Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 34

Văn bản gốc(Tây Tạng)

Trang 4 / 15 (50.000 ký tự/trang)
་པ་ཉིད་ཀྱི་ཕྱིར། སྨིན་མ་གཉིས་དང་ལྷན་ཅིག་བརྒྱད་དེ་དབུས་མ་དང་ལྷན་ཅིག་དགུ་ཞེས་
བྱ་བར་རྣམ་པར་གཞག་གོ། །སྡིག་པ་དང་ཞེས་བྱ་བ་ནི་དབུས་མའི་གནས་སུ་སྨིན་མཚམས་ཀྱི་ངོ་བོས་བཙུགས་པ་ཉིད་ཀྱི་ཕྱིར་སྡིག་པ་ནི་སྲོག་གི་རླུང་ངོ་། །གཡོན་ཅན་ཞེས་བྱ་བ་ནི་རླུང་ཆེན་པོའི་རྩ་ལ་བརྟེན་ནས་བཤད་པ་ལ་སོགས་པ་སྟེ་བཤད་པ་ལ་སོགས་པ་ནི་ཐུར་སེལ་གྱི་རླུང་ངོ་། །བསིལ་བ་ཞེས་བྱ་
བ་ནི་བྱེ་བ་འཁྱིལ་བའི་རྩ་ལ་བརྟེན་ནས་སྟེང་དུ་གནས་པའི་ཁམས་མཉམ་པར་བྱེད་པར་བྱེད་པས་བསིལ་བའི་ངོ་བོ་ཉིད་ཀྱི་ཕྱིར་བསིལ་བ་ནི་མཉམ་གནས་ཀྱི་རླུང་ངོ་། །མཛེས་པར་འགྲོ་བ་ཞེས་བྱ་བ་ནི་མི་བཟད་པའི་རྩ་ལ་བརྟེན་ནས། ཚངས་པའི་བུ་གའི་སྒོ་ནས་མཛེས་པར་འགྲོ་བ་ནི་གཡོན་ནས་རྒྱུ་བའི་
རླུང་སྟེ། མཛེས་པར་འགྲོ་བ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །མགྲིན་པ་དང་ཞེས་བྱ་བ་ནི་འཛིན་བྱེད་མའི་རྩ་ལ་བརྟེན་ནས་གཟུགས་ཀྱི་ཡུལ་ཁྱད་པར་སྦོམ་ལ་རགས་པའི་ཕྱིར་ལ་ཀནྡྷ་ར་ནི་གྱེན་དུ་རྒྱུ་བའི་རྩའོ། །ཐམས་ཅད་མ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྩ་ལ་བརྟེན་ནས་སྒྲའི་ཡུལ་ཐམས་ཅད་ལ་འཁྲིད་
པས་ན་ཐམས་ཅད་མ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །མཆོག་སྟེར་མ་ཞེས་བྱ་བ་ནི་རྫོགས་པའི་རྩ་ལ་བརྟེན་ནས་དྲིའི་ཡུལ་ལ་ཞེན་པ་བསྐྱེད་ནས་ཕྱིར་མཆོག་སྟེར་མ་ཡང་དག་པར་རྒྱུ་བའོ། །སྨྱོ་བྱེད་དང་ཞེས་བྱ་བ་ནི་གཡོན་པའི་སྨིན་མའི་མཚམས་ཀྱི་རྩ་ལ་བརྟེན་ནས་རོའི་ཡུལ་ལ་ལོངས་སྤྱོད་པས་སྨྱོ་བ་བསྐྱེད་པ་
དང་འདྲ་བས་ན། སྨྱོ་བྱེད་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །ང་རྒྱལ་འཚོ་མ་ཞེས་བྱ་བ་ནི་གཡས་པའི་སྨིན་མའི་མཚམས་སུ་གནས་ནས་རེག་བྱའི་ཡུལ་ལ་ང་རྒྱལ་སྐྱེད་པར་བྱེད་པས་ན་འཚོ་བ་དང་འདྲ་བར་འཚོ་བས་ང་རྒྱལ་འཚོ་ནི་ངེས་པར་རྒྱུ་བའི་རླུང་ངོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་ལྟོས་ནས་བརྗོད་པའོ། །ཚོགས་

བདག་ཅེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་དབུས་ཀྱི་གནས་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་དུ་ཁྲིད་པར་བྱེད་པས་ན་ཚོགས་བདག་ནི་སྲོག་གི་རླུང་ངོ་། །རྩངས་པ་དང་ཞེས་བྱ་བ་ནི་རིམ་རིགས་ཀྱི་རྩ་ལ་བརྟེན་ནས་རླུང་དང་བཤང་གཅི་གཙུག་ཕུད་བཞིན་དུ་ཁྱེར་བར་བྱེད་པས་ན་
རྩངས་པ་ནི་ཐུར་སེར་གྱི་རླུང་ངོ་། །སའི་བློ་ཞེས་བྱ་བ་ནི་འདོད་ཅན་མ་ནི་རྩ་ལ་བརྟེན་ནས་གནས་པའི་རང་བཞིན་ཅན་ནོར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཚངས་པའི་བུ་ག་ལ་བློ་གྲོས་ནི་འདུན་པའི་མཚན་ཉིད་ཅན་གང་ལ་ཡོད་པ་དེ་ནི་སའི་བློ་མ་སྟེ་མཉམ་གནས་ཀྱི་རླུང་ངོ་། །ཐེག་པ་བཟང་དང་ཞེས་
བྱ་བ་ནི་འདོད་ཅན་མའི་རྩ་ལ་བརྟེན་ནས་གྱེན་དུ་རྒྱུ་བ་ལ་ཤིན་ཏུ་ཐེག་པ་བཟང་བ་གང་ལ་ཡོད་པ་དེ་ནི་ཐེག་པ་བཟང་སྟེ་གྱེན་དུ་རྒྱུ་བའི་རླུང་ངོ་། །མཆོག་ཏུ་སྐྱེས་ཞེས་བྱ་བ་ནི་སྲོག་རྣམ་པར་འཛིན་པའི་རྩ་ལ་བརྟེན་ནས་གཟུགས་འཛིན་པ་སྟེ། ཀུན་ནས་ནི་རྣམ་པ་ཐམས་ཅད་སྐྱེས་པའི་ཕྱིར་མཆོག་ཏུ་
སྐྱེས་པ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །དྲི་མ་ཞེས་བྱ་བ་ནི་ཟླ་གདུང་གི་རྩ་ལ་བརྟེན་ནས་དྲི་མ་མེད་པའི་སྒྲ་འཛིན་པས་ན་དྲི་མེད་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །གླང་ཆེན་ཕྲུག་ཅེས་བྱ་བ་ནི་ཟླ་གཏེར་གྱི་རྩ་ལ་བརྟེན་ནས་གླང་ཆེན་ཕྲུག་གུ་ལྟར་དྲིའི་ཡུལ་ལ་འདུན་པ་དང་བཅས་པའི་ཕྱིར་གླང་ཆེན་ཕྲུ་གུ་ནི་ཡང་
དག་པར་རྒྱུ་བའི་རླུང་ངོ་། །ཉི་མ་དང་ཞེས་བྱ་བ་ནི་མཛོད་མའི་རྩ་ལ་བརྟེན་ནས་རོའི་ཡུལ་ཉི་མ་བཞིན་དུ་གསལ་བར་བྱེད་པས་ན། ཉི་མ་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །གསལ་བྱེད་དང་ཞེས་བྱ་བ་ནི་འདོད་ཅན་མའི་རྩ་ལ་བརྟེན་ནས། རེག་པའི་ཡུལ་ལ་གསལ་བྱེད་ཉིད་ཀྱི་ཕྱིར་གསལ་བྱེད་ནི་ངེས་པར་རྒྱུ་བའི་
རླུང་ངོ་། །དེ་ལྟར་ཉིན་པར་འཁོར་ལོ་དྲུག་གི་རིམ་པས་རླུང་རྣམས་ཀྱི་མིང་བསྟན་ནས། མཚན་མོ་ཡང་དེའི་རིམ་པས་རྒྱུ་བ་བརྗོད་པའི་ཕྱིར། ཉི་མ་གནོན་ཞེས་གསུངས་ཏེ། སྤྲུལ་པའི་འཁོར་ལོ་གནས་པའི་ཡང་དག་ཤུགས་ཀྱི་རྩ་ལ་བརྟེན་ནས་ཉི་མ་ལྟར་གནོན་པ་ནི་རྣམ་པར་གནོན་པས་
འགྲོ་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཉི་མ་གནོན་ཏེ། སྲོག་གི་རླུང་ངོ་། །སྟོབས་སྟེར་ཞེས་བྱ་བ་ནི་ཤིན་ཏུ་ཤུགས་ཀྱི་རྩ་ལ་བརྟེན་ནས་རླུང་དང་བཤང་གཅི་སྟོབས་བྱེད་པ་རྣམས་འོག་ཏུ་བྱེད་པའི་ཕྱིར་སྟོབས་སྟེར་ནི་ཐུར་སེལ་བའི་རླུང་ངོ་། །ང་རོ་དང་ནི་ཞེས་བྱ་བ་ནི་ཤིན་ཏུ་རྩ་ལ་བརྟེན་ནས་ང་རོ་ལྟར་

བཟའ་བ་ལ་སོགས་པ་རྣམས་མཉམ་པར་བྱེད་པས་ང་རོ་ལྟར་ནི་མཉམ་གནས་ཀྱི་རླུང་ངོ་། །དུས་ཞེས་བྱ་བ་ནི་བཟང་པོར་འགྲོ་བའི་རྩ་ལ་བརྟེན་ནས་དུས་ནི་དུས་ཏེ། གྱེན་དུ་རྒྱུ་བའི་ཕྱིར། དུས་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །སྡོམ་པ་དང་ནི་ཞེས་བྱ་བ་ནི་སྡོམ་ཆེན་གྱི་རྩ་ལ་བརྟེན་ནས་གཟུགས་ཀྱི་ཡུལ་
ལ་སྡོམ་པའི་ཕྱིར་སྡོམ་པ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །མཆོངས་ནས་འགྲོ་བ་ཞེས་བྱ་བ་ནི་མི་བཟོད་ཆེའི་རྩ་ལ་བརྟེན་ནས་སྒྲའི་ཡུལ་ལ་མཆོངས་ནས་འགྲོ་བ་ལྟར་བྱེད་པས་མཆོངས་ནས་འགྲོ་བ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །སྦྲང་མ་ཞེས་བྱ་བ་ནི་མཛེས་ཆེན་མའི་རྩ་ལ་བརྟེན་ནས་དྲིའི་ཡུལ་ལ་སྦྲང་མ་ལྟར་མྱང་བས་ན་སྦྲང་མ་ནི་
ཡང་དག་པར་རྒྱུ་བའི་རླུང་ངོ་། །བསྐྱོད་པ་ཞེས་བྱ་བ་ནི་མདུན་དུ་སྐྱེས་པ་ཆེའི་རྩ་ལ་བརྟེན་ནས། རོའི་ཡུལ་ལ་རྒྱུ་ཞིང་འགྲོ་བས་ན་བསྐྱོད་མ་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །འཕྱན་པ་ཞེས་བྱ་བ་ནི་རྒྱགས་པའི་རྟགས་ཀྱི་རྩ་ལ་བརྟེན་ནས་རེག་བྱའི་ཡུལ་ལ་ཁྱི་བཞིན་དུ་མྱུར་བར་འགྲོ་བས་ན་འཕྱན་པ་སྟེ་
ངེས་པར་རྒྱུ་བའི་རླུང་ངོ་། །ཆོས་ཀྱི་འཁོར་ལོ་ལ་དགོངས་ནས། བསིལ་དང་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་འཁོར་ལོའི་དབུས་ཀྱི་ཟེའུ་འབྲུ་ལ་བསིལ་བའི་སྲོག་གི་རླུང་འཇུག་པར་བྱེད་པས་བསིལ་བ་ནི་སྲོག་གི་རླུང་ངོ་། །སྒུར་པོ་ཞེས་བྱ་བ་ནི་རིན་ཆེན་ཅོད་པན་གྱི་རྩ་ལ་བརྟེན་
ནས་འོག་ཏུ་རྒྱུ་བའི་ངང་ཚུལ་གང་ལ་ཡོད་པ་སྟེ་སྒུར་པོའི་རྩ་ནི་ཐུར་དུ་སེལ་བའི་རླུང་ངོ་། །དྲང་པོ་དང་ཞེས་བྱ་བ་ནི་པདྨ་ཆེའི་རྩ་ལ་བརྟེན་ནས། བཟའ་བ་དང་བཅས་པ་ལ་སོགས་པ་དྲང་པོར་མཉམ་པར་བྱེད་པས་ན་དྲང་པོ་ནི་མཉམ་གནས་ཀྱི་རླུང་ངོ་། །ས་དང་ཞེས་བྱ་བ་ནི་རྡོ་རྗེ་ཆེན་
པོའི་རྩ་ལ་བརྟེན་ནས་རང་བཞིན་དུ་གྱེན་དུ་རྒྱུ་བར་བྱེད་པས་ན་ས་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །ས་ལ་འགྲོ་བ་ཞེས་བྱ་བ་ནི་སྟོབས་པོ་ཆེའི་རྩ་ལ་བརྟེན་ནས་གཟུགས་ཀྱི་ཡུལ་འགྲོ་བས་ན། ས་ལ་འགྲོ་བ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །བྲམ་ཟེ་དང་ཞེས་བྱ་བ་ནི་མགོ་བོ་ཆེན་པོའི་རྩ་ལ་བརྟེན་ནས་བྲམ་ཟེ་ལྟར་སྒྲའི་
ཡུལ་ལ་འགྲོ་བས་ན། བྲམ་ཟེ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །རྣམ་འགྱུར་གནས་ཞེས་བྱ་བ་ནི་སྒྲ་ཆེན་པོའི་རྩ་ལ་བརྟེན་ནས་དྲིའི་ཡུལ་ལ་གནས་པའི་ཕྱིར་རྣམ་འགྱུར་གནས་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །མ་མོའི་རིགས་དང་ཞེས་བྱ་བ་ནི་དགའ་བ་ཆེན་པོའི་རྩ་ལ་བརྟེན་ནས་མ་མོའི་རིགས་ནི་བུད་

མེད་ཀྱི་ཚོགས་འོ་བྱེད་པའི་རོའི་ཡུལ་ཉམས་སུ་མྱོང་བའི་དོན་དུ་སྐྱེས་པའི་ཕྱིར་བུད་མེད་ཀྱི་རིགས་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །ལྕེ་བསྐྱོད་པ་ཞེས་བྱ་བ་ནི་མྱོས་པ་ཆེའི་རྩ་ལ་བརྟེན་ནས་རེག་བྱའི་ཡུལ་ལ་ཤིན་ཏུ་ཡང་བསྐྱོད་པར་བྱེད་པའི་ཕྱིར་ལྕེ་བསྐྱོད་མ་ནི་ངེས་པར་རྒྱུ་
བའི་རླུང་ངོ་། །མེའི་འཁོར་ལོ་ལ་ལྟོས་ནས་ངེས་པར་བརྗོད་པར་བྱ་སྟེ། མི་སྨྲ་བ་དང་ཞེས་བྱ་བ་ནི་མེའི་འཁོར་ལོའི་དབུས་ལ་བརྟེན་ནས་ཤིན་ཏུ་ཕྲ་བ་ཉིད་ཀྱིས་སྲོག་གི་རླུང་འཇུག་པའི་ཕྱིར་མི་སྨྲ་བ་ནི་སྲོག་གི་རླུང་ངོ་། །རྔ་སྒྲའི་སྤྲིན་ཞེས་བྱ་བ་ནི་དྲི་མ་མེད་པའི་རྩ་ལ་བརྟེན་ནས་སྤྲིན་གྱི་སྒྲ་ལྟར་ཐུར་
སེལ་གྱི་རླུང་འཇུག་པས་ན་རྔ་སྒྲའི་སྤྲིན་ནི་ཐུར་སེལ་གྱི་རླུང་ངོ་། །དགའ་བར་བྱེད་དང་ཞེས་བྱ་བ་ནི་གསལ་བའི་རྩ་ལ་བརྟེན་ནས་བཟའ་བ་དང་བཅའ་བ་ལ་སོགས་པ་མཉམ་པར་བྱེད་པས་ལུས་ལ་དགའ་བར་བྱེད་པས་ན་དགའ་བར་བྱེད་པ་ནི་མཉམ་གནས་ཀྱི་རླུང་ངོ་། །མིག་ཡངས་དང་ཞེས་བྱ་བ་ནི་རྫོགས་པའི་
རྩ་ལ་བརྟེན་ནས་གྱེན་དུ་འགྲོ་བས་མིག་ཡངས་པའི་ཕྱིར་ཡངས་པའི་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །དྲི་མ་མེད་ཅེས་བྱ་བ་ནི་མདུད་པ་བརྗོད་པར་འདོད་པས་སྔར་ཡང་དྲི་མ་མེད་པའི་རྩ་ལ་བརྟེན་ནས་གསལ་བ་ཉིད་ཀྱིས་དྲི་མ་མེད་པས་གཟུགས་ཀྱི་ཡུལ་མཐོང་བ་ཉིད་ཀྱིས་དྲི་མ་མེད་པ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །འོད་
སྲུངས་ཞེས་བྱ་བ་ནི་གསལ་བའི་རྩ་ལ་བརྟེན་ནས་སྒྲའི་ཡུལ་ལ་འོད་སྲུངས་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །ནེ་ཙོ་ཞེས་བྱ་བ་ནི་གང་བའི་རྩ་ལ་བརྟེན་ནས། ནེ་ཙོ་བཞིན་དུ་དྲིའི་ཡུལ་ལ་མཉམ་པར་བྱེད་པས་ནེ་ཙོ་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །སྣ་ཚོགས་མཆུ་དང་ཞེས་བྱ་བ་ནི་གཡོན་པའི་ནུ་མ་ལ་བརྟེན་
ནས། བྱང་ཆུབ་སེམས་ཀྱི་ངོ་བོའི་རོ་སྣ་ཚོགས་པའོ། །རྣམ་པ་སྣ་ཚོགས་མཆུ་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །མི་མཉམ་དང་ཞེས་བྱ་བ་ནི་གཡས་པའི་ནུ་མ་ལ་བརྟེན་ནས་དེའི་ཡུལ་ཉིད་ལ་འདུན་པ་དང་བཅས་པ་ནི་མི་མཉམ་པ་ཉིད་ཀྱི་ཕྱིར་ངེས་པར་རྒྱུ་བའོ། །ལོངས་སྤྱོད་ཀྱི་འཁོར་ལོ་ལ་ལྟོས་ནས་བརྗོད་པར་བྱ་
སྟེ། མཛེས་དང་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་ཀྱི་ཟེའུ་འབྲུ་ལ་མཛེས་པའི་སྲོག་འཇུག་པ་ཉིད་ཀྱི་ཕྱིར་མཛེས་པའི་རླུང་བཞིན་དུ་སྲོག་གི་རླུང་ཉིད་དོ། །ཆོས་ཀྱི་སྲོག་ཤིང་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་རྩ་ལ་བརྟེན་ནས། རླུང་ལ་སོགས་པ་ཐུར་དུ་ཁྱེར་བས་ཆོས་འཛིན་པའི་ནུས་པ་དང་ལྡན་པས་

ལུས་ལ་སྲོག་ཤིན་ཏུ་གྱུར་པ་ཉིད་ཀྱི་ཕྱིར། ཆོས་ཀྱི་སྲོག་ཤིང་ནི་ཐུར་དུ་སེལ་བའི་རླུང་ངོ་། །ཀུན་དུ་འགྲོ་ཞེས་བྱ་བ་ནི་ལོངས་སྤྱོད་གཏེར་གྱི་རྩ་ལ་བརྟེན་ནས་བཟའ་བ་ལ་སོགས་པ་མཉམ་པར་བྱེད་པ་ཉིད་ཀྱིས་ཡུལ་ཐམས་ཅད་དུ་འགྲོ་བ་ཉིད་ཀྱི་ཕྱིར། ཀུན་འགྲོ་ནི་མཉམ་གནས་ཀྱི་རླུང་ངོ་། །སྙིང་
སྟོབས་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པའི་རྩ་ལ་བརྟེན་ནས་སྟེང་དུ་འཇུག་པ་ལ་སྙིང་སྟོབས་ལྡན་པའི་ཕྱིར་སྙིང་སྟོབས་གྱེན་དུ་འགྲོ་བའི་རླུང་ངོ་། །བརྟན་པ་དང་ཞེས་བྱ་བ་ནི་ཉིད་འགྲོའི་རྩ་ལ་བརྟེན་ནས། གཟུགས་ཀྱི་ཡུལ་ལ་བརྟེན་པ་ཉིད་ཀྱི་ཕྱིར་བརྟན་པ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །ཟ་ཕོད་ཅེས་བྱ་བ་ནི་
གནས་གསལ་བའི་རྩ་ལ་བརྟེན་ནས། སྒྲའི་ཡུལ་ལ་ཟ་ཕོད་པའི་ཕྱིར་ཟ་ཕོད་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །བོང་བུ་ཞེས་བྱ་བ་ནི་སྐལ་བའི་རྩ་ལ་བརྟེན་ནས་དྲིའི་ཡུལ་ལ་བོང་བུ་བཞིན་དུ་འགྲོ་བས་ན་བོང་བུ་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །སྙོམ་ལས་དང་ཞེས་བྱ་བ་ནི་བསྒོམ་པའི་རྩ་ལ་བརྟེན་ནས། རོའི་
ཡུལ་ལ་སྙོམ་ལས་ཉིད་ཀྱི་ཕྱིར་སྙོམ་ལས་ནི་རབ་ཏུ་འབབ་པའི་རླུང་ངོ་། །ཁ་གདངས་རྩོད་པ་ཅན་ཞེས་བྱ་བ་ནི་ཐལ་བའི་གདོང་གི་རྩ་ལ་བརྟེན་ནས། རེག་བྱའི་ཡུལ་ལ་ཁ་གདངས་པ་དང་འདྲ་བས་ན། ཁ་གདངས་པ་ནི་ངེས་པའི་རྒྱུ་བའི་རླུང་ངོ་། །རླུང་གི་འཁོར་ལོ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། སྒྲ་
ཆེན་ཞེས་བྱ་བ་ནི་རླུང་གི་འཁོར་ལོའི་ལྟེ་བ་ལ་སྒྲ་ཆེན་པོའི་ངོ་བོས་འཇུག་པས་ན་སྒྲ་ཆེན་པོ་ནི་སྲོག་གི་རླུང་ངོ་། །རྩོད་པ་ཅན་ཞེས་བྱ་བ་ནི་རླུང་ཆེན་པོའི་རྩ་ལ་བརྟེན་ནས། རྩུབ་པའི་རྣམ་པར་བཤང་གཅི་ལ་སོགས་པ་འཇུག་པའི་ཕྱིར་རྩོད་པ་ཅན་ནི་ཐུར་སེལ་གྱི་རླུང་ངོ་། །རྩ་བྲན་དབང་བྱེད་ཅེས་བྱ་བ་ནི་བྲེ་བ་
འཁྱིལ་བའི་རྩ་ལ་བརྟེན་ནས། བཟའ་བ་དང་བཅའ་བ་ལ་སོགས་པའི་ཡུལ་ལ་སྒེག་པས་དབང་བྱེད་ནི་དེ་དང་མཉམ་པར་བྱེད་པ་ལ། གཞན་དབང་ཉིད་ཀྱི་ཕྱིར་རྩ་བྲན་དབང་བྱེད་ནི་མཉམ་གནས་ཀྱི་རླུང་ངོ་། །གཡོ་སྒྱུ་ཅན་ཞེས་བྱ་བ་ནི་མི་བཟད་པའི་རྩ་ལ་བརྟེན་ནས། གྱེན་དུ་འཇུག་པ་གཡོ་སྒྱུ་
ཅན་དང་འདྲ་བས་ན། གཡོ་སྒྱུ་ཅན་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །རྩལ་པོ་ཆེ་ཞེས་བྱ་བ་ནི་འཛིན་པ་ཞེས་བྱ་བའི་རྩ་ལ་བརྟེན་ནས་གཟུགས་ཀྱི་ཡུལ་ལ་ཁྱད་པར་དུ་རྩལ་ཆེ་བའི་ཕྱིར་རྩལ་པོ་ཆེ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །རྟག་ཏུ་དགའ་ཞེས་བྱ་བ་ནི་རྣམ་རྟོག་མེད་པའི་རྩ་ལ་བརྟེན་ནས་རྟག་ཏུ་སྒྲའི་ཡུལ་

ལ་དགའ་བ་ནི་རྣམ་པར་རྒྱུ་བའོ། །གློག་ཕྲེང་ཞེས་བྱ་བ་ནི་གང་བའི་ཡུལ་ལ་བརྟེན་ནས་དྲིའི་ཡུལ་ལ་གློག་གི་ཕྲེང་བ་བཞིན་དུ་འཇུག་པས་གློག་གི་ཕྲེང་བ་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །སོ་སོར་རྒྱུ་བ་ཞེས་བྱ་བ་ནི་གཡོན་པའི་སྨིན་མའི་རྩ་ལ་བརྟེན་ནས་རོའི་
ཡུལ་ལ་སོ་སོར་རྒྱུ་བའོ། །རྟག་པ་ཞེས་བྱ་བ་ནི་སྨིན་མ་གཡས་པའི་རྩ་ལ་བརྟེན་ནས། རེག་བྱའི་ཡུལ་ལ་རྟག་པར་འཇུག་པར་བྱེད་པའི་ཕྱིར། རྟག་པ་ནི་ངེས་པར་རྒྱུ་བའི་རླུང་ངོ་། །བདེ་བ་ཆེན་པོའི་འཁོར་ལོ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། རལ་གུ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་
ལྟེ་བ་ལ་རྩ་མ་ལུས་པ་ཐམས་ཅད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྲོག་འཇུག་པའི་ཕྱིར། རལ་གུ་ནི་སྲོག་གི་རླུང་ངོ་། །ལྕེ་དང་ནི་ཞེས་བྱ་བ་ནི་རིམ་པ་རིགས་ཀྱི་རྩ་ལ་བརྟེན་ནས། བྱང་ཆུབ་སེམས་ཀྱི་ཁུ་བ་ཐུར་དུ་ཁྱེར་བས་ལྕེ་ནི་ཐུར་སེལ་གྱི་རླུང་ངོ་། །བདེ་མཆོག་ཅེས་བྱ་བ་ནི་འདོད་པ་ཅན་གྱི་
རྩ་ལ་བརྟེན་ནས་མགོ་བོ་ནས་བརྩམས་ཏེ། ལུས་ཐམས་ཅད་ཀྱི་ཚིགས་ཀྱི་མཐར་ཐུག་པ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་ལུས་ལས་སེམས་ནི་བདེ་བ་བདེ་མཆོག་ཏུ་བྱེད་པས་ན་བདེ་མཆོག་ནི་མཉམ་གནས་ཀྱི་རླུང་ངོ་། །ཨུ་དུམྺཱ་ར་ཞེས་བྱ་བ་ནི་འདོད་ཆེན་མའི་རྩ་ལ་བརྟེན་ནས་ཚངས་
པའི་བུ་གའི་སྒོ་ནས་གྱེན་དུ་འགྲོ་བར་བྱེད་པས་ཨུ་དུམྺཱ་ར་དང་འདྲ་བས་ན། རྣལ་འབྱོར་པས་བརྒྱ་ལམ་ཉེ་བར་མཚོན་པའི་ཕྱིར། ཨུ་དུམྺཱ་ར་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །བླུན་པོ་ཞེས་བྱ་བ་ནི་སྲོག་འཛིན་པའི་རྩ་ལ་བརྟེན་ནས་གཟུགས་ཀྱི་ཡུལ་ལ་འཛིན་པས་གཞན་དུ་བླུན་པོ་དང་འདྲ་བས་ན་བླུན་པོ་
སྟེ། བླུན་པོ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །དྲ་བ་ཅན་ནི་པདྨ་བསྐོར། །ཞེས་བྱ་བ་ནི་ཟླ་བ་བཏུང་བའི་རྩ་ལ་བརྟེན་ནས་སྒྲའི་ཚོགས་ཀྱི་ཡུལ་ལ་པདྨ་བསྐོར་བ་བཞིན་དུ་ཤིན་ཏུ་དགའ་བས་འཇུག་པའི་ཕྱིར། དྲ་བ་ཅན་ནི་པདྨ་བསྐོར་བ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །དགྲ་སྟ་ཞེས་བྱ་བ་ནི་ཟླ་སྟེར་གྱི་རྩ་ལ་བརྟེན་
ནས། དྲི་བའི་ཡུལ་སྤངས་ནས་ཡུལ་གཞན་ལ་རྒྱུ་བ་སྟ་རེ་བཞིན་གཅོད་པར་བྱེད་པས་ན་དགྲ་སྟ་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །རྨ་བྱ་ཞེས་བྱ་བ་ནི་མཛོད་ཀྱི་རྩ་ལ་བརྟེན་ནས། རོའི་ཡུལ་ལ་ཙ་ཊ་ཀ་ནི་རྨ་བྱ་བཞིན་ཏེ། འདུན་པ་དང་བཅས་པའི་ཕྱིར་རྨ་བྱ་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །རླུང་དང་ནི་ཞེས་བྱ་བ་ནི་

འདོད་ཅན་མའི་རྩ་ལ་བརྟེན་ནས་འདོད་ཆགས་ཀྱི་གདུང་བ་བསིལ་བར་བྱེད་པའི་ཕྱིར་རླུང་ནི་ངེས་པར་རྒྱུ་བའི་རླུང་ངོ་། །དེ་ལྟར་མིང་རྣམས་ཞེས་བྱ་བ་ནི་རླུང་རྣམས་ཀྱི་འཁོར་ལོའི་གྲངས་ཀྱིས་ཉིན་མཚན་གཅིག་ལ་བརྒྱ་རྩ་བརྒྱད་ཀྱི་གྲངས་ཀྱི་མིང་ནི་ཐ་སྙད་དུ་བྱས་པ་གསུངས་ཏེ། བདག་གིས་སོ། །རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་
ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །དེ་ལྟར་རླུང་རྣམས་ཀྱི་མིང་བསྟན་ནས། ད་ནི་དེ་རྣམས་བསྐྱེད་པ་ལ་རིམ་པ་རྣམ་པར་གཞག་པ་བརྗོད་པའི་ཕྱིར། དེའི་ཡན་ལག་བཅོམ་ལྡན་འདས་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་བྱ་བ་སྟེ། རླུང་རྣམས་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་
པར་བཤད་པའོ། །ཇི་ལྟ་བའི་གནས་ཞེས་བྱ་བ་ནི་བསྐྱེད་པའི་གནས་རྣམས་སོ། །དབྱེ་བ་ཞེས་བྱ་བ་ནི་རྒྱས་པར་རོ། །གང་ལས་ཞེས་བྱ་བ་ནི་གང་གི་ཕྱིར་གནས་གང་ལས་སོ། །ལྡང་བ་ནི་སྐྱེ་བའོ། །དེ་དག་ཅེས་བྱ་བ་ནི་རླུང་རྣམས་ཏེ། དེ་མ་ཐག་ཏུ་བཤད་པ་རྣམས་སོ། །བགྱིད་པ་ལགས་ཞེས་
བྱ་བ་ནི་རྒྱ་ཆེར་གྲངས་ཀྱི་དབྱེ་བས་ཕྱེ་བ་ཉིད་དེ་ལྟར་དེའི་དོན་དུ་གསོལ་བ་འདེབས་པ་བསྟན་ནས། ད་ནི་རང་གི་ངོ་བོ་བརྗོད་པའི་ཕྱིར་དེའི་དོན་དུ་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་ནི། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་གསུངས་ཏེ། སྔོན་དུ་བཤད་ཟིན་ཏོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་
སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་ཕྱིར་རོ། །ཚིག་གཉིས་པོ་འདིས་བཅོམ་ལྡན་འདས་ལ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །རླུང་གི་ཞེས་བྱ་བ་ནི་སྔོན་དུ་བསྟན་པ་རྣམས་ལའོ། །གནས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་གནས་ལས་སྐྱེ་བའི་མཚན་ཉིད་དོ། །དེ་ལྟར་བཅོམ་
ལྡན་འདས་ཀྱི་གསུང་ལ་འཇུག་པ་བསྟན་ནས། གནས་ཀྱི་རང་གི་ངོ་བོ་བརྗོད་པའི་ཕྱིར་འཁོར་ལོ་དྲུག་ལ་ཁྱབ་པའི་ཞེས་གསུངས་ཏེ། དྲུག་ནི་སྤྲུལ་པ་དང་། ཆོས་དང་། མེ་དང་། ལོངས་སྤྱོད་དང་། རླུང་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་སུའོ། །ཁྱབ་པའི་རླུང་ཞེས་བྱ་བ་ནི་གཅིག་པུ་ཉིད་སྲོག་གི་རླུང་
གི་རང་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྙིང་གའི་གནས་སུ་རྣམ་པར་ཤེས་པ་དང་ལྷན་ཅིག་གོ། །རྟག་ཏུ་གནས་ཞེས་བྱ་བ་ནི་འཆི་བའི་མཐར་ཐུག་པའི་བར་དུའོ། །དེའི་ཕྱིར་འགྲོ་བ་ན། དེའི་ཕྱིར་སྲོག་ཅེས་བྱ་བ་གསུངས་ཏེ། ཇི་སྐད་དུ་འཆད་པར་འགྱུར་བ་ལས། རབ་ཏུ་འགྲོ་དང་སྲོག་རྩོལ་དང་། །

དབང་པོའི་སྒོ་ཡི་ལམ་ནས་ནི། །དུས་རྟག་ཏུ་ནི་རབ་ཏུ་འགྲོ། །འདིར་ནི་སྲོག་ཅེས་བྱ་བར་བརྗོད། །ཅེས་གསུངས་སོ། །ཇི་ལྟ་བུ་ཞེ་ན། དེ་ཕྱིར་འགྲོ་བ་ཁྱབ་ཅེས་གསུངས་ཏེ། འགྲོ་བ་ནི་གཡོ་བའི་བདག་ཉིད་ཅན་གྱི་ལུས་ལའོ། །ལས་ཀྱི་སྟོབས་ཀྱིས་དེ་དང་དེར་
སྐྱེ་བའི་གནས་ཏེ། སྐྱེ་བ་ལེན་པའི་ཕྱིར་རོ། །རྣམ་རྟོག་མེད་པར་ཞེས་བྱ་བ་ནི་རང་བཞིན་གྱིས་བེམས་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐུན་ཕྱེད་ན་ཞེས་བྱ་བ་ནི་ཐུན་ཕྱེད་ཀྱི་བདག་ཉིད་ཅན་ཏེ། ཆུ་ཚོད་བཞིའི་བདག་ཉིད་ཅན་གྱི་ཕྱིར་རོ། །ཤར་ནས་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །ནམ་མཁའ་
མཆོག་ལས་ཞེས་བྱ་བ་ནི་ལྟེ་བའི་དབུས་ལས་སོ། །ཡང་ན་འཁོར་བ་ཐོག་མ་མེད་པ་ཉིད་ཀྱི་འཇུག་པ་ལ་སྟོང་པ་ཉིད་ཀྱི་རྟེན་སེམས་ཀྱི་རྒྱུན་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །རང་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །རླུང་ནི་འཇོམས་པར་བྱེད་ཅེས་བྱ་བ་ནི་རླུང་གཞན་ཡོངས་སུ་
སྤངས་ནས་གནས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་རླུང་གི་དེ་ཁོ་ན་ཉིད་བསྒོམས་པས་རླུང་གཞན་རྣམས་འཇོམས་པར་བྱེད་པའོ། །དགུའི་རྣམ་པར་རྒྱུ་ཞེས་བྱ་བ་ནི་དེ་ཉིད་ལྟེ་བ་ནས་འབྱུང་བའི་སྲོག་ནི་རླུང་ངོ་། །དགུའི་རྣམ་པར་ཞེས་བྱ་བ་ནི་ཕུང་པོ་དང་དབང་པོའི་དབྱེ་བས་རྣམ་པ་དགུར་འགྱུར་
ཏེ། ཁྱབ་བྱེད་ཀྱི་རླུང་དེ་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །རླུང་དེ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་མཚན་ཉིད་ཅན་ནོ། །ཆོས་ཀྱི་འཁོར་ལོ་རྩའི་དབྱེ་བས་རྣམ་པ་དགུའོ། །དེ་ཉིད་ཀྱི་ཕྱིར། ཐུན་ཕྱེད་དུས་ནས་བརྩམས་ནས་ནི། །ཞེས་གསུངས་ཏེ། བསྟན་བཅོས་ལས་གྲགས་པའི་
ཆུ་ཚོད་བཞིའི་མཐར་ཐུག་པར་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་ལ་ལྟོས་ནས་ཐུན་ནི་དབྱུ་གུ་བརྒྱད་ཀྱི་བདག་ཉིད་ཅན་ནོ། །འཁོར་ལོ་དྲུག་ལས་ཞེས་བྱ་བ་ནི་ཁྱབ་བྱེད་ཀྱི་རླུང་སྤངས་ནས་དགུ་དགུའི་གྲངས་ཀྱི་ངོ་བོས་ཉིན་མོ་ལ་འཁོར་ལོ་དྲུག་ལ་ལྔ་བཅུ་རྩ་བཞིར་འགྱུར་རོ། །མཚན་མོ་
ལ་ཡང་དེ་ཉིད་དེ་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །དགུ་བདག་ཉིད་ཅན་ཞེས་བྱ་བ་ནི་དགུ་དགུའི་བདག་ཉིད་ཅན་ནོ། །ཐུན་ཕྱེད་ཀྱི་མཐའ་ཉིད་དུ་ཞེས་བྱ་བ་ནི་དབྱུ་གུ་བཞིའི་མཐར་ཐུག་པའོ། །རླུང་རྣམས་ཀྱང་ནི་ལྡང་བར་བྱེད། །ཅེས་བྱ་བ་ནི་བརྒྱ་རྩ་བརྒྱད་ཀྱི་གྲངས་ཀྱིས་སོ། །དེ་ལྟར་གནས་ཀྱི་ངོ་བོ་

བསྟན་ནས། འཆད་བཞིན་པའི་དོན་གྱིས་མཚམས་སྦྱོར་བསྟན་པའི་ཕྱིར། དེ་ཉིད་གནས་ཀྱི་དབྱེ་བ་ཡིས། །ཞེས་གསུངས་ཏེ། དེ་ཉིད་ནི་སྔོན་དུ་གསུངས་པའི་བརྒྱ་རྩ་བརྒྱད་ཀྱི་གྲངས་རྣམས་སོ། །གནས་ཀྱི་དབྱེ་བ་ཡིས་ཞེས་བྱ་བ་ནི་ཡུལ་རྣམས་འཛིན་པ་ལ་མངོན་དུ་ཕྱོགས་པའི་
མཚན་ཉིད་ཀྱིས་སོ། །སྣ་ཚོགས་པའི་རྟོག་པར་འགྲོ་ཞེས་བྱ་བ་ནི་ཡོངས་སུ་མ་ཤེས་པའི་གནས་སྐབས་ན། རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཉོན་མོངས་པའི་གྲངས་སུ་འགྱུར་བའོ། །དེ་ལྟར་རྣམ་པ་གསུམ་གྱི་རང་གི་ངོ་བོ་བསྟན་ནས། རང་བཞིན་རྣམས་ཀྱི་མིང་བརྗོད་པའི་ཕྱིར། དེ་
དག་མིང་རྣམས་བཤད་པར་བྱ། །ཞེས་གསུངས་ཏེ། དེ་རྣམས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཀྱིའོ། །ཕྱེ་ནས་ཞེས་བྱ་བ་ནི་རྣམ་པ་གསུམ་གྱི་དབྱེ་བས་རྒྱས་པར་རོ། །མིང་རྣམས་ནི་ཐ་སྙད་དུ་གྱུར་པ་སྟེ། བཤད་པར་བྱ་བ་ཞེས་དམ་བཅའ་བའོ། །དེ་ལྟར་བཤད་པར་དམ་བཅའ་
བ་བཤད་ནས། རང་གི་ངོ་བོ་བརྗོད་པའི་ཕྱིར། འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་མ་ཐོས་པ་ལ་ཡིད་ལ་འདུན་པ་ནི་ཆགས་པའོ། །བྱམས་པ་མེད་པའི་སེམས་ནི་ཞེ་སྡང་ངོ་། །ཇི་ལྟ་བ་བཞིན་དུ་གནས་པའི་དངོས་པོའི་རང་བཞིན་ཤེས་པ་དང་བྲལ་བ་
ཉིད་ཀྱི་སེམས་ནི་གཏི་མུག་གོ། །རྒྱགས་པ་དང་ཞེས་བྱ་བ་ནི་སེམས་ལ་ཡུལ་མཐོང་བས་མཐོ་བའི་ངོ་བོ་ནི་རྒྱགས་པའོ། །ང་རྒྱལ་ཞེས་བྱ་བ་ནི་རྟོག་པ་ཁྱད་པར་ཅན་མ་ཐོབ་པ་ལ་བདག་གིས་ཐོབ་པོ་སྙམ་པ་ནི་ང་རྒྱལ་ལོ། །མངོན་པར་ཞེན་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་
པའི་དངོས་པོ་བདག་གིས་ཇི་ལྟར་ཐོབ་པར་འགྱུར་སྙམ་དུ་སེམས་ཀྱི་རྟོག་པའི་རྣམ་པའོ། །ཕྲག་དོག་ཅེས་བྱ་བ་ནི་གཞན་གྱི་ཕུན་སུམ་ཚོགས་པ་མཐོང་ན་སེམས་ལ་མི་བཟོད་པ་ཉིད་དོ། །ཁྲོ་བ་ཞེས་བྱ་བ་ནི་ཁོང་ཁྲོ་བའི་དབང་གིས་སེམས་ལ་གནས་སྐབས་གཞན་ཐོབ་པའོ། །སེར་
སྣ་ཞེས་བྱ་བ་ནི་དངོས་པོ་མི་གཏོང་བའི་བློའོ། །གཡོ་དང་ཞེས་བྱ་བ་ནི་རང་གི་སྐྱོན་སྦེད་པའོ། །སྙོམ་ལས་ཞེས་བྱ་བ་ནི་སེམས་ཀྱིས་མི་རིག་པ་ཉིད་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སོ། །ཉམ་ང་བ་ཞེས་བྱ་བ་ནི་སྔོན་བྱས་པའི་གནོད་པ་ཉམས་སུ་མྱོང་བས་སེམས་གདུང་བ་བསྐྱེད་པའོ། །

བློ་རྒོད་པ་ཞེས་བྱ་བ་ནི་སེམས་དམིགས་པ་ལ་སྤྲོ་བ་མེད་པའོ། །བརྐམ་ཆགས་ཉིད་དང་ནི་ཞེས་བྱ་བ་ནི་སེམས་མཁོ་བའི་ཡོ་བྱད་ལ་སོགས་པ་ལ་ཞེན་པའོ། །གཉིད་ཅེས་བྱ་བ་ནི་གཉིད་དོ། །ཐེ་ཚོམ་ཞེས་བྱ་བ་ནི་ཡིད་ལ་སོམ་ཉི་ཟ་བའོ། །ངར་འཛིན་དང་ཞེས་བྱ་བ་ནི་
བག་ཙམ་རྟོགས་པས་སེམས་ལ་རྒོད་པའི་ཁྱད་པར་རོ། །དགའ་དང་ཞེས་བྱ་བ་ནི་ཆགས་པ་ལ་སོགས་པ་དང་ཉེ་བར་འབྲེལ་པའི་སེམས་ལ་ཆགས་པའི་ཁྱད་པར་རོ། །ཆགས་བྲལ་ཞེས་བྱ་བ་ནི་ཡིད་དུ་མི་འོང་བའི་དངོས་པོ་མཐོང་བས་སེམས་ལ་དགའ་བ་མེད་པའོ། །དྲེགས་པ་ཞེས་བྱ་བ་ནི་
ང་རྒྱལ་སྔོན་དུ་འགྲོ་བའི་སེམས་ཀྱི་ཁྱད་པར་རོ། །འཆབ་དང་ཞེས་བྱ་བ་ནི་སེམས་ལ་གནོད་པ་མི་བརྗོད་པའི་ངང་ཚུལ་ལོ། །སྲེད་དང་ཞེས་བྱ་བ་ནི་བདག་གི་དངོས་པོ་དང་ལོངས་སྤྱོད་ལ་སོགས་པ་ལ་ཞེན་པའི་ཁྱད་པར་རོ། །བག་ཆགས་དང་ཞེས་བྱ་བ་ནི་སེམས་ལ་ཉོན་མོངས་པ་ཕྲ་མོས་གོས་པར་
བྱེད་པའོ། །སྒྱུ་དང་ཞེས་བྱ་བ་ནི་གཞན་སླུ་བར་བྱེད་པའི་སེམས་ཀྱི་གནས་སྐབས་ཅན་ནོ། །རྨོངས་དང་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཡུལ་ལ་ཐེ་ཚོམ་དང་སྡུག་བསྔལ་གྱིས་ཁེངས་པ་ཉིད་དོ། །འདོད་ཆེན་དང་ཞེས་བྱ་བ་ནི་ལོངས་སྤྱོད་ལ་སོགས་པའི་ཡུལ་ལ་རེག་པར་འདོད་པའི་བློའོ། །
རྩོད་དང་ཞེས་བྱ་བ་ནི་མི་སྡུག་པའི་དངོས་པོ་ལ་མཁས་པ་ཉིད་དོ། །རྩེ་འཇོ་ཞེས་བྱ་བ་ནི་སེམས་གཡོ་བ་མེད་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པའི་ལུས་ངག་གི་བྱ་བའོ། །འདུན་པ་ཞེས་བྱ་བ་ནི་ཡུལ་ལ་འདུན་པའོ། །རེག་དང་ཞེས་བྱ་བ་ནི་ཡིད་ཀྱི་རྒྱལ་སྲིད་ལ་སོགས་པའི་རྣམ་པར་རྟོག་
པས་ལུས་དང་སེམས་ལ་ཁྱད་པར་དུ་རེག་པ་བསྐྱེད་པའོ། །ཀུན་ནས་གདུངས་པ་ཞེས་བྱ་བ་ནི་ཡིད་དུ་འོང་བ་མཐོང་བས། ལུས་དང་སེམས་གདུངས་པའི་བྱེ་བྲག་གོ། །རྣམ་འགྱུར་ཞེས་བྱ་བ་ནི་ཡིད་མི་དགེ་བ་ལ་མངོན་པར་ཕྱོགས་པས་ཡིད་ལ་འདྲ་བའི་སྐད་ཅིག་མའི་བསྐྱེད་པའོ། །མ་ཞི་
བ་ཞེས་བྱ་བ་ནི་དབང་པོ་ཉེ་བར་མ་བསྡམས་པའོ། །རློམ་པ་ཉིད་ཅེས་བྱ་བ་ནི་སེམས་ལ་སྙོམ་ལས་ཀྱི་ཁྱད་པར་གྱིས་ཁྱབ་པ་ཉིད་དོ། །ལོག་པའི་ང་རྒྱལ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་རྟོག་པ་མ་ཐོབ་པ་ལ་བདག་གིས་ཐོབ་པོ་སྙམ་དུ་སེམས་པའོ། །འགྱོད་དང་ཞེས་བྱ་བ་ནི་བདག་དང་བཅས་པའི་

དགེ་བ་ལ་ཕྱིས་འགྱོད་པའོ། །ཁྲེལ་ཡོད་པ་ཞེས་བྱ་བ་ནི་གཞན་ལ་ལྟོས་ནས་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པ་ཉིད་དོ། །གུས་པ་མེད་དང་ཞེས་བྱ་བ་ནི་དགེ་བའི་ལས་ལ་མི་གུས་པའོ། །ཡིད་ཆེས་མེད་ཅེས་བྱ་བ་ནི་མཐོ་རིས་དང་ཐར་པའི་ཡུལ་ལ་སེམས་མི་བརྟེན་པའོ། །བློ་དམན་པ་ཞེས་
བྱ་བ་ནི་ཤེས་རབ་ལ་མ་བྱང་བའོ། །ངོ་ཚ་མེད་དང་ཞེས་བྱ་བ་ནི་འདོད་པ་སྔོན་དུ་སོང་བས་སེམས་ཀྱི་རྣམ་པར་འགྱུར་བའོ། །བརླན་པ་ཉིད་ཅེས་བྱ་བ་ནི་སེམས་བུ་དང་ཆུང་མ་ལ་མཉེས་གཤིན་པའོ། །ངོ་ཚ་ཤེས་དང་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཡུལ་ལ་བརྟེན་ནས། འཇིགས་པ་ལ་འཇིགས་
པར་འགྱུར་བའོ། །ཉོན་མོངས་པ་དང་ཡང་དག་པར་སྦྱོར་བ་ཉིད་ཀྱིས་ཉོན་མོངས་པའི་ནང་དུ་ཀློག་པའོ། །ངོ་ཚ་དང་ཞེས་བྱ་བ་ནི་བདག་ཉིད་ལས་ལྷག་པའི་གང་ཟག་མཐོང་ནས་རང་ཉིད་ལ་མངོན་པའི་ང་རྒྱལ་ལྷོད་པ་ཉིད་དོ། །མི་སྟེར་བ་དང་ཞེས་བྱ་བ་ནི་སྙིང་རྗེས་མི་མཐུན་པའི་ཕྱོགས་ཀྱི་
ཆོས་ལ་ཡང་དག་པར་སྤྱོད་པའོ། །མྱ་ངན་ཞེས་བྱ་བ་ནི་མཛའ་བོ་དང་བྲལ་བའི་སེམས་ཀྱི་བསམ་པའོ། །ཡིད་གཉིས་ཞེས་བྱ་བ་ནི་དགེ་བའི་ལས་ལ་རྒྱབ་ཀྱིས་ཕྱོགས་པའོ། །རློམ་སེམས་མེད་ཅེས་བྱ་བ་ནི་གཞན་གྱིས་བྱས་པའི་ཕན་པ་ལ་བགྲང་བ་ལས་འདས་པ་ལ་སེམས་ལ་ཞེན་
པའོ། །བསྒྲིབས་དང་ཞེས་བྱ་བ་ནི་མི་བདེན་པའི་དངོས་པོ་ལ་འབད་པ་བྱེད་པར་རྩོམ་པའོ། །ཐེ་ཚོམ་ཞེས་བྱ་བ་ནི་ཡིད་ཀྱིས་གཉིས་ཀ་ལ་རེག་པའོ། །ངལ་བ་ཞེས་བྱ་བ་ནི་ལུས་དང་སེམས་ཀྱིས་མི་སྤྲོ་བའི་བྱེ་བྲག་གོ། །དབང་དང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་
གཞན་དབང་ངོ་། །འཁྲུལ་པ་སྙིང་པོ་སྟོབས་ཞེས་བྱ་བ་ནི་གཞན་ལ་སྐུར་བ་འདེབས་པའི་དགོངས་པས་འཁྲུལ་པའོ། །དོགས་པ་ཞེས་བྱ་བ་ནི་མ་བརྟགས་པར་སྤྲད་པའི་གནོད་པ་ལ་གཞན་གྱིས་དེ་བྱས་སོ་སྙམ་དུ་མངོན་པར་རློམ་པའོ། །བརྒྱལ་བ་ཞེས་བྱ་བ་ནི་ལུས་དང་སེམས་དག་གིས་ལས་
འགའ་ཞིག་ལ་ཡང་ནུས་པ་མེད་པའོ། །ཐིམ་པ་དང་ཞེས་བྱ་བ་ནི་སེམས་ལ་དམིགས་ལས་འོག་རྒྱུ་བའི་ངང་ཚུལ་ཉིད་དོ། །འཁྲུགས་པ་དང་ཞེས་བྱ་བ་ནི་སྙིང་རྗེས་སྤངས་པའི་སེམས་ཀྱི་རྒྱུན་ཉིད་དོ། །གྱ་གྱུ་ཞེས་བྱ་བ་ནི་སེམས་ཀྱི་ཆོས་རྣམས་གཞན་ལ་མི་སྟོན་པའོ། །སྨིན་དང་ཞེས་བྱ་བ་ནི་

ལས་བྱས་པ་ལ་ཡང་མ་བྱས་པས་ཕྱོགས་པས་ལུས་དང་ངག་གི་རྣམ་པར་རིག་པ་ལ་སྤྱོད་པའོ། །རྗེས་སུ་དྲན་པ་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བའི་དངོས་པོ་མི་བརྗེད་པས་སོ། །རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི་དང་པོ་ཉིད་དུ་བྱས་པའི་དགེ་བ་དང་མི་དགེ་བ་དག་ལ་
ཕྱིས་མི་བྱེད་པའི་དུས་ཡང་དེ་ལྟ་བུའི་རྒྱུན་ནོ། །བག་མེད་པ་ཞེས་བྱ་བ་ནི་སེམས་ལ་རྩེ་གཅིག་པ་ཉིད་མ་ཡིན་པའོ། །གནས་ངན་ལེན་ཞེས་བྱ་བ་ནི་སྔོན་དུ་བྱས་པའི་བག་ཆགས་ཀྱི་དབང་གིས་དེ་དང་དེའི་རྣམ་པ་སད་པར་རུང་བ་ཉིད་དོ། །ཉམ་ཆུང་ཞིང་ཞེས་བྱ་བ་ནི་ཉོན་མོངས་པ་མང་བ་ལ་སོགས་
པས་དགེ་བ་ལ་སོགས་པའི་བྱ་བ་རྣམས་ལ་མི་སྤྲོ་བའོ། །ཡིད་མི་བདེ་བ་ཞེས་བྱ་བ་ནི་སེམས་སྡུག་བསྔལ་གྱིས་འཁྲུགས་པ་ཉིད་དོ། །རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རགས་པ་ལ་མངོན་དུ་ཕྱོགས་པའོ། །སྐྲག་དང་ཞེས་བྱ་བ་ནི་འཇིགས་པ་སྐྱེད་པར་བྱེད་པའི་དངོས་པོ་མཐོང་ནས་དེ་
ལ་སེམས་རྒྱབ་ཀྱིས་ཕྱོགས་པ་ཉིད་དོ། །རྨུགས་དང་ཞེས་བྱ་བ་ནི་ལས་སུ་མི་རུང་བ་ཉིད་དོ། །གཉིད་དང་ཞེས་བྱ་བ་ནི་སྙོམ་ལས་ཀྱིས་ཡོངས་སུ་ཁྱབ་པ་ཉིད་ལ་གཉིད་ལ་མངོན་དུ་ཕྱོགས་པའི་དངོས་པོ་ཉིད་དོ། །བརྐམ་ཆགས་ཞེས་བྱ་བ་ནི་ཡོ་བྱད་ལ་སོགས་པ་ཡོངས་སུ་མི་གཏོང་བའི་བློའོ། །རྩེ་
བ་ཞེས་བྱ་བ་ཡིད་གཡེང་བ་སྔོན་དུ་འགྲོ་བ་ཅན་ལུས་དང་ངག་གི་བྱ་བ་རྩེ་བའི་ངོ་བོའོ། །ཁྲུང་ཁྲུང་དང་ཞེས་བྱ་བ་ནི་སེམས་ལ་བསྐུམ་པའི་གནས་སྐབས་སོ། །འཚེ་བ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་གསད་པ་ལ་སེམས་པའོ། །ལེ་ལོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་དང་
ལྷན་ཅིག་སྤྱོད་པའོ། །གཡན་པ་ཉིད་ཅེས་བྱ་བ་ནི་ནད་ཀྱི་བྱེ་བྲག་གོ། །བསམ་དང་ཞེས་བྱ་བ་ནི་ངེས་པའི་དངོས་པོའི་ཡུལ་ལ་བསམ་པས་མངོན་པར་ཕྱོགས་པའོ། །དཔྱོད་དང་ཞེས་བྱ་བ་ནི་བློས་རྣམ་པར་དབྱེ་བར་བཟོད་པའོ། །ཞུམ་པ་དང་ཞེས་བྱ་བ་ནི་གཞན་གྱིས་གནོད་པ་ལན་མང་
དུ་བྱས་པ་ལ་སླར་གནོད་པ་མ་གྲུབ་པས་དེ་མཐོང་བས་སེམས་ལ་མི་སྤྲོ་བའི་རྣམ་པའོ། །ཀུན་རྫོབ་དེ་ཉིད་ཅེས་བྱ་བ་ནི་རང་གིས་བྱས་པའི་སྡིག་པ་ངོ་ཚ་བའི་དབང་གིས་གཞན་ལ་སྦེད་པའོ། །དོན་ཡོད་དང་ཞེས་བྱ་བ་ནི་ལས་བྱས་པ་ལ་འབྲས་བུ་དང་བཅས་པར་རློམ་པའོ། །སྟེར་ལ་དགའ་ཞེས་བྱ་བ་ནི་

ལོངས་སྤྱོད་ཆུང་བ་ཉིད་ཀྱིས་ལུས་དང་སེམས་བདེ་བར་མི་གནས་པ་ཉིད་དོ། །དགའ་བ་གཅིག་པུ་འདོད་པ་ཞེས་བྱ་བ་ནི་བདག་ཉིད་བདེ་བ་ལ་འདུན་པའོ། །འཇིགས་དང་ཞེས་བྱ་བ་ནི་ཉམས་སུ་མ་མྱོང་བའི་དངོས་པོ་མཐོང་བས་སོ། །འདར་དང་ཞེས་བྱ་བ་ནི་འཇིགས་པ་སྐྱེད་པར་བྱེད་པ་རྐྱེན་གྱི་
སྟོབས་ཀྱིས་ལུས་འདར་བའོ། །ཕྲ་བདག་ཉིད་ཅེས་བྱ་བ་ནི་ཤིན་ཏུ་ཆུང་བ་ཉིད་དོ། །གསལ་དང་ཞེས་བྱ་བ་ནི་སེམས་ཡང་བ་ཉིད་དོ། །རྣམ་གསལ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་ཆོས་རྣམས་གཞན་ལ་སྟོན་པའོ། །ལྷུང་འཇུག་པ་ཞེས་བྱ་བ་ནི་སྦྱང་བ་ཉིད་ཀྱིས་གཞན་ལ་དགོངས་ནས་ཚིག་གཞན་
བརྗོད་པའོ། །མ་འབྲེལ་དང་ཞེས་བྱ་བ་ནི་ཅི་ཡང་རུང་བ་སྨྲ་བ་ཉིད་དོ། །རྟག་པའི་དེ་ཉིད་དང་ཞེས་བྱ་བ་ནི་འཇིག་ཚོགས་ཀྱི་ལྟ་བས་མངོན་པར་ཞེན་པའོ། །དཀའ་བའི་ཁུར་ཞེས་བྱ་བ་ནི་འདོད་པ་ཆེ་བ་ཉིད་དོ། །ངོམས་མེད་ཅེས་བྱ་བ་ནི་ཡང་དང་ཡང་དུ་ཡུལ་ལ་འདུན་པའོ། །གནོད་པ་དང་ཞེས་བྱ་བ་ནི་
གཞན་ལ་གནོད་པ་འཇུག་པའི་སེམས་སོ། །མི་གསལ་བ་དང་ཞེས་བྱ་བ་ནི་དགེ་བ་ཆུང་བ་ལ་ཡང་མངོན་དུ་གྱུར་པ་མེད་པ་ཉིད་དོ། །ཡིད་དུ་འོང་ཞེས་བྱ་བ་ནི་ལོངས་སྤྱོད་ཆེ་བ་ཉིད་ཀྱིས་དམའ་བ་མེད་པ་ཉིད་དོ། །གནས་མེད་ཅེས་བྱ་བ་ནི་སེམས་གཡོ་བ་དང་བཅས་པའོ། །འདོད་པ་ཞེས་བྱ་
བ་ནི་གཅིག་ཏུ་མ་ཐོབ་པའི་ལོངས་སྤྱོད་ཐོབ་པར་འདོད་པའོ། །ངོ་མཚར་སྐྱེས་བུ་ཉིད་དང་ནི། །ཞེས་བྱ་བ་ནི་ངར་འཛིན་པ་ཉིད་ཀྱིས་ང་རྒྱལ་དང་བཅས་པ་ཉིད་དོ། །ཡ་མཚན་ཞེས་བྱ་བ་ནི་སྣ་ཚོགས་པའི་གཏམ་ཐོས་པས་འདི་ནི་ཅི་ཞིག་ཡིན་སྙམ་དུ་ངོ་མཚར་དུ་གྱུར་པའོ། །ཆོག་ཅེས་བྱ་བ་ནི་འདོད་པའི་དངོས་
པོ་མཐོང་བས་ཡིད་དགའ་བའོ། །སྐྱེ་བོ་ངན་པ་ཞེས་བྱ་བ་ནི་སྐྱེ་བོ་དམ་པའི་མི་མཐུན་པའི་ཕྱོགས་སོ། །དམན་པའི་དེ་ཉིད་ཅེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོ་མི་ཤེས་པའི་ཕྱིན་ཅི་ལོག་གོ། །སྡུག་བསྔལ་གསུམ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། རྣམ་པར་འགྱུར་བའི་སྡུག་བསྔལ་དང་།
འདུ་བྱེད་ཀྱི་སྡུག་བསྔལ་གྱི་དབྱེ་བས་སོ། །ཡང་ན་ལས་དང་། ཉོན་མོངས་པ་དང་། སྐྱེ་བའི་སྡུག་བསྔལ་ལོ། །སྲིད་པ་ལ་ནི་ཆགས་པ་དང་། །ཞེས་བྱ་བ་ནི་ཁམས་གསུམ་ན་གནས་པ་ལ་སྲེད་པའོ། །འདི་རྣམས་ཞེས་བྱ་བ་ནི་རང་བཞིན་གྱིས་ངོ་བོའི་རྣམ་པར་རྟོག་པས་གནས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་

ཐམས་ཅད་དུའོ། །བརྒྱ་དང་བརྒྱད་ལྷག་པ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དོ། །ཉིན་དང་མཚན་མོ་ཞེས་བྱ་བ་ནི་རླུང་བཞིན་དུའོ། །ངེས་པ་ཞེས་བྱ་བ་ནི་ངེས་པར་རོ། །རང་བཞིན་རླུང་གི་མཚན་ཉིད་ཡིན། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རླུང་གི་མཚན་ཉིད་དོ། །པཎྜི་ཏ་ཨ་
ལངྐ་ཀ་ལ་ཤ་དེ་བས་མཛད་པའི་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་གསུམ་པས་རྡོ་རྗེ་ཕྲེང་བའི་ཡུལ་ལ་དྲི་བ་གསལ་བར་བསྟན་ནས། ད་ནི་གསང་བ་
འདུས་པའི་ཡུལ་ལ་དྲི་བ་གསལ་བ་བརྗོད་པའི་ཕྱིར། །དེའི་དྲི་བའི་ལན་གདབ་པ་བཤད་པར་རྩོམ་པ་ནི་དེ་ནས་རྡོ་རྗེ་གསུམ་ཉི་མས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལེའུ་གསུམ་པ་བཤད་པའི་རྗེས་ལའོ། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་ཉི་མས་གསང་བ་འདུས་པའི་
དོན་བཤད་ཅེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེ་སྟེ། དེ་རྣམས་ཀྱི་བསྡུ་བ་ནི་རྡོ་རྗེ་གསུམ་མོ། །དེ་ཉིད་ནི་རྡོ་རྗེ་སྟེ་རྡོ་རྗེ་གསུམ་གྱི་ཉི་མའོ། །མི་མཐུན་པའི་ཕྱོགས་ཐམས་ཅད་མུན་པ་འཇོམས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་གྱི་ཉི་མ་ནི་རྡོ་རྗེ་འཆང་ངོ་། །ཇི་ལྟ་བུ་ཞེ་ན། དེའི་
ཕྱིར། གསང་སྙིང་པདྨ་ཁ་འབྱེད་པ། །ཞེས་གསུངས་ཏེ། གསང་བ་ནི་སྦ་བར་བྱ་བའོ། །པདྨ་ནི་ལྷ་མོའི་པདྨ་སྟེ། དེ་རྟོགས་པར་བྱེད་པ་ནི་རབ་ཏུ་སད་པར་བྱེད་པ་སྟེ། རྡོ་རྗེ་ལས་སྤྲོས་པའི་འོད་ཟེར་གྱི་ཚོགས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཕྱི་རོལ་དུ་ཉི་མ་ཤར་བས་མཚོ་སྐྱེས་ཁ་འབྱེད་
པར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཉི་མའི་འོད་ཟེར་རྣམས་ཀྱིས་གསང་བའི་ཆུ་སྐྱེས་ཁ་འབྱེད་པར་འགྱུར་ཞེས་རྟོགས་པར་བྱའོ། །གསང་བ་འདུས་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དེ་ཉིད་མཆོག་ཅེས་བྱ་བ་གསུངས་ཏེ། མཐར་ཐུག་པའི་མི་གནས་པའི་མྱ་ངན་ལས་འདས་པ་ཟུང་དུ་
འཇུག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཉི་མ་ཇི་ལྟ་བུ་ཞེ་ན་དེའི་ཕྱིར། བདེ་བ་ཆེན་པོའི་གོ་འཕང་བཞུགས། །ཞེས་གསུངས་ཏེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་ཡུལ་ལ་དེ་ལྟར་སྣང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གསང་བ་འདུས་པའི་དོན་

གྱི་ཡུལ་ལ་དྲི་བའི་ལན་བཏབ་པ་རྩོམ་པ་བཤད་ནས་དངོས་སུ་དེའི་ལན་གདབ་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རྩ་བའི་འདུས་པ་བཤད་པ་ནི་འདུས་པའི་འདྲེས་པ་ཞེས་གསུངས་ཏེ། རྒྱུད་བཤད་པའི་དུས་ན་ནམ་མཁའི་ཁམས་དེ་བཞིན་གཤེགས་པ་དང་། ལྷན་ཅིག་སྤྱོད་མ་དང་། རྗེས་
སུ་སྤྱོད་མ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་གཟུགས་ཀྱིས་ཡོངས་སུ་གང་བ་ནི་རྩ་བའི་འདུས་པ་ཞེས་བརྗོད་དེ། ཇི་སྐད་དུ། རྩ་བའི་རྒྱུད་ལས། འདུས་པ་འདྲེས་པ་ཞེས་ནི་བཤད། །སངས་རྒྱས་སྐུ་ནི་རྗོད་བྱེད་པ། །ཞེས་གསུངས་ཏེ། དེ་བཞིན་དུ་བསྐྱེད་པའི་རིམ་པ་ལ་
ཏིང་ངེ་འཛིན་གསུམ་བསྒོམ་པའི་རིམ་པའི་དཀྱིལ་འཁོར་རྫོགས་པ་ནི་འདུས་པ་ཞེས་བརྗོད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་གསུམ་གྱི་ཡན་ལག་ནི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་ལ་སོགས་པ་རྣམས་ཇི་ལྟར་རིགས་པར་སངས་རྒྱས་
ཐམས་ཅད་འདུས་པའི་ངོ་བོ་གསང་བ་འདུས་པའོ་དོན་རྟོགས་པར་བྱེད་པའོ། །དེ་བཞིན་དུ་རིམ་པ་ལྔར་ཡང་ཐབས་དང་ཐབས་ལས་བྱུང་བའི་དབྱེ་བས་གསང་བ་འདུས་པའི་དོན་རྟོགས་པར་བྱའོ། །འདྲེས་པ་ང་ཡིས་ཁྱེད་ལ་བཤད་པར་བྱ། །ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཁྱོད་ལ་འཆད་པར་འགྱུར་
བའི་རིམ་པས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟར་རྩ་བའི་འདུས་པ་བཤད་ནས། གནས་སྐབས་ཀྱི་འདུས་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། གསང་བ་འདུས་པའི་དོན་བརྗོད་པའི་ཕྱིར། འཁོར་ལོ་བཞི་རྣམས་ཐ་མི་དད། །ཅེས་གསུངས་ཏེ།
སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་དང་། སྔགས་རྣམས་དང་། ལྷན་ཅིག་ཐ་མི་འདུས་པ་ཞེས་ནི་གསུངས། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་རེ་ཞིག་སྤྲུལ་པའི་འཁོར་ལོ་ནི་རྩ་འདབ་མ་དྲུག་ཅུ་རྩ་བཞི་པའི་བདག་ཉིད་ཅན་ལ་དབྱངས་ཡིག་བཅུ་དྲུག་ལ་
ཐབས་དང་ཤེས་རབ་ཀྱི་དབྱེ་བས་རྣམ་པ་གཉིས་སུ་དབྱེ་བ་བྱས་ནས་དབྱངས་ཡིག་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་ལ་ར་དང་ཀྵ་གཉིས་སྤངས་ནས་སུམ་ཅུ་གཉིས་གཟུང་བར་བྱ་སྟེ། དེ་རྣམས་ནི་སྤྲུལ་པའི་འཁོར་ལོ་ལ་དགོད་པར་བྱའོ། །དེ་བཞིན་དུ་ཆོས་ཀྱི་

འཁོར་ལོའི་དབུས་སུ་ཡི་གེ་ཧཱུྃ་ཡིག་གོ། །འདབ་མ་རྣམས་ལ་བྷྲཱུཾ་ཨཱཾ་ཛྲཱྀ་ཁཾ་ངོ་། །མཚམས་རྣམས་སུ་ལཾ་མཾ་པཾ་ཏཾ་ཞེས་དགོད་པར་བྱའོ། །ལོངས་སྤྱོད་ཀྱི་འཁོར་ལོའི་འདབ་མ་བཅུ་དྲུག་ལ་དབྱངས་ཡིག་བཅུ་དྲུག་པོ་དགོད་པར་བྱའོ། །ཡང་ན་ནག་པོ་སྤྱོད་པ་པའི་བཞེད་
ཀྱིས་དབུས་སུ་ཨོཾ་ཡིག་གོ། །ཕྱོགས་ཀྱི་རྩ་འདབ་མ་བཞི་ལ་ཨ་ཨི་ཨུ་ཨེ་ཞེས་བྱའོ། །བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ལ་ཧཾ་ཡིག་གཞོམ་དུ་མེད་པའོ། །འདབ་མ་རྣམས་ལ་ཨཱ་ལི་ཉིས་འགྱུར་སུམ་ཅུ་རྩ་གཉིས་སོ། །གཡོན་པ་དང་གཡས་པའི་རྩ་ལ་ཇི་ལྟར་
རིགས་པར་དབྱངས་བཅུ་གཉིས་པོ་རྣམས་ཁ་གྱེན་དུ་བལྟ་བས་ཀལ་སོགས་པའི་གསལ་བྱེད་ཉི་ཤུ་རྩ་བཞི་པོས་ལོགས་གཉིས་ལ་བསྐོར་བ་བྱས་ནས། དེ་རྣམས་ཀྱི་སྟེང་དུ་མའི་ཡི་གེ་ཐིག་ལེའི་ངོ་བོས་བསྒོམ་པར་བྱའོ། །གཡོན་པའི་རྩ་ལ་གཡས་པའི་རྩའི་མཚན་ཉིད་དང་བྲལ་བས་དགོད་པར་བྱའོ། །
འོག་དང་སྟེང་དུ་ར་དང་ཀྵ་ཡིག་དག་དགོད་པར་བྱའོ། །དེ་ལྟར་མདོར་བསྡུས་ནས་འཁོར་ལོ་བཞི་གྲུབ་པའི་མཐའི་རྗེས་སུ་འབྲངས་ནས་སྔགས་ཀྱི་རིམ་པའི་ངོ་བོ་བསྡུས་པའི་དོན་བཤད་དོ། །དེ་ཉིད་གསུངས་པ་ནི་ཆོ་ག་བཞིན་ཞེས་བྱ་བ་སྟེ། གདམས་ངག་གི་རྗེས་སུ་འབྲངས་ནས་ཞེས་བྱ་བའི་ཐ་ཚིག་གོ། །
འཁོར་ལོ་དྲུག་པ་སྔགས་སྦྱོར་བ། །འདུས་པ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་འཁོར་ལོ་བཞིའི་སྟེང་དུ་ལོངས་སྤྱོད་ཀྱི་འཁོར་ལོའི་འོག་ཏུ་མེའི་འཁོར་ལོ་གྲུ་གསུམ་པའི་དབུས་སུ་ཤ་ཡིག་གོ། །ཟུར་གསུམ་པོ་རྣམས་སུ་ཤ་ས་ཧ་རྣམས་སོ། །གྲུབ་པའི་མཐའ་ཁ་
ཅིག་ལས། ཡ་ར་ལ་ཝ་འམ་ཡང་ན་རྀ་ལྀ་རཱྀ་ལཱྀ་རྣམས་ཏེ། དེ་རྣམས་ནི་སྲེག་པའི་ས་བོན་ཉིད་ཀྱི་ཕྱིར་རོ། །དེའི་རྗེས་སུ་བདེ་བ་ཆེན་པོའི་འཁོར་ལོའི་འོག་གི་སྨིན་མའི་དབུས་སུ་རླུང་གི་འཁོར་ལོའི་རྩིབས་དྲུག་པའི་དབུས་སུ་ཀ་ཡིག་གོ། །རྩིབས་དྲུག་པོ་ལ་ཙ་ཊ་ཏ་པ་ཡ་ཤ་རྣམས་གཡོན་སྐོར་གྱི་
རིམ་པས་དགོད་པར་བྱའོ། །དེ་ཉིད་གསུངས་ནི་སྔགས་སྦྱོར་བ། །ཞེས་གསུངས་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །འདུས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ས་བོན་བཀོད་པའི་ངོ་བོའོ། །བརྗོད་པ་ཡིན་ཞེས་བྱ་བ་ནི་དཔལ་བདེ་མཆོག་དང་དགྱེས་རྡོར་ལ་སོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །

དེ་ལྟར་སྔགས་ཀྱི་རིམ་པས་འདུས་པའི་དོན་བརྗོད་ནས། རྒྱུད་ཀྱི་རིམ་པས་བརྗོད་པའི་དཔའ་བོ་རྣལ་འབྱོར་མ་སྦྱོར་བ་ཞེས་བྱ་བ་གསུངས་ཏེ། དཔའ་བོ་ནི་ཐབས་ཏེ། རྣམ་པར་རྟོག་པ་རྣམས་ལ་མི་འཇིགས་པའི་ཕྱིར་དཔའ་བོ་ཉིད་དོ། །རྣལ་འབྱོར་མ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དཔའ་བོ་ཡང་
ཡིན་ལ་རྣལ་འབྱོར་མ་ཡང་ཡིན་པས་ན་དཔའ་བོ་རྣལ་འབྱོར་མའོ། །དེ་དང་ཡང་དག་པར་སྦྱོར་བ་ནི་འབྲེལ་པའོ། །འདིས་ནི་རྒྱུད་ཀྱི་རིམ་པའི་ཐབས་ཕྱི་རོལ་གྱི་ཐབས་ཤེས་རབ་དང་སྙོམས་པར་འཇུག་པའི་མཚན་ཉིད་གསུངས་སོ། །ཡང་ན་དཔའ་བོ་ནི་གཡས་པའི་རྩ་སྟེ། ཐབས་ཀྱི་རང་བཞིན་
ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མ་ནི་གཡོན་པའི་རྩ་སྟེ། ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་དག་དང་ཡང་དག་པར་སྦྱོར་བ་ནི་ཕན་ཚུན་དུ་སྦྱོར་བའོ། །འདིས་ནི་ནང་གི་ཐབས་ཤེས་རབ་ཀྱི་སྙོམས་པར་འཇུག་པའི་ངོ་བོ་རྒྱུད་ཀྱི་རིམ་པའི་ཐབས་གསུངས་སོ། །གསང་བའི་རྩ་གཉིས་ནི་རྡོ་རྗེ་དང་
པདྨའི་རྩ་གཉིས་སོ། །གང་གི་ཚེ་ཞེས་བྱ་བ་ནི་གང་ལའོ། །ཡང་དག་སྦྱོར་བས་ཞེས་བྱ་བ་ནི་ཕན་ཚུན་སྙོམས་པར་འཇུག་པའི་ངོ་བོས་སོ། །རེག་འགྱུར་བ་ཞེས་བྱ་བ་ནི་ཁམས་བཞིའི་རྣམ་པས་སོ། །དེ་ལྟར་ཡང་། དང་པོ་ཕྲད་པའི་གནས་སྐབས་སུ་སྲ་བའི་ངོ་བོས་རིག་པའོ། །དེའི་རྗེས་
ལ་གཤེར་བས་ཉམས་སུ་མྱོང་བ་གཉིས་པའོ། །དྲོ་བར་གྱུར་པ་ནི་གསུམ་པའོ། །བྱང་ཆུབ་ཀྱི་སེམས་འགྲོ་བ་དང་འོང་བ་ལ་སོགས་པའམ་མཚན་མ་གཉིས་བསྐྱོད་པ་ལ་སོགས་པ་ནི་བཞི་པའོ། །དེ་ཚེ་ཞེས་བྱ་བ་ནི་དེའི་དུས་ནའོ། །ནམ་མཁའ་ཞེས་བྱ་བ་ནི་རྣལ་འབྱོར་མ་དག་གི་ལྟེ་བར་གནས་པའི་
ནམ་མཁའ་ལའོ། །རྣམ་རྒྱས་ཉིད་ཅེས་བྱ་བ་ནི་རྒྱས་པ་ཉིད་དུ་འགྱུར་བའོ། །ནམ་མཁའ་ལས་ནི་སྐྱེས་པའི་རླུང་། །ཞེས་བྱ་བ་ནི་ལྟེ་བའི་ནམ་མཁའ་ལས་སོ། །ལས་ཀྱི་རླུང་གི་རང་བཞིན་ནོ། །དེས་ཞེས་བྱ་བ་ནི་ལས་ཀྱི་རླུང་གིས་སོ། །མེ་ནི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེའི་རང་བཞིན་ནོ། །
རབ་ཏུ་འབར་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་འབྱུང་བ་སྔོན་དུ་འགྲོ་བས་འབར་ཞིང་གསལ་བའི་རྣམ་པས་བསྐྱེད་པར་འགྱུར་བའོ། །རྩ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བྱ་བ་ནི་དེ་ཙམ་གྱི་གྲངས་ཀྱིས་ཡོངས་སུ་བཅད་པའི་རྩ་འཁོར་ལོ་བཞིའམ། འཁོར་ལོ་དྲུག་ཏུ་གཏོགས་པ་རྣམས་ལའོ། །རབ་

སད་ཅེས་བྱ་བ་ནི། ཁ་ཅིག་ལ་ནི་སྲེག་པ་འབྱུང་། །ཁ་ཅིག་ཏུ་ནི་ལན་གསུམ་བསྐོར། །ཁ་ཅིག་ལ་ནི་རེག་པ་ཙམ། །ཁ་ཅིག་ལ་ནི་མདུད་པ་འགྲོལ། །ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་དུ་བརྗོད་པ་སྟོན་པར་འགྱུར་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་
པས་སམ། ནང་གི་བདག་ཉིད་ཀྱི་ཐབས་ཤེས་རབ་དང་སྙོམས་པར་ཞུགས་པས་ལས་ཀྱི་རླུང་གིས་བསྐུལ་བའི་ཡེ་ཤེས་ཀྱི་མེ་སྤྲུལ་པའི་འཁོར་ལོ་ནས་ཨ་ཡིག་གི་དབྱུག་པ་བཅག་པ་སྔོན་དུ་འགྲོ་བས་ཡང་དག་པར་འབྱུང་ཞིང་མ་ལུས་པའི་སྔགས་ཀྱི་ཚོགས་མི་སྣང་བར་བྱས་ནས་རྣ་བ་གཡས་
པ་དབུ་རྒྱན་ཞེས་བྱ་བ་ནི་རྣམ་གྲངས་གཞན་གྱི་ཕྱིར་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་དེ་ལྟར་བསྒྲུབས་ནས་སོ་མཚམས་ཀྱི་ནང་ན་གནས་པའི་རྩའི་གནས་ནས་ནང་དུ་ཞུགས་ཏེ། སླར་ཡང་སྤྲུལ་པའི་གནས་དེ་ཉིད་ངལ་སོ་བར་བྱེད་ཅིང་སྣང་བ་མི་འགྱུར་ཏེ། སྐྲའི་རྩེ་མོ་བརྒྱ་སྟོང་དུ་
གཤེགས་པའི་ཆའི་ཚད་ཙམ་གྱི་ཕྱིར་ཞེས་བྱ་བའོ། །དེ་ལྟར་རྒྱུད་ཀྱི་རིམ་པས་གསང་བ་འདུས་པའི་དོན་བསྟན་ནས་ཡེ་ཤེས་ཀྱི་འབྲས་བུ་ཞེས་བྱ་བ་ནི། ལས་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའོ། །དེའི་འབྲས་བུ་ནི་འདོད་པ་དང་མི་འདོད་པ་ལ་སོགས་པའོ། །མྱོང་ཞེས་བྱ་བ་ནི་རྣམ་པར་ཤེས་
པའམ་སྐྱེས་བུའོ། །གཞན་ཉིད་དུ་ནི་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་རྣམ་པར་ཤེས་པ་རླུང་དང་བཅས་པ་སྤངས་ནས་སོ། །ས་སྟེང་ན་ནི་ཞེས་བྱ་བ་ནི་འཇིག་རྟེན་འདི་ན་ཡོད་པ་མ་ཡིན་ཏེ། དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང་། གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་རང་རིག་པ་
ཉིད་ཀྱིས་སྒྲོ་བཏགས་པའི་རྒྱུ་དང་རྒྱུ་མེད་པ་སྤངས་ནས། འོས་པའི་རྒྱུ་བག་ཆགས་ལ་སོགས་པ་ལ་ལྟོས་ནས། ཁམས་གསུམ་དུ་འཁོར་ལ་སྐྱོན་གང་ཡང་མེད་དོ། །དེ་ལྟར་ཡོངས་སུ་མ་ཤེས་པའི་གནས་སྐབས་ལ་རྣམ་པར་རྟོག་པ་རབ་ཏུ་བསྐྱེད་པ་བསྟན་ནས། དེའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར།
དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རླུང་གི་ཤིང་རྟ་ལ་ཞོན་པ་དེ་དང་དེའི་ཡུལ་རྣམས་ཀྱི་བག་ཆགས་ཀྱི་དབང་གིས་འཁོར་བར་འཁོར་རོ། །དེའི་ཕྱིར། ཐིག་ལེའི་དབྱེ་བ་གོ་འཕང་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཁོར་བ་གཞོམ་ཞེས་བྱ་བ་

གསུངས་ཏེ། བག་ཆགས་ཀྱི་དབང་གིས་སླར་སྐྱེ་བ་བཟློག་པའི་དོན་དུའོ། །གསལ་བར་ཞེས་བྱ་བ་ནི་སྒྲའི་སྒོ་ནས་མ་བརྗོད་ཀྱང་བླ་མའི་ཞལ་འབའ་ཞིག་གིས་རྟོགས་པར་བྱའོ། །འབད་པར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །མ་རིག་གཞན་ནི་མི་ཤེས་པ། །
ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སྒོམ་པ་པོ་སྟེ། སྔར་བཤད་པའི་རིགས་པས་ཞེས་བྱ་བའི་དོན་ཏོ། །མ་རིག་གཞན་ནི་མི་ཤེས་པ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྒོམ་པ་པོའི་རྣལ་འབྱོར་པས་སོ། །མ་རིག་གཞན་ནི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འམ་མངོན་པར་འདུས་བྱས་པའི་ངོ་བོ་
ཡོད་པ་མ་ཡིན་ཏེ། དེའི་བསྐྱེད་པའི་རིམ་པ་བསྒོམས་པས། དེ་སྤངས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་མ་ཡིན་ན། མ་རིག་པ་གཞན་གང་ཡིན་ཞེ་ན། དེའི་ཕྱིར་དབུས་ཀྱི་མདུད་པ་ཞེས་གསུངས་ཏེ། སྙིང་གའི་ནམ་མཁའི་དབུས་སུ་རྩ་ལྔ་ལྔའི་རྩའི་ནང་དུའོ། །མདུད་པ་ཞེས་བྱ་བ་ནི་རང་བཞིན་
གྱིས་གྲུབ་པའི་འཆིང་བའོ། །དེ་ཉིད་ནི་མ་རིག་པ་ཞེས་བརྗོད། དེའི་སྟོབས་ཀྱིས་རླུང་དང་སེམས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་ཕྱེ་ནས་ཞེས་བྱ་བ་ནི་སྔར་བཤད་པ་དང་། འཆད་པར་འགྱུར་བའི་རིགས་པས་མདུད་པ་ཕྱེ་བའི་ཕྱིར་རོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་
རླུང་དང་དབང་ཅན་དུ་འགྱུར་བས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ལའོ། །རྣལ་འབྱོར་དངོས་གྲུབ་སྟེར་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་དེ་སྡུད་པ་བསྟན་ནས། དེའི་ཕན་ཡོན་བརྗོད་པའི་ཕྱིར། །ཡེ་ཤེས་ལྔ་
རྣམས་ཐོབ་ནས་ནི། །ཞེས་གསུངས་ཏེ། རླུང་ལྔ་པོ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པས་མངོན་པར་ཤེས་པ་ལྔ་འཐོབ་པའོ། །གྱེན་དུ་རྒྱུ་བའི་རླུང་ལ་སོགས་པ་རླུང་ལྔ་པོ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་དང་རྗེས་སུ་སྤྱོད་པ་ཉིད་ཀྱིས་ལྷག་པར་
མོས་པས་ལྷའི་མིག་ལ་སོགས་པ་རབ་ཏུ་འབྱུང་བས་སོ། །མཆོག་ཏུ་གསལ་བ་ཐོབ་ནས་ནི། །ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་མཐར་ཕྱིན་ནས། རྡོ་རྗེ་བཟླས་པའི་གོ་འཕང་ཐོབ་པས་སོ། །ཇི་ལྟར་འདོད་པས་བདེ་བར་གནས། །ཞེས་བྱ་བ་ནི་རང་ཉིད་ཀྱིས་རྒས་པའི་ཕུང་པོ་ཡོངས་སུ་སྤངས་ནས།

མཐོང་བའི་ཆོས་ཉིད་ལ་གཞན་གྱི་གྲོང་འཇུག་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འདོད་པས་སོ། །དེ་ལྟར་རྣམ་པ་བདུན་གྱིས་དེ་རྒྱས་པར་བཤད་པ་བསྟན་ནས་ད་ནི་དེ་ལ་མཁོ་བའི་དོན་བརྗོད་པའི་ཕྱིར་དེའི་ཡན་ལག་ཕྱི་རོལ་གྱི་ངེས་
པ་སྤངས་ནས། ཐིག་ལེའི་དབྱེ་བའི་ཐབས་ནི་ཕྲེང་བ་མི་དགོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་མི་རུས་ལ་སོགས་པའི་ཕྲེང་བ་ལ་སོགས་གཟུང་བར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་དབུགས་ཀྱི་འཁོར་ལོ་ལ་ངེས་པའི་ངོ་བོ་ཉིད་ཀྱིས་བགྲངས་པ་གྲུབ་པའི་ཕྱིར་རོ། །
བསམ་གཏན་མི་དགོས་ཞེས་བྱ་བ་ནི་བྲིས་སྐུ་ལ་སེམས་འཛིན་པ་ལ་སོགས་པ་རྣམས་ལ་སྟེ། རང་ཉིད་ཀྱི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་མི་དགོས་ཞེས་བྱ་བ་ནི་ཁྲུས་ལན་གསུམ་བྱེད་པ་དང་། གོས་ལན་གསུམ་དུ་བརྗེ་བ་ལ་སོགས་པའི་ངོ་བོ་སྟེ།
སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་རླུང་གི་སྟོབས་ཀྱིས་སྐྱེས་པའི་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་བཀྲུས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བྱ་བ་མི་དགོས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་མཚན་ཉིད་ཅན་མ་ཡིན་ཏེ། ཕྱི་རོལ་གྱི་རྫས་སྤངས་ནས་འབད་པ་མེད་པའི་ཕྱིར་རོ། །ཇི་
སྐད་དུ། ས་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ཉིད། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །ཞེས་གསུངས་སོ། །འཛིན་མི་དགོས་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགོག་པའི་རྣམ་པ་མ་ཡིན་ཏེ། དབང་པོའི་རྒྱུ་བ་བཙན་ཐབས་མ་
ཡིན་པར་མི་སྡོམ་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཐིག་ལེ་ཇི་ལྟར་གཟུང་བར་བྱ་ཞེ་ན། དེ་ཕྱིར་སྔགས་ཀྱི་དེ་ཉིད་གཅིག་པུ་ཡིས། །ཞེས་གསུངས་ཏེ། འཆད་བཞིན་པའི་བསྡུས་པའི་ཧཱུྃ་ཡིག་དང་ཧོ་ཡིག་གི་ངོ་བོའི་རྣམ་པས་སོ། །ཡང་དག་རྫོགས་པའི་སངས་རྒྱས་འཐོབ། །ཅེས་བྱ་
བ་ནི་ཐིག་ལེའི་དབྱེ་བའི་མདུད་པའི་མཚན་ཉིད་མདུད་པ་གཅོད་པར་བྱེད་པ་སྟེ། ཟླ་བ་དྲུག་ཏུ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ལས་ཆོས་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་ནི་ལས་ཙམ་ལ་ཉེ་བར་མཁོ་བའི་ཕྱག་རྒྱའོ། །ཆོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འཛིན་པའི་རྒྱུར་གྱུར་པའི་ཕྱག་རྒྱའོ། །

དམ་ཚིག་ཕྱག་རྒྱ་ཡི་ཞེས་བྱ་བ་ནི་དབང་བསྐུར་བ་ཐོབ་པ་ལེགས་པར་འདུ་བྱེད་པའོ། །དེ་ལྟ་བུར་གྱུར་པའི་ཕྱག་རྒྱའི་དབྱེ་བའོ། །འདིར་ནི་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའོ། །མ་གསུངས་སོ་ཞེས་བྱ་བ་ནི་ཉེ་བར་མ་བརྗོད་པའོ། །དེ་ལ་དེ་རྒྱུ་ཉིད་དུ་མ་གྱུར་པའི་ཕྱིར་རོ། །ཡང་ན་ལས་ཀྱི་ཕྱག་རྒྱ་
ནི་ལག་པའི་ཕྱག་རྒྱ་ལ་སོགས་པ་འཆིང་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་སྙིང་ག་ལ་སོགས་པར་སྔགས་ཀྱི་ཡི་གེ་ལ་སོགས་པ་བསྒོམ་པའོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་རིགས་ཀྱི་མཚན་མ་ལ་སོགས་པ་འཛིན་པའོ། །དེ་ལྟ་བུའི་རྣམ་པའི་ཕྱག་རྒྱའི་དབྱེ་བས་མ་གསུངས་པ་ནི་སྔ་མ་བཞིན་ནོ། །
འཁོར་ལོའི་དབྱེ་བས་མ་ཡིན་ཞིང་། །ཞེས་བྱ་བ་ནི་འདིར་ནི་ཐིག་ལེའི་དབྱེ་བས་སོ། །འཁོར་ལོ་དྲུག་དང་། འཁོར་ལོ་བཞིས་རྣམ་པར་དབྱེ་བ་དང་། །རྩའི་གྲངས་དང་སྔགས་ཀྱི་གྲངས་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དགའ་མ་ལ་སོགས་རིམ། །ཞེས་བྱ་བ་ནི་ཕྱག་རྒྱའི་རིམ་པ་དེའི་ཡན་ལག་
མ་ཡིན་པའི་ཕྱིར་དང་། ཕྱག་རྒྱའི་རིམ་པ་ལ་བརྟེན་ནས་ཀྱང་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་མཚོན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན། དེ་རྣམས་ཐམས་ཅད་བཀག་པ་ལ་ཐབས་ཇི་ལྟ་བུས་བསྒྲུབ་པར་བྱ་བ་དེ་ནི་ཐིག་ལེའི་དབྱེ་བའོ་སྙམ་དུ་དགོངས་ནས་དེའི་ཕྱིར་སྔགས་ཀྱི་དེ་ཁོ་ན་
ཉིད་ཀྱིས་ནི་འཐོབ་ཅེས་གསུངས་ཏེ། འཆད་བཞིན་པས་སོ། །ཕྱག་རྒྱ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་ངོ་བོའོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་མངོན་སུམ་ལ་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་གྱི་ངེས་པ་སྤངས་པ་ལ་ཐིག་ལེའི་དབྱེ་བའི་ཐབས་
བརྗོད་ནས། ཐབས་ལས་བྱུང་བའི་རྣམ་གྲངས་བརྗོད་པའི་ཕྱིར། སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང་། །ཞེས་བྱ་བ་གསུངས་ཏེ། མདུད་པ་བཟློག་པས་རླུང་གཉིས་པོ་རོ་གཅིག་པའི་དངོས་པོའི་ངོ་བོས་རྣམ་པར་རྟོག་པའི་རླུང་རྒྱུ་བ་བཟློག་ནས། སྟོང་ཉིད་ཡེ་ཤེས་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་
པའི་རྡོ་རྗེ་ནི་ཡུལ་ལ་མངོན་པར་ཞེན་པ་བཟློག་པས་ཡེ་ཤེས་རྡོ་རྗེའོ། །དེ་ཉིད་ཅེས་བྱ་བ་ནི་རླུང་གི་རང་བཞིན་ཐོབ་པས་སོ། །གཉིས་མེད་ཅེས་བྱ་བ་ནི་མདུད་པ་འགག་པས་སྟེང་དང་འོག་ཏུ་མི་མཉམ་པའི་རྒྱུ་བ་མེད་པའི་ཕྱིར་རོ། །བདེ་བའི་ཞེས་བྱ་བ་ནི་དེ་སྒོམ་པ་རབ་ཏུ་གྱུར་པ་ལ་བསྐལ་པའམ་བསྐལ་པ་སྟོང་གི་

བར་དུ་གནས་པའི་ཕྱིར་རོ། །གསང་ཆེན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་མ་བསྟན་པའི་ཕྱིར་རོ། །ཐིག་ལེའི་དབྱེ་བ་དང་ཞེས་བྱ་བ་ནི་དབུགས་སྨིན་མའི་དབུས་ན་གནས་པ་ལ་ཕྱེ་བའི་ཕྱིར་རོ། །རྣལ་འབྱོར་གྲུབ་པ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགེགས་
པའི་ཐབས་སུ་གྱུར་པའི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་ལས་སྐྱེས་པའི་བག་ཆགས་ལས་ཀྱི་ངོ་བོ་སྡུག་བསྔལ་བཟློག་པས་ཁམས་གསུམ་གྱི་ཉིང་མཚམས་སྦྱོར་བ་ལས་བཟློག་པའི་ཕྱིར་རོ། །མ་རིག་སྒོ་ངའི་སྦུབས་ཞེས་བྱ་བ་ནི་མ་རིག་པ་རྩ་དབུ་མའི་མདུད་པའི་
ངོ་བོའམ། ལྷན་ཅིག་སྐྱེས་པའམ། མངོན་པར་འདུ་བྱེད་པ་མེད་པའོ། །དེའི་སྒོ་ང་ནི་བསྟན་པའི་མདུད་པའི་རྣམ་པའམ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དེའི་འབྱེད་པ་ནི་སྔགས་ཀྱི་རིམ་པ་སྐྱེ། དེས་འཇིག་ཚོགས་ལ་ལྟ་བའི་ངོ་བོའི་རི་བོ་རྩེ་མོ་ཉི་ཤུ་ལས་བྱུང་བ་ནི་དེ་འབྱེད་པ་ནི་རྣམ་
པར་འབྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །ཞེས་བྱ་བ་ནི་དགའ་བ་ཆེན་པོ་འཛིན་པས་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་བཤད་པ་ནི་ཕྱག་རྒྱ་ཆེན་པོ་བཤད་པའོ། །དེ་ཡང་ཡིན་ལ་དངོས་གྲུབ་ཀྱང་ཡིན་པས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རབ་ཏུ་དབྱེ་བ་
ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ལ་སོགས་པ་རྣམས་ཀྱིས་སོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །མཆོག་ཏུ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་ཟུང་དུ་འཇུག་པའི་ཐབས་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐབས་ལས་བྱུང་བའི་རྣམ་གྲངས་བརྗོད་པ་བསྟན་ནས། ཐབས་ལ་གདམས་ངག་
གིས་རྟོགས་པར་བྱ་བ་ཉིད་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བརྗོད་པ་ནི། །སྔགས་ཀྱི་དེ་ཉིད་སྔོན་སྦྱོར་བས། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཀྱི་ཡུལ་ལོ། །རིགས་ཤིང་ཡང་དག་གསལ་བ་གང་། །ཞེས་བྱ་བ་ནི་སྔོན་གྱི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་མཚན་ཉིད་ཅན་
ནོ། །བླ་མའི་ཞལ་ནས་ངེས་རྟོགས་འགྱུར། །ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་བླ་མའི་ཞལ་ལས་བྱུང་བའི་ཐོབ་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། དེའི་ཕྱིར་རྣལ་འབྱོར་མའི་བཀའ་དྲིན་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་དགེ་བའི་རྩ་བའི་སྟོབས་

ཀྱིས་ཐོབ་པར་བྱ་བའི་དོན་ཏོ། །དེ་ལྟར་ཐབས་ལ་མན་ངག་གིས་རྟོགས་པར་བྱ་བ་ཉིད་ཀྱིས་རང་གི་ངོ་བོ་བསྟན་ནས། དེ་ལས་བཟློག་པའི་ཕྱིན་ཅི་ལོག་གི་སྐྱོན་བསྟན་པ་བཤད་པའི་ཕྱིར། མན་ངག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མའི་བརྒྱུད་པ་ལས་གསུངས་
པའི་བླ་མའི་མན་ངག་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་མཚན་ཉིད་སྤངས་ནས་སོ། །གང་ཞེས་བྱ་བ་ནི་སྐྱེས་བུའོ། །བཟླས་པ་ཞེས་བྱ་བ་ནི་སྔགས་ཀྱི་རྒྱལ་པོ་སྟེ། དེ་ཡིས་དཀའ་བ་གཅིག་པུ་དང་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བློ་རྨོངས་བྱེད་ཅེས་བྱ་བ་གསུངས་ཏེ། མན་ངག་
མེད་པ་ནི་ཤེས་རབ་དམན་པའོ། །ཆུ་བསྲུབས་ཞེས་བྱ་བ་ནི་ཆུ་བསྲུབས་པས་སོ། །མར་ནི་མི་འབྱུང་ལྟར་ཞེས་བྱ་བ་ནི་མར་མི་ཐོབ་པ་སྟེ། དཀའ་བ་གཅིག་པུར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་དུའོ། །སྔགས་བཟླས་ཀྱང་ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་བྱས་ཏེའོ། །མན་ངག་དང་
བྲལ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་མཚན་ཉིད་དོ། །འབྲས་བུའི་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་མི་འཐོབ་པའོ། །སྐྱེས་བུ་ཞེས་བྱ་བ་ནི་སྒོམ་པ་པོའི་འཇིག་རྟེན་ནོ། །དུས་ཇི་ཙམ་གྱི་བར་དུ་སྔགས་བཟླས་ཀྱང་འབྲས་བུ་མི་འགྲུབ་ཅེ་ན། དེའི་ཕྱིར་ཇི་སྲིད་སྐྱེས་ནས་མཐར་ཞེས་གསུངས་ཏེ།
ཇི་སྲིད་འཚོའི་བར་དུ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་མན་ངག་གིས་གཏོང་བའི་སྔགས་པའོ། །ཆ་ཙམ་ཞེས་བྱ་བ་ནི་ཕྱོགས་གཅིག་ཙམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱིན་ཅི་ལོག་གི་སྐྱོན་བསྟན་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། རྒྱ་མཚོ་བཞི་ཡི་ཕ་མཐའ་ཡི། །ས་ལ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ས་ཡི་ལམ་ནས་བསྐོར་བཞིན་དུའོ། །མི་ཤེས་པའི་མི་འགའ་ཞིག་ཅེས་བྱ་བ་ནི་གང་ཟག་གོ། །མི་ཤེས་པ་ཡི་ཞེས་བྱ་བ་ནི་བློ་རྨོངས་པས་ཤེས་རབ་དམན་པ་ཉིད་ཀྱིས་སོ། །ལམ་ནི་གང་ཡིན་མི་འདྲི་གང་། །ཞེས་བྱ་བ་ནི་མངོན་པར་འདོད་པའི་གྲོང་དུ་འགྲོ་བའི་ལམ་གང་ལ་ཡང་མི་འདྲིའོ། །
ལམ་ནི་གང་ཡིན་མི་འདྲི་གང་། །ཞེས་བྱ་བ་གང་ཞེས་བྱ་བ་ནི་སྐྱེས་པའོ། །ལམ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ཡུལ་ཐོབ་པའི་རྒྱུར་གྱུར་པའོ། །གང་ཡིན་མི་འདྲི་ཞེས་བྱ་བ་ནི་སྐྱེས་བུ་དེས་ཇི་ལྟར་བདག་ཉིད་ཕྱིན་པར་འགྱུར་ཏེ། དེ་ཇི་ལྟར་ཡུལ་དེར་མཐོང་ཞེས་བྱ་བ་ནི་མི་མཐོང་ཞེས་བྱ་བའོ། །གཅིག་ཏུ་འགྲོ་

བའི་འབད་པ་དེ་ལ་དོན་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དཀའ་བ་ཆེར་བྱེད་པའི། །ཞེས་བྱ་བ་ནི་འདུན་པའི་དབྱེ་བའི་རྒྱུ་མཚན་དུ་དཀའ་བ་ཆེར་བྱེད་པ་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ལ་སོགས་པ་བྱས་ཀྱང་ངོ་། །མན་ངག་དང་བྲལ་བས་ཞེས་བྱ་བ་ནི་བརྒྱུད་པའི་རིམ་
པ་མེད་པས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ཐོབ་པར་དཀའ་བའོ། །འབྲས་བུ་མེད་ཕྱིར་མཁས་པ་དང་། །ཞེས་བྱ་བ་ནི་ཤིན་ཏུ་ཤེས་རབ་དང་ལྡན་ཡང་མན་ངག་བྲལ་བས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་པོའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་དེ་ཐོབ་པ་ཉམས་
པས་སྨོད་པར་བྱེད་པའོ། །མི་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡུལ་ལའོ། །མན་ངག་མེད་པས་དངོས་གྲུབ་མེད་པའི་ཕྱིར་རོ། །ཡིད་ལ་སྨོད་པ་ཞེས་བྱ་བ་ནི་སློབ་དཔོན་དང་འདྲ་བར་སེམས་ལ་སྨོད་པས་སོ། །མནར་མེད་ཅེས་བྱ་བ་ནི་འབར་ཞིང་འབར་བས་བསྒྲིབས་པའི་དམྱལ་བ་ཆེན་པོའོ། །འགྲོ་ཞེས་བྱ་བ་ནི་
འགྲོ་བར་འགྱུར་བའོ། །དོན་མེད་ཅེས་བྱ་བ་ནི་དངོས་གྲུབ་ཉམས་པས་ངན་སོང་གི་རྒྱུ་རྗེས་སུ་བསྒྲུབས་པས་འབྲས་བུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རྒྱས་པ་བཤད་པ་བསྟན་ནས། གུས་པར་བསླབ་པར་བྱ་བ་ཉིད་མདོར་བསྟན་པའི་ཕྱིར། དེ་ཕྱིར་འབད་པས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གང་གི་ཕྱིར་གདམས་ངག་མེད་པར་སྔར་བཤད་པའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར། ཡང་དག་མན་ངག་བསླབ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །འབད་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟོས་པ་ཉིད་ཀྱིས་སོ། །ཡང་དག་ཅེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་བ་
འདེབས་པ་དང་བྲལ་བས་ཕྱིན་ཅི་མ་ལོག་པའོ། །མན་ངག་ཅེས་བྱ་བ་ནི་བླ་མའི་མན་ངག་གོ། །གུས་པ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཡིད་ཆེས་པ་སྔོན་དུ་འགྲོ་བས་དད་པ་སྐྱེས་པས་སོ། །འབད་པར་བསླབ་པར་བྱ་སྟེ། བླ་མའི་ཞལ་ནས་དངོས་གྲུབ་ཕྱིར། །ཞེས་བྱ་བ་ལ། འབད་པས་ཞེས་བྱ་བ་ནི་བླ་མ་ལ་
བསྙེན་བཀུར་ལ་སོགས་པ་བྱེད་པའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་ཀྱིས་སོ། །དངོས་གྲུབ་ཕྱིར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུའོ། །བླ་མའི་ཞལ་ནས་ཞེས་བྱ་བ་ནི་ལེའུ་གཉིས་པར་བསྟན་པའི་མཚན་ཉིད་ཅན་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གུས་པས་བསླབ་པར་བྱ་བ་ཉིད་

མདོར་བསྟན་པ་བཤད་ནས། འཐད་པའི་སྔོན་དུ་འགྲོ་བས་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཞལ་ནས་ཞལ་དུ་བརྒྱུད་པ་སྟེ། སྣོད་ཡོངས་སུ་གང་བ་ནས་སྣོད་སྟོང་པར་བྱ་བའི་རིགས་པས་སོ། །བརྒྱུད་པའི་རིམ་གྱིས་གནས་པས་བྱེད། །ཅེས་
བྱ་བ་ནི་མར་མེ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཞིན་དུ་བར་མ་ཆད་པར་བརྒྱུད་པའི་རིམ་པས་གནས་པའི་གདམས་ངག་རང་གི་ངོ་བོའོ། །དེའི་ཕྱིར་རྣལ་འབྱོར་མ་ཞེས་བྱ་བ་ལ། རྣལ་འབྱོར་མ་ནི་ཞིང་ལ་སོགས་པ་ལས་སྐྱེས་པའོ། །དེའི་དམ་པའི་ཞལ་ལས་ཞེས་བྱ་བ་ནི་མཆོག་གི་ཞལ་ལས་སོ། །
འདིའི་དམ་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཡན་ལག་གདམས་ངག་སྦྱིན་པས་སོ། །བླ་མའི་ཞལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བཅུ་ཡོངས་སུ་ཤེས་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་སོ། །འབད་པ་ཡིས་ཞེས་བྱ་བ་ནི་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱ་བ་སྔོན་དུ་འགྲོ་བས་སོ། །
བསླབ་པར་བྱ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །དེ་ཉིད་མཆོག་ལ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའི་ཐིག་ལེའི་དབྱེ་བའོ། །སྔགས་ཀྱི་མན་ངག་ཅེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མན་ངག་གོ། །ཞལ་གྱི་ལུང་ཞེས་བྱ་བ་ནི་ཞལ་ནས་བརྒྱུད་པའི་ལུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་ལྔས་
ཐབས་མན་ངག་གིས་རྟོགས་པར་བྱ་བ་བསྟན་ནས་དེའི་དོན་ཉིད་དུ་ཞུ་བ་པོའི་བྱ་བ་བསྟན་པ་བརྗོད་པའི་ཕྱིར། དེ་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེས་ཀྱང་ཞེས་བྱ་བ་ནི་གསོལ་བ་འདེབས་པ་པོའོ། །དེ་ཐོས་ཞེས་བྱ་བ་ནི་སྔར་བཤད་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་
བ་ནི་དེ་བཞིན་གཤེགས་པ་དྲུག་པའི་རྣམ་པའོ། །ཞུས་པ་ཞེས་བྱ་བ་ནི་ཡོངས་སུ་དྲིས་པར་གྱུར་པའོ། །བདེ་བ་ཆེན་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ལ་སྙོམས་པར་ཞུགས་ཤིང་གཉིས་སུ་མེད་པའོ། །ཐེ་ཚོམ་ཐམས་ཅད་གཅོད་པ་ལ། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང་། སྙིང་རྗེ་ཆེན་པོས་
ཁྱབ་པའི་སེམས་ཀྱི་རྒྱུད་ཉིད་ཀྱིས་དེ་དག་དེའི་ཐེ་ཚོམ་ཐམས་ཅད་བཟློག་པར་བྱས་པའི་ཕྱིར་རོ། །ཕྱག་རྒྱ་ནས་ནི་ཞེས་བྱ་བ་ནི་སྤྱི་བོས་འདུད་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཞུས་ཤེ་ན། དེའི་ཕྱིར། མཆོག་གི་དེ་ཉིད་བསྟན་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་ཞེས་བྱ་བ་ནི་བོད་

པའོ། །མཆོག་གི་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ཡན་ལག་ཐིག་ལེའི་དབྱེ་བའོ། །བསྟན་དུ་གསོལ་ཞེས་བྱ་བ་ནི་གསུངས་ཤིག་པའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་སྔགས་རྣམས་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའི་རྒྱལ་པོ་སྟེ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །གང་
ལ་གོམས་པས་ཞེས་བྱ་བ་ནི་སྔགས་ཀྱི་རྒྱལ་པོ་འཆད་པར་འགྱུར་བ་གང་ལ་གོམས་པ་ནི་ཡང་དང་ཡང་དུ་རྒྱུན་མི་འཆད་པར་བསྒོམས་པས་སོ། །སྐད་ཅིག་ཅེས་བྱ་བ་ནི་མཐོང་བའི་ཆོས་འདི་ཉིད་ལའོ། །སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་མཚན་ཉིད་ཅན་ཏེ། སྔགས་ཀྱི་
ཐོབ་པར་བྱ་བའི་དངོས་གྲུབ་ནི་དངོས་གྲུབ་ཅེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བླ་ན་མེད་ཅེས་གསུངས་ཏེ། བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་འདི་ཙམ་གྱིས་དེ་ཉིད་ཀྱི་དོན་དུ་གསོལ་བ་འདེབས་པ་པོའི་བྱ་བ་མངོན་པར་བརྗོད་ནས། སྟོན་པ་པོའི་བྱ་བ་བསྟན་པ་བརྗོད་
པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པའི་རྗེས་ལའོ། །བཅོམ་ལྡན་རྡོ་རྗེས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །གསུངས་ཞེས་བྱ་བ་ནི་འཆད་བཞིན་པའི་དོན་གསུངས་པའོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་དེ་ཉིད་རབ་གསལ་བ། །ཞེས་བྱ་
བ་ནི་ཐིག་ལེའི་དབྱེ་བའི་ཐབས་སྔགས་ཀྱི་དེ་ཁོ་ན་ཉིད་འཆད་བཞིན་པ་རྣམས་གསལ་བས་ན་དེ་གསལ་བའོ། །དེ་ཉིད་མཆོག་ཏུ་གསང་བ་ནི། །ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ཐབས་ཀྱི་ངོ་བོ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་གོ་འཕང་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །གང་
དུའང་ང་ཡིས་མ་བཤད་པ། །ཞེས་བྱ་བ་ནི་གནས་གཞན་གར་ཡང་ངོ་། །ང་ཡིས་ཞེས་བྱ་བ་ནི་སྟོན་པ་པོ་རྡོ་རྗེ་འཆང་གིས་སོ། །རྒྱུད་རྣམས་ཀུན་དུ་སྦས་བྱས་པ། །ཞེས་བྱ་བ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་ལའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། སྐལ་བ་མེད་པའི་བསམ་པའི་རྒྱུས། །ཞེས་
གསུངས་ཏེ། སྣོད་མ་ཡིན་པའི་སེམས་ཅན་རྣམས་ལ་མ་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྐལ་བ་མེད་པའི་བསམ་པ་གང་རྣམས་ལ་ཡོད་པ་དེ་རྣམས་སྐལ་བ་མེད་པའི་བསམ་པ་ཅན་ཏེ། དེ་རྣམས་ཀྱི་རྒྱུས་ཞེས་བྱ་བ་ནི་དེ་རྣམས་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ད་ལྟར་

རོ། །ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར་རོ། །ཉོན་ཞེས་བྱ་བ་ནི་རྩེ་གཅིག་པར་འགྱུར་ནས་སོ། །བཤད་ཀྱིས་ཞེས་བྱ་བ་ནི་སྨྲ་བར་བྱ་ཡིས་ཞེས་བྱ་བའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་སོ། །བླ་ན་མེད་ཅེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་གོང་ན་མེད་པ་ནི་ཡི་གེ་གསུམ་སྟེ།
དེ་ལས་ཀྱང་བླ་ན་མེད་པ་ནི་ཧཱུྃ་ཡིག་དང་ཧོ་ཡིག་གཉིས་ཀྱི་བདག་ཉིད་ཅན་གྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་སྤྱོད་པས་གནས་རྣམས་ལ། །ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེས་གནས་པ་ནི་སྔགས་ཀྱི་སྤྱོད་པས་གནས་པ་སྟེ་དེ་རྣམས་ལ་སྟེ། སྔགས་
ཀྱི་ཐེག་པ་སྒོམ་པ་པོ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །མྱུར་དུ་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་ཐིག་ལེའི་དབྱེ་བའི་དངོས་གྲུབ་མདུད་པའི་རྡོག་མའི་རྣམ་པ་ཅན་དེ་སྔོན་དུ་འགྲོ་བས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྟོན་པ་པོའི་བྱ་བ་བསྟན་ནས། སྔགས་ཀྱི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་
ལག་བཏུ་བ་བསྟན་པ་ནི་ཨུཥྨའི་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ཡིག་སྟེ། དྲོད་ནི་ཤ་ཥ་ས་ཧ་ཞེས་བྱ་བའི་མིང་གིས་སོ། །ཐོག་མར་བྲི་ཞེས་བྱ་བ་ནི་དང་པོར་བྲི་བར་བྱ་བ་སྟེ། དེ་ལྟར་ན་ཧ་ཞེས་བཏུ་བའོ། །དབྱངས་ཡིག་དྲུག་པས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨཱུ་ཡིག་གཉིས་
པས་བརྒྱན་པའོ། །སྡེ་ཚེན་ཐ་མའི་མཐའ་དང་ལྡན། །ཞེས་བྱ་བ་ནི་སྡེ་ཚེན་ནི་ཀའི་སྡེ་ཚེན་ལ་སོགས་པའོ། །དེ་རྣམས་ཀྱི་ཐ་མ་ནི་པའི་སྡེ་ཚེན་ནོ། །དེའི་ཐ་མའི་ཆ་ནི་མ་ཡིག་སྟེ། དེ་དང་ལྡན་པ་ནི་ཆ་མེད་པའི་ཆ་དང་བཅས་པའོ། །དབྱངས་མེད་པ་ཡི་ཆ་དང་བཅས། །ཞེས་བྱ་བ་ནི་ཀླད་ཀོར་དང་བཅས་
པའོ། །དེ་ལྟར་ན་ཧཱུྃ་ཞེས་བཏུ་བ་བྱས་པའོ། །གཉིས་པའི་ཡི་གེ་བཏུ་བ་བསྟན་པའི་ཕྱིར། ཨུཥྨའི་མཐའ་ལ་ཞེས་བྱ་བ་གསུངས་ཏེ། སྔར་བཞིན་དུ་ཧ་ཡིག་གོ། །དབྱངས་ཡིག་ནི། དགུ་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་ཨོ་ཡིག་གིས་ཏེ། སྲེག་པའི་ས་བོན་བཞི་པོའི་གྲངས་མ་གཏོགས་
པས་སོ། །ཡང་དག་ལྡན་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའོ། །དེ་ལྟར་ན་ཧོ་ཞེས་བྱ་བར་འགྱུར་རོ། །ཚེག་དྲག་མཐའ་ཞེས་བྱ་བ་ནི་ཚེག་དྲག་གཉིས་ཀྱི་མཐའ་མ་ཅན་ནོ། །མཆོག་གི་སྒྲ་ཞེས་བྱ་བ་ནི་མཆོག་གི་སྒྲ་འབིགས་པར་བྱེད་པའི་ཕྱིར་རོ། །སྔགས་ཀྱི་གཙོ་བོ་བཏུ་བར་བྱ། །ཞེས་བྱ་བ་ནི་སྔགས་ཐམས་

ཅད་ཀྱི་མཆོག་གོ། །དེ་ལྟར་དེའི་བཏུ་བ་བསྟན་ནས་དེའི་ཕན་ཡོན་བསྟན་པ་བརྗོད་པའི་ཕྱིར། དེ་ལྟར་ཡི་གེ་གཉིས་ཀྱི་མིང་། །ཞེས་བྱ་བ་གསུངས་ཏེ། དེ་མ་ཐག་པར་བཏུས་པ་དག་གོ། །མིང་ཞེས་བྱ་བ་དེ་ཧཱུྃ་ཧོའི་ཡི་གེའི་ངོ་བོའོ། །སྔགས་ཀྱི་བརྡ་ཞེས་བྱ་བ་ནི་སྲོག་དང་ཐུར་
སེལ་གྱི་རླུང་གཉིས་འབྱེད་པའི་ཐབས་ཡིན་པའི་ཕྱིར་རོ། །རྨད་བྱུང་བ་ཞེས་བྱ་བ་ནི་མདུད་པའི་དབུས་སུ་ཧཱུྃ་ཡིག་བསྒོམ་པ་དང་། སྨིན་མའི་དབུས་སུ་ཡང་ཧོ་ཡིག་བསྒོམ་པའོ། །དེ་ཡང་རིག་པས་ཞེས་བྱ་བའི་སྐབས་སུ་བཤད་ཟིན་པ་ཉིད་ཀྱི་ཕྱིར་སླར་མི་བརྗོད་དོ། །ཡི་གེ་གཉིས་པོ་འདི་
ཉིད་སྒྲའི་ཐིག་ལེའི་མིང་བྱས་ལ་ཞེས་བྱ་བ་ནི་ཐིག་ལེ་ནི་སྨིན་མའི་དབུས་སུ་གནས་པའི་རླུང་གི་རྣམ་པའི་ཧོ་ཡིག་གོ། །སྒྲ་ཞེས་བྱ་བ་ནི་སྙིང་གའི་མདུད་པའི་སྟེང་དུ་ཧཱུྃ་ཡིག་གོ། །དེའི་མིང་གི་བརྗོད་པ་ཉིད་ཀྱི་ཕྱིར་སླར་མི་བརྗོད་པའོ། །མིང་དུ་བྱས་ལ་ཞེས་བྱ་བ་ནི་ཐ་སྙད་དུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་
དོན་དུ་ཞེ་ན། དེའི་ཕྱིར། འཛིན་པ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། རླུང་གི་སྒོ་ནས་ཡུལ་ལ་མངོན་པར་ཞེན་པ་ལས་སྐྱེས་པའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། རླུང་གཉིས་པོ་ནི་ཡང་དག་འབྱེད། །ཅེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་མཚན་
ཉིད་ཀྱི་རླུང་གཉིས་ཀྱི་བར་གྱི་མདུད་པ་ཕྲད་པ་འཇིགས་པའི་ཕྱིར་རོ། །མ་རིག་ཅེས་བྱ་བ་ནི་མ་རིག་པའི་རྣམ་པའི་རྩའི་མདུད་པ་འབྱེད་པར་བྱེད་པ་སྟེ། སྔར་ཉེ་བར་བཀོད་པའི་སྦྱོར་བ་ཉིད་ཀྱིས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་དང་། ཟུང་འཇུག་གི་རྣམ་
པའི་དངོས་གྲུབ་ལའོ། །རྒྱུ་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའི་རྣམ་པ་ལ་མངོན་པར་ཕྱོགས་པའི་ཕྱིར་རོ། །མཆོག་གི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་སྔོན་དུ་སོང་བ་ཉིད་ཀྱི་ཕྱིར་རོ། །ཡི་གེ་གཉིས་ཞེས་བྱ་བ་ནི་བཤད་མ་ཐག་
པའི་འོ། །མཆོག་ཏུ་ཞེས་བྱ་བ་མདུད་པ་འཇོམས་པ་ཉིད་ཀྱི་ཕྱིར། ཞི་བའི་ཞེས་བྱ་བ་ནི་རླུང་གི་སྟོབས་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་འདོད་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ལྟར་དོན་རྣམ་པ་

པ་གཉིས་ཀྱིས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བརྗོད་ནས་དུས་ཀྱི་ངེས་པ་བརྗོད་པ་སྔོན་དུ་འགྲོ་བས་གནས་ཁྱད་པར་ཅན་དུ་དེའི་བསྒོམ་པའི་ངེས་པ་བརྗོད་པའི་ཕྱིར་ཟླ་བ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དུས་ཀྱི་མཐའི་བར་དུའོ། །གང་གིས་བཟླས་ན་ཞེས་བྱ་བ་ནི་གནས་གཉིས་ཡི་གེ་
གཉིས་བསྒོམ་པ་སྔོན་དུ་འགྲོ་བས་སོ། །གང་གིས་ཞེས་བྱ་བ་ནི་གང་ཟག་གོ། །དེ་ཐིག་ལེ་དང་སྒྲའི་གོ་འཕང་གསལ་བར་བྱས་ནས་རྙེད་ཅེས་བྱ་བ་ནི་ལྷག་མའོ། །གང་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་མན་ངག་ཐོབ་པས་ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་དོན་གྱི་རྗེས་སུ་འབྲངས་
ནས་སོ། །འདོད་པའི་དོན་ཅེས་བྱ་བ་ནི་དོན་དུ་གཉེར་བས་ན་དོན་ཏེ། ཐབས་ལས་བྱུང་བའི་ངོ་བོ་ཐིག་ལེའི་དབྱེ་བ་ལ་སོགས་པའོ། །དེ་འདོད་པས་ན་དེ་འདོད་པའོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་དང་བྲལ་བ་ལའོ། །ལྷའི་གནས་ཞེས་བྱ་བ་ནི་ལྷའི་ཁང་པ་ལ་སོགས་པ་ལའོ། །སྒྲ་ཡི་
ཚེར་མ་རྣམས་དང་བྲལ། །ཞེས་བྱ་བ་ནི་བྱིས་པ་དང་བྱའི་ཅ་ཅོ་ལ་སོགས་པའི་སྒྲ་རྣམས་སོ། །ཚེར་མ་ནི་སྦྲུལ་དང་སྟག་ལ་སོགས་པ་རྣམས་སོ། །བྲལ་བ་ནི་དེ་ལས་རྣམ་པར་གྲོལ་བའོ་དེ་བཞིན་དུ། སྐྱེ་བོའི་ཚོགས་ནི་སྤངས་བ་དང་། །ཞེས་བྱ་བ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པའི་སྐྱེ་བོ་རྣམས་
དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །བགེགས་མེད་ཅེས་བྱ་བ་ནི་གདུག་པ་ཅན་གྱི་འབྱུང་པོ་དང་གདོན་ལ་སོགས་པ་རྣམས་ཀྱིས་མ་ཁྱབ་པའི་ཕྱིར་རོ། །སྐལ་བཟངས་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྐྱེད་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཉམས་དགའ་བ་ཞེས་བྱ་བ་ནི་ཆུ་དང་མེ་ཏོག་ལ་སོགས་པའི་ཡིད་འཕྲོག་
པས་ཉམས་དགའ་བ་ཉིད་ཀྱི་ཕྱིར་རོ། །སྐྱེད་མོས་ཚལ་ནི་ཞེས་བྱ་བ་ནི་ཉེ་བར་ཞི་བ་བསྐྱེད་པ་ལ་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་གཡེང་བ་མ་ལུས་པ་ཐམས་ཅད་ཀྱི་རྟེན་མེད་པའི་ཕྱིར་རོ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །ཞེས་བྱ་བ་ནི་ཁྱད་པར་འཕགས་པའི་གཟུགས་ལ་
སོགས་པ་ལ་བརྟེན་པའི་སྤྱོད་པས་སོ། །སྔགས་ཀྱི་གཙོ་བོ་གྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་མ་ཐག་པ་བཤད་པའི་སྔགས་ཀྱི་ཡི་གེ་གཉིས་སོ། །དེ་ལྟར་དོན་རྣམ་པ་བདུན་གྱིས་དེ་མཁོ་བར་གྱུར་པའི་དོན་གྱི་འཐད་པས་རང་གི་ངོ་བོ་བརྗོད་ནས། དེ་བསྒོམ་པའི་དོན་དུ་བསམ་གཏན་གྱི་བྱེ་བྲག་བསྟན་པ་

བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི་འདིར་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཐིག་ལེའི་དབྱེ་བ་བཤད་པར་བྱ་ཡིས་ཉོན། བདེ་བའི་ཕྱག་རྒྱ་གནས་ཞེས་བྱ་བ་དང་འབྲེལ་ཏོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཡུལ་ལ་གནས་པའི་རྣམ་
པ་ཁྱད་པར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །ཅི་ཙོག་ཙོག་པོའི་ངོ་བོའི་ཕྱག་རྒྱ་གང་གིས་སྡུག་བསྔལ་དུ་གནས་པའམ་སྙམ་ནས། དེའི་ཕྱིར། བདེ་བ་དམ་པ་ཡི་ནི་གནས། །ཞེས་གསུངས་ཏེ། དམ་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་གནས་སོ། །གངྒཱའི་ཞེས་བྱ་བ་ནི་ཕྱག་
རྒྱའོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་པོའོ། །དངོས་གྲུབ་མཆོག་ཏུ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡན་ལག་ཏུ་འགྱུར་བ་ཐིག་ལེའི་དབྱེ་བའི་བདག་ཉིད་ཅན་ནོ། །ཕུན་སུམ་ཚོགས་གནས་ཞེས་བྱ་བ་ནི་འ