་གཉིས་པར་བཤད་ཟིན་པས་དེ་ཉིད་ལས་ཤེས་པར་བྱའོ། །ཐ་

མལ་བསྒྲུབ་ལས་བསྙེན་པར་བྱ། །ཞེས་བྱ་བ་ནི་ཐ་མལ་པའི་དངོས་གྲུབ་བསྒྲུབ་པར་འདོད་པ་དག་གིས་ཡན་ལག་བཞིའི་བདག་ཉིད་ཅན་གྱི་བསྙེན་པ་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོག་ནི་འཚང་རྒྱ་བ་ཉིད་བསྒྲུབ་པའོ། །ཡེ་ཤེས་བདུད་རྩི་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ཉིད་མི་གནས་
པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པས་བདུད་རྩིའོ། །དེས་ན་ཡན་ལག་དྲུག་གི་སྦྱོར་བའི་མཚན་ཉིད་ཀྱི་བསྙེན་པར་བྱའོ། །འདི་ཉིད་གསུངས་པ་ནི་བསྙེན་པ་ལ་སོགས་པ་ཡིན་ཏེ། བསྙེན་པ་ཞེས་བྱ་བ་ནི་མཉེས་པར་བྱའོ། །སྒྲུབ་པ་ཞེས་བྱ་བ་ནི་འཚང་རྒྱ་བ་བསྒྲུབ་
པའོ། །གཞན་དུ་བསྒྲུབ་པར་གྱུར་ན་ནི། །དངོས་གྲུབ་མཆོག་ནི་འགྲུབ་མི་འགྱུར། །ཞེས་བྱ་བ་ནི་རྒྱུ་མ་ཚང་བ་ལས་འབྲས་བུ་འབྱུང་བར་མི་འཐད་པའི་ཕྱིར་རོ། །སོ་སོར་སྡུད་དང་ཞེས་བྱ་བ་ལ་སོགས་པ་ནི་ཡན་ལག་དྲུག་སྟོན་པ་ཡིན་ནོ། །དེ་ལས་རེ་ཞིག་སོ་སོར་སྡུད་པའི་དོན་
གསུངས་པ་ནི། དབང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དབང་པོ་དང་དོན་བཅུ་པོ་རྣམས་ཀྱི་རང་གི་འཇུག་པ་སྟེ། བྱེད་པ་ཉིད་དུ་གནས་ཤིང་། སྤྲོས་པ་ཐམས་ཅད་ལས་ཡིད་སོ་སོར་སྡུད་ཅིང་། ཡིད་མ་ཆགས་པར་བྱེད་པ་ནི་འདིར་སོ་སོར་སྡུད་པའོ། །འདོད་པ་སོ་སོར་སྡུད་པས་ན། །ཞེས་བྱ་བ་
ནི་ཡུལ་རེ་རེ་ཞིང་འདོད་ཆགས་ཀྱི་སེམས་ལ་སོགས་པ་སྡུད་པར་བྱེད་པས་སོ། །འདི་དག་གིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་རྟོག་པ་དང་བྲལ་བས་སྟོང་པ་ཉིད་དུ་རོ་གཅིག་པའི་སེམས་ནི་འདིར་སོ་སོར་སྡུད་ཅེས་བཤད་དོ། །དེ་
ཡང་སོ་སོར་སྡུད་པའི་རྣལ་འབྱོར་པ། །སྟོང་ཉིད་བསམ་གཏན་ལ་རབ་བརྩོན། །དམིགས་སུ་མེད་པར་གྱུར་པའི་སེམས། །གཟུང་དང་འཛིན་པས་སྤངས་པ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བསམ་གཏན་གྱི་དོན་གསུངས་པ་ནི། འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་
པ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ང་རྒྱལ་དང་ཕྲག་དོག་གི་བདག་ཉིད་ཅན་གྱི་སེམས་ནི་འདོད་པ་ལྔའོ། །དེ་ཡང་། འདོད་པ་སེམས་ཞེས་བྱ་བར་བཤད། །འདོད་ཆགས་ཞེ་སྡང་རྨོངས་ལྡན་དང་། །ང་རྒྱལ་ཕྲག་དོག་བདག་ཅན་ཡང་། །རྫོགས་པའི་

སངས་རྒྱས་མངའ་བདག་ཉིད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །སངས་རྒྱས་ལྔ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་དོ། །དོན་ནི་འདི་ཡིན་ཏེ། གང་འདི་ཉོན་མོངས་པ་ཅན་གྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་བཞིན་པ་ཉིད་ལ་སོགས་པའི་
ཚུལ་དུ་ངེས་པར་བྱས་པ་དེ་ནི་བསམ་གཏན་ཞེས་བྱ་བར་བཤད་དོ། །དེ་ཡང་རྟོག་པ་དང་བསྒོམ་པར་སེམས་དཔའ་ནི་བསམ་གཏན་ཞེས་བྱ་བར་བཤད་དོ། །རྣམ་རྟོག་ཉེར་ཞི་བསམ་གཏན་ཏེ། །བསམ་གཏན་སངས་རྒྱས་སྤྱོད་ཡུལ་ཡིན། །གཞན་དུ་སྟོང་པ་ཉིད་སེམས་པས། །
དང་པོའི་རྣལ་འབྱོར་པ་རྣམས་རྨོངས། །བློ་གྲོས་ཤིན་ཏུ་རྨོངས་གྱུར་པས། །མུ་སྟེགས་ཅན་གྱི་ལམ་དུ་འགྲོ། །ཞེས་བཤད་པ་ཡིན་ནོ། །རྟོག་དང་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གྱི་རབ་ཏུ་དབྱེ་བ་བསྟན་པའི་བཤད་པ་གསུངས་པ་ཡིན་ནོ། །གསང་བ་ཞེས་བྱ་བ་
ལ་སོགས་པ་ལ། སེམས་སོ་སོར་རྟོག་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རྡོ་རྗེ་བསྟན་པར་གྱུར་པའི་མཚན་ཉིད་ནི་གསང་བ་གསུམ་སྟེ། འདི་དག་ལ་རྟོག་པས་ན་རྟོག་པའོ། །རྡོ་རྗེ་ཉིད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ལོངས་སྤྱོད་པ་ལ་ཀུན་དུ་སྤྱོད་ཅིང་ངེས་
པར་རྟོག་པའི་བདག་ཉིད་ཅན་ཡིན་པས་ན་དཔྱོད་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ་པོ་འདི་དག་ཉིད་ལ་རྟོག་པ་དང་དཔྱོད་པའི་སྒྲར་གསུངས་སོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས་སྦྱོར་བ་ལྔ་ལ་ལེགས་གནས་ན། །སངས་རྒྱས་བྱང་ཆུབ་རྙེད་མི་དཀའ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་
ཨུཏྤ་དཱ་ཡཱ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཨ་ཧཾ། སྦྱོར་བ་ལྔ་པོ་འདི་དག་གིས། །ཕྱག་རྒྱ་ལྔ་ནི་ཡང་དག་འཐོབ། །ཅེས་གསུངས་པ་ཡིན་ནོ། །འདིར་ལ་ལ་ནི། ཟླ་བ་གཉིས་དང་དེ་གཅིག་འགྱུར། །རྡོ་རྗེ་སྤྲུལ་པས་བསྡུས་པ་
དང་། །ཀུན་དུ་བཟང་པོས་རྫོགས་གྱུར་པ། །ཞེས་བྱ་བ་མངོན་པར་བྱང་ཆུབ་པ་ལྔ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་རྡོ་རྗེ་རྫོགས་པའི་བར་ནི་རྟོག་པའི་སྒྲས་གསུངས་པར་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་དཔྱོད་པའི་སྒྲས་བསྟན་པ་ཡིན་ནོ། །དགའ་དང་འདྲ་བ་ཞེས་བྱ་བ་ནི་ནམ་མཁའ་

ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ལ་ཡང་སྤྱན་ལ་སོགས་པའི་ལྷ་མོའི་ངོ་བོར་ཕྱུང་སྟེ། རང་དང་འདྲ་བའི་ནང་དུ་ཆུད་པར་བསྒོམས་པ་ལས་ཡིད་བདེ་བ་བསྐྱེད་པས་ན་དགའ་བ་དང་འདྲ་བ་ཞེས་བྱའོ། །བདེ་བ་བསྡུས་པ་ཞེས་བྱ་བ་ནི་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་
པར་སྦྱོར་བའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །ཞེས་བྱ་བ་ལ་བསམ་གཏན་ལྔ་པ་ནི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པས་རང་རིག་པ་ཙམ་གྱི་མཐར་ཐུག་པའི་ཕྱིར་དང་། འཛིན་པ་པོ་ལ་སོགས་པའི་རྟོག་པས་སྟོད་
པའི་ཕྱིར་ཤེས་བྱ་དང་ཤེས་བྱ་ཟད་པ་ཡིན་ནོ། །ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་སངས་རྒྱས་ཀུན་དངོས་སོ། །ཉོན་མོངས་པའི་ཉེས་པ་མ་ལུས་པར་ཞི་བས་ན་ཞི་བའོ། །སེམས་ཅན་གྱི་རེ་བ་རྫོགས་པར་ནུས་པ་དང་ལྡན་པས། འདོད་པ་ཀུན་ལ་རབ་ཏུ་གནས། །ཞེས་བྱའོ། །སྲོག་དང་
རྩོལ་བའི་དོན་གསུངས་པ་ནི། ཡེ་ཤེས་ལྔའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན། ཡེ་ཤེས་ལྔའི་རང་བཞིན་ཡིན་ནོ། །དབུགས་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་རྣམ་པ་ཅན་ཡིན་ནོ། །འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་བྱ་བ་ནི།
སྤྱན་ལ་སོགས་པའི་ལྷ་མོའི་ངོ་བོ་ཉིད་དུ་གྱུར་པས་སོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་བྱ་བ་ནི་སོ་སོར་སྣང་བ་ཐོབ་པར་བྱས་ན། རྡོ་རྗེ་ལས་བྱུང་སྟེ། ལྷ་མོའི་པདྨའི་སྣ་རྩེར་བསྒོམ་པར་བྱའོ། །གཞན་དག་ན་རེ་ཕྲ་མོའི་སྦྱོར་བ་དུབ་པར་གྱུར་པས་ན། དེར་འཇུག་
པའི་ཕྱིར་ཡང་བསྒོམ་པར་བྱའོ་ཞེས་ཟེར་རོ། །ཡང་གཞན་དག་ན་རེ། ཕྲ་མོའི་དཀྱིལ་འཁོར་གྱི་གཞི་ཉིད་དུ་གྱུར་པའི་མཚན་མའི་ནང་དུ་ཆུད་པར་བྱས་ལ་འདི་བསྒོམ་པར་བྱའོ་ཞེས་ཟེར་རོ། །འཛིན་པའི་དོན་གསུངས་པ་ནི། རང་སྔགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་སེམས་དཔའི་
ཐུགས་ཀའི་ཟླ་བ་རང་གི་ལྷའི་ས་བོན་གྱི་ཡི་གེ་ཐིག་ལེའི་གཟུགས་སུ་ཇི་ལྟ་བ་བཞིན་དུ་བྱས་པ་སྲོག་སྟེ། རླུང་དང་བཅས་པ་དགག་པ་སྟེ། ཡུལ་ལ་རྒྱུ་བ་དང་བྲལ་བར་བྱས་པའོ། །དབང་པོ་དང་བཅས་པར་གནས་པས་ན་དབང་བཅས་སོ། །རིན་ཆེན་ཞེས་བྱ་བ་ནི་རིན་པོ་ཆེར་བཅས་པའི་

སེམས་གཟུང་བ་གང་ཡིན་པ་དེ་ནི་འཛིན་པ་ཞེས་བྱ་བར་བཤད་དོ། །གཞན་དག་ནི་ཕྲ་མོའི་རྣལ་འབྱོར་གྱི་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བར་ས་བོན་གྱི་ཡི་གེ་བསམས་ལ་ཡིད་ཐིག་ལེར་གྱུར་པར་བྱའོ་ཞེས་ཟེར་རོ། །འགོག་པའི་རྡོ་རྗེར་གྱུར་ཅེས་བྱ་བ་ནི་དེ་ལྟར་
བསྒོམས་པས་བརྟན་པར་གྱུར་པས་ན་ཞེས་བྱའོ། །མཚན་མར་ཉེ་བར་འཛིན་ཞེས་བྱ་བ་ནི་དྲོ་བ་ལ་སོགས་པའི་རྣམ་པའོ། །མཚན་མའི་གནས་སྐབས་གསུངས་པ་ནི་སྨིག་རྒྱུ་འདྲ་བ་ཞེས་བྱ་བ་ནི་བརྟན་པར་གྱུར་པའི་སེམས་ནི་བརྟན་པར་གནས་པའི་དྲོ་བ་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར། དང་
པོ་སྨིག་རྒྱུ་ལྟ་བུར་འགྱུར་རོ། །དུ་བ་ལྟ་བུར་ཞེས་བྱ་སྟེ། །ཡེ་ཤེས་ཀྱི་མེ་སྐྱེར་རུང་བའི་ཕྱིར་རོ། །མཁའ་སྣང་འདྲ་བ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཐོབ་པའི་ཕྱིར་རོ། །མར་མེ་ལྟར་འབར་ཞེས་བྱ་བ་ནི་སྒྲིབ་པ་རྣམས་ཀྱང་སྲབ་མོར་བྱས་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སྐྱེས་
པའི་ཕྱིར་རོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ཞེས་བྱ་བ་ནི། རྟོག་པ་མ་ལུས་པ་དང་བྲལ་བ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །འདིར་མཚན་མ་བཞི་ནི་དྲོད་ལ་སོགས་པའི་ངོ་བོ་ཉིད་དོ། །ལྔ་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་
ཤེས་པར་བྱའོ། །ཁ་ཅིག་ནི་འོད་ཟེར་མཆོག་དང་རབ་མཆོག་གི་དབྱེ་བ་ལས་མཚན་ཉིད་འདི་དག་ཏུ་གྱུར་པར་ཁོང་དུ་ཆུད་པར་བྱའོ་ཞེས་ཟེར་རོ། །རྗེས་སུ་དྲན་པའི་ཚུལ་གསུངས་པ་ནི། བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། གང་ཞིག་སངས་རྒྱས་ལ་སོགས་པ་རྗེས་
སུ་དྲན་པས་བརྟན་པར་གྱུར་པས་སེམས་ནི་ཡང་དེའི་རྣམ་པར་བསྒོམ་པར་བྱའོ། །སོ་སོར་སྣང་བ་དེ་ལ་སྐྱེ་ཞེས་བྱ་བ་ནི་དེ་ལས་སངས་རྒྱས་ལ་སོགས་པ་སྤྲོས་པ་ན། རང་དང་གཞན་དག་ལས་མངོན་སུམ་གྱི་ཤེས་པ་སྐྱེ་བར་འགྱུར་རོ། །ཏིང་ངེ་འཛིན་གྱི་དོན་གསུངས་པ་ནི། ཐབས་དང་ཞེས་བྱ་
བ་ལ་སོགས་པ་ཡིན་ཏེ། ལྷ་མོ་རྣམས་ཀྱི་གླུས་ཇི་ལྟར་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་དུ་ཞུགས་པ་སྔོན་དུ་འགྲོ་བ་དང་། ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་སྐད་ཅིག་ཙམ་གྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་

སྐྱེད་པ་ནི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བཤད་དོ། །སོ་སོར་སྡུད་ལ་ཞེས་བྱ་བ་ལ་སོགས་པ་སྦྱོར་བའི་ཡན་ལག་དྲུག་གི་སྦྱོར་བའི་ཕན་ཡོན་ཉེ་བར་བསྟན་ཏོ། །དེ་ལྟར་རྣམ་པ་དང་རབ་ཏུ་བྱེད་པའི་དབྱེ་བས་བསྙེན་པ་བསྟན་ནས་ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་བསྟན་པའི་ཏིང་ངེ་
འཛིན་གྱི་དོན་བཤད་ཅིང་བསྙེན་པ་ལ་སོགས་པའི་དོན་དུ་གསུངས་པ། དེ་ནི་སྙིང་པོ་ལ་སོགས་པ་ཡིན་ཏེ། ཐུགས་ཀ་རུ་ཞེས་བྱ་བ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་པའི་ནང་དུའོ། །ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་ཟླ་བ་ལྟ་བུའོ། །མཚོན་ཆ་
མཆོག་གིས་དྲངས་ནས་ནི། །ཞེས་བྱ་བ་ནི་མི་ཕྱེད་པའི་འོད་ཟེར་རྣམས་ཀྱིས་སོ། །སྔགས་ཀྱི་དངོས་བྱ་སྟེ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱིས་ས་བོན་གྱི་ངོ་བོར་བྱས་པའོ། །སྔགས་ཀྱི་གཟུགས་ཞེས་བྱ་བ་ནི། སྔགས་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་ཡི་གེས་གཟུགས་ཏེ། ཕྱག་མཚན་
དུ་བྱས་པའི་སྦྱོར་བ་དེ་ནི། ལྷ་རྣམས་ཀྱིས་དོན་རྫོགས་པར་བྱེད་པའོ། །བྱང་ཆུབ་ཚིགས་བཅད་ཅེས་བྱ་བ་ནི་བྱང་ཆུབ་སྟོན་པར་བྱེད་པའི་ཚིག་སྟེ། རང་གི་བདག་པོར་བསྐྱེད་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧོ། །ཞེས་བྱ་བའི་སྔགས་ཀྱི་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་
ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཡན་ལག་སྦྱོར་བསྒོམས་པས། །ཞེས་བྱ་བ་ནི་ཡང་དག་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱས་པས་སོ། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་དུ་མིག་ལ་
སོགས་པ་བྱིན་གྱིས་བརླབས་པའི་བདག་ཉིད་ནང་གི་བདག་ཉིད་ཅན་གྱི་ལྷའི་འཁོར་ལོར་ཡང་དག་པར་གནས་ཤིང་དེའི་ཚུལ་གྱིས་འདུག་པའོ། །སེམས་དེ་ཞེས་བྱ་བ་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་ཞེས་སོ། །ཡེ་ཤེས་གཟུགས་ཀྱིས་ཞེས་བྱ་བ་ནི་མངོན་པར་ཤེས་པའི་བདག་ཉིད་ཅན་
སའི་སྙིང་པོ་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་ཉིད་དུ་བསྒོམ་ཞིང་བསྐྱེད་པ་དེ་ནི་ཉེ་བར་སྒྲུབ་པའོ། །འདི་སྐད་སྟོན་ཏེ། ཆོ་ག་བཞིན་དུ་ཟླ་བ་ཞུ་བར་གྱུར་པ་ལས་འབྱུང་བ་ལྷའི་གཟུགས་ལ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པའི་རྗེས་ལ་མིག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་

པའི་བདག་ཉིད་ཅན་ཉེ་བར་སྒྲུབ་པ་ཡིན་ནོ། །སྒྲུབ་པ་བཤད་པའི་སྐབས་ཡིན་པའི་ཕྱིར་རེ་ཞིག་དངོས་གྲུབ་བསྒྲུབ་པ་གསུངས་པ་ནི། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། མཐོང་བ་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་པའོ། །རྣམ་ཉིད་ཅེས་བྱ་བ་ནི་དངོས་གྲུབ་ཐ་མལ་པ་དང་། མཆོག་གི་དབྱེ་བས་སོ། །
ཟླ་བ་དྲུག་ཏུ་བསྒོམ་ཞེས་བྱ་བ་ནི། ཇི་སྲིད་སྒྲུབ་པ་བརྩམས་པ་ནས་ཟླ་བ་དྲུག་ལོན་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་སྡོམ་པ་དང་ཆོ་གས་ཞེས་བྱ་བ་ནི། སྒྲུབ་པ་གང་ལ་སྡོམ་པ་ལ་སོགས་པ་གང་ཞིག་གསུངས་པ་དེར་དེ་ལས་མ་ཉམས་པར་བྱས་པའོ་ཞེས་བྱ་བའི་དོན་ཏོ། །
དྲག་ཤུལ་སྦྱོར་བ་ཞེས་བྱ་བ་ནི། གང་གི་ཚེ་ཡང་དག་པའི་ཆོ་ག་ལན་མང་པོར་སྦྱར་བས་ཀྱང་བསྒྲུབ་པ་གྲུབ་པར་མ་གྱུར་ན། དེའི་ཚེ་ལེའུ་བཅུ་པ་ལས་གསུངས་པའི་དྲག་ཤུལ་གྱི་སྦྱོར་བས་བསྒྲུབ་པར་བྱའོ། །ད་ནི་ཆོ་གའི་ཡང་དག་པ་སྦྱོར་བ་བསྒོམ་པའི་དོན་རྣམ་པར་འབྱེད་ཅིང་སྒྲུབ་པའི་
ཡན་ལག་གསུངས་པ་ནི། འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ཉིད་ལ་བཅུག་སྟེ། སྤྱན་ལ་སོགས་པ་ལྷ་མོ་དགུའི་ཚུལ་དུ་ཕྱུང་ནས་བསྒྲུབ་པར་བྱ་བ་ཞེས་བྱ་བ་རང་དང་འདྲ་བའི་རིག་པའི་ལུས་ལ་དེ་
ཇི་ལྟ་བ་བཞིན་དུ་ནང་དུ་ཆུད་པར་བྱ་སྟེ། འདི་དག་གིས་ནི་གླེང་གཞིའི་ལེའུ་ལས། དེ་བཞིན་གཤེགས་པའི་ཚོགས་སྤྱན་ལ་སོགས་པའི་གཟུགས་སུ་སྤྲོས་ལ་ཤེས་རབ་ཀྱི་ནང་དུ་ཆུད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་འདྲེས་པར་འགྱུར་བས་གཉིས་སུ་མེད་པའི་ཡེ་ཤེས་ལས་བཅོམ་
ལྡན་འདས་བཞེངས་པ་གསུངས་པ་ནི། ཡོངས་སུ་གྱུར་པས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་རྣམ་པ་ཟླ་བ་ཞུ་བའི་ཚུལ་དུ་ཡོངས་སུ་གྱུར་པ་ལ་སོགས་པ་ནི་ཕྱག་རྒྱ་བཞིའོ། །དཀྱིལ་འཁོར་དེར་ནི་རྟག་པར་བྱ། །ཞེས་བྱ་བ་ནི་གཞལ་ཡས་ཁང་དུ་ཐུགས་
རྗེ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པའི་ལྷ་མོ་བཞི་རང་གི་ཕྱོགས་ན་གནས་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ཅན་ཀུན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དོ། །ཐམས་ཅད་ཅེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཅན་སྣ་ཚོགས་པའོ། །རྡོ་རྗེའི་དངོས་བྱས་

ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་དུ་བྱ་བའོ། །དེ་འོག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་རྗེས་ལའོ། །ལྷ་མོས་བསྐུལ་བ་ནི་བླང་བའོ། །དུས་གསུམ་རྡོ་རྗེའི་རང་བཞིན་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་
ཤེས་ཀྱི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་ཞུ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ། ལུས་ལྟ་བུར་བསྒོམ་པར་བྱའོ། །དྲེགས་པས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ནུས་པ་ལ་བརྟེན་པའི་རྒྱགས་པས་སོ། །ཁ་དོག་རྣམ་པར་དབྱེ་ཞེས་
བྱ་བ་ནི་དཀར་པོ་ལ་སོགས་པས་ཕྱེ་བའི་ཁ་དོག་སྣ་ཚོགས་པར་འགྱུར་བའོ། །ཉམས་ཀྱི་ཞེས་བྱ་བ་ནི་ཁྲོ་བོ་ལ་སོགས་པའི་བསམ་པ་ཕུན་སུམ་ཚོགས་པས་སོ། །སྙིང་པོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་རྣམས་སོ། །དབང་བསྐུར་བས་ནི་རང་གི་རྒྱུ། །ཞེས་བྱ་བ་ནི་གང་གིས་གང་ལ་དབང་
བསྐུར་བ་དེ་དེ་ཉིད་ལས་བྱུང་བ་ཡིན་པས་དེའི་ཕྱིར་རྒྱུ་རྣམས་ཀྱི་དབྱེ་བ་ཡིན་ནོ། །བཞི་ཡིས་འབྲས་བུ་ཆེ་བ་ཡིན། །ཞེས་བྱ་བ་ལ་འབྲས་བུ་ནི་ཐབས་ལས་བྱུང་བ་ཡིན་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་ལ། དེ་ནི་གདུལ་བྱའི་བསམ་པའི་དབང་གིས་དཔག་ཏུ་མེད་པར་འགྱུར་རོ། །
སྔགས་ཀྱི་ཞེས་བྱ་བ་ནི་ཁྲོ་བོའི་བཟླས་པ་ལ་སོགས་པའི་དབྱེ་བས་སོ། །ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །རིག་པ་ནི་སྤྱན་ལ་སོགས་པའོ། །ཆོས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ལ་སོ་སོར་རྟོག་པ་ཉིད་ཀྱིས་སོ། །བཅོ་ལྔ་པར་དབང་བསྐུར་བའི་
སྐབས་སུ་གསུངས་པའི་གཙུག་ཏོར་གྱི་སྒྲའི་དོན་གསུངས་པ་ནི། འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མི་བསྐྱོད་པ་ལ་སོགས་པ་ནས་རྡོ་རྗེ་འཆང་བའི་བར་ནི་འཁོར་ལོས་སྒྱུར་བའི་རིགས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །རྒྱལ་མོའི་དོན་གསུངས་པ་ནི། རྫུ་
འཕྲུལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྙིང་རྗེ་ལ་སོགས་པ་ཚངས་པའི་གནས་བཞིའི་ངོ་བོ་ཉིད་དུ་གྱུར་པ་སྤྱན་ལ་སོགས་པ་ལྟར་ཉེ་བར་ལོངས་སྤྱོད་པས་ན་ལོངས་སྤྱོད་བཞི་སྟེ། སྐུལ་བྱེད་མ་ལ་སོགས་པའོ། །མཆོག་གི་དོན་རྣམས་གྲངས་ཀྱིས་གསུངས་པ་ནི། དེ་བཞིན་

ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནི་གོ་སླའོ། །བསམ་གཏན་རྡོ་རྗེ་ཞེས་བྱ་བ་ནི། ཇི་སྐད་དུ་གསུངས་པའི་དབང་བསྐུར་བའི་ཏིང་ངེ་འཛིན་གྱིས་སོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་དཀྱིལ་འཁོར་པ་རྣམས་ལའོ། །འདི་ཡིས་ཞེས་བྱ་བ་ནི། ཡེ་ཤེས་ལུས་འདྲར་
བསྒོམ་པར་བྱ། །ཞེས་ཇི་སྐད་གསུངས་པའི་ཆོ་ག་དང་དྲེགས་པས་ཞེས་བྱ་བ་ལ་སོགས་པའི་གནས་སྐབས་ལས་བརྒྱུད་པའི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་ལྷའི་སྐུ་དང་གཉིས་སུ་མེད་པ་གང་ཡིན་པ་དེ་ནི་བསྒྲུབ་པ་
ཞེས་བྱ་བར་བཤད་དོ། །སྒྲུབ་པ་ཆེན་པོ་ནི་དབང་བསྐུར་བས་ནི་ཞེས་བྱ་བ་ལ་སོགས་པ་ནས། བསམ་གཏན་རྡོ་རྗེས་ཞེས་བྱ་བའི་བར་གྱི་གཞུང་གིས་གནས་སྐབས་སུ་བསྟན་པའི་ཕྱིར་ཡང་མ་གསུངས་པ་ཡིན་ནོ། །དེ་ལྟར་ཡན་ལག་བཞི་པ་ཆུང་ངུ་གསུངས་ནས་བར་མ་དང་། ཆེན་
པོ་གསུངས་པ་ནི། སྔར་བཤད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པ། བསྙེན་པ་ཆུང་ངུ་ལ་སོགས་པའི་རྗེས་སུ་འབྲངས་ནས་རིག་མ་དང་བཅས་པའི་ཡན་ལག་བཞི་བསྐྱེད་པ་རྫོགས་པར་བྱའོ། །འདིས་ནི་རང་སྣང་བ་ཡན་ལག་བཞི་དང་ལྡན་པ་བསྙེན་པ་བར་མའི་དོན་བྱའོ། །
ཞེས་སྟོན་པ་ཡིན་ནོ། །ཆེན་པོའི་དོན་ཡང་གསུངས་པ་ནི། བདག་དང་འདྲ་བར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཇི་ལྟར་བདག་ཉིད་དཀྱིལ་འཁོར་བདག་པོ་སྒྲུབ་པ་ཆེན་པོའི་མཐར་ཐུག་པ་རྫོགས་པར་བྱས་པ་དེ་བཞིན་དུ་བྱིན་པའི་དཀྱིལ་འཁོར་གྱི་ཡང་བྱའོ། །དེ་ཉིད་བསྟན་
པར་བྱ་བའི་ཕྱིར་གསུངས་པ་ནི། བསྙེན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མཆོག་གི་བསྙེན་པའི་དུས་སུ་གཙུག་ཏོར་ཞེས་བྱ་བ་རང་གི་རིགས་ཀྱི་བདག་པོས་དབང་བསྐུར་བའི་གནས་སུ་བཞུགས་པར་བྱས་ལ། སྦྱོར་བ་ཉིད་ཀྱི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པས་
སོ། །འདི་སྐད་སྟོན་ཏེ། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ལ་ཇི་ལྟ་བ་བཞིན་དུ་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་སྔོན་དུ་འགྲོ་བ་དང་ལྷ་མོའི་ཆུ་སྐྱེས་སུ་དཀྱིལ་འཁོར་སྤྲུལ་པ་ཙམ་ནི་ཆེན་པོའི་བསྙེན་པ་ཡིན་ནོ། །བདུད་རྩི་འཁྱིལ་པ་གཟུགས་ཀྱི་བར། །ཞེས་བྱ་བ་ནི་

བདུད་རྩི་ཐབ་སྦྱོར་གྱི་བར་གྱི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ཆེན་པོའི་ཉེ་བར་བསྒྲུབ་པར་བྱ་བའོ། །གྲུབ་པ་རང་ལྷའི་སྦྱོར་བར་བྱ། །ཞེས་བྱ་བ་ནི་ཆེན་པོའི་སྒྲུབ་པ་ལ་དཀྱིལ་འཁོར་པ་ཐམས་ཅད་ཀྱི་སྐུ་གསུམ་གྱི་བྱིན་གྱིས་བརླབ་པའི་
མཚན་ཉིད་ཅན་གྱི་ལྷའི་སྦྱོར་བ་བདུད་རྩི་ཐབ་སྦྱོར་གྱི་བར་དུ་སྔགས་པས་བྱའོ། །ཆེན་པོའི་སྒྲུབ་པ་ཆེན་པོ་ལ་ནི་ལྷ་ཐམས་ཅད་ཀྱི་དབུ་ལ་རང་གི་རིགས་ཀྱི་བདག་པོ་ཇི་ལྟ་བ་བཞིན་བསམ་པར་བྱའོ། །དེ་ཡང་། བདུད་རྩི་འཁྱིལ་པའི་གཟུགས་ཀྱི་བར། །ཞེས་བྱ་བ་དང་སྦྱར་བར་བྱའོ། །དངོས་གྲུབ་
མཆོག་ལ་ཡན་ལག་བཞི་པོ་གཞན་དག་ཀྱང་གསུངས་པ་ནི། བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཤེས་རབ་དང་ཐབས་རྫོགས་པ་ནི་བསྙེན་པ་ཡིན་ལ། དེ་གཉིས་གཅིག་ཏུ་གྱུར་པ་ནི་ཉེ་བར་སྒྲུབ་པ་ཡིན་ནོ། །རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་འདུས་པའི་དོན་ནི། སྒྲུབ་པ་ཡིན་
ལ་དེ་ལས་བྱུང་བའི་བདེ་བ་ཡང་དག་པར་མྱོང་བ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཐབས་ལས་བྱུང་བ་ཞུས་པའི་ལན་གསུངས་པ་ནི། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱིས་བསྐྱེད་པར་མཛད་པས་ན་བདག་པོའོ། །བསོད་ནམས་
དང་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་འཆང་ཆེན་པོའོ། །དེའི་གནས་ནི་དེ་དང་མཉམ་པར་གྱུར་པའོ། །སངས་རྒྱས་ཀུན་གྱི་ཐབས་ལས་བྱུང་། །ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ངེས་པར་བསྒྲུབ་པར་བྱ་བ་བསྙེན་པ་
ལ་སོགས་པའི་ཐབས་ལས་བྱུང་བའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ལས། རྣམ་པར་སངས་རྒྱས་པའི་ཕྱིར་བཅོམ་ལྡན་འདས་ཀྱང་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ལ། དེ་བས་ན་རྟོགས་པ་ལས་སངས་རྒྱས་
སུ་འགྱུར་རོ། །དེ་ཡང་དེ་ན། །དེ་བཞིན་ཉིད་དང་དོན་དམ་དང་། །དེ་ཉིད་ཆོས་རྣམས་ཆོས་ཉིད་དེ། །དེ་ནི་ཡང་དག་མི་སླུ་བ། །དེ་རྟོགས་སངས་རྒྱས་ཡིན་པར་བཤད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །ལས་དང་རྗེས་མཐུན་གང་གང་གི། །ཞེས་བྱ་བ་ནས། དེ་ནི་རང་གི་འཁོར་ལོས་གཞུག །ཅེས་བྱ་

བའི་བར་གྱིས་བཀའ་བསྒོ་བ་ཞུས་པའི་ལན་གསུངས་པ་ཡིན་ཏེ། དེ་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ལས་ཀྱི་ཚོགས་ཞུས་པའི་ལན་གསུངས་པ་ནི། ཇི་སྐད་གསུངས་པའི་ཞེས་བྱ་བ་ནི་བཅོ་ལྔ་པ་ལས་གསུངས་པའི་བཤད་པ་ལ་སོགས་པས་སོ། །དེའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །ཁྲོ་བས་
ཁྱབ་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཁྲོ་བོའི་སྦྱོར་བ་བྱས་པས་སོ། །རྐང་པས་ཞེས་བྱ་བ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བས་བྱིན་གྱིས་བརླབས་པའི་རྐང་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཀའ་བསྒོ་བའི་རྗེས་ཐོགས་ལས་སོ། །སྒྲུབ་པོ་རྡོ་རྗེ་ཅན་གྱིས་ན། །ཞེས་བྱ་བ་ནི་སྒྲུབ་པ་པོ་རྡོ་རྗེ་ཅན་གྱིས་སོ། །བསྒྲུབ་བྱ་
བསད་ཕྱིར་གཏང་བར་བྱ། །ཞེས་བྱ་བ་ནི་གསད་པར་བྱ་བའི་ཕྱིར་ཁྲོ་བོའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་གཏང་བར་བྱའོ། །བསྐོར་ནས་ཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ནི་བཅིང་ཞེས་བྱ་བ་ནི་ཞགས་པས་མགུལ་ནས་བསྡམས་པའོ། །བརྡེག་པ་དང་ཞེས་བྱ་བ་ནི་ལྕགས་ཀྱུས་སྙིང་ག་ནས་
ཕུག་པའོ། །གདུངས་ཤིང་ཞེས་བྱ་བ་ནི་ཁྲོ་བོའི་འོད་ཟེར་འཕྲོ་བས་སོ། །སྐྲག་གྱུར་པ་ཞེས་བྱ་བ་ནི་འཇིགས་པས་ཟིལ་གྱིས་གནོན་པའོ། །ཕབ་ནས་ཞེས་བྱ་བ་ནི་བཀུག་ནས་དེར་བསྒྲུབ་པར་བྱ་བའི་གཟུགས་བརྙན་ལ་གཞུག་པའོ། །དེ་ནས་ཇི་ཞིག་ཅེས་བྱ་ཞེ་ན། སྔགས་པས་རྡོ་རྗེ་གསུམ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ལེའུ་བཅུ་བཞི་པ་ལས་གསུངས་པའི་སྐུ་རྡོ་རྗེ་ལ་སོགས་པའི་ཕུར་བུའི་སྔགས་ཀྱིས་སྙིང་ག་ལ་སོགས་པར་ཕུར་བུས་གདབ་པར་བྱའོ། །ཡམས་ཞེས་བྱ་བ་ནི་རླུང་དང་ཐོག་དང་། རིམས་དང་གཞང་འབྲུམ་ལ་སོགས་པའོ། །ཉེ་བར་འཚེ་བ་ནི་སྲིན་པོ་ལ་སོགས་པས་བྱས་
པའི་གནོད་པ་རྣམས་སོ། །ནད་ནི་ལུས་ཆ་མ་སྙོམས་པ་ལས་བྱུང་བའི་རིམས་ལ་སོགས་པའོ། །སྣ་ཚོགས་ཡུལ་ལས་བྱུང་བ་རྣམས། །ཞེས་བྱ་བ་ནི་ཡུལ་ཕྱོགས་ཐམས་ཅད་ལས་བྱུང་བའོ། །སྦྱོར་བ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་བྲིས་པ་དང་བསྒོམས་པའི་མཚན་ཉིད་ཅན་གྱིས་སོ། །ཆོ་ག་ཇི་སྐད་
གསུངས་པ་བཞིན་དུ་ཞེས་བྱ་བ་ནི་ལེའུ་བཅུ་བཞི་པ་ལ་སོགས་པ་ལས་གསུངས་པའི་ཆོ་གས་སོ། །འཁྲུལ་འཁོར་སྔགས་ཀྱི་སྦྱོར་བ་ལ་སོགས་པས་ཞེས་བྱ་བ་ནི་ཡི་གེ་དང་སྤེལ་བ་དང་། བཟླས་པ་དང་བཀོད་པ་ལ་སོགས་པའོ། །ལས་ཀྱི་སྦྱོར་བས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལས་དང་།

རྗེས་སུ་མཐུན་པ་སྟེ། དེ་བཞིན་ཉམས་ཀྱི་སྙིང་པོ་སྟེ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ཉིད་བསྟན་པའི་ཕྱིར་ཞི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་ལས་ལ་བྱམས་པའི་སེམས་ཀྱིས་སོ། །རྒྱས་པ་ལ་ཡིད་ཡང་དག་པར་དགའ་བས་སོ། །དབང་ལ་ནི་སེམས་རྗེས་སུ་
ཆགས་པར་གྱུར་པས་སོ། །དྲག་པོའི་ལས་ནི་ཁྲོ་བས་འཁྲུགས་པའི་སེམས་དང་བསྒྲུབ་པར་བྱའོ་ཞེས་བྱ་བའི་སྒྲ་ནི། །ཞུས་པའི་ལན་མ་ལུས་པ་བསྟན་པ་མཇུག་བསྡུས་པ་ཡིན་ནོ། །རྣལ་འབྱོར་པ་གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་པ་ཉིད་ཀྱིས་ལས་ཀྱི་ཚོགས་རྣམས་བྱའོ་ཞེས་སྟོན་
ཅིང་། རང་གི་སྐུ་ལ་སོགས་པ་དབྱེ་བར་གནས་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་སོགས་པ་ལ་དམིགས་ཏེ། དེའི་བདག་ཉིད་ཅན་དུ་ལྷག་པར་མོས་ནས་ཚིག་ཏུ་བརྗོད་པ་མེད་པར་གྱུར་པས་ན། དེའི་ཕྱིར་གསུངས་པ་ནི། དེ་ནིས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་གོ་སླའོ། །འདི་དག་ནི་གསལ་
བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བའི་ཞུས་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐམས་ཅད་མཛད་ལ་ཕྱག་འཚལ་འདུད། །ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ནས་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཛད་པ་ལའོ། །སྐུ་གསུང་ཐུགས་
ནི་ཐོབ་འགྱུར་བས། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཁམས་གསུམ་པའི་ལུས་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་དེ་དག་ཐམས་ཅད་རྡོ་རྗེ་གསུམ་པོ་ཉིད་ཐོབ་པར་གྱུར་པ་ཡིན་ལ། དེ་བས་ན་སེམས་ཅན་དེ་རྣམས་མཉམ་པ་མེད་པའི་སངས་རྒྱས་དང་མཉམ་པར་གྱུར་
པ་ཡིན་ནོ། །དེ་ལྟ་ཡིན་ན་གོ། །བསྒྲུབ་བྱ་གང་ཡིན་སྒྲུབ་པོ་གང་། །ཞེས་བྱ་བ་སྟེ། ཐམས་ཅད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་འཚེ་བར་བྱེད་པ་གང་ཡིན་པ་དེ་ཅིའི་ཕྱིར་སྡིག་པ་ཐམས་ཅད་ཀྱིས་གོས་ཤིང་ཀུན་ནས་ཉོན་མོངས་
པར་མི་འགྱུར། ཀུན་ནས་ཉོན་མོངས་པར་གྱུར་ན་གོ། །ཇི་ལྟར་བྱང་ཆུབ་ཀྱི་འབྲས་བུའི་སྣོད་དུ་འགྱུར་ཞེས་རིགས་པ་ཞུས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལན་གསུངས་པ་ཡིན་ནོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་མ་ལུས་པ་ལ་ཕན་

པའི་ཕྱིར་སེམས་རབ་ཏུ་ཞེན་པའི་ཕྱིར་རོ། །བདག་ཉིད་ཆེན་པོ་དང་། གསུང་དབྱངས་ཆེན་པོ་དང་། མཆོད་པ་ཆེན་པོ་ཞེས་བྱ་བའི་ཚིག་གསུམ་པོ་འདི་ནི། སྐུ་ལ་སོགས་པ་རྣམ་པར་དག་པའི་སྒོ་ནས་གསུངས་པའོ། །སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་
པའོ། །སངས་རྒྱས་ཀུན་གྱི་བདག་ཅེས་བྱ་བ་ནི། དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བས་སོ། །སྒྱུ་མ་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྤྲུལ་པ་བྱེད་པ་རྣམས་དངོས་པོ་ཐམས་ཅད་སྐྱེད་པ་དང་སྡུད་པར་བྱེད་པ་དེ་བཞིན་དུ་སློབ་དཔོན་ཡང་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་ཅན་གདུག་
པ་རྣམས་འདུལ་བར་བྱེད་དོ། །དེ་བས་ན་དེ་ལ་སྡིག་པ་ཡོད་པ་མ་ཡིན་ལ། བསོད་ནམས་ཀྱང་དེ་བཞིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དེའི་བྱང་ཆུབ་ཏུ་ཡང་འགྱུར་ཏེ། དེའི་རྟོག་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་
ཉིད་ཀྱིས་ན་འདི་ལྟར་གང་སླུ་བ་སྟེ། གཞན་གྱི་ནོར་འཕྲོག་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །འཇིགས་པ་ནི་བསད་པ་ལ་སོགས་པའོ། །དེའི་ཞེས་བྱ་བ་ནི་སློབ་དཔོན་གྱིས་གདུག་པ་ཐམས་ཅད་ལ་བྱས་སུ་ཟིན་ཀྱང་ལས་དེས་ངན་འགྲོ་སྟེ། དམྱལ་བ་ལ་སོགས་པར་སྐྱེ་བར་མི་འགྱུར་ཏེ། འདིའི་
བསམ་པ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་ཀུན་ནས་ཉོན་མོངས་པའི་སེམས་ཅན་ཀུན་ནས་ཉོན་མོངས་པར་འགྱུར་རོ། །སེམས་རྣམ་པར་དག་པས་རྣམ་པར་དག་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་གསུངས་ནས། བསྒྲུབ་པར་བྱ་
བ་གསུངས་པ་ནི། སྔོན་ནི་ཞེས་བྱ་བ་ལ་སོགས་པས་སྨོས་པ་ཡིན་ཏེ། དེ་རྣམས་ཀྱིས་སྔོན་ཆད་བསགས་པ་དེ་རྣམས་ཀྱི་སྡིག་པའི་ལས་བྱས་པས་བསྒྲུབ་པར་བྱ་བ་གལ་ཏེ་དམྱལ་བའི་སྡུག་བསྔལ་ཡང་སྐྱེ་ཞིང་འབྱུང་བར་ཡང་འགྱུར་ན་ཡང་དེའི་ཚེ་དམྱལ་བ་རྣམས་ཞེས་པ་དམྱལ་བའི་
ལས་བྱེད་པའི་སྐྱེ་བོ་རྣམས་ཀྱི་འབྲས་བུ་ཆེན་པོ་ཡིན་ཏེ། ཤིན་ཏུ་སྡུག་བསྔལ་ཆུང་ངུས་ཤིན་ཏུ་མི་བཟད་པའི་དམྱལ་བ་ཆེན་པོའི་སྡུག་བསྔལ་ལས་ཐར་པའི་ཕྱིར་རོ། །བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པས་ཆོ་ག་

འདི་བྱ་བ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་ནི་རྒྱས་བཏབ་པས། །ཞེས་བྱ་བ་ནི་སྒྲུབ་པ་པོའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྐྱེ་བ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པར་འགྱུར་བའོ། །མཆོག་ཏུ་ཕན་གདགས་ཤེས་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་
པར་བྱ་བ་ཉེས་པར་སྤྱོད་པའི་ལས་རྣམས་བྱེད་པ། གཞན་གྱིས་བཅོས་པའི་ཐབས་མེད་པས་ངན་འགྲོར་ངེས་པར་འགྲོ་བ་དག་སྟེ། དེ་བསལ་བའི་ཕྱིར་ཐབས་ཆེན་པོ་འདི་བྱ་བར་ཤེས་པར་བྱའོ། །འདི་དག་ཀྱང་བདག་ཏུ་ལྟ་བ་དང་བྲལ་བའི་སྙིང་བརྩེ་བ་དང་ལྡན་པ་ཉིད་ཀྱིས་སོ། །དེ་ཡང་གསད་དང་
བསྐྲད་དང་དབྱེ་བ་དང་། །མངོན་སྤྱོད་དག་གི་ལས་རྣམས་ནི། །ཐབས་གཞན་མེད་པར་གྱུར་པ་ལ། །ཐོག་མ་དབུས་དང་མཐའ་རྣམས་སུ། །གང་གི་སྙིང་རྗེ་མ་ཉམས་དང་། །དེ་ཉིད་དེ་ནི་བྱེད་པར་འོས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །གང་གི་ཕྱིར་དེ་ལྟར་བྱས་པར་གྱུར་ན་བསྒྲུབ་པར་བྱ་བ་དང་།
སྒྲུབ་པ་པོ་འདི་གཉི་ག་ཡང་བདེ་བ་ཐོབ་པར་འགྱུར་རོ། །དེ་བས་ན་སྙིང་རྗེ་དང་ལྡན་པ་ཉིད་ཀྱིས་བྱའོ། །དེས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་སྒྲུབ་པ་ཆེན་པོ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་རྒྱལ་པོ་ནི་མཆོག་གི་
མཐར་གྱུར་པའི་བར་དུ་བྱས་ལ་ལས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྡུད་པར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པར་གསུངས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ཚུལ་གྱིས་ཞེས་བྱ་བ་ནི་ཐུགས་རྗེས་འཇུག་
པའི་ཕྱིར་རོ། །ཐོག་མ་དང་དབུས་དང་ཐ་མར་ཡང་གདུག་པའི་ལས་ལ་སོགས་པ་ལས། དགེ་བ་ཐོབ་པར་གྱུར་པ་ཡིན་པས་ན་དགའ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་སྨོས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོ་དྲི་མ་མེད། །ཅེས་བྱ་བ་ནི་བདག་ཏུ་ལྟ་བ་ལ་སོགས་པའི་ཀུན་ནས་
ཉོན་མོངས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་ངོ་བོར་སྒྲུབ་པར་བྱེད་པའོ། །དེ་ཡང་དགུ་པ་ལས། མི་བསྐྱོད་སངས་རྒྱས་ཞིང་དུ་ནི། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་

ལྟ་བུའོ། །ད་ནི་ཇི་སྐད་བཤད་པ་ཞུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་རྟོགས་པ་དེ་བརྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་དབུགས་འབྱིན་པར་མཛད་པ་གསུངས་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྐྲག་པ་ཆུང་ངུ་ལ་སོགས་པ་དགག་པའི་ཕྱིར།
འཇིགས་པར་མི་བྱ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་སྦྱར་བར་བྱའོ། །བྱང་ཆུབ་རྡོ་རྗེ་ལས་བྱུང་བ། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་ངེས་པར་བསྐྱེད་པའོ། །དེ་བས་ན་ཞེ་སྡང་ལ་སོགས་པ་རྣམ་པར་དག་པའི་སྟོན་པ་གཞུང་གི་ཚོགས་འདི་ལ་སྤོང་བའི་བློ་བསྐྱེད་པར་མི་བྱའོ། །དེ་ནི་ཐེ་ཚོམ་
གྱི་བློ་དང་མི་ལྡན་ཞིང་། རྟོགས་པས་རྒྱུད་མཐའ་དག་གི་དོན་བསྡུས་པའི་བྱང་ཆུབ་སེམས་དཔའ་རྣམས་བསྟོད་པའི་སྒོ་ནས་སྟོད་པ་བྱེད་པ་ཡིན་ནོ་ཞེས་སྡུད་པར་བྱེད་པར་སྨྲས་པ་ནི། དུས་གསུམ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་འདས་པ་ལ་སོགས་པའི་དེ་བཞིན་གཤེགས་
པ་རྣམས་བསྐྱེད་པའི་རྒྱུར་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྙིང་པོ་ཞེས་བྱ་བའི་ཚིག་ལ་ནི་ཡེ་ཤེས་སོ། །སྲིད་མཐར་འགྱུར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཞི་ཞིང་ཞེས་བྱ་བ་ནི་བག་ཆགས་དང་བཅས་
པའི་ཉོན་མོངས་པའི་ཚོགས་ཞི་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ནི་ཤེས་བྱ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ནམ་མཁའ་དག་པའི་ངོ་བོ་ཉིད། །ཅེས་བྱ་བ་ནི། རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བས་དྲི་མ་མེད་པའི་ནམ་མཁའ་དང་འདྲ་བའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དབང་ཕྱུག་མཆོག་ཅེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པར་རྙེད་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་མ་ཕྱེ་བའི་ཚུལ་གྱིས། ཕྱག་བྱས་ནས་དེ་རྣམ་པར་ཕྱེ་བའི་ཚུལ་གྱིས་ཀྱང་ཕྱག་འཚལ་བར་
བྱེད་པའི་ཕྱིར་གསུངས་པ་ནི། གང་ཞིག་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ། རྣམ་པར་སྣང་མཛད་ལ་སོགས་པ་ལྔ་དང་། གང་ཡང་གཟུགས་ལ་སོགས་པ་སྐྱེ་མཆེད་རྣམས་ཀྱི་ངོ་བོ་གཟུགས་རྡོ་རྗེ་ལ་སོགས་པ་དྲུག་དང་།

གང་མིག་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་སའི་སྙིང་པོ་ལ་སོགས་པ་རྣམ་པ་དྲུག་དང་། གང་ཁམས་ལ་སོགས་པ་རྣམ་པར་དག་པར་གྲགས་པ་སྤྱན་ལ་སོགས་པ་བཞི་ནི་བྱང་ཆུབ་སེམས་འདྲ་ཞེས་བྱ་བ་ཡིན་ཏེ། འདི་དག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་
ཡིན་པས་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་དེ་ལ་ཕྱག་འཚལ་བའོ། །ལས་ཀྱི་ཚོགས་ཀྱི་དབང་དུ་བྱས་པའི་ཕྱག་འཚལ་བ་གསུངས་པ་ནི། གཏི་མུག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། གཏི་མུག་ཅེས་པ། འདོད་ཆགས་རྡོ་རྗེ་ཆོས་བཅས་གང་། །ཞེས་བྱ་བ་ནི་གཏི་མུག་དགའ་མ་ལ་སོགས་པའི་
ཆོས་ཀྱི་ངོ་བོ་དང་སྐུལ་བྱེད་མ་ལ་སོགས་པ་གང་ཡིན་པ་དེ་ནི། རིག་པའི་སྦྱོར་བ་ལས་བྱུང་ཞེས་བྱ་སྟེ། ཞི་བ་ལ་སོགས་པ་ཆོ་གར་ངེས་པར་སྦྱོར་བ་ལས་བྱུང་བའོ། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །ཞེས་བྱ་བ་ནི་སྒོ་དུ་མ་ནས་འཇུག་པར་གསུངས་པ་སྟེ། ཐུགས་རྗེ་ཆེན་
པོས་མྱོས་པ་ནི་རང་དབང་མེད་པའི་བསམ་པ་སྟེ། ལྷག་པའི་བསམ་པ་གང་ཡིན་པ་དེ་དང་། རིག་པའི་སྦྱོར་བ་ལས་བྱུང་བའོ་ཞེས་སྔ་མ་དང་སྦྱར་རོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཕྱག་འཚལ་བ་གསུངས་པ་ནི། སྡུད་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་དག་གིས་ནི་
འདོད་པའི་རྒྱལ་པོ་ལ་སོགས་པ་ལ་ཡང་ཕྱག་འཚལ་བ་གསུངས་པ་ཡིན་ནོ། །གཤིན་རྗེ་གཤེད་ལ་སོགས་པ་གསུངས་པ་ནི་རྨོངས་དང་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེའི་དོན་ནི་བཤད་ཟིན་ཏོ། །དེ་ལྟར་རྒྱུ་དང་འབྲས་བུར་གྱུར་པའི་ཆོས་དང་སངས་རྒྱས་ལ་ཕྱག་འཚལ་བ་
གསུངས་ནས། དེར་བཞུགས་པའི་དགེ་འདུན་ལ་ཕྱག་འཚལ་བ་གསུངས་པ་ནི། གང་ཞིག་ཐོགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བའི་གསང་བའི་དབང་བསྐུར་
བ་ལ་སོགས་པ་གང་ཞིག་སྒོམ་པར་བྱེད་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བ་ཉིད་ཡིན་ལ་དེ་བས་ན་དེ་ལ་ཕྱག་འཚལ་བའོ། །ཡན་ལག་བཞི་སྒོམ་པའི་སྒོ་ནས་གསུངས་པ་ནི། གང་ཞིག་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་གྲུབ་མཆོག་གི་ཐབས་ནི་ཞེས་བྱ་བ་ནི། འཚང་རྒྱ་བ་ཉིད་ཀྱི་རྒྱུའོ། །བློ་མི་

འགྱུར་ཞེས་བྱ་བ་ནི་བློ་གྲོས་བརྟན་པའོ། །ཐུན་མཚམས་སུ་བྱིན་གྱིས་བརླབས་པའི་སྒོ་ནས་གསུངས་པ་ནི། གང་ཞིག་ཐུན་བཞིའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མི་སྣང་ཞེས་བྱ་བ་ནི་མི་སྣང་བའི་དངོས་གྲུབ་པོ། །སོགས་པའི་སྒྲས་ནི། མིག་སྨན་དང་གི་ཝང་ལ་སོགས་པ་བསྡུའོ། །གསང་བ་
འདུས་པའི་ཐོས་པ་ལ་སོགས་པ་དང་ལྡན་པ་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་བོན་ཐོབ་པ་ཡིན་པས་ཕྱག་འཚལ་བ་གསུངས་པ་ནི། གང་ཞིག་རབ་གསང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གོ་སླའོ། །ལས་ཀྱི་ཚོགས་ལ་མངོན་པར་བརྩོན་པ་ལ་ཡང་གསུངས་པ་ནི་གང་ཞིག་ཞི་སོགས་ཞེས་
བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཞི་བ་ལ་སོགས་པའི་དོན་ཏོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ལྡན་པ་ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །སྒྲུབ་པའི་དབང་པོ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །བསྒྲུབ་བྱ་ཞེས་བྱ་བའི་ཚིག་ལ་ནི། དོན་འདི་ཡིན་ཏེ་གང་ཞི་བ་ལ་
སོགས་པའི་ལས་ཀྱི་ཚོགས་རྣམས་རྣལ་འབྱོར་པས་གྲུབ་པ་དེ་ཡང་སྒྲུབ་པ་པོའི་ཏིང་ངེ་འཛིན་གྱི་མཐུས་སྒྲིབ་པ་དང་བྲལ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་གྱུར་པས་ཕྱག་འཚལ་བར་བྱེད་དོ། །འདུས་པའི་རྣལ་འབྱོར་པ་སྐྱེ་བ་མེད་པའི་བྱང་ཆུབ་ཀྱི་སེམས་མཐོང་བ་ཉིད་ལ་དད་པར་གྱུར་པས་དེ་
ལ་ཡང་ཕྱག་འཚལ་བ་གསུངས་པ་ནི། གང་གི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཙོ་བོ་སྒྲུབ་པ་པོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར། གང་གིས་ལྡན་པ་འདི་མཐོང་བ། །རྣམ་པ་ཀུན་དུ་མཆོད་བྱེད་ན། །འདི་ཡིས་སངས་རྒྱས་ཐམས་ཅད་ཀྱང་། །
མཐོང་ཞིང་མཆོད་པ་བྱས་པར་འགྱུར། །ཞེས་པ་དང་། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །སངས་རྒྱས་དངོས་གྲུབ་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །བསྟོད་པའི་ཚིག་ནི་ཞེས་བྱ་བ་ལ་སོགས་པས་ནི་
བསྟོད་པའི་ཕན་ཡོན་གསུངས་པ་ཡིན་ནོ། །ཞི་བ་ཞེས་བྱ་བ་ལ་སོགས་པ་ནི། ཞི་བའི་དོན་གྱི་ཚིག་གིས་སོ། །རྗེས་ཡི་རང་ཞེས་བྱ་བ་ནི་མཛེས་པའི་དེ་ཁོ་ན་ཉིད་ཀྱིས་བདག་གིར་བྱེད་པའོ། །ལེགས་པར་གསུངས་པ་ཡིན་ཞེས་བྱ་བ་ནི་དགེ་བ་གསུམ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །

དེ་ལྟར་བཤད་མ་ཐག་པའི་ཞུས་པའི་ལན་གསུངས་ནས་དེ་བཞིན་ཉིད་དུ་ན། ཆོས་ཉིད་ནི་ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་ཕྱིར། སངས་རྒྱས་ལ་སོགས་པ་དེ་དག་ཅང་མི་གསུང་བར་གྱུར་ཏོ་ཞེས་གསུངས་པ་ཡིན་ཏེ། འདི་ཞེས་བྱ་བའི་དོན་ནི་བཤད་
ཟིན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་གསང་བ་ནི་རྡོ་རྗེ་འཆང་བའོ། །དེ་བས་ན་འདི་རྫོགས་སོ་ཞེས་བྱ་བར་སྦྱར་བར་བྱའོ། །དཔལ་གསང་བ་འདུས་པའི་རྒྱུད་ལས་གསང་བ་ཐམས་ཅད་ཞུས་པ་
བསྟན་ཅིང་ལན་གསུངས་པ། དེར་མི་ཕྱེད་པའི་ཡེ་ཤེས་ཏིང་ངེ་འཛིན་གང་གིས་བྱིན་གྱིས་བརླབས་ཤིང་རྫོགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྟོན་པར་བྱེད་པའི་གཞུང་དུ་ཡོངས་སུ་འཆད་པ་ནི་ལེའུ་སྟེ་དང་པོ་ལ་སོགས་པ་ནས་བརྩམས་ཏེ། བགྲངས་པར་གྱུར་ན་གྲངས་བཅོ་
བརྒྱད་དུ་གྱུར་པ་རྫོགས་པ་སྟེ་ཉེ་བར་བསྡུས་པ་ལ་ཡང་དག་པར་གཟུང་ངོ་ཞེས་བྱ་བའི་བར་དུའོ། །དཔལ་ལྡན་འདུས་དོན་ཅུང་ཟད་རྣམ་ཕྱེ་ལས། །བསོད་ནམས་ཚད་མེད་ལེགས་བསགས་གང་ཡིན་དེས། །བདག་དང་འགྲོ་ཀུན་འདུས་པའི་གཞུང་ལུགས་ཀྱིས། །རྫོགས་པའི་བྱང་
ཆུབ་གོ་འཕང་མཆོག་ཐོབ་ཤོག །རྒྱལ་བས་བྱིན་པ་སྨན་པའི་བུས། །བླ་མ་སངས་རྒྱས་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། །དཀའ་འགྲེལ་འདི་ནི་བྱས་པ་ཡིན། །སློབ་དཔོན་རྒྱལ་བས་བྱིན་གྱིས་མཛད་པའི་དཔལ་གསང་བ་འདུས་པའི་དཀའ་འགྲེལ་ལས་ལེའུ་
བཅོ་བརྒྱད་པའི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཞི་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་པ། །སླད་ཀྱི་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་དུ་པཎྜི་ཏ་ཏིང་འཛིན་རྡོ་རྗེས་ཡང་ཞུ་ཆེན་བགྱིས་ནས་གཏན་ལ་
ཕབ་པ། སླད་ཀྱི་པཎྜི་ཏ་ཆེན་པོ་ཤྲི་སུ་ན་ཡ་མི་ཏྲ་དང་། ལོ་ཙཱ་བ་ཆེན་པོ་དར་མ་གྲགས་ཀྱིས་ཀྱང་བཅོས་པའོ།། །།