Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 34

Văn bản gốc(Tây Tạng)

Trang 14 / 15 (50.000 ký tự/trang)
་རླུང་སྟེ། རྩངས་རླུང་སྤྲོ་ཞེས་བྱ་བ་དང་འབྲེལ་ཏོ། །རླུང་ཆེན་པོས་ཞེས་བྱ་བ་ནི་སྣའི་རྣམ་པར་ཤེས་པ་དང་ལྷན་ཅིག་པའོ། །ཀུན་འགྲོ་ཞེས་བྱ་བ་ནི་དྲིའི་བྱེ་བྲག་ཐམས་ཅད་ཀྱིས་རྣམ་པར་ཡོངས་སུ་སྤྱོད་
པའོ། །དེ་ལྟར་གནས་སྐབས་དགུ་པ་བསྟན་ནས། ད་ནི་གནས་སྐབས་བཅུ་པ་བརྗོད་པར་བྱ་བའི་ཕྱིར། དགུའི་དབུས་གནས་ཞེས་བྱ་བ་གསུངས་ཏེ། དེ་རྗེས་འཕོ་བ་བཅུ་པ་ལ། །ཞེས་བྱ་བ་ནི་ཟླ་བ་བཅུ་པ་ལའོ། །སྔར་བསྟན་པའི་ཕུང་པོ་ལྔའི་རླུང་གི་སྟེང་དུ་ཀླུ་ལ་སོགས་པ་དབང་
པོ་བཞིའི་རྟེན་རླུང་བཞིའི་གྲངས་ཀྱིས་དགུར་འགྱུར་རོ། །དེ་རྣམས་ཀྱི་དབུས་སུ་སོན་པའོ། །ཁམས་ཞེས་བྱ་བ་ནི་རླུང་གི་རྣམ་པའོ། །ཕྲ་ཞིང་ཐོགས་མེད་མཚན་ཉིད་ཅན། །ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ཐོགས་པ་མེད་པའི་མཚན་ཉིད་དོ། །རྩ་དང་
ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་རྩའི་ནང་དུའོ། །སྒོ་ནི་དགུ་པོ་རྒྱས་པར་བྱེད། །ཅེས་བྱ་བ་ནི་རྒྱུས་པ་རྣམས་ནི་ལུས་ཀྱི་ནང་དུ་གཏོགས་པའི་ལུས་ཀྱི་སྒོ་དགུ་པོ་རྒྱས་པར་བྱེད་པ་ནི། སད་པར་བྱེད་པའོ། །ལུས་ཀྱི་སྒོ་ནི་ཚོར་བ་དང་ཞེས་བྱ་བ་ནི་ལུས་ཀྱི་དབང་པོ་སད་པར་བྱེད་པའོ། །མཆོག་

གི་ཞེས་བྱ་བ་ནི་མཆོག་ཉིད་དུ་བྱས་ནས་སོ། །གཅིག་ཏུ་རེག་བྱའི་མཚན་ཉིད་འཛིན། །ཞེས་བྱ་བ་ནི་རེག་བྱ་འཛིན་པའི་རྣམ་པའོ། །ནོར་རྒྱལ་ཞེས་བྱ་བ་ནི་ངེས་པར་རྒྱུ་བའི་ངོ་བོའོ། །རླུང་ཞེས་བྱ་བ་ནི་རླུང་ངོ་། །རླུང་ཀུན་སྡུད་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་རླུང་རྣམས་
སྡུད་པའི་ངོ་བོའོ། །རབ་སད་ཅེས་བྱ་བ་ནི་རིམ་པས་དབང་པོའི་ལམ་ནས་འབྱུང་བའི་ངང་ཚུལ་ཅན་ནོ། །མཆོག་གི་ནམ་མཁའ་ལ་ཞེས་བྱ་བ་ནི་དོན་དམ་པར་སྟོང་པ་ཉིད་ཀྱིས་སོ། །ཡང་དག་གནས་ཞེས་བྱ་བ་ནི་དེ་ཉིད་ལའོ། །འོད་གསལ་བཟང་པོའི་ཞེས་བྱ་བ་ནི་ཤིན་ཏུ་ཡང་འོད་
གསལ་བའི་རྣམ་པའོ། །དེ་ལྟར་དོན་རྣམ་པ་བཅུས་སེམས་ཅན་གྱི་ཁམས་བསྐྱེད་པ་བསྟན་ནས། ད་ནི་སྤྲུལ་པའི་སྐུའི་ངོ་བོ་བརྗོད་པའི་ཕྱིར། ཤེས་པ་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་
ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཡང་དག་པར་རིག་པ་ཤེས་པ་དང་། ཡོངས་སུ་དྲིས་པ་ཤེས་པ་ཞེས་བྱ་བའོ། །སངས་པ་རྣམས་ཀྱི་ཞེས་བྱ་བ་ནི་ལམ་བསྒོམས་པའི་སྒོ་ནས་གཏི་མུག་གི་སྒྲིབ་པ་
བཟློག་པ་རྣམས་ཀྱིའོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའི་ཟླ་བ་བཅུ་པོ་སེམས་ཀྱི་ཁམས་བསྐྱེད་པའི་རྒྱུར་གྱུར་པའོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ས་བཅུ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །འཕོ་བ་བཅུ་ནི་ཞེས་བྱ་བ་ནི་སྤྲུལ་པ་ལ་རྣམ་
པ་བཅུའི་གནས་སྐབས་སྐྱེད་པར་བྱེད་པའོ། །རྣམ་པར་ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བཅུ་ཞེས་བྱ་བ་ནི་གྲངས་ཀྱིས་སོ། །རིགས་པ་ཡིས་ནི་ཞེས་བྱ་བ་ནི་གོང་ནས་གོང་དུ་ཡེ་ཤེས་འཕེལ་བའི་སྦྱོར་བས་སོ། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཅེས་བྱ་བ་ནི་སྐྱེད་པར་མཛད་མ་སྟེ།
རྣམ་པར་རྟོག་པ་འཇོམས་པར་བྱེད་པའི་རྣམ་པའོ། །ཆེན་པོར་ཞེས་བྱ་བ་ནི་ཆེན་པོ་ཉིད་དོ། །བརྗོད་ཅེས་བྱ་བ་ནི་གསུངས་པའོ། །བྱིས་པ་ཞེས་བྱ་བ་ནི་དེ་མ་ཐག་པར་སྐྱེས་པའོ། །ཡང་དག་རྫོགས་སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་

མཁྱེན་ཞིང་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའམ། སྔོན་པོ་དང་སེར་པོའི་རྣམ་པ་ཡོངས་སུ་ཤེས་པས་སོ། །ཐམས་ཅད་གཟིགས་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དབང་པོ་དྲུག་གིས་མཐོང་བས་སོ། །མགོའི་སྐྲ་ནི་བྲེགས་པ་དང་། །ཞེས་བྱ་བ་ནི་རང་བཞིན་གྱིས་ནི་དགེ་
སློང་ལ་ཚུར་ཤོག་མི་དགོས་པའོ། །ཕྲུ་མའི་ཆོས་གོས་ཡོངས་སུ་བགོས། །ཞེས་བྱ་བ་ནི་མི་མཉམ་པའི་དུས་སུ་འབྱུང་བར་འགྱུར་བས། ཕྲུ་མའི་མིང་གིས་དམར་པོ་ཡོངས་སུ་བགོས་པའོ། །ཐལ་མོ་སྦྱོར་ཞེས་བྱ་བ་ནི་རང་བཞིན་གྱིས་དེ་ལྟ་བུའི་དབྱིབས་སུ་འདུག་པར་གྱུར་པའོ། །
དཔལ་དང་ལྡན་པས་ཞེས་བྱ་བ་ནི་གཟི་བརྗིད་དང་ལྡན་པ་སྟེ། རང་དང་འོས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །ས་ལ་ཞེས་བྱ་བ་ནི་ས་ཉིད་ལའོ། །གཏུགས་པའི་ཕྱག་ཅེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་ཉིད་ཀྱིས་ཕྱིར་འབྱུང་བའི་ཕྱིར་
རོ། །མཚན་ནི་སུམ་ཅུ་རྩ་གཉིས་འཛིན། །ཞེས་བྱ་བ་ནི་རང་དང་འོས་པའི་མཚན་འཛིན་པར་བྱེད་པས་སོ། །རབ་སད་བྱེད་ཅེས་བྱ་བ་ནི་དུས་རིང་པོ་ཉིད་དུ་ལྷན་ཅིག་སྐྱེས་པའི་ངོ་བོ་བསྒོམས་པས་རབ་ཏུ་སད་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཐོབ་པ་དང་། །ཞེས་བྱ་བ་ནི་དངོས་པོ་ལ་རང་
གི་མཚན་ཉིད་སྣང་བས་ཀྱང་གཅིག་ཏུ་སྟོང་པ་ཉིད་ཡོངས་སུ་ཤེས་པའོ། །འདུ་བྱེད་ལས་ནི་གྲོལ་བ་དང་། ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་འདུ་བྱེད་པ་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ། །རྣམ་རྟོག་མེད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །དཔའ་བོ་ཆེན་པོ་ཞེས་བྱ་བ་ནི་
ཉོན་མོངས་པས་མི་འཇིགས་པ་སྟེ། ཕྲ་མོའི་སྤྱོད་པ་མེད་པའི་ཕྱིར་རོ། །སྐྱེད་བྱེད་ཤ་ནི་འཇིགས་པ་དང་། །ཞེས་བྱ་བ་ནི་རང་བཞིན་གྱིས་ཤ་ཆེན་འཇིབ་པས་དམ་ཚིག་ལ་གནས་པའོ། །བདུད་རྩི་ལྔ་ནི་ཞེས་བྱ་བ་ནི་མངལ་གྱི་རྩའི་ནང་དུ་གནས་པར་བྱེད་པ་ཉིད་ཀྱིས་བདུད་རྩི་ལྔ་པོ་མྱོང་བར་བྱེད་
ཅིང་དེ་ལ་རྩེ་གཅིག་པས་སོ། །སེང་གེ་བཞིན་དུ་སྤྱོད་ཅེས་བྱ་བ་ནི་ཐེ་ཚོམ་མེད་པས་སོ། །སྤྱོད་ཅེས་བྱ་བ་ནི་གནས་པར་བྱེད་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་སྒོམ་པ་པོའོ། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཚོགས་མ་ལུས་པ་

དང་བྲལ་བའོ། །དེ་ལྟར་དེ་ཉིད་ཀྱི་སྤྲུལ་པའི་སྐུ་བསྟན་ནས། ད་ནི་ཉེ་བར་བསྡུ་བའི་སྒོ་བསྟན་ནས་སྦ་བར་བྱ་བ་བརྗོད་པའི་ཕྱིར། འདི་ཉིད་མཆོག་ཏུ་གསང་བ་སྟེ། །ཞེས་བྱ་བ་གསུངས་ཏེ། དེ་མ་ཐག་པར་བསྟན་པ་རྣམས་ཏེ། སྣོད་མ་ཡིན་པ་རྣམས་ལ་སྦ་བར་བྱ་བའོ། །
མཆོག་ཏུ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་ལ་མོས་པས་ཁྱད་པར་དུ་འཕགས་པའི་འབྲས་བུའི་ངོ་བོའོ། །གང་དུ་ཡང་ནི་མ་གསུངས་སོ། །ཞེས་བྱ་བ་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམས་ལ་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་མི་བསྟན་པའོ། །རླུང་སྐྱེད་པ་ཡི་ངེས་པ་ནི། །ཞེས་བྱ་
བ་ནི་ཟླ་བ་བཅུ་པའི་རིམ་པས་རླུང་བཅུ་སྐྱེད་པར་བྱེད་པའི་མཚན་ཉིད་དོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མ་བརྒྱུད་པ་ལས་ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་མཚན་ཉིད་དང་། ཡང་དག་པར་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་
བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་གཉིས་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་གཉིས་པས་རླུང་རྣམས་སྐྱེད་པའི་ཡུལ་ལ་དྲི་བའི་ལན་གདབ་པ་བསྟན་ནས། ད་ནི་དེ་
རྣམས་ཉིད་ཀྱི་ནུབ་པའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་སུམ་ཅུ་རྩ་གསུམ་པ་ཉེ་བར་དགོད་ཅིང་དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་གཉིས་པོའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རླུང་རྣམས་ཞེས་བྱ་
བ་ནི་བཅུའོ། །ནུབ་པ་ནི་འཇིག་པ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་པའོ། །མཆོག་ཏུ་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་རང་བཞིན་ཡོངས་སུ་ཤེས་པས་ན་མཆོག་གོ། །དེ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་གསུངས་ཏེ། རླུང་རྣམས་ནུབ་པར་གྱུར་པས་སོ། །ཡོངས་སུ་
ཤེས་པ་ཙམ་གྱིས་ནི། །ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་ཤེས་པ་ཙམ་གྱིས་སོ། །འཆི་བའི་སྐད་ཅིག་མཚན་ཉིད་ནི། །ཞེས་བྱ་བ་ནི་འཆི་ལྟས་ཡོངས་སུ་ཤེས་པས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དངོས་

སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བཤད་པ་ནི། ཕན་ཚུན་དུ་ནི་ཞེས་བྱ་བ་ནི་ཕན་ཚུན་ནོ། །ཡང་དག་སྡུད་ཅེས་བྱ་བ་ནི་ཉེ་བར་སྡུད་པའོ། །རིམ་ལྟར་ཞེས་བྱ་བ་ནི་ལོ་དང་ཟླ་བ་དང་ཉིན་ཞག་གི་རིམ་པས་སོ། །སྐྱེ་བའི་ཞེས་བྱ་བ་ནི་རླུང་རྣམས་ལ་ལེའུ་སུམ་ཅུ་
རྩ་གཉིས་པ་ལས་བཤད་པའི་ཚོགས་སོ། །ཐིམ་པར་འགྱུར་ཞེས་བྱ་བ་ནི་འཇིག་པར་འགྱུར་བའོ། །རླུང་རྣམས་ཞེས་བྱ་བ་ནི་བཅུ་པོ་རྣམས་ཀྱི་ཕན་ཚུན་དུའོ། །འགྲོ་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །ཡང་དག་ཅེས་བྱ་བ་ནི་ངེས་པར་བྱས་ནས་སོ། །འཆར་དང་ནུབ་པའི་
ཉིན་མཚན་དུ། །ཞེས་བྱ་བ་ནི་ཇི་ལྟར་ཕྱི་རོལ་དུ་ཉི་མའམ། ཟླ་བ་འཆར་བ་ཡོད་པར་གྱུར་ན་སླར་ཡང་ནུབ་པར་འགྱུར་བ་དེ་བཞིན་དུའོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་དབང་པོའི་རླུང་སྡུད་པ་བསྟན་པ་ནི། ལོ་བཅུ་ལོན་ན་
ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་དུས་ཀྱིས་བསྡུས་པ་རྣམས་ཀྱིས་ཏེ། ཕྱི་རོལ་གྱི་ལོ་གཅིག་གི་ནང་དུ་ཉིན་ཞག་གིས་བསྡུས་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ལོ་བཅུས་སོ། །ཐོག་མར་འགྲོ་ཞེས་བྱ་བ་ནི་དང་པོ་ཉིད་དུ་འགྲོ་བ་ནི་འདས་པ་རྣམས་ཀྱིས་སོ། །ནོར་ལས་རྒྱལ་
བ་ཞེས་བྱ་བ་ནི་ངེས་པར་རྒྱུ་བའི་མཚན་ཉིད་དོ། །རྒྱགས་ལས་མྱོས་པའི་ཞེས་བྱ་བ་ནི་ཁྲག་དང་ཤ་འཕེལ་བའི་རྒྱུར་གྱུར་པའོ། །ཟོས་ཏེ་ཞེས་བྱ་བ་ནི་རང་གིས་བྱ་བ་བྱེད་མི་ནུས་པ་སྒྲུབ་པར་བྱེད་པའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་སྐྱེས་ན་ཞེས་བྱ་བ་གསུངས་ཏེ། དེའི་ནུས་པ་
འཇོམས་པ་ལ་ནུས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱགས་ལས་མྱོས་པ་ཡང་གཞན་ནི་མ་ཡིན་ཏེ། ཐུར་སེལ་གྱི་རླུང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྒྲ་གཅན་ཟླ་བ་བཞིན། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ཕྱི་རོལ་དུ་ཟླ་བ་སྒྲ་གཅན་གྱིས་ཟ་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །
དེ་ནས་ཞེས་བྱ་བ་ནི་དེའི་རྗེས་སུའོ། །གཞན་གྱི་ལོ་བཅུར་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སོ། །ཕྱིན་པ་ཞེས་བྱ་བ་ནི་འདས་པའོ། །རྒྱགས་ཆུ་རླུང་ནི་ཡང་དག་སྐྱེ། །ཞེས་བྱ་བ་ནི་ཁུ་བ་དང་ཚིལ་འཕེལ་བར་བྱེད་པ་སྟེ། མཉམ་གནས་ཀྱི་མིང་གི་རྣམ་གྲངས་སོ། །ལྷ་སྦྱིན་ཞེས་བྱ་བའི་

རླུང་ནི་ཟ་ཞེས་བྱ་བ་ནི་རབ་ཏུ་རྒྱུ་བའི་ངོ་བོའོ། །རླུང་ནི་རླུང་ངོ་། །སྔ་མ་བཞིན་ཞེས་བྱ་བ་ནི་རྒྱགས་པས་མྱོས་པ་ན་ནོར་ལས་རྒྱལ་སྡུད་པ་བཞིན་དུའོ། །རིམ་པ་ཞེས་བྱ་བ་ནི་ལོ་བཅུའི་རིམ་པས་སོ། །གཞན་ཡང་ལོ་བཅུར་ཕྱིན་པ་ནི་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །རྒྱགས་
པའི་ཆུ་རླུང་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །མེ་དང་རླུང་འཕེལ་བར་བྱེད་པ་སྟེ། གྱེན་དུ་རྒྱུ་བའི་རྣམ་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྩངས་པ་ཞེས་བྱ་བའི། །ཞེས་བྱ་བ་གསུངས་ཏེ། ཀུན་ནས་འབབ་པ་ནི་མིང་ཅན་ནོ། །ཟ་ཞེས་བྱ་བ་ནི་རང་གི་དོན་བྱེད་པ་
ལ་ནུས་པ་འཇིག་པར་བྱེད་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་ལོ་རྣམས་ཀྱིས་སོ། །ལོ་བཅུར་ཕྱིན་ཅེས་བྱ་བ་ནི་སོན་པ་རྣམས་ཀྱིས་སོ། །ཡང་དག་སྐྱེས་པའི་རིམ་པ་ཡིས། །བཏང་བཟུང་ཞེས་བྱ་བ་ནི་སྲོག་གི་རླུང་ངོ་། །རླུང་ནི་ཆེན་པོ་ཡིས་ཞེས་བྱ་བ་ནི་
རླུང་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་སོ། །རུས་སྦལ་རླུང་ནི་ཟ་བར་བྱེད། །ཅེས་བྱ་བ་ནི་རྣམ་པར་རྒྱུ་བའི་རླུང་ལ་ནུས་པ་འཇིག་པར་བྱེད་པའོ། །དེ་ནས་ཞེས་བྱ་བ་ནི་རུས་སྦལ་གྱི་རླུང་བཏང་བཟུང་གིས་ཟོས་པའི་རྗེས་ལའོ། །ཀླུའི་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །བཏང་བཟུང་ཞེས་བྱ་བ་ནི་
སྲོག་གི་རླུང་ངོ་། །སྟོབས་དང་གཟི་བརྗིད་མཚུངས་པའི་ཕྱིར། །ཞེས་བྱ་བ་ནི་མཚུངས་པ་ནི་འདྲ་བའོ། །རླུང་གི་བྱ་བ་བྱེད་པ་ལ་སྟོབས་ནི་ནུས་པའོ། །གཟི་བརྗིད་ནི་རང་དང་འོས་པའི་ནུས་པ་བྱེད་པའི་མཚན་ཉིད་གང་ལ་དེ་སྐད་ཅེས་བྱའོ། །དུས་གཞན་ལོ་བཅུར་ཕྱིན་པ་ན། །ཞེས་བྱ་
བ་ནི་ལོ་བཅུའི་མཐར་ཐུག་པའི་བར་དུའོ། །གང་གིས་ཀྱང་ཞེས་བྱ་བ་ནི་གཉི་གའི་ནང་ནས་གཅིག་གིས་སོ། །གང་ལ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཏང་བཟུང་ངམ་ཀླུ་ལའོ། །གནོད་པར་བྱེད་པ་ནི་ནུས་ཏེ་ཞེས་བྱ་བ་དང་འབྲེལ་ཏོ། །ཕན་ཚུན་དུ་སྡུད་པར་བྱེད་པའི་རྣམ་པས་འཆིང་བར་བྱེད་
མི་ནུས་སོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། སྟོབས་དང་ནུས་པ་མཚུངས་པའི་ཕྱིར། ཞེས་གསུངས་ཏེ། སྟོབས་དང་ནུས་པ་དག་མཚུངས་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་ལོ་བཅུས་སོ། །ཕྱིན་པའི་ཞེས་བྱ་བ་ནི་འདས་པའོ། །བཏང་བཟུང་ཞེས་བྱ་བ་ནི་སྲོག་གི་རླུང་ངོ་། །སྟོབས་

ཆེན་ཐབས་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་སྟོབས་ཤིན་ཏུ་ཆེན་པོ་ཀླུའི་རླུང་གིས་ཉེ་བར་སྡུད་པ་ལ་ནུས་པ་ཐོབ་ནས་སོ། །ཀླུའི་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་རང་བཞིན་ནོ། །ཟ་ཞེས་པ་ནི་རང་གི་བྱ་བ་བྱེད་པ་ལ་ནུས་པ་ཟློག་པར་བྱེད་པའོ། །རིམ་གྱིས་ཞེས་བྱ་བ་ནི་འགྲིབ་པ་དང་ཤིན་ཏུ་
འགྲིབ་པ་ལ་སོགས་པའི་རིམ་གྱིས་སོ། །དེ་ལྟར་དབང་པོའི་རླུང་ཉེ་བར་བསྡུ་བ་བསྟན་ནས། ད་ནི་ཕུང་པོའི་རླུང་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། དེ་ནས་གཞན་ཞེས་བྱ་བ་གསུངས་ཏེ། ལོ་བཅུས་སོ། །ཕྱིན་ཞེས་བྱ་བ་ནི་འདས་པས་སོ། །ཁྲག་དང་ཤ་ནི་རྣམ་པར་འཕེལ། །རྒྱགས་ཤིང་མྱོས་
པའི་ཞེས་བྱ་བ་ནི་ཐུར་སེལ་ཞེས་བྱ་བའི་གཞན་གྱི་མིང་ཅན་ནོ། །བཏང་བཟུང་ཞེས་བྱ་བ་ནི་སྲོག་གི་རླུང་སྟེ། ཟ་བར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་མཉམ་པར་མནན་ན་ཞེས་བྱ་བ་གསུངས་ཏེ། རང་གི་བྱ་བ་བྱེད་པའི་ལས་བཀུག་ནས་སོ། །དེ་ནས་ཞེས་བྱ་བ་ནི་
དེའི་རྗེས་ལའོ། །ལོ་བཅུ་པ་ཕྱིན་པ་ནི་འདས་པའོ། །བཏང་བཟུང་ཉིད། རྒྱགས་ཤིང་མྱོས་པས་མཉམ་པར་གནས། །ཞེས་བྱ་བ་ནི་མིང་གཞན་ཅན་ནོ། །ཟ་བར་བྱེད་ཅེས་བྱ་བ་ནི་ཉེ་བར་སྡུད་པར་བྱེད་པའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་ཐོབ་ནས་ནི་ཞེས་བྱ་བ་གསུངས་ཏེ། སྔ་མ་བཞིན་
དུ་མནན་ནས་སོ། །མྱོས་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཁྲག་དང་ཚིལ་ནི་རྣམ་པར་འཕེལ། །ཞེས་བྱ་བ་གསུངས་ཏེ། ཁྲག་དང་ཚིལ་རྣམ་པར་འཕེལ་བར་བྱེད་པའོ། །རླུང་ཆེན་པོ་ཞེས་བྱ་བ་ནི་རླུང་ཐམས་ཅད་ཀྱི་གཙོ་བོར་བྱེད་པའོ། །ཅི་ཞིག་བྱེད་ཅིང་ཞེ་ན། དེའི་ཕྱིར་རྩ་ཆུ་རྣམ་པར་འཕེལ་
ཞེས་བྱ་བ་གསུངས་ཏེ། བད་ཀན་ལ་སོགས་འབྱུང་བའི་ངང་ཚུལ་ཅན་ནོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ལའོ། །བཅུ་པ་གཞན་ཕྱིན་པའི་ཞེས་བྱ་བ་ནི་འདས་པས་སོ། །བཏང་བཟུང་ཉིད་ཅེས་བྱ་བ་ནི་སྲོག་གི་རླུང་ངོ་། །མྱོས་པའི་དུས་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་སྟེ་ཟ་བར་བྱེད་ཅེས་བྱ་བ་དང་
འབྲེལ་ཏོ། །བཏང་བཟུང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྟོབས་རྒྱལ་ཞེས་བྱ་བ་གསུངས་ཏེ། རང་གི་ནུས་པས་ང་རྒྱལ་དང་བཅས་པ་ལྟ་བུར་ཞེས་བྱ་བའི་དོན་ཏོ། །མྱོས་པའི་དུས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རླུང་དང་མེ་ནི་འཕེལ་བར་བྱེད། །ཅེས་བྱ་བ་གསུངས་ཏེ། ལུས་ལ་གནས་པའི་

རླུང་དང་མེ་འཕེལ་བར་བྱེད་པའོ། །རྣམ་པར་འགྱུར་ཞེས་བྱ་བ་ནི་ལུས་ལ་ལྟས་ངན་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི་སྲོག་གི་དབང་པོ་འགག་པར་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་ང་རྒྱལ་བཅས་ཞེས་བྱ་བ་ནི་རླུང་ཐམས་ཅད་ཉེ་བར་བསྡུ་བའི་རྣམ་པས་དེ་ང་རྒྱལ་
དང་བཅས་པའོ། །དེ་ནས་ལོ་བཅུ་གཞན་ལོན་ན། །ཞེས་བྱ་བ་ནི་ལོས་སོ། །རང་གི་ལུས་རྒྱས་ལྕི་བར་འགྱུར། །ཞེས་བྱ་བ་ནི་ཁྱབ་བྱེད་ཀྱི་རླུང་འགྲོ་བར་བྱེད་པ་ཉིད་ཀྱིས་སོ། །གཡོ་བ་མེད་པ་ནི་ཁྱབ་བྱེད་ཀྱི་ཡུལ་ལྕི་བ་ནི་ཉེ་བར་སྡུད་པ་བརྩོན་པའོ། །ལྡོག་ཅིང་ཞེས་བྱ་བ་ནི་རང་གི་ལུས་
ལ་ལྡོག་པར་འདོད་པས་ཏེ། རིམ་གྱིས་འགྲིབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །རྣམ་པར་ཤེས་པ་རིམ་གྱིས་འགྲིབ་པར་བྱེད་ཅེས་བྱ་བའི་དགོངས་པའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་ཆུ་དང་མེ་ནི་འདྲེས་པས་ན། ཞེས་བྱ་བ་གསུངས་ཏེ། ལུས་ལ་གནས་པའི་ཆུ་ལ། རླུང་ཞེས་
བྱ་བ་ནི་རླུང་སྟེ་དེ་ཐོབ་ནས་སོ། །དེ་ནས་ལོ་བཅུ་གཞན་དུ་ཕྱིན། །ཅེས་བྱ་བ་ནི་འདས་པ་ལའོ། །རྩ་བ་དང་བཅས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །མེད་པར་འགྱུར་ཞེས་བྱ་བ་ནི་འཇིག་པར་འགྱུར་བ་སྟེ། རང་གི་ལུས་དོར་ནས་བར་དོའི་སྲིད་པ་འཛིན་པར་བྱེད་དོ། །ཇི་ལྟར་ཞེ་ན། དེའི་
ཕྱིར། ཆུ་ཤིང་འབྲས་བུ་ཇི་བཞིན་དུ། །ཞེས་བྱ་བ་གསུངས་ཏེ། ཆེན་པོ་ཞེས་བྱ་བ་ནི་རླུང་ཞེས་བྱ་བ་དང་དེ་ནི་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །ལས་ཀྱི་རྣམ་སྨིན་ཟད་པ་ཡིས། །ཞེས་བྱ་བ་ནི་ལས་ཀྱི་རྣམ་སྨིན་ལ་ཉེ་བར་ལོངས་སྤྱོད་པ་མཐར་ཐུག་པའི་ཚེ་ནའོ། །དེ་ལྟར་རྣམ་པ་གཉིས་
ཀྱིས་ནུབ་པའི་ངོ་བོ་བསྟན་ནས། ད་ནི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟའི་རིམ་པ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་སྔར་བསྟན་པའི་རིམ་པས་སོ། །ཟླ་བ་བཅུའམ་ཡང་ན་ཉི་མ་བཅུ་སྟེ་གོ་སླའོ། །ཚེ་ནི་ཉུང་ངུ་བྱས་ནས་ཞེས་བྱ་བ་ནི་ཚེ་ཐུང་ངུ་རྣམས་ཀྱིའོ། །འཆི་བར་ཤེས་པར་བྱ་ཞེས་
བྱ་བ་ནི་ཤེས་པར་བྱ་བའོ། །སྲོག་ཟད་པར་ནི་ཞེས་བྱ་བ་ནི་སྲོག་གི་དབང་པོ་འགག་པས་སོ། །དེ་ལྟར་དེའི་ཉེ་བར་བསྡུ་བ་བཤད་ནས། ད་ནི་དེ་ཉིད་རྒྱུ་གཞན་ལས་ཤེས་པར་བྱ་བ་བརྗོད་པའི་ཕྱིར། མཁའ་འགྲོ་མ་བསྡུས་རྒྱུད་ལས་ནི། །ཞེས་བྱ་བ་གསུངས་ཏེ། དེ་བརྗོད་པར་

བྱེད་པའི་རྣལ་འབྱོར་པའི་རྒྱུད་ལས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་རླུང་རྣམས་ནུབ་པར་གྱུར་པའོ། །ཤིན་ཏུ་རྒྱས་པར་ཞེས་བྱ་བ་ནི་ཤིན་ཏུ་ཡང་རྒྱས་པ་ལས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་
ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་སུམ་ཅུ་རྩ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་གསུམ་པས་རླུང་རྣམས་ཀྱི་ནུབ་པའི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་བསྡུ་བའི་མཁའ་འགྲོ་མའི་རྣལ་འབྱོར་གྱི་ཡུལ་ལ་དྲི་བའི་ལན་གདབ་པ་བརྗོད་
པའི་ཕྱིར། ལེའུ་སུམ་ཅུ་རྩ་བཞི་པ་ཉེ་བར་འགོད་ཅིང་དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་གསུམ་པ་བསྟན་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །བསྡུས་པའི་མཁའ་འགྲོའི་རྣལ་འབྱོར་བཤད། །ཅེས་
བྱ་བ་དང་འབྲེལ་ཏོ། །མ་ལུས་པའི་མཁའ་འགྲོའི་རྣམ་པར་རྟོག་པ་བསྡུས་པའི་མཁའ་འགྲོ་མ་སྟེ། རྒྱུད་ཀྱི་རིམ་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེའི་སྦྱོར་བ་ནི་སྦྱོར་བ་སྟེ་དེའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་གི་ཡེ་ཤེས་ཏེ་ཞེས་བྱ་བ་གསུངས་ཏེ། མངོན་པར་ཞེན་པ་མེད་པའི་རྣམ་པ་མི་
དམིགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཆེན་པོའི་ཆེན་པོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་ཡང་མཆོག་གོ། །སྙིང་པོས་སྙིང་པོའི་དོན་བསྡུས་པ། །ཞེས་བྱ་བ་ནི་སྙིང་པོས་ནི་བསྐྱེད་པའི་རིམ་པའོ། །སྙིང་པོའི་དོན་བསྡུས་པ་ཞེས་བྱ་བ་ནི་རྫོགས་པའི་རིམ་
པའི་རྣམ་པའོ། །དེ་ལྟར་དེའི་རྩོམ་པ་བསྟན་ནས། ད་ནི་དེའི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་ཏུ་བསྡུས་པའི་མཁའ་འགྲོ་མའི་ངེས་པའི་ཚིག་བསྟན་པ་ནི། མཁའ་འགྲོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཌཱ་ཀི་ནི་ནམ་མཁའ་ལ་འགྲོ་བས། །སངས་རྒྱས་དབྱིངས་
སུ་རབ་ཏུ་གྲགས། །མཁའ་སྤྱོད་ཀུན་གྱི་དངོས་གྲུབ་ནི། །མཁའ་འགྲོ་ཞེས་བྱ་རབ་ཏུ་བརྗོད། །ཅེས་བྱ་བའི་རིགས་པས་སོ། །མཁའ་འགྲོ་རྣམས་སྡུད་པ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོར་གནས་པའི་སངས་རྒྱས་ལྔའི་ས་བོན་སྡུད་པར་བྱེད་པ་ནི་མི་སྣང་བར་བྱེད་པས་གང་དེའི་ཕྱིར་བསྡུས་པའི་མཁའ་

འགྲོར་བརྗོད་དེ་རིགས་པའི་ངོ་བོ་ལ་བརྗོད་དོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར། ལྟེ་བའི་དབུས་ན་རྟག་བཞུགས་པ། །ཞེས་བྱ་བ་གསུངས་ཏེ། ལྟེ་བའི་དབུས་ན་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཨ་ཡིག་ཤད་ཀྱི་རྣམ་པ་བཅོམ་པའི་སྟོབས་ཀྱིས་རྫོགས་པའི་ཕྱིར་རོ། །
རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཅེས་བྱ་བ་ནི་ཉི་མ་སྟོང་དང་མཚུངས་པའི་འོད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཤིན་ཏུ་ཡང་འབར་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཆེན་པོའི་མེ་འབྱུང་བ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་
པར་ཞུགས་པ་ལས་བྱུང་བའི་མེ་ནི་ཡེ་ཤེས་ཀྱི་ངོ་བོས་སོ། །འབྱུང་བ་ནི་སྐྱེས་པའོ། །ཀུན་རྟོག་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ནི་རྣམ་པར་རྟོག་པའི་ཚོགས་མ་ལུས་པ་སྡུད་པར་བྱེད་པའི་རྣམ་པའོ། །དེ་ལྟར་ངེས་པའི་ཚིག་བཤད་ནས། ད་ནི་བྱ་བ་བསྟན་པའི་ཕྱིར། འཆར་
བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆར་བས་ཞེས་བྱ་བ་ནི་སྐྱེས་པར་གྱུར་པའོ། །ཕུང་པོའི་རྣམ་རྟོག་ནི་ཞེས་བྱ་བ་ནི་ཕུང་པོ་ལྔའི་རྣམ་པར་རྟོག་པ་སངས་རྒྱས་ལྔའི་ས་བོན་གྱི་བདག་ཉིད་ཅན་ལའོ། །བསྲེག་བྱས་ཞེས་བྱ་བ་ནི་མི་སྣང་བར་བྱེད་པའོ། །བར་ཆད་མེད་པའི་ཞེས་བྱ་བ་ནི།
ཡང་དང་ཡང་དུའོ། །ལུས་ཞེས་བྱ་བ་ནི་ལུས་སོ། །དེ་རྗེས་ཁམས་ཀྱི་རྣམ་རྟོག་ནི། །ཞེས་བྱ་བ་ནི་ལྷ་མོ་བཞིའི་ས་བོན་གྱི་ངོ་བོའོ། །བསྡུས་ནས་སླར་ཡང་ཞེས་བྱ་བ་ནི་མི་སྣང་བར་བྱེད་པ་སྟེ། སྔ་མ་ལྟར་ལུས་ཉིད་དོ། །རང་བཞིན་གྱིས་ཞེས་བྱ་བ་ནི་དངོས་པོ་ལས་སོ། །གཟུང་དང་འཛིན་
པའི་རྣམ་རྟོག་ནི། །ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་སྐབས་ཀྱི་རྣམ་པར་རྟོག་པ་དང་། ལོངས་སྤྱོད་ཀྱི་འཁོར་ལོར་གནས་པའི་དེའི་རྣམ་པར་རྟོག་པའོ། །ཡང་ན་གཟུང་དང་འཛིན་པའི་རྣམ་རྟོག་ནི། གཡོན་པ་དང་གཡས་པའི་རྩ་གཉིས་ལ་སྔགས་དགོད་པའི་མཚན་ཉིད་
དོ། །རང་བཞིན་དེ་ནི་སླར་ཡང་སྡུད་པར་བྱེད། །ཅེས་བྱ་བ་ནི་དངོས་པོ་ལ་མི་སྣང་བར་བྱེད་པའོ། །དེ་ཙམ་གྱིས་ནི་གཉིས་ཀ་ཡང་བདག་མེད་པའི་རྣམ་པ་ཉིད་འདི་ལ་བསྟན་ཏོ། །ཕྱེ་ལེབ་བཞིན་ཞེས་བྱ་བ་ནི་ཕྱེ་མ་ལེབ་ལྟ་བུའོ། །གང་ལས་དེ་ལྟར་ཞེས་བྱ་བ་ནི་སྡུད་པའི་མཁའ་འགྲོ་མ་གང་

ལའོ། །འཆིང་བ་ཐམས་ཅད་སྲེག་པར་བྱེད། །ཅེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དོ། །དེ་ལྟར་བྱ་བ་བསྟན་ནས། ད་ནི་དེའི་ཐབས་བརྗོད་པར་བྱ་བའི་ཕྱིར། རླུང་གི་དེ་ཉིད་མངོན་སྦྱོར་བས། །ཞེས་བྱ་བ་ནི་ལེའུ་བཅུ་གཉིས་པ་གསུངས་པའི་ལས་ཀྱི་རླུང་གི་ངོ་བོས་སོ། །སྔགས་ཀྱི་གཟུགས་
ཀྱི་རིམ་པ་ཡིས། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བས་སོ། །རྣམ་པར་རྟོག་པ་ཙམ་ཡང་ནི། །ཞེས་བྱ་བ་ནི་ཕྲ་མོའི་རྣམ་པར་རྟོག་པ་ཙམ་གྱིས་སོ། །སྲེག་པ་ཙམ་དུ་ཞེས་བྱ་བ་ནི་མི་སྣང་བར་བྱེད་པའོ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་དོན་འདི་ལ་ཐེ་ཚོམ་མེད་པ་ཉིད་དེ་
མན་ངག་ལ་དབང་དུ་གྱུར་པ་ཚད་མའི་ཕྱིར་རོ། །དེ་ལྟར་དེའི་ཐབས་བཤད་ནས། ད་ནི་རྒྱུད་གཞན་ལས་ཤེས་པར་བྱ་བ་བསྟན་པའི་ཕྱིར། མཁའ་འགྲོ་མ་སྡུད་རྒྱུད་ལས་ནི། །ཞེས་བྱ་བ་གསུངས་ཏེ། དེའི་མིང་ཅན་གྱི་རྣལ་འབྱོར་མའི་རྒྱུད་ལས་སོ། །ཤེས་ན་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །
རྣལ་འབྱོར་ཆོ་གའི་རིམ་པ་ཡིས། །ཞེས་བྱ་བ་ནི་མཁའ་འགྲོ་མ་སྡུད་པའི་རྣལ་འབྱོར་གྱི་ཆོ་གའི་ལུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་གོམས་པས་ཞེས་བྱ་བ་ནི་རྫོགས་པའི་རིམ་པར་གསུངས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པས་སོ། །བགྲོད་ཅེས་བྱ་བ་ནི་སྤྱོད་ཡུལ་ལོ། །
མཁའ་འགྲོ་ཡེ་ཤེས་རྒྱས་པ་ནི། །ཞེས་བྱ་བ་ནི་སྡུད་པའི་མཁའ་འགྲོ་མའི་ཡེ་ཤེས་སོ། །རྒྱས་པར་ནི་ཞེས་བྱ་བ་ནི་མ་ལུས་པའི་ངོ་བོའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་
ཞེས་བྱ་བ་ལས། ལེའུ་སུམ་ཅུ་རྩ་བཞི་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་བཞི་པས་མཁའ་འགྲོ་མ་སྡུད་པའི་ཡུལ་ལ་དྲི་བའི་ལན་བཤད་ནས། ད་ནི་རྣམ་པར་རྟོག་པའི་རླུང་གིས་རྣམ་པར་གཅོད་པའི་མཚན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་སུམ་ཅུ་
རྩ་ལྔ་པ་ཉེ་བར་འགོད་ཅིང་དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་བཞི་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །རྣམ་རྟོག་རླུང་གིས་རྣམ་གཅོད་པ། །ཞེས་བྱ་བ་ནི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་གྲངས་དང་། དེ་

ཙམ་གྱི་གྲངས་ཀྱི་རླུང་རྣམས་ཀྱིས་གཅོད་པ་ཞེས་བྱ་བ་ནི་རྣམ་པར་གཅོད་པའོ། །ཉོན་ཞེས་བྱ་བ་ནི་ཐོས་པ་ལ་སྦྱར་བའོ། །བཤད་ཀྱིས་ཞེས་བྱ་བ་ནི་བརྗོད་པར་ཞལ་གྱིས་བཞེས་པའོ། །དེ་ལྟར་དེའི་རྩོམ་པ་བཤད་ནས། ད་ནི་དེའི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། རྣམ་རྟོག་གི་རླུང་གིས་
རྣམ་པར་གཅོད་པའི་ཡན་ལག་མི་མཐུན་པའི་ཕྱོགས་བརྗོད་པའི་སྒོ་ནས་དེའི་ངོ་བོ་བསྟན་པ་ནི། ཉིན་དང་མཚན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངེས་པར་ནི། བརྒྱ་དང་བརྒྱད་ཀྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རླུང་རྣམས་སོ། །རྒྱུ་ཞེས་བྱ་བ་ནི་འབབ་པའོ། །རླུང་རྣམས་དེ་རྣམས་རྣམ་
རྟོག་ནི། །ཞེས་བྱ་བ་ནི་ལེའུ་གསུམ་པར་གསུངས་པའི་བཏང་བཟུང་བ་ལ་སོགས་པ་རྣམས་ཀྱིའོ། །དེ་རྣམས་དང་རྣམ་རྟོག་ནི་ཞེས་བྱ་བ་ནི་རླུང་གི་སྟོབས་ཀྱིས་སྐྱེས་པའི་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ལའོ། །རྣམ་པར་གཅོད་པ་ཞེས་བྱ་བ་ནི་རྣམ་པར་བཟློག་པའོ། །སྐྱེ་ཞེས་བྱ་
བ་ནི་འབྱུང་བའོ། །གང་ཕྱིར་ཞེས་བྱ་བ་ནི་རྣལ་འབྱོར་གང་ལས་སོ། །རྣལ་འབྱོར་དེ་ནི་ཞེས་བྱ་བ་ནི་དེ་ནི་རྣལ་འབྱོར་ཏེ་དེའི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །མཆོག་ཏུ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་རྣམ་པར་རྟོག་པ་ཞི་བས་སོ། །
ཐམས་ཅད་སྟོང་པའི་ངོ་བོ་ཉིད། །ཅེས་བྱ་བ་ནི་རིམ་གཉིས་བསྒོམ་པའི་སྟོབས་ཀྱིས་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟར་མི་མཐུན་པའི་ཕྱོགས་བརྗོད་པའི་སྒོ་ནས་དེའི་ངོ་བོ་བཤད་ནས། ད་ནི་དེའི་གཉེན་པོའི་ཕྱོགས་ཀྱི་རྣལ་འབྱོར་བརྗོད་པའི་ཕྱིར། ཐོག་མར་
རེ་ཞིག་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བ་ཐོབ་ནས་རྒྱུད་ཐོས་པ་དང་བསམ་པའི་རྗེས་ལའོ། །རྣལ་འབྱོར་དྲུག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་གཙོ་བོར་གྱུར་པའི་འཆད་བཞིན་པའི་རིགས་པས་སོ། །བསྒྲུབ་ཅེས་བྱ་བ་ནི་གོམས་པར་བྱ་བའོ། །དེ་ལ་རྣལ་འབྱོར་དྲུག་ནི་དང་པོའི་
རྣལ་འབྱོར་དང་། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་གྲངས་ཀྱིས་རྣམ་པ་བཞིར་རྣམ་པར་བཞག་ནས། དེའི་སྟེང་དུ་དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་ཅེས་བྱ་བ་དག་གིས་རྣམ་པ་དྲུག་གོ། །རྣལ་འབྱོར་རིག་པས་ཞེས་བྱ་བ་ནི་

བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ནི་ཡོངས་སུ་ཤེས་པའོ། །རྣལ་འབྱོར་རིག་པས་སྙམ་དུ་དགོངས་ནས་སོ། །མཆོག་ཏུ་ཞེས་བྱ་བ་ནི་ལུས་རྣམ་པར་དབེན་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ལ་རྒྱུར་གྱུར་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་རྣལ་འབྱོར་དྲུག་བསྒོམ་པའི་རྗེས་ལའོ། །དབྱངས་མེད་
ཡི་གེ་ཧ་ཞེས་བྱ་བ་ནི་གཞོམ་དུ་མེད་པའི་མཚན་ཉིད་ཅན་ལའོ། །བཟླས་པར་བྱ་ཞེས་བྱ་བ་ནི་དེ་ལ་ཡི་གེ་གསུམ་གཞུག་པ་ལ་སོགས་པ་རྣམས་ལ་རྣམ་པར་སྦྱར་ནས། ཉིན་དང་མཚན་དུ་དབུགས་ཀྱི་འཁོར་ལོའི་བར་མཚོན་པར་བྱ་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཤིན་ཏུ་རྒྱ་ཆེར་ཞེས་བྱ་བ་གསུངས་
ཏེ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེའི་གཉེན་པོར་གྱུར་པའི་རྣལ་འབྱོར་བསྟན་ནས། ད་ནི་དེ་སྒོམ་པོ་པོའི་ཡོན་ཏན་བཤད་པའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་མེད་པའི་ཡི་གེ་ཧའི་ངོ་བོ་ལས་སོ། །མདུད་པ་འཇོམས་ཤིང་
ཞེས་བྱ་བ་ནི་རྩ་གསུམ་གྱི་མདུད་པ་བཟློག་པའོ། །ཤེས་ཤིང་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བའོ། །བདེ་བ་སྟེར་བར་བྱེད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་དང་རླུང་རྣམས་བཟློག་པས་བདེ་བ་ཐོབ་པར་བྱེད་ཅེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་དེ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡིས་ཞེས་བྱ་བ་ནི་
མདུད་པ་འཇོམས་པ་དེས་སོ། །རྣམ་རྟོག་ཐམས་ཅད་ནི་ཞེས་བྱ་བ་ནི་ངག་གི་འོད་གསལ་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་ལའོ། །རྣམ་དཔྱོད་འགྱུར་ཞེས་བྱ་བ་ནི་རྩ་བ་དང་བཅས་པ་འབྱིན་པར་འགྱུར་རོ། །སྐད་ཅིག་ལ་ནི་ཞེས་བྱ་བ་ནི་མདུད་པ་འཇོམས་པའི་སྐད་ཅིག་ལའོ། །དེ་ལྟར་དོན་
རྣམ་པ་གསུམ་གྱིས་རྣམ་པར་རྟོག་པ་དང་རླུང་རྣམས་གཅོད་པ་བསྟན་ནས། ད་ནི་དེ་རྣམ་པར་གཅོད་པ་ལ་ཐབས་བརྗོད་པའི་དོན་དུ་དེའི་ཡན་ལག་བསྐྱེད་པའི་རིམ་པ་བསྟན་པའི་ཕྱིར། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་བཞི་པ་དང་པོའི་རྣལ་འབྱོར་ཞེས་བྱ་བའི་དོན་ཏོ། །
འདིར་ནི་མདོར་བསྟན་པ་སྟེ། བཅོ་ལྔ་ཡིན་ཞེས་བྱ་བ་ལ་སོགས་པས་སོ། །ཁྱད་པར་མེད་པ་རྣམ་པ་བཅོ་ལྔ་པོ་སྟེ། ཁྱད་པར་དུ་ནི་རྣམ་པ་གཉིས་སོ། །འཁོར་དང་ལུས་ཀྱི་དབྱེ་བས་སོ། །དེ་ལ་འཁོར་ནི་རྣམ་པ་བཅུ་སྟེ། རང་གི་སེམས་ལ་སོ་སོར་རྟོག་པ་དང་། དྲན་པ་ཉེ་བར་གཞག་པའི་

རྣམ་པར་དག་པ་དང་། མཆོད་པ་བཞི་དང་ཚངས་པའི་གནས་བཞི་བསྒོམ་པ་དང་། གནས་ཁྱད་པར་དུ་འཕགས་པ་ལ་དམིགས་པ་དང་། བགེགས་བསྐྲད་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། ཡེ་ཤེས་ཀྱི་ས་གཞི་བསྒོམ་པ་དང་། གཞལ་ཡས་ཁང་བསྒོམ་པ་དང་། མོས་པའི་
དཀྱིལ་འཁོར་བསྒོམ་པ་ཞེས་བྱའོ། །ལུས་ལ་ལྔ་སྟེ། དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་དང་། སྟོང་པ་ཉིད་ཀྱི་སྔགས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། ཡེ་ཤེས་རྒྱ་མཚོ་ལས་ལྡང་བ་དང་། གདན་གྱི་རྣམ་པར་དབྱེ་བས་བར་དོའི་སྲིད་པ་རྣམ་པར་དག་པ་དང་། ཆོས་ཀྱི་དབྱིངས་ཀྱི་
དེ་ཁོ་ན་ཉིད་བསྒོམ་པ་དང་སྔགས་ཀྱིས་བསྟན་པར་བྱ་བའོ། །དེ་ལྟར་ན་དང་པོའི་རྣལ་འབྱོར་བསྒོམ་པ་ནི། རྣམ་པ་བཅོ་ལྔས་བྱའོ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །ཞེས་བྱ་བ་ནི་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་དབྱེ་བས་སོ། །བསྒོམ་
པར་བྱ་ཞེས་བྱ་བ་ནི་ཞེ་སྡང་རྡོ་རྗེ་བསྒོམ་པའི་དོན་དུ་གོམས་པར་བྱའོ། །དེ་ལ་རྗེས་སུ་རྣལ་འབྱོར་ནི། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་རིམ་པས་དཀྱིལ་འཁོར་གྱི་གཙོ་བོ་རྫོགས་པའི་ཡན་ལག་ཉིད་ཀྱི་ཕྱིར་གཅིག་ཉིད་དོ། །ཤིན་ཏུ་རྣལ་འབྱོར་ལ་རྣམ་པ་བཞི་སྟེ། ཕུང་པོ་དང་། ཁམས་
དང་། སྐྱེ་མཆེད་དང་། དེའི་ཡན་ལག་བྱིན་གྱིས་བརླབ་པའི་དབྱེ་བས་སོ། །རྣལ་འབྱོར་ཆེན་པོ་ལ་དྲུག་སྟེ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། དམ་ཚིག་དང་། ཡེ་ཤེས་དང་། ཏིང་ངེ་འཛིན་ནི་སེམས་དཔའ་བསྒོམ་པའི་དབྱེ་བས་སོ། །རྣལ་འབྱོར་ཆེན་པོའི་ཡན་ལག་བསྒྲུབ་
པ་ཆེན་པོ་ལ་རྣམ་པ་བཞི་སྟེ། ཕྱག་རྒྱའི་དབྱེ་བ་དང་། དེ་འདུ་བྱ་བ་དང་། རྡོ་རྗེ་དང་། པདྨ་མཉམ་པར་སྦྱོར་བ་སྔོན་དུ་འགྲོ་བས་དེ་འདུ་བྱ་བ་དང་། རྗེས་སུ་ཆགས་པའི་སྔགས་བརྗོད་པའི་སྒོ་དབྱེ་བས་སོ། །སྒྲུབ་པ་ལ་གསུམ་སྟེ། སྒྲུབ་པའི་ཕན་ཡོན་བརྗོད་པ་དང་། བདེ་བ་ཆེན་པོའི་མཆོད་
པ་དང་། མཆོད་པའི་སྔགས་ཀྱིས་བསྟན་པར་བྱ་བའོ། །དེ་ལྟར་ཡང་དག་པར་བསྡུས་པས་བཅུ་བདུན་ནོ། །འདིས་ནི་དང་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ནི་བསྡུས་པ་བསྟན་ཏོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གོ། །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་

པ་དང་། ལྷན་ཅིག་སྤྱོད་མ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་སྤྲོ་བའི་དབྱེ་བས་སོ། །མཆོག་ལ་ཞེས་བྱ་བ་ནི་ལུས་རང་བཞིན་མེད་པར་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ལས་ཀྱང་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་བསྒོམས་པའི་རྗེས་ལའོ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །
རྣལ་འབྱོར་དབྱེ་བ་བཅུ་གཉིས་པོ། །ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་དང་། བཟླས་པ་རྣམ་པ་གཉིས་དང་། བྱ་བ་བྱས་ནས་ཞུ་བ་དང་། ལྷ་མོ་བཞིས་ཡང་དག་པར་བསྐུལ་བ་དང་། ལྡང་བ་དང་། བཞེངས་ནས་དེ་བཞིན་གཤེགས་པ་ལྔས་བསྟོད་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་
བསྡུ་བ་དང་། སྒོང་སྐྱེས་ཀྱི་རིམ་པས་རྡོ་རྗེ་སེམས་དཔའ་བསྐྱེད་པ་དང་། ལུས་གསོ་བའི་ཆོ་ག་དང་། བདུད་རྩི་མྱང་བ་དང་། ཕྱི་རོལ་གྱི་བཟའ་བའི་ཆོ་ག་དང་། གཤེགས་སུ་གསོལ་བ་ནས་ཉལ་བའོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། །ཞེས་བྱ་བ་ནི་སྔོན་དུ་བསྟན་པའི་ཡན་ལག་མ་ལུས་པའི་གྲངས་
ཀྱིས་སོ། །བསྐྱེད་པའི་རིམ་པ་བསྡུས་པའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཅན་ནོ། །དེ་ལྟར་བསྐྱེད་པའི་རིམ་པ་བསྒོམ་པ་བསྟན་ནས། ད་ནི་རྡོ་རྗེའི་བཟླས་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བསྟན་པ་ནི། མངོན་སུམ་བྱེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་བསྐྱེད་པའི་
རིམ་པའོ། །དོན་གྱིས་ན་ཤིན་ཏུ་ཟབ་པ་ཡང་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ལའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་སྒོམ་པ་པོའོ། །རྡོ་རྗེ་བཟླས་རིམ་ཞེས་བྱ་བ་ནི་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་རླུང་གི་འཁོར་ལོ་ཙམ་གྱིས་བསྒྲུབ་པར་བྱ་བའི་བཟླས་པ་ནི་རྡོ་རྗེའི་བཟླས་
པའོ། །དེ་ཉིད་ནི་རིམ་པ་སྟེ། གོ་རིམས་བཞིན་དུ་སློབ་པའོ། །མཆོག་ཅེས་བྱ་བ་ནི་ངག་འོད་གསལ་བའི་རྒྱུར་གྱུར་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་བདག །ཅེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པའི་རིམ་པ་བསྒོམ་པའི་བདག་ཉིད་ཅན་ནོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་རང་བཞིན་བརྒྱ་རྩ་བརྒྱད་
ཀྱི་ངོ་བོ་རྣམས་ལའོ། །འཇོམས་བྱེད་པ་ཞེས་བྱ་བ་ནི་ཁྱད་པར་དུ་ཀློག་པར་བྱེད་པའི་བདག་ཉིད་ཅན་ནོ། །ཆོ་ག་བཞིན་བསྒོམ་ཞེས་བྱ་བ་ནི་དཀྱིལ་འཁོར་བཞི་འཆར་བའི་རིམ་པས་གོམས་པར་བྱའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོའོ། །ཕྲ་བའི་དེ་ཉིད་ཅེས་

བྱ་བ་ནི་མ་ནིང་གི་བཟླས་པའི་ངོ་བོའོ། །བླ་ན་མེད་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །སྔོན་བཞིན་བསྒོམས་ཞེས་བྱ་བ་ནི་རླུང་དང་སྔགས་ཀྱི་དེ་ཉིད་བསྒོམ་པ་དང་འབྱུང་འཇུག་རྗེས་སུ་དྲན་པའི་བསྒོམས་པས་སོ། །བློ་དང་ལྡན་པས་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་བསྒོམ་
པ་ལ་མཁས་པའོ། །སྲིད་པའི་འཆིང་བ་གཅོད་པར་བྱེད། །ཅེས་བྱ་བ་ནི་རྣམ་རྟོག་གི་རླུང་འཇོམས་པར་བྱེད་པའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི། །རང་བཞིན་གྱིས་འོད་གསལ་བས་བརྒྱུད་པས་རྒྱུར་གྱུར་པའི་ཕྱིར་རོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལས་ཁྱད་པར་དུ་
འཕགས་པའི་ཕྱིར་རོ། །དེ་ཉིད་ཆེན་པོ་ཞེས་བྱ་བ་ནི་ངག་འོད་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྨད་བྱུང་ཆེ་ཞེས་བྱ་བ་ནི་གཞན་དོན་གྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། ད་ནི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། ངེས་པར་བསྒོམས་པས་ཞེས་བྱ་བ་གསུངས་ཏེ། རླུང་གི་ངོ་བོ་
ངེས་པས་གོམས་པར་བྱའོ། །ཡང་དག་ནི་ཞེས་བྱ་བ་ནི་ཆད་པ་དང་ལྷག་པས་བགྲང་བ་ལས་བཟློག་པས་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །རྣམ་རྟོག་རླུང་ནི་གཅོད་པར་བྱེད། །ཅེས་བྱ་བ་ནི་རྣམ་པར་རྟོག་པ་ནི་རླུང་གི་སྟོབས་ཀྱིས་སྐྱེས་པའི་རང་བཞིན་རྣམས་དང་། རླུང་རྣམས་ནི་བཏང་བཟུང་ལ་
སོགས་པ་རྣམས་ཀྱིས་གཅོད་པར་བྱེད་པའོ། །དོན་གྱི་རྗེས་འགྲོ་བཟླས་པ་ཡིས། །ཞེས་བྱ་བ་ནི་གང་ཞིག་འདི་འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་གྱི་རླུང་གསུམ་པོ་ཉིན་མཚན་དུ་ཟོ་ཆུན་རྒྱུད་མོའི་རིགས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱིས་འཇུག་པར་བྱེད་པ་དེ་རྣམས་ཀྱི་དོན་གྱི་རྗེས་སུ་
འགྲོ་བ་ནི། ཅི་རིགས་པར་རྗེས་སུ་མཐུན་པ་ཡོངས་སུ་ཤེས་པ་ནི་བཟླས་པ་སྟེ་དེས་སོ། །དངོས་མེད་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རང་བཞིན་དང་བྲལ་བའོ། །ངོ་བོ་གཅིག་པ་དང་ཞེས་བྱ་བ་ནི་དེའི་ངོ་བོ་གཅིག་པས་སོ། །སྟོང་ཉིད་གོམས་ལ་ལན་མང་དང་། །ཞེས་བྱ་བ་ནི་དེ་དང་
དེའི་སྒོ་ནས་སྟོང་པ་ཉིད་ལ་གོམས་པས་སོ། །ངེས་པར་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་ཕྱིར་རོ། །བསྟན་པར་སྒོམ་པ་པོ་ཞེས་བྱ་བ་ནི་རླུང་བསྒོམས་པས་བརྩོན་འགྲུས་དྲག་པོ་དང་ལྡན་པའོ། །སྒྲུབ་པོ་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་རིམ་པ་སྒོམ་པ་པོའོ། །བསྒོམས་བྱས་

ན་ཞེས་བྱ་བ་ནི་གོམས་པར་བྱེད་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །རྡོ་རྗེའི་བཟླས་ཞེས་བྱ་བ་ནི་ཕྱི་རོལ་གྱི་བཟླས་པའི་མཚན་ཉིད་དང་བྲལ་བ་མི་ཕྱེད་པའི་བཟླས་པའོ། །མཆོག་ཅེས་བྱ་བ་ནི་སེམས་རྩེ་གཅིག་པའི་རྒྱུར་གྱུར་པའི་ཕྱིར་རོ། །རིམ་ཞེས་བྱ་བ་ནི་རིམ་གྱིས་
འཇུག་པ་ལ་སློབ་པའི་ཕྱིར་རོ། །དེ་ལྟར་དེའི་ཆེ་བའི་བདག་ཉིད་བསྟན་ནས། ད་ནི་དེའི་འབྲས་བུ་བརྗོད་པའི་རིམ་བཞིན་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །དེ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་བསྒོམས་པས་སོ། །ཡོངས་སུ་ཤེས་ཞེས་བྱ་བ་ནི་མ་ནིང་བཟླས་པའི་རྣམ་པས་སོ། །ཐོབ་འགྱུར་ཞེས་
བྱ་བ་ནི་ཡང་དག་པར་ཐོབ་པའོ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་ཉིད་ཀྱི་ཐེ་ཚོམ་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་
སུམ་ཅུ་རྩ་ལྔ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་ལྔ་པ། རྣམ་པར་རྟོག་པ་དང་རླུང་གཅོད་པའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྣམ་པ་མེད་པའི་རླུང་གི་མཚན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། དང་པོར་རེ་ཞིག་དེ་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། སུམ་ཅུ་རྩ་ལྔ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །རྣམ་རྟོག་མེད་པའི་རླུང་ཤར་བ། །ཞེས་བྱ་བ་དང་འབྲེལ་ཏོ། །རྣམ་པར་རྟོག་པ་མེད་པ་ནི། །རྣམ་རྟོག་སྤངས་པ་དེ་ཁོ་ན་ཉིད་གང་ལས་འབྱུང་བ་དེ་རྣམ་རྟོག་མེད་པར་
སྐྱེ་བ་སྟེ། མཆོག་ཅེས་བྱ་བ་ནི་མཆོག་ཏུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་གང་ཞེས་བྱ་བ་གསུངས་ཏེ། རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་གང་ལའོ། །ཤེས་ཞེས་བྱ་བ་ནི་ཐོས་པ་དང་བསམ་
པ་དང་བསྒོམ་པའི་སྟོབས་ཀྱིས་ཤིན་ཏུ་རྟོགས་པ་ལ་སྟེ། རྡོ་རྗེ་སེམས་དཔའ་གོ་འཕང་ཐོབ། །ཅེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་སེམས་དཔའ་ནི་ཟུང་དུ་འཇུག་པའི་རིམ་པའི་བདག་ཉིད་ཅན་གྱི་རང་གི་ངོ་བོ་ནི། རང་བཞིན་གྱིས་འཇུག་པའི་མཚན་ཉིད་དོ། །འཐོབ་པ་ནི་རྟོགས་པ་ཞེས་བྱ་བའི་

དོན་ཏོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རྣམ་རྟོག་མེད་པའི་རླུང་ཤར་བ་རང་གི་ངོ་བོ་བསྟན་པ་ནི། རྟོགས་པ་མེད་པའི་ཞེས་བྱ་བ་གསུངས་ཏེ། མ་ནིང་གི་བཟླས་པའི་ངོ་བོའོ། །རླུང་ཆེན་པོ་ཞེས་བྱ་བ་ནི་རང་གི་ངོ་བོ་
རྙེད་པས་སོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་རྣམ་རྟོག་གི་རླུང་དང་བྲལ་བའི་ཕྱིར་རོ། །དངོས་པོ་ཀུན་གྱི་རང་བཞིན་བདག །ཅེས་བྱ་བ་ནི་རྣམ་པར་རྟོག་པ་དང་རླུང་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །བསྒོམ་དང་བསྒོམ་མིན་གོ་འཕང་བྲལ། །ཞེས་བྱ་བ་ནི་འདུག་པ་དང་གནས་པ་ལྡང་
བ་སྤངས་པའི་ཕྱིར་རོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་འོད་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་དང་བྲལ་བའི་ཕྱིར་རོ། །དཔེ་མེད་ཅེས་བྱ་བ་ནི་བག་ཆགས་དང་བྲལ་བས་སོ། །དྲི་མ་མེད་པ་དང་ཞེས་བྱ་བ་ནི་རིགས་པའི་ཉོན་མོངས་པ་དང་བྲལ་
བའི་ཕྱིར་རོ། །ཕྲ་བའི་ཆ་ཀུན་དབུས་ན་གནས། །ཞེས་བྱ་བ་ནི་ཕྲ་བའི་ཆ་ཐམས་ཅད་ཀྱི་མཐར་གནས་པས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ། ཨ་ཝ་དྷཱུ་ཏཱིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཞེས་བྱ་བ་ནི་རླུང་དང་ཆོས་ཀྱི་འཁོར་ལོར་གནས་པའི་ཐིག་ལེ་ནཱ་ད་དག་དང་བྲལ་བའོ། །ཀུན་ལ་
ཁྱབ་ཅིང་ཞེས་བྱ་བ་ནི་རྩའི་འཁོར་ལོ་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་སོ། །ཞི་བ་དང་ཞེས་བྱ་བ་ནི་དེ་དང་བྲལ་བའི་རྣམ་རྟོག་གིས་མ་གོས་པ་དང་སེམས་འོད་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བདག་བྱིན་གྱིས་བརླབས་པའི་མཚན་ཉིད་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཟུང་དང་
འཛིན་པ་རྣམ་སྤངས་པ། །ཞེས་བྱ་བ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རིམ་པས་གཟུང་བ་དང་འཛིན་པ་མི་སྣང་བར་བྱེད་པས་སོ། །བག་ཆགས་རྣམ་རྟོག་རྣམ་པར་སྤངས། །ཞེས་བྱ་བ་ནི་ཕྲ་བའི་རང་བཞིན་བཟློག་པའི་ཕྱིར་རོ། ཚིགས་མདུད་པ་ལས་ཞེས་བྱ་བ་ནི་རྩའི་མདུད་པའོ། །ཆ་
ཡིས་སྟོང་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཆ་ཡིས་སོ། །བསྒོམ་དང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་མངོན་དུ་བྱེད་པའི་ཐབས་སོ། །བསྒོམ་བྱ་ཞེས་བྱ་བ་ནི་དཔེའི་ལྷན་ཅིག་སྐྱེས་པའོ། །རྣམ་པར་སྤངས་པ་ཞེས་བྱ་བ་ནི་རྣམ་པར་བྲལ་བའོ། །ཚིགས་དང་མདུད་པ་དང་ཆ་དང་ལམ་

དང་བསྒོམ་པ་དང་བསྒོམ་བྱ་ནི། ཚིགས་མདུད་པ་ལ་ཆ་ཡི་ལམ། །སྒོམ་དང་བསྒོམ་བྱ་རྣམ་པར་སྤངས། །ཞེས་བྱ་བའོ། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཞེས་བྱ་བ་ལ་ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །ནཱ་ད་ནི་དེའི་དུས་ལ་བབ་པའི་བདེ་བ་ཆེན་པོའི་སྒྲའོ། །གོ་འཕང་ནི་རྟེན་ནོ། །དེ་
རྣམས་འདས་པ་ནི་རྣམ་པར་སྤངས་པ་ཏེ། ཐབས་ཡིན་པའི་ཕྱིར་རོ། །ཐབས་ཀྱང་གཟིངས་དང་འདྲ་བ་ཉིད་ཀྱིས་དོར་བྱའི་ཕྱིར་རོ། །སྟོང་ཉིད་ཡེ་ཤེས་མཚན་ཉིད་དོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཆེན་པོ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་གྱི་འོད་གསལ་བའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རང་བཞིན་ཅན་ནི།
སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ལ། སྔགས་ནི་བསྐྱེད་པའི་ས་བོན་ལ་སོགས་པའམ་སྙིང་པོ་དང་། ཉེ་བའི་སྙིང་པོའོ། །ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱའམ། དམ་ཚིག་གི་ཕྱག་རྒྱའོ། །དེ་བཞིན་རྣམ་པ་ཞེས་བྱ་བ་ནི་དེ་དག་གིས་བསྒྲུབ་པའི་རྣམ་པ་ནི། ལྷའི་གཟུགས་ཀྱི་མཚན་ཉིད་དོ། །དེའི་ངོ་
བོའི་ཆ་ནི་རྣམ་པར་རྟོག་པ་བསྐྱེད་པའི་རིམ་པའི་ངོ་བོ་སྟེ། དེའི་དབྱེ་བ་རྣམ་པར་སྤངས་པ་ནི། དེ་དང་བྲལ་བའོ། །དེ་ལྟར་རྣམ་རྟོག་མེད་པའི་རླུང་འཆར་བའི་ངོ་བོ་བསྟན་ནས། ད་ནི་དེ་ཉིད་ལ་རྒྱུད་གཞན་ལ་མ་བསྟན་པའི་རིམ་པས་ཐབས་བརྗོད་པའི་ཕྱིར། བྱ་བ་སྤྱོད་པའི་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ལན་གསུམ་དུ་ཁྲུས་དང་གོས་ལན་གསུམ་དུ་བརྗེ་བ་བསྟན་པ་གཙོ་བོར་གྱུར་པའི་བྱ་བའི་རྒྱུད་ལས་སོ། །བརྡུངས་པ་དང་ལུགས་སུ་བླུགས་པའི་ཞལ་དང་ཕྱག་ལ་སོགས་པ་འཛིན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་འཛིན་པ་སྟོན་པར་བྱེད་པ་ནི་སྤྱོད་པའི་རྒྱུད་དོ། །ཞལ་
གསུམ་ཕྱག་དྲུག་ལ་སོགས་པའི་གཟུགས་འཛིན་པ་འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་གྲུབ་པ་སྟོན་པར་བྱེད་པ་ནི་རྣལ་འབྱོར་གྱི་རྒྱུད་དོ། །རྒྱུད་རྣམས་ལ་ཡང་མ་གསུངས་སོ། །ཞེས་བྱ་བ་ནི་དེ་ལྟ་བུ་ལ་མོས་པའི་སེམས་ཅན་རྣམས་ལ་དེའི་ཡུལ་ལ་མི་མོས་པའི་ཕྱིར་རོ། །རྣལ་འབྱོར་
ཆེན་པོའི་རྒྱུད་ཆེན་པོ། །ཞེས་བྱ་བ་ནི་རིམ་པ་གཉིས་སྟོན་པར་མཛད་པའི་དཔལ་གསང་བ་འདུས་པ་ལ་སོགས་པའོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པའོ། །དམ་ཚིག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་རང་གི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་མཆོག་གི་སྐྱེས་བུའི་དོན་ཏོ། །ཐོག་མ་ཉིད་དུ་

བཤད་པར་རིགས། །ཞེས་བྱ་བ་ནི་རྩ་དབུས་མར་འཇུག་པའི་དུས་སུ་ཧཱུྃ་ཡིག་བཟླས་པའི་མཚན་ཉིད་དོ། །མན་ངག་གི་རིམ་པ་མི་འདོར་བས་སོ། །ཇི་བཞིན་ཆོ་ག་ཞེས་བྱ་བ་ནི་རྒྱ་ཆེར་ལེའུ་ཉི་ཤུ་རྩ་གཉིས་པར་བསྟན་པའི་ཆོ་གའོ། །དེ་ལྟར་དེ་ཉིད་ལ་རྒྱུད་གཞན་རྣམས་ལ་བསྟན་
པའི་རིམ་པས་ཐབས་བསྟན་ནས། ད་ནི་དེ་ཉིད་ལ་བླ་མའི་གདམས་ངག་གིས་ཐོབ་པར་བྱ་བ་བརྗོད་པའི་ཕྱིར། དེ་ཉིད་རིག་པའི་རྗེས་འགྲོ་ཤེས། །ཞེས་བྱ་བ་གསུངས་ཏེ། སྔར་བསྟན་པའི་རིམ་པས་སོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མ་བརྒྱུད་པས་ཤེས་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་
ལས་སོ། །གོ་འཕང་མཆོག་ཅེས་བྱ་བ་ནི་མཆོག་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་སུམ་ཅུ་རྩ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།
དེ་ལྟར་ལེའུ་སུམ་ཅུ་རྩ་དྲུག་པ་རྣམ་པར་རྟོག་པ་མེད་པའི་རླུང་གི་མཚན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྩ་རྣམས་ནུབ་པའི་རྣལ་འབྱོར་གྱི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་སུམ་ཅུ་རྩ་བདུན་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེའི་རྩོམ་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་དྲུག་པ་བཤད་པའི་རྗེས་ལའོ། །བཅོམ་ལྡན་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པ་རྡོ་རྗེ་འཆང་གི་རྣམ་པའོ། །རྩ་རྣམས་ནུབ་པའི་རྣལ་འབྱོར་ནི། །ཡང་དག་སྦྱོར་བ་བཤད་ཀྱིས་ཉོན། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དམ་པར་རོ། །
རྡོ་རྗེ་ཅན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཐེ་ཚོམ་ཐམས་ཅད་གཅོད་པ་པོ། །ཞེས་བྱ་བ་སྟེ། ཐེ་ཚོམ་ཐམས་ཅད་ཟློག་པར་བྱེད་པའོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རྩ་རྣམས་ཀྱི་བསྐྱེད་པ་རྗེས་སུ་
འགྲོ་བའི་རིམ་པ་བསྟན་པ་ནི། ཡུལ་དང་དབང་པོ་ཡང་དག་སྦྱོར། །ཞེས་བྱ་བ་གསུངས་ཏེ། དམིགས་པ་དང་བདག་པོའི་རྐྱེན་དང་འབྲེལ་པ་ལས་སོ། །རྩ་རྣམས་ཞེས་བྱ་བ་ནི་རིག་པའི་རང་བཞིན་འཁོར་ལོ་བཞིར་གཏོགས་པ་རྣམས་ལའོ། །འཆར་བར་འགྱུར་ཞེས་བྱ་བ་ནི་རབ་ཏུ་སད་པ་ལས་སོ། །

འཆར་ནས་སྔོན་བཞིན་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་དང་རླུང་དང་ཡང་དག་པར་སྦྱོར་བ་ལས་སྐྱེས་པ་ནི། རབ་ཏུ་སད་པར་གྱུར་ནས་སོ། །སྐྱེ་བའི་རིམ་པ་བླ་ན་མེད། །ཅེས་བྱ་བར་སྦྱར་རོ། །དེ་ནས་གཞན་པ་བསྐྱེད་པའི་ནུས་པའི་ངོ་བོ་འབྱུང་བར་འགྱུར་རོ། །བླ་ན་མེད་ཅེས་བྱ་བ་ནི་འཁོར་བའི་ཆོས་ལ་འཇུག་པའི་
གོང་ན་མེད་པའི་ཕྱིར་རོ། །ཀུན་རྟོག་སྐྱེ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་ཚོགས་བསྐྱེད་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བའི་རིམ་པ་དབང་པོ་དང་ཡུལ་ཡང་དག་པར་སྦྱོར་བའི་ངོ་བོས་སོ། །དེ་ཉིད་ཀྱི་ཕྱིར་བརྒྱ་དང་བརྒྱད་ཀྱིས་ཞེས་བྱ་བ་གསུངས་ཏེ། ལེའུ་གསུམ་པ་གསུངས་པའི་ཆོ་གས་སོ། །རིམ་ཞེས་བྱ་
བ་ནི་རིམ་པ་ཇི་ལྟ་བར་ཞེས་བྱ་བའི་དོན་ཏོ། །དེ་ལས་བྱུང་བའི་ལས་ཀྱི་སྟོབས་ཀྱིས་ཞེས་བྱ་བའི་ཚིག་གོ། །དེ་ལས་སྐྱེ་དང་ཞེས་བྱ་བ་ནི་བརྒྱ་དང་བརྒྱད་ཀྱི་རང་བཞིན་གྱི་ཚོགས་ལས་དང་བཅས་པ་ལས་སོ། །སྐྱེ་དང་ཞེས་བྱ་བ་ནི་འགྲོ་བ་དྲུག་གི་འཁོར་བ་པའོ། །ན་རྒ་ཞེས་བྱ་བ་ནི་ཕུང་པོ་ཡོངས་སུ་སྨིན་པ་དང་།
ནད་རྣམས་ལ་སྐྱེ་བ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །འཆི་བ་ཞེས་བྱ་བ་ནི་འཆི་བའོ། །སླར་ཡང་ལྡོག་པར་འགྱུར་ཞེས་བྱ་བ་ནི་སླར་ཡང་སྲིད་པ་གཞན་དུ་སྐྱེ་བ་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྩ་རྣམས་བསྐྱེད་པའི་ཡུལ་ལ་རྗེས་སུ་འགྲོ་བ་བསྟེན་ནས། ད་ནི་ལྡོག་པའི་རིམ་པ་བརྗོད་པའི་
ཕྱིར། ཡུལ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་པོ་ལ་སོགས་པའོ། །ཡུལ་རྣམས་དངོས་པོ་མེད་པ་ཡིས། །ཞེས་བྱ་བ་ནི་དོན་དམ་པར་རང་བཞིན་གྱིས་དབེན་པ་ཡང་དག་པར་ཤེས་པས་སོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་གཅིག་དང་དུ་མ་ལ་སོགས་པའི་རིགས་པ་རྣམས་ཀྱིས་སོ། །དཔྱོད་
པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་དཔྱོད་པའོ། །གང་གི་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེའོ། །དེ་ལས་ཤེས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་རྣམས་ལའོ། །དེ་ཚེ་ཞེས་བྱ་བ་ནི་དོན་དམ་པ་ལ་ཚེའོ། །དངོས་མེད་ཤེས་ཞེས་བྱ་བ་ནི་རང་གི་མེད་པར་ཤེས་པ་ཡིན་ནོ། །ཡུལ་རྣམས་མེད་པ་ཡི་
ཞེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའི་རྣམ་པར་དཔྱད་པས་སོ། །དངོས་སུ་ཞེས་བྱ་བ་ནི་མངོན་སུམ་ཉིད་དུའོ། །དབང་པོ་རྣམས་ནི་ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་པའོ། །སྐྱེ་བ་མིན་ཞེས་བྱ་བ་ནི་དངོས་མེད་ནི་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཉིད་ལའོ། །གཉིས་

གཉིས་ཡང་དག་སྦྱོར་ཞེས་བྱ་བ་ནི་དབང་པོ་དང་ཡུལ་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་ལའོ། །དངོས་དང་ཞེས་བྱ་བ་ནི་རང་བཞིན་ལའོ། །དངོས་མེད་སྟོང་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པའི་ཕྱིར་ཁྱད་པར་དུ་གཙོ་བོ་དེ་གཉིས་ལ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་
ནི་དབང་པོ་དང་ཡུལ་ཡང་དག་པར་སྦྱོར་བ་མེད་པས་སོ། །རྩ་རྣམས་ཞེས་བྱ་བ་ནི་རྩ་རྣམས་ལའོ། །ནུབ་འགྱུར་ཏེ་ཞེས་བྱ་བ་ནི་མི་འཆད་པར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། འཁོར་ལོའི་རིམ་པ་ལ་ནི་བརྟེན། །ཞེས་བྱ་བ་གསུངས་ཏེ། སྤྲུལ་པའི་འཁོར་ལོའི་རིམ་པས་གནས། །ཞེས་
བྱ་བའི་དོན་ཏོ། །དེ་རྣམས་ཤེས་ཞེས་བྱ་བ་ནི་འཁོར་ལོ་བཞི་པོའི་རྩ་རྣམས་སོ། །ནུབ་པ་ལས་ནི་ཞེས་བྱ་བ་ནི་མི་འཆར་བས་སོ། །ཞི་ཞེས་བྱ་བ་ནི་སད་པ་མེད་པའོ། །སྟོང་ཕྲག་བདུན་ཅུ་རྩ་བརྒྱད་ནི། །ཞེས་བྱ་བ་ནི་འཁོར་ལོ་བཞིར་གཏོགས་པའི་རྩ་རྣམས་ཀྱི་བདག་པོའི་དབང་གིས་དེ་
རྣམས་ཡང་དག་པར་བསྐྱེད་པའོ། །ཀུན་ཀྱང་རྩ་ཡི་འཁོར་ལོས་སྒྱུར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཆ་ལ་ཁྱབ་པར་བྱེད་པའོ། །དེ་ལྟར་རྗེས་སུ་ལྡོག་པའི་རིམ་པ་བསྟན་ནས་ད་ནི་དེ་རྣམས་ཀྱི་འཆར་བའི་རྒྱུའི་ཡུལ་ལ་རྣམ་པར་དཔྱོད་པའི་ཕྱིར། སྟོང་ཉིད་རྣལ་འབྱོར་བསྒོམས་པ་ལས། །ཞེས་
བྱ་བ་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་བསྒོམ་པའི་སྦྱོར་བ་ནི། གོམས་པའི་སྦྱོར་བས་སོ། །ཡུལ་རྣམས་ཀྱི་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ལའོ། །ངོ་བོ་ཉིད་ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་མ་བཅོས་པའི་ངོ་བོའོ། །ཤེས་པ་ཞེས་བྱ་བ་ནི་ཤེས་པར་བྱེད་
པའོ། །ངེས་པ་ཉིད་དུ་ཞེས་བྱ་བ་ནི་རྣམ་པ་འདིས་ངེས་པའོ། །རིགས་པ་རྡོ་རྗེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་གཏན་ཚིགས་ཆེན་པོ་ལྔའི་ངོ་བོའོ། །རྡོ་རྗེ་ལྟར་འཇིག་ཚོགས་ལ་ལྟ་བ་ཐམས་ཅད་རིའི་རྩེ་མོ་ལྟར་འཇོམས་པ་ནི། རྣམ་པར་ཉེ་བར་བྱེད་པ་ནི། དངོས་པོ་ལ་མངོན་
པར་ཞེན་པའོ། །འཇོམས་པར་བྱེད་པ་ནི་ཟློག་པར་བྱེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་སུམ་ཅུ་རྩ་བདུན་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་

བདུན་པས་རྩ་རྣམས་ནུབ་པའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་འཁོར་ལོ་དྲུག་གི་སྦྱོར་བའི་བསྒོམ་པའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་སུམ་ཅུ་རྩ་བརྒྱད་པ་ཉེ་བར་སྟོན་ཅིང་། དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་བདུན་པ་
བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །སྦྱོར་དྲུག་གོ་འཕང་མཚན་ཉིད་དོ། །ཞེས་བྱ་བ་དང་འབྲེལ་ཏོ། །སྦྱོར་བ་དྲུག་གི་གོ་འཕང་དང་། །འཁོར་ལོ་རྣམས་ཀྱི་ངོ་བོའི་མཚན་ཉིད་ནི། ཕྱིན་ཅི་མ་ལོག་པའི་ངོ་བོས་རྣམ་པར་བཤད་ཀྱིས་ཞེས་བྱ་བ་སྟེ་བཤད་ཀྱིས་ཉོན་
ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཇི་ལྟ་བ་བཞིན་ཞེས་བྱ་བ་གསུངས་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །ཇི་ལྟར་སྦྱོར་ཞེས་བྱ་བ་ནི་གོ་རིམས་ཡོངས་སུ་སྤངས་པས་སོ། །ཇི་ལྟར་འདོད་པའི་ཡན་ལག་རྟེན། །ཞེས་བྱ་བ་ནི་ཇི་ལྟར་འདོད་པས་འགྲོ་བའི་རྟེན་ནོ། །ཡང་ན་ཇི་ལྟར་
གྲངས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་འབྱུང་སྟེ། དེའི་ཕྱོགས་ལ་ནི་འཁོར་ལོ་དྲུག་ནི་དབྱེ་བས་ཞེས་བྱ་བ་བཤད་པར་བྱའོ། །དེ་ལྟར་དེའི་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་འཁོར་ལོ་དྲུག་མདོར་བསྟན་པ་ནི་རྩིབས་དྲུག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །དེའི་དབྱིབས་ཅན་གྱི་རླུང་གི་འཁོར་ལོའོ། །དེ་ལས་ཕྱེད་ཅེས་བྱ་བ་ནི་རླུང་གི་འཁོར་ལོ་ལས་ཕྱེད་ནི། རྩིབས་གསུམ་པ་མེའི་འཁོར་ལོའོ། །དེ་བཞིན་བརྒྱད་པོ་བརྒྱད་ཅེས་བྱ་བ་ནི་བརྒྱད་པོ་བརྒྱད་ནི་རྩ་འདབ་མ་དྲུག་ཅུ་རྩ་བཞིའི་དབྱིབས་ཅན་ནི་སྤྲུལ་པའི་འཁོར་ལོའོ། །དེ་ནས་བརྒྱད་ཅེས་བྱ་
བ་ནི་ཆོས་ཀྱི་འཁོར་ལོ་སྟེ་རྩ་བརྒྱད་ཀྱི་དབྱིབས་ཅན་ནོ། །བརྒྱད་གཉིས་ཞེས་བྱ་བ་ནི་འདབ་མ་བཅུ་དྲུག་གི་བདག་ཉིད་ཅན་ལོངས་སྤྱོད་ཀྱི་འཁོར་ལོའོ། །བརྒྱ་ཕྲག་བཞི་དང་ནི་ཞེས་བྱ་བ་ནི་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་བདེ་བ་ཆེན་པོའི་འཁོར་ལོའོ། །གྲངས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་འཁོར་
ལོ་དྲུག་གི་གྲངས་ཀྱི་ངོ་བོའོ། །དེ་ལྟར་གསལ་ཞེས་བྱ་བ་ནི་ཆོ་ག་འདིར་གསལ་བའོ། །དེ་ལྟར་འཁོར་ལོ་དྲུག་མདོར་བསྟན་ནས། ད་ནི་དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རླུང་གི་འཁོར་ལོ་རྒྱས་པར་བཤད་པ་ནི། ཟླ་བ་ཕྱེད་པའི་ཆ་ལྟ་བུ་ཞེས་བྱ་བ་གསུངས་ཏེ། ཟླ་བ་ཕྱེད་པའི་

རྣམ་པའོ། །ཆ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལའོ། །རླུང་གི་འཁོར་ལོ་ཞེས་བྱ་བ་ནི་སྨིན་མཚམས་ཀྱི་དབུས་སུ་གནས་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྟོང་ཉིད་ཅེས་བྱ་བ་གསུངས་ཏེ། དོན་དམ་པར་དངོས་པོ་ལས་རང་བཞིན་མེད་པའི་ཕྱིར་རོ། །ཕྱེད་པའང་མ་ཡིན་
ཞེས་བྱ་བ་ནི་ལུས་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །རྫོགས་པ་མིན་ཞེས་བྱ་བ་ནི་ཕྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཆུ་ཡི་ཟླ་བ་ལྟ་བུར་སྣང་། །ཞེས་བྱ་བ་ནི་ཇི་ལྟར་ཆུའི་ནང་དུ་ཟླ་བ་མེད་པ་རྫོགས་པ་ཉིད་དང་བྲལ་བ་དེ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སྒྱུ་མ་ཆེན་པོ་ཞེས་བྱ་བ་ནི་དེ་ལྟ་བུ་ཉིད་མ་ཡིན་
ཡང་དེ་ལྟར་སྣང་བའི་ཕྱིར་རོ། །འགྲོ་བའི་མ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཉིད་ལས་ཇི་ལྟར་སྲིད་པར་འགྲོ་བ་བསྐྱེད་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་ལུས་ལའོ། །རྟེན་པའི་མཚན་ཉིད་ནི་ཞེས་བྱ་བ་ནི་རྟེན་པའི་ངོ་བོའོ། །རླུང་གི་འཁོར་ལོ་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་གཏོགས་པའི་
རྩིབས་དྲུག་པ་ལའོ། །སྲོག་ཅེས་བྱ་བ་ནི་སྲོག་གི་རང་བཞིན་ནོ། །ཡེ་ཤེས་ཅན་རྣམས་ཀྱི་ཡང་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིའོ། །སྤྱོད་ཡུལ་མིན་ཞེས་བྱ་བ་ནི་སྤྱོད་ཡུལ་མ་ཡིན་པའོ། །དེ་ལྟར་རླུང་གི་འཁོར་ལོ་རྒྱས་པར་བཤད་པ་བསྟན་ནས། ད་ནི་མེའི་འཁོར་ལོ་
རྒྱས་པར་བཤད་པ་བརྗོད་པའི་ཕྱིར། མེའི་འཁོར་ལོ་ཞེས་བྱ་བ་གསུངས་ཏེ། ལོངས་སྤྱོད་ཀྱི་འཁོར་ལོའི་འོག་ཏུའོ། །སྟོང་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་ཁོང་སྟོང་དུ་ཡོད་པའི་ཕྱིར་རོ། །ནང་དུ་ཞེས་བྱ་བ་ནི་དབུས་སོ། །ཐིག་ལེའི་ངོ་བོ་ཞེས་བྱ་བ་ནི་ཧཾ་ཡིག་ལས་བྱུང་བའི་ཕྱིར་རོ། །
ཡི་གེ་ཀུན་ལ་ཞེས་བྱ་བ་ནི་སྔགས་ཐམས་ཅད་ལ་ཡི་གེ་དང་པོར་གྱུར་པའི་ཕྱིར་རོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོའི་འཁོར་ལོ་མ་ལུས་པ་ཁྱབ་པར་བྱེད་པའི་ཕྱིར་རོ། །ཀུན་དུ་ཁྱབ་ཅེས་བྱ་བ་ནི་དྲོ་བར་གྱུར་པ་ཉིད་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པའོ། །རང་འབྱུང་ཞེས་བྱ་བ་ནི་
མ་བཅོས་པའི་ངོ་བོས་མེ་ཡོད་པའི་ཕྱིར་རོ། །བདེ་བ་ཡང་དག་འཕེལ་བར་བྱེད། །ཅེས་བྱ་བ་ནི་བདེ་བ་ཆེན་པོ་རྣམ་པ་གཉིས་འཕེལ་བར་བྱེད་པའོ། །དབྱངས་དང་གསལ་བྱེད་རྣམ་པར་སྤངས། །ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་གསུམ་ནི་ཞེས་བྱ་བ་ནི་མཐོ་རིས་

དང་མི་ཡུལ་དང་ས་འོག་གི་མིང་ཅན་གྱི་ལུས་ལའོ། །མ་ལུས་པ་ཞེས་བྱ་བ་ནི་འཁོར་དང་བཅས་པ་རྣམས་སོ། །གཅིག་ཏུ་བྱས་ཞེས་བྱ་བ་ནི་གཙོ་བོའི་རྒྱུའོ། །སྐྱེད་པར་བྱེད་ཅེས་བྱ་བ་ནི་དེའི་བདག་པོ་ཉིད་ཀྱིས་དེ་ལས་གཞན་པའི་ལུས་བསྐྱེད་པའི་ཕྱིར་རོ། །དེ་ལྟར་མེའི་འཁོར་ལོ་རྒྱས་པར་
བཤད་པ་བསྟན་ནས། ད་ནི་སྤྲུལ་པའི་འཁོར་ལོ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། མི་ཤིགས་ནཱ་དའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནཱ་ད་ཞེས་བྱ་བ་ནི་ཨ་ཡིག་གི་རྣམ་པ་སྟེ། བྲག་ཅ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །མི་ཤིགས་གོ་འཕང་ཞེས་བྱ་བ་ནི་མི་འཇིག་པ་ཉིད་ཀྱི་ཕྱིར་རོ། །
རྣམ་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ལས་དབེན་པའི་ཕྱིར་རོ། །སྦྲུལ་གློག་ལྕེ་ལྟར་གཡོ་བའི་ལུས། །ཞེས་བྱ་བ་ནི་གློག་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཚངས་པ་ལ་སོགས་ཞེས་བྱ་བ་ནི་སྐུའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིའོ། །མེས་པོ་དང་ཞེས་བྱ་བ་
ནི་སྐྱེད་པར་བྱེད་པས་སོ། །ཇི་སྐད་དུ། ཚངས་པ་སྐུ་ཡི་རྡོ་རྗེར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ནི་རྡོ་རྗེ་འཛིན་རྒྱལ་ཉིད། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་བྱ་བ་གསུངས་སོ། །ཡི་གེ་མིན་ཞེས་བྱ་བ་ནི་ཡི་གེའི་དབྱིབས་དང་བྲལ་བའི་ཕྱིར་རོ། །གཡོ་བ་མིན་
ཞེས་བྱ་བ་ནི་བརྟན་པས་མི་འཇིག་པའི་ཕྱིར་རོ། །འབྱུང་བའི་ཚོགས་ནི་རྣམ་པར་སྤངས། །ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་ཡོངས་སུ་སྤངས་པའི་ངོ་བོ་སྟེ་གཟུགས་མེད་པའི་ཕྱིར་རོ། །གྲངས་མེད་ཅེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་གྲངས་དང་བྲལ་བའི་ཕྱིར་རོ། །ཟད་མེད་ཅེས་
བྱ་བ་ནི་འཇིག་པ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་ཅེས་བྱ་བ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ལྟེ་བའི་གནས་སྤྲུལ་པའི་འཁོར་ལོའི་དབུས་སུ་གནས་པའོ། །དེ་ལྟར་སྤྲུལ་པའི་འཁོར་ལོ་རྒྱས་པར་བཤད་པ་བསྟན་ནས།
ད་ནི་ཆོས་ཀྱི་འཁོར་ལོ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ཆོས་ཀྱི་འཁོར་ལོའི་དབུས་གནས་པ། །ཞེས་བྱ་བ་གསུངས་ཏེ། ཧཱུཾ་ཡིག་གི་རྣམ་པའོ། །སྒྲ་ཙམ་ཞེས་བྱ་བ་ནི་བྲག་ཅ་དང་འདྲ་བའོ། །དྲི་མ་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཆ་བྲལ་ཞེས་

བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །རྣམ་པ་མེད་པ་དང་ཞེས་བྱ་བ་ནི་གཉིས་སུ་སྣང་བ་མེད་པའི་ཕྱིར་རོ། །དཔེ་མེད་ཅེས་བྱ་བ་ནི་བག་ཆགས་དང་བྲལ་བའི་ཕྱིར་རོ། །གནས་པ་མེད་པ་ཞེས་བྱ་བ་ནི་རྟེན་དང་བརྟེན་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བའི་ཕྱིར་རོ། །གཡོ་
མེད་པ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །དཔེ་ལས་འདས་ཞེས་བྱ་བ་ནི་དེ་དང་འདྲ་བ་གཞན་མེད་པའི་ཕྱིར་རོ། །སྲོག་དང་རྩོལ་བ་རྣམ་པར་སྤངས། །ཞེས་བྱ་བ་ནི་རླུང་འགགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའོ། །
ལྷའི་དབང་ཕྱུག་ཅེས་བྱ་བ་ནི་ལྷ་རྣམས་ཀྱི་བདག་པོར་གྱུར་པའི་ཚངས་པ་ལ་སོགས་པ་རྣམས་ལ་ཡང་ངོ་། །རྙེད་པར་དཀའ་ཞེས་བྱ་བ་ནི་རྙེད་པར་དཀའ་བའོ། །དེ་ལྟར་ཆོས་ཀྱི་འཁོར་ལོའི་རྒྱས་པར་བཤད་པ་བསྟན་ནས། ད་ནི་ལོངས་སྤྱོད་ཀྱི་འཁོར་ལོ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར།
ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་ཞེས་བྱ་བ་ནི་ཨོཾ་ཡིག་གི་རྣམ་པ་ཉིད་ཀྱིས་སོ། །ལོངས་སྤྱོད་འཁོར་ལོར་གནས་ཞེས་བྱ་བ་ནི་མགྲིན་པའི་དཀྱིལ་འཁོར་དུ་གནས་པའོ། །རྣམ་པ་མཆོག་ཅེས་བྱ་བ་ནི་སྤྲོས་པ་མེད་པའི་ཕྱིར་རོ། །འཆི་བ་མེད་པའི་ཞེས་བྱ་བ་
ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལས་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་ལུས་ལའོ། །ཁོངས་སུ་ཆུད་པར་གྱུར་པ་ཞེས་བྱ་བ་ནི་ཁོངས་སུ་ཆུད་པར་གྱུར་པས་ནང་དུ་སོན་པར་གྱུར་པའོ། །རྣམ་པ་ཀུན་གྱི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །ཡང་དག་བཞུགས་
ཞེས་བྱ་བ་ནི་གནས་པའོ། །རྟེན་ཅིང་འབྲེལ་འབྱུང་རང་བཞིན་གྱིས། །ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ནི་རང་བཞིན་གྱིས་སོ། །ཆང་གི་རོ་ཡིས་མྱོས་པ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་ཆང་གི་རོས་མྱོས་པ་ཁོངས་སུ་གཏོགས་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལོངས་སྤྱོད་ཀྱི་འཁོར་
ལོ་རྒྱས་པར་བཤད་པ་བསྟན་ནས། ད་ནི་བདེ་བ་ཆེན་པོའི་འཁོར་ལོ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར་རོ། །མཆོག་གི་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ཡིག་དེ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མ་ལུས་པ་དངོས་པོ་ཀུན་གྱི་ཞེས་བྱ་བ་ནི་ལུས་ལས་འབྱུང་

བ་རྣམས་ལའོ། །ནང་ན་གནས་ཞེས་བྱ་བ་ནི་དེ་ཉིད་ནི་ལུས་ཐམས་ཅད་ལ་ཁྱབ་པས་སོ། །མཚན་ཉིད་མེད་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་འདས་ཞེས་བྱ་བ་ནི་ཧ་ཡིག་གི་རྣམ་པ་དང་དེ་ཉིད་ཨ་ཡིག་དང་བྲལ་བས་བརྗོད་པར་བྱ་བ་ཉིད་
ཀྱི་ཕྱིར་རོ། །མཚན་ཉིད་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་དབྱངས་དང་གསལ་བྱེད་དང་བྲལ་བའི་ཕྱིར་རོ། །བརྗོད་དུ་མེད་ཅེས་བྱ་བ་ནི་དེའི་དབང་གིས་འབྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ལ་ངག་གི་སྤྱོད་ཡུལ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །མི་འཇིག་ཅེས་བྱ་བ་ནི་
འཇིག་པ་མེད་པའོ། །ཞི་བ་ཞེས་བྱ་བ་ནི་གདོད་མ་ནས་ཞི་བ་ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །རང་ཉིད་ཉམས་མྱོང་རང་ངོ་བོ། །ཞེས་བྱ་བ་ནི་སོ་སོ་རང་གི་རིག་པ་ཉིད་ཀྱི་ཕྱིར་རོ། །རང་གིས་ཉམས་སུ་མྱོང་བའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ། །བདེ་བ་ཆེན་པོ་འཁོར་ལོར་གནས། །ཞེས་བྱ་བ་ནི་མགོ་བོ་ལ་གནས་པའོ། །ཐོབ་ཅེས་བྱ་བ་ནི་རྟོག་པར་བྱ་བའོ། །བླ་མའི་ཞལ་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་ལ་སོགས་པའི་དབང་གིས་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་སོ། །དེ་ལྟར་དོན་རྣམ་པ་ལྔས་དེ་རྒྱས་པར་
བཤད་པ་བསྟན་ནས། ད་ནི་དེའི་བདེ་བ་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པ་རྣམས་སོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་འཁོར་ལོ་དྲུག་ཉེ་བར་མཚོན་པ་སྔོན་དུ་འགྲོ་བས་ཡེ་ཤེས་ཆེན་པོ་བསྐྱེད་པའི་ཕྱིར་རོ། །རང་གི་ངོ་བོ་རྣམ་ཤེས་
དྲུག །ཅེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་སྟེང་དུ་དེ་དམིགས་པའི་ཡེ་ཤེས་དང་བཅས་པའི་ཕྱིར་རོ། །སྟེང་དང་འོག་ཏུ་སྦྱོར་ཞེས་བྱ་བ་ནི་རང་གི་ལུས་ལ་སྟེང་དང་འོག་ཏུ་གནས་པའི་དབྱིབས་ཀྱིས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་ཕན་ཚུན་དུ་འབྲེལ་པའི་རྣམ་པ་ཅན་ནོ། །
འདི་རྣམས་ཞེས་བྱ་བ་ནི་འཁོར་ལོ་དྲུག་པ་ལའོ། །རབ་ཏུ་གྲགས་ཞེས་བྱ་བ་ནི་བརྗོད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་སུམ་ཅུ་རྩ་

བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་བརྒྱད་པས་འཁོར་ལོ་དྲུག་གི་བསྒོམ་པའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་ནས། །ད་ནི་དུས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་སུམ་ཅུ་རྩ་དགུ་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེའི་རྩོམ་
པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་བརྒྱད་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བརྗོད་པའོ། །བཅོམ་ལྡན་འདས་རྡོ་རྗེས་ཞེས་བྱ་བ་ནི་དྲུག་པ་རྡོ་རྗེ་འཆང་གི་རྣམ་པ་དེ་བཞིན་གཤེགས་པའོ། །དུས་ཀྱི་མཚན་ཉིད་
སྡོམ་པ་ནི། །ཞེས་བྱ་བ་ལ་དུས་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ལའོ། །མཚན་ཉིད་སྡོམ་པ་ནི་མཚན་ཉིད་བསྡུ་བའོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་རྣལ་འབྱོར་གང་གིས་ཞེས་བྱ་བ་གསུངས་ཏེ། རྫོགས་པའི་རིམ་པ་སྒོམ་པ་པོའི་རྣལ་འབྱོར་རྣམས་སོ། །གང་གིས་ཞེས་བྱ་བ་ནི་
དུས་ཀྱི་མཚན་ཉིད་ཀྱིས་སོ། །གྲངས་ཀྱི་རྣལ་འབྱོར་རྣམ་པར་ཤེས། །ཞེས་བྱ་བ་ནི་དེ་ལྟ་བུའི་བཤད་པར་བྱ་བའོ། །གྲངས་ཀྱི་རྣལ་འབྱོར་ནི་རླུང་གི་གྲངས་ཀྱི་རྣལ་འབྱོར་རོ། །བླ་ན་མེད་ཅེས་བྱ་བ་ནི་འདི་ལས་གོང་ན་གཞན་མེད་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་དུས་
བརྗོད་པར་འདོད་པས་དེ་ལྟར་བརྗོད་པའོ། །དེ་ལྟར་རྩོམ་པ་བསྟན་ནས། ད་ནི་དེ་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་དུས་ཀྱི་རབ་ཏུ་དབྱེ་བ་ནི། །དུས་ནི་དུས་ཚོད་ཅེས་ནི་བཤད། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ནི་ཟླ་བ་དང་ཉི་མ་རྒྱུ་བར་བྱེད་པའི་
དུས་ཏེ། དུས་ཀྱི་རྣམ་གྲངས་ཉིད་ཀྱི་ཕྱིར་རོ། །དེ་ཡང་བསམས་དང་བསམ་མིན་ངོ་བོ་ནི། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་མྱང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །དུས་བཟང་དང་ནི་ཞེས་པ་ནི་ཕྱི་རོལ་གྱི་དུས་བཟང་པོ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །དུས་
ངན་དང་ཞེས་བྱ་བ་ཡང་དེ་ལྟ་བུ་ཉིད་དོ། །རྣམ་པ་གཉིས་ནི་ཀུན་དུ་གནས། །ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་ཕྱི་རོལ་དང་བསྟན་རྣམས་ལས་ཀྱང་ངོ་། །གནས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །དེ་ལྟར་དུས་ཀྱི་རབ་ཏུ་དབྱེ་བ་བསྟན་ནས། ད་ནི་དེའི་མཚན་ཉིད་བརྗོད་པའི་

ཕྱིར་རོ། །དེའི་ཡན་ལག་ནང་གི་དུས་གཉིས་ཀྱི་མཚན་ཉིད་ནི། སྣའི་བུ་ག་གཉིས་ནས་འབབ་པའི་རྒྱུན་གྱིས་སོ། །སྲོག་དང་རྩོལ་བ་གཉིས་ཞེས་བྱ་བ་ནི་འབྱུང་བ་དང་འཇུག་པའི་དབུགས་གཉིས་སོ། །མཉམ་པ་ཞེས་བྱ་བ་ནི་གཡས་པ་དང་གཡོན་པའི་རྒྱུ་བ་མ་འདྲེས་པས་སོ། །འབབ་
ཅེས་བྱ་བ་ནི་རབ་ཏུ་འབབ་པའོ། །གང་དུ་ཞེས་བྱ་བ་ནི་གནས་སྐབས་གང་ལའོ། །དུས་བཟང་ཞེས་བྱ་བ་ནི་འཆི་ལྟས་མེད་པས་དུས་བཟང་པོ་དང་ཆོས་མཐུན་པས་དེ་ལྟར་བརྗོད་པ་ཡིན་ནོ། །དུས་ངན་དེ་ལས་བཟློག་པའོ། །ཞེས་བྱ་བ་ནི་སྲོག་དང་རྩོལ་བའི་རླུང་འདྲེས་པས་ཞེས་བྱ་བའི་དོན་
ཏོ། །དེ་ལྟར་ནང་གི་དུས་གཉིས་ཀྱི་མཚན་ཉིད་བསྟན་ནས། ད་ནི་ཕྱིའི་དུས་གཉིས་ཀྱི་མཚན་ཉིད་བརྗོད་པའི་ཕྱིར། དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ལྟར་གྱི་དུས་ནི་དུས་བཟང་པོར་བརྗོད་དེ། འབད་པ་མེད་པས་བདེ་བས་གནས་པའི་ཕྱིར་རོ། །འདས་པའི་དུས་
ནི་དུས་ངན་ནོ། །ཞེས་བྱ་བ་ནི་འདས་པའི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱིའི་དུས་གཉིས་ཀྱི་མཚན་ཉིད་བཤད་པ་བསྟན་ནས། ད་ནི་དགའ་བ་ལ་སོགས་པའི་དགོངས་པས་དེའི་མཚན་ཉིད་བརྗོད་པའི་ཕྱིར། དུས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་དགའ་ལས་
གཞན་པ་ཡིན་ཞེས་བྱ་བ་ནི་མཆོག་དགའ་ལས་གཞན་པ་ནི་དགའ་བྲལ་གྱི་ངོ་བོ་སྟེ། དེའི་དུས་སུ་བདེ་བ་དང་བྲལ་བའི་ཕྱིར་རོ། །དུས་བཟང་པོ་མཆོག་སྟེ་ཞེས་བྱ་བ་ནི་མཆོག་དགའ་ལས་མངོན་སུམ་ཉིད་དུ་སྟེ། བྱང་ཆུབ་ཀྱི་སེམས་ཡན་ལག་ཐམས་ཅད་ཀྱི་མཚམས་ཁྱབ་པས་འབྲས་བུ་
མང་པོ་བྲི་བའི་ཕྱིར་རོ། །དེ་ལྟར་དགའ་བ་ལ་སོགས་པའི་དགོངས་པས་དེའི་མཚན་ཉིད་བསྟན་ནས། ད་ནི་ཕྱི་རོལ་གྱི་དུས་གཉིས་ཀྱི་མཚན་ཉིད་སླར་ཡང་རྫོགས་པ་དང་ནི་ཞེས་བྱ་བ་ལ་སོགས་པས་སོ། །དུས་དང་པོ་གསུམ་ནི་ཉི་ཤུ་དང་བཅོ་ལྔ་དང་འབུམ་ཕྲག་བཅུའི་ལོའི་ཚད་དང་
འབྲས་བུ་གསུམ་སྒྲུབ་པར་བྱེད་པས་ན། དུས་བཟང་པོ་ཞེས་བརྗོད་པ་ཡིན་ཏེ། ཚེ་དང་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་ནི་ཤིན་ཏུ་ཡང་མང་བའི་ཕྱིར་རོ། །རྩོད་དུས་ནི་ངན་པ་སྟེ་ཞེས་བྱ་བ་ནི་སྙིགས་མ་ལྔས་བསྒྲིབས་པའི་ཕྱིར་དང་། ཚེ་ཐུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་

རྣམ་པ་དེ་ལྟ་བུས་སོ། །དུས་མཚན་ཉིད་ཅེས་བྱ་བ་ནི་ཕྱི་རོལ་གྱི་ངོ་བོ་ལའོ། །གསུངས་པ་ཞེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་དོན་རྣམ་པ་བཞིས་མདོར་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་དགའ་བ་ལ་སོགས་པའི་དགོངས་པས་དུས་
གཉིས་ཀྱི་ངོ་བོ་བསྟན་པའི་ཕྱིར། དགའ་བ་དང་མཆོག་ཏུ་དགའ་བ་དང་ཞེས་བྱ་བ་གསུངས་ཏེ། ཅུང་ཟད་ཙམ་གྱིས་བདེ་བ་དང་། །དེ་ལས་ལྷག་པའི་ངོ་བོ་བརྒྱུད་པའི་རྒྱུད་དང་དངོས་ཀྱི་རྒྱུའི་ངོ་བོའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་དཔེའི་ངོ་བོ་ལའོ། །དུས་བཟང་སྟེ་ཞེས་བྱ་བ་ནི་གསུམ་པོ་
དེ་རྣམས་དུས་བཟང་པོའི་སྒྲས་བརྗོད་པར་བྱ་བ་སྟེ། གོང་ནས་གོང་དུ་བདེ་བ་འཕེལ་བ་འབྲས་བུ་དང་བཅས་པའི་ཕྱིར་རོ། །བྲལ་དགར་བཤད་པ་དུས་ངན་ནི། །བདེ་བ་ཉམས་པའི་ངོ་བོ་ཉིད་དང་། ཆགས་བྲལ་གྱི་བདག་ཉིད་ཅན་ཉིད་དང་། རྟོག་པ་དང་བཅས་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་
དེ་མ་ཐག་པར་བསྟན་པའི་ཆོ་གས་སོ། །དུས་ཀྱི་ཞེས་བྱ་བ་ནི་དགའ་བ་ལ་སོགས་པའི་ངོ་བོ་ལའོ། །མཚན་ཉིད་ཅེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་ཀྱི་རྣམ་པར་གཞག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དགའ་བ་ལ་སོགས་པའི་འདོད་པས། དུས་གཉིས་ཀྱི་རང་གི་ངོ་
བོ་བསྟན་ནས། ད་ནི་དབུགས་གསུམ་གྱི་རྗེས་སུ་འབྲངས་ནས། དེའི་ངོ་བོ་བཤད་པ་བརྗོད་པའི་ཕྱིར། འཇུག་པ་དང་ནི་གནས་པའི་དུས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟང་པོར་ནི་ཞེས་བྱ་བ་ནི་དུས་བཟང་པོའོ། །ཡོངས་སུ་གྲགས་ཞེས་བྱ་བ་ནི་བརྗོད་པ་སྟེ་
ལུས་ཀྱི་ནང་དུ་དབུགས་སྡུད་པར་བྱེད་པའི་ཕྱིར་རོ། །ལྡང་བ་ཡང་ནི་དུས་ངན་པོ། །ཞེས་བྱ་བ་ནི་དབུགས་རྣམས་ཕྱིར་འབྱུང་བས་སོ། །དེ་ལྟར་ཞེས་བྱ་བ་ནི་དབུགས་གསུམ་ལ་ལྟོས་ནས་སོ། །དུས་ཀྱི་མཚན་ཉིད་དོ་ཞེས་བྱ་བ་ནི་དུས་གཉིས་ཀྱི་མཚན་ཉིད་དོ། །དེ་ལྟར་མདོར་བསྟན་
པ་དང་རྒྱས་པར་བཤད་པ་དག་གིས་དེའི་མཚན་ཉིད་བརྗོད་ནས། ད་ནི་བསམ་གྱིས་མི་ཁྱབ་པའི་དུས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེའི་ཡན་ལག་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་རྗེས་སུ་འབྲངས་ནས་བསམ་གྱིས་མི་ཁྱབ་པའི་དུས་ཀྱི་ངོ་བོ་ནི། དུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཀུན་ནས་འགྲོ་བའོ། །ཁམས་རྣམས་ཐམས་ཅད་དེ་ཞེས་བྱ་བ་ནི་སོ་དང་སེན་མོ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་འགྱུར་རྣམས་ལའོ། །མཉམ་པའི་རོའི་གོ་འཕང་ཞེས་བྱ་བ་ནི་ཁམས་རྣམས་ཐམས་ཅད་ཀྱི་ཡུལ་ལ་ཐ་དད་པའི་རྣམ་པར་རྟོག་པ་བཅོམ་པའོ། །མཆོག་ཅེས་བྱ་བ་ནི་
ལྷན་ཅིག་སྐྱེས་པའི་རྒྱུར་གྱུར་པས་སོ། །ཡེ་ཤེས་རྣམ་ཤེས་རྣམ་པར་སྤངས