Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 34
Văn bản gốc(Tây Tạng)
Trang 6 / 15 (50.000 ký tự/trang)
་ཁམས་ཀྱི་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་དོན་ཡོད་གྲུབ་ པའི་ངོ་བོའོ། །ཁྱི་ནི་ལྕེ་རིང་བ་ཉིད་ཀྱི་ཕྱིར་སྣང་བ་མཐའ་ཡས་ཀྱི་ངོ་བོའོ། །བ་ལང་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྟེ། ནོར་ཉིད་དུ་གྲགས་པའི་ཕྱིར་རོ། །མི་ཞེས་བྱ་བ་ནི་སྐྱེས་པ་རྣམས་ལ་རྣམ་པར་ཤེས་པ་དང་བཅས་པ་ཉིད་ཀྱིས་མི་བསྐྱོད་པའི་ངོ་བོའོ། །དེ་རྣམས་ནི་བྱང་ཆུབ་སེམས་ དཔའ་དང་བཅས་པའི་ཁྲག་ཅེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་ཀྱི་རྣམ་པའོ། །དམར་དང་བཅས་ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་དང་བཅས་པའོ། །བསྡུས་ནས་ཞེས་བྱ་བ་ནི་འབད་པས་ཐོབ་ནས་བདུད་རྩི་ལྔའི་ཆོ་གས་བསྒྲུབ་པར་བྱས་པའོ། །བཟའ་བ་ནི་བཟའ་བའོ། །དེ་ ནི་བདུད་རྩི་ལྔ་ཞེས་བརྗོད། །ཅེས་བྱ་བ་ནི་དམ་ཚིག་ཆེན་པོ་ལྔའི་བདུད་རྩི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དོན་རྣམ་པ་ལྔས་བཟའ་བར་བྱ་བའི་དམ་ཚིག་བརྗོད་ནས། རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲང་ནས། རྫོགས་པའི་རིམ་པའི་ངོ་བོའི་དམ་ཚིག་བརྗོད་པར་བྱ་བའི་ཕྱིར་དེའི་ཡན་ལག་ཏུ་སྔགས་ཀྱི་ རིམ་པ་ལ་སོགས་པའི་མཚན་ཉིད་ཀྱི་དམ་ཚིག་བསྟན་པ། རྣམ་རྟོག་དང་ནི་ཀུན་རྟོག་གིས། །ཞེས་བྱ་བ་ནི་འཁོར་ལོ་དྲུག་པོ་རྣམས་ལ་སྔགས་དགོད་པའི་མཚན་ཉིད་རྣམ་རྟོག་གིས་བརྟགས་པ་སྟེ། བཟའ་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །འདིས་ནི་སྔགས་ཀྱི་རིམ་པ་བསྟན་ཏོ། །རྒྱུད་ཀྱི་ རིམ་པ་བསྟན་པའི་ཕྱིར། གང་དུ་ཞེས་དོགས་ནས། དེའི་ཕྱིར་སྟོང་པ་ཉིད་ཀྱི་སྣོད་ཅེས་བྱ་བ་གསུངས་ཏེ། སྲུབ་པ་དང་སྲུབ་པའི་སྦྱོར་བ་ལས་སྐྱེས་པ། ལས་ཀྱི་རླུང་ལས་བྱུང་བ་སྟོང་པ་ཉིད་ཀྱི་སྣོད་ནི་རྒྱུད་ཀྱི་རིམ་པའི་མཚན་ཉིད་ལའོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་མངོན་སུམ་གྱི་ རྟོགས་པ་ཉིད་ཀྱི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་སྒྲིབ་པ་མེད་པར་བྱེད་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུའོ། །རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །སྟོང་ཉིད་ཡེ་ཤེས་ཕ་རོལ་འགྲོ། །ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པ་བསྒོམ་པའི་མཐར་ཕྱིན་པས་ཞེས་བྱ་ བའི་དོན་ཏོ། །ཡེ་ཤེས་ཀྱི་རིམ་པ་ནི་དགའ་བ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་དང་མཆོག་དགའ་དང་དགའ་བྲལ་གྱི་མཚན་ཉིད་ཅན་ནོ། །བདེ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེ་བ་ལ་ཁྱད་པར་བྱེད་པ་ཉིད་ཀྱི་ཕྱིར། བསྲེག་པའི་འཁོར་ལོ་རྣམས་གསོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། ། གང་ལ་སྙམ་དུ་དོགས་ནས། དེའི་ཕྱིར། གསང་བའི་རིམ་པ་བསྟན་པ་ནི། །ལྷན་སྐྱེས་ཡེ་ཤེས་སྣོད་དུ་ནི། །ཞེས་བྱ་བ་གསུངས་ཏེ། དཔེ་དང་དོན་གྱི་ངོ་བོས་སོ། །བཟའ་བ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་དུས་རྟག་ཏུའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་རྩེ་མོར་ཐོན་པའི་བྱང་ ཆུབ་ཀྱི་སེམས་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གོ་འཕང་གི་གནས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དོན་གྱི་དེ་ཁོ་ན་ཉིད་གཅིག་ཏུ་བླ་མའི་མན་ངག་གིས་གནས་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྫོགས་ པའི་རིམ་པའི་ངོ་བོའི་སྔགས་ཀྱི་རིམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་དམ་ཚིག་བསྟན་ནས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ། རྫོགས་པའི་རིམ་པའི་ངོ་བོའི་དམ་ཚིག་རྡོ་རྗེ་བཟླས་པའི་ངོ་བོ་དམ་ཚིག་བསྟན་པའི་ཕྱིར། རྣམ་རྟོག་རླུང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། རྣམ་རྟོག་ནི་ལེའུ་གསུམ་པ་ལས་བཤད་པའི་བརྒྱ་རྩ་བརྒྱད་ཀྱི་གྲངས་ཏེ། རླུང་རྣམས་ཀྱང་དེ་ཙམ་གྱི་གྲངས་ཅན་ཏེ་ཞེས་བྱ་བ་ནི་རྣམ་རྟོག་གི་རླུང་ངོ་། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པ་རྣམས་ཏེ། བཟའ་ཞེས་བྱ་བ་དང་འབྲེལ་ཏོ། །གང་དུ་ཞེ་ན། དེའི་ཕྱིར་ཞི་བའི་དེ་ཉིད་ཅེས་བྱ་བ་གསུངས་ཏེ། ཐབས་ལས་བྱུང་བའི་རྡོ་རྗེ་བཟླས་པ་དག་གིས་འོད་གསལ་བའི་བདག་ཉིད་ཅན་ལའོ། །སྣོད་བཟང་པོར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལྷུང་བ་འཛིན་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ངག་གིས་མི་སྣང་བར་བྱ་བའོ། །རླུང་གི་དེ་ཉིད་ཤེས་པས་ཞེས་བྱ་བ་ནི། ཐབས་རྗེས་སུ་བསྒྲུབ་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །རྣམ་རྟོག་མེད་པའི་གོ་འཕང་གནས། །ཞེས་བྱ་བ་ནི་ངག་རྣམ་པར་དབེན་པའི་མཚན་ཉིད་ཅན་གྱི་ཁོ་ན་ཉིད་ལ་རྣམ་པར་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་བཟླས་པའི་དམ་ཚིག་བསྟན་ནས། སེམས་རྣམ་པར་དག་པའི་ངོ་བོའི་དམ་ཚིག་ བསྟན་པའི་ཕྱིར། ཕྱག་རྒྱ་གསུམ་དང་ཡང་དག་སྦྱོར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་ཆོས་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཐོབ་པར་བྱའོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཏེ། བཟའ་ཞེས་བྱ་བ་དང་འབྲེལ་ཏོ། ། གང་དུ་ཞེ་ན། དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་སྣོད་ཅེས་བྱ་བ་ཞེས་གསུངས་ཏེ། སེམས་འོད་གསལ་བའི་ངོ་བོ་ཕྱག་རྒྱ་ཆེན་པོའི་སྣོད་ལའོ། །དེའི་མིང་ཅན་ལ་སྣོད་ལ་ཞེས་བྱ་བ་ནི། རང་བཞིན་གྱི་ཚོགས་ལ་ལྷུང་བ་བསྲུང་བའི་ཕྱིར་རོ། །བཟའ་བར་བྱ་ཞེས་བྱ་བ་ནི་མི་སྣང་བར་བྱ་བའོ། །རྣལ་འབྱོར་དེ་ཉིད་ཤེས་ པས་ཞེས་བྱ་བ་ནི་སྔགས་ཀྱི་རིམ་པའི་མཐར་ཕྱིན་པའི་ཕྱིར་རོ། །རྣལ་འབྱོར་ནི་སྔགས་སོ། །དེ་ཁོ་ན་ཉིད་ལ་གནས་གསུམ་ལ་དེ་སྒོམ་པའི་ངོ་བོའོ། །དེ་ཉིད་ཤེས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཤེས་པའོ། །རྣམ་པར་མི་རྟོག་གོ་འཕང་གནས། །ཞེས་བྱ་བ་ནི་རང་བཞིན་གྱིས་ཚོགས་བརྒྱ་ དྲུག་པོ་བཟློག་པའི་བདག་ཉིད་ཅན་ལ་འོད་གསལ་གྱི་གོ་འཕང་གནས་པའི་ཕྱིར་རོ། །དེ་ལྟར་སེམས་རྣམ་པར་དག་པའི་ངོ་བོའི་དམ་ཚིག་བརྗོད་ནས། བདག་བྱིན་གྱིས་བརླབ་པའི་ངོ་བོ་བསྟན་པའི་ཕྱིར། དངོས་དང་དངོས་མིན་སོགས་འཁྲུལ་པའི། །ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་ པའི་ངོ་བོ་རྣམ་པར་འཁྲུལ་པའི་མཚན་ཉིད་ཅན་ཀུན་རྟོག་དང་ནི་ཡོངས་རྟོག་གི་ཕྲ་བ་དང་རགས་པའི་ངོ་བོ་སྟེ་དེའོ། །ཡེ་ཤེས་ཆེར་འཆར་སྣོད་དུ་བཟའ། །ཞེས་བྱ་བ་དང་འབྲེལ་ཏོ། །ཡེ་ཤེས་ཆེར་འཆར་ཞེས་བྱ་བ་ནི་འོད་གསལ་གྱི་རྗེས་ལ་འོད་ཟེར་ལྔ་ལས་ཡང་དག་པར་བྱུང་བའི་འོད་ཟེར་ཁ་ དོག་ལྔའི་ཡེ་ཤེས་ཆེན་པོའོ། །འཆར་ཞེས་བྱ་བ་ནི་དེ་ལས་ཡང་དག་པར་བྱུང་བའི་སྒྱུ་མའི་ལུས་སོ། །སྣོད་དུ་ཞེས་བྱ་བ་ནི་འཁྲུལ་པའི་སྤྲོས་པ་ཐམས་ཅད་རྣམ་པར་བཟློག་པའི་བདག་ཉིད་ཅན་གཟུང་བའི་བདག་ཉིད་ཀྱི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་མི་སྣང་བར་བྱས་པའོ། །རྣམ་པར་མི་རྟོག་པ་ཡིས་ཞེས་བྱ་བ་ ནི་ཆད་པར་ལྟ་བའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་རོ། །དེ་ལྟར་བདག་ལ་བྱིན་གྱིས་བརླབ་པའི་ངོ་བོ་བསྟན་ནས། མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་བོའི་དམ་ཚིག་བསྟན་པའི་ཕྱིར། རྣམ་རྟོག་དྲ་བའི་ས་བོན་ཡང་། །ཞེས་བྱ་བ་ནི་བག་ཆགས་སུ་གྱུར་པའི་རང་བཞིན་གྱི་ཚོགས་ཀྱི་ས་བོན་ནོ། །ཕུང་པོའི་ བུད་ཞིང་སྣོད་བཟང་པོར། །ཞེས་བྱ་བ་ནི་བཟའ་ཞེས་བྱ་བ་དང་འབྲེལ་ཏོ། །ཕུང་པོ་ནི་སྒྱུ་མ་ལྟ་བུའི་ལྷའི་རྣམ་པ་དང་འབྲེལ་པའོ། །དེ་ཉིད་ནི་བུད་ཤིང་སྟེ། འོད་གསལ་བའི་ཡེ་ཤེས་ཀྱི་མེས་འབར་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་སྣོད་བཟང་པོ་སྟེ་དེར་རོ། །སྔགས་ཀྱི་དེ་ཉིད་རྟོགས་པས་ཞེས་བྱ་བ་ནི་རྣལ་ འབྱོར་པས་སོ། །བཟའ་ཞེས་བྱ་བ་ནི་བཟའ་བར་བྱ་བའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར། ཡེ་ཤེས་ཆེན་པོའི་མེ་ཡིས་སྨིན། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་དང་ཕྱག་རྒྱའི་རིམ་པ་དག་གིས་ཡང་དག་པར་སྐྱེས་པའི་ཡེ་ཤེས་ཆེན་པོ་ནི་སྟོང་པ་ལ་སོགས་པ་གསུམ་པའོ། །དེ་ཉིད་ནི་མེ་སྟེ་རྣམ་ པར་རྟོག་པ་ཐམས་ཅད་ཐལ་བ་ཉིད་དུ་བྱེད་པའི་ཕྱིར་རོ། །དེ་ཡིས་སྨིན་ཞེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱས་པས་སོ། །དེ་ལྟར་མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་བོ་དམ་ཚིག་བསྟན་ནས། ཟུང་དུ་འཇུག་པའི་ངོ་བོ་དམ་ཚིག་བསྟན་པར་བྱ་བའི་ཕྱིར། བདུད་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་ བཞི་ནི། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་རྣམས་སོ། །ཁྲོ་བོ་ཆེན་པོ་ནི་བཟློག་པར་བྱ་བའི་ཐབས་ཀྱི་ཞེ་སྡང་ངོ་། །དེའི་སྟོབས་ནི་བདུད་ལ་སོགས་པ་རྣམས་དང་འབྲེལ་པ་ཉིད་དོ། །རྣལ་འབྱོར་ཞེས་བྱ་བ་ནི་ཟུང་དུ་འཇུག་པའི་མཐར་ཕྱིན་པའོ། །བཟའ་ཞེས་བྱ་བ་ནི་ མི་སྣང་བར་བྱེད་པའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རིགས་པས་ཞེས་བྱ་བ་གསུངས་ཏེ། ཐ་དད་པར་བསྒྲུབ་པ་བཟློག་པའི་བདག་ཉིད་ཅན་གྱིས་སོ། །སྒྲུབ་པ་པོས་ལེགས་པར་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མི་གནས་པའི་གོ་འཕང་ལ་གནས་པའི་ཕྱིར་རོ། །གང་དུ་བཟའ་བར་བྱ་ཞེ་ན། དེའི་ཕྱིར་སྣོད་དུ་ཞེས་བྱ་ བ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣོད་དུའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུའོ། །ལེགས་པར་མཉམ་གཞག་ནས་ཞེས་བྱ་བ་ནི་ཆད་པའི་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར་མི་གཡེང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་ལྔས་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྫོགས་པའི་རིམ་པའི་ངོ་བོའི་དམ་ཚིག་བསྟན་ནས། ད་ནི་གཉིས་ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། གཉིས་ཀའི་དམ་ཚིག་བསྟན་པའི་ཕྱིར། དེའི་ཡན་ལག་ཏུ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་བསྟན་པ་ནི། རླུང་དང་སྔགས་དང་རྫས་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ། ཀུན་རྫོབ་དང་སྙིང་ག་དང་གསང་བའི་སྣ་རྩེ་གསུམ་དུ་རླུང་དང་། སྔགས་དང་རྫས་རྣམས་ཀྱི་ཞེས་བྱ་བ་ནི་འོད་ཟེར་དང་། སྔགས་དང་རྫས་ཀྱི་ཐིག་ལེའི་མཚན་ཉིད་ཀྱི་ཐིག་ལེ་གསུམ། མི་ཤིགས་གོ་འཕང་སྣོད་དུ་བཟའ་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །མི་ཤིགས་པའི་གོ་ འཕང་ནི་ཨ་ཡིག་གི་རྣམ་པ་ལའོ། །སྣོད་དུ་ནི་ཞེས་བྱ་བ་ནི་སྣོད་ཉིད་དུའོ། །བཟའ་ཞེས་བྱ་བ་ནི་བཟའ་བར་བྱ་བའོ། །དེས་རྣམ་པར་རྟོག་པ་མི་སྣང་བར་བྱ་བའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པ་རྡོ་རྗེའི་བཟླས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཕ་རོལ་འགྲོ་ཞེས་བྱ་བ་ནི་རླུང་དང་སྔགས་དང་དེ་ཁོ་ན་ཉིད་ཀྱི་ མཐར་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་བསྟན་ནས། སྙིང་རྗེ་དང་ཤེས་རབ་ཀྱི་དམ་ཚིག་བརྗོད་པའི་ཕྱིར། སྟོང་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་འོད་གསལ་བའི་རྣམ་པའོ། །སྙིང་རྗེའི་སྣོད་ ཀྱིས་ཞེས་བྱ་བ་ནི། རྟག་ཏུ་བཏུང་བ་འཐུང་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །སྟོང་པ་ཉིད་ཀྱི་རྣམ་པར་རྟོག་པ་ལྷུང་བར་བསྲུང་བའི་ཕྱིར་རོ། །རྟག་ཏུ་བཏུང་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་ལངས་པའི་རྣམ་པའོ། །ཡེ་ཤེས་ཆེན་པོ་མཉམ་གཞག་ནས། །ཞེས་བྱ་བ་ནི། སྒྱུ་མ་ལྟ་བུའི་ཏིང་ ངེ་འཛིན་གྱིས་རྣམ་པར་མི་གཡེང་བའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྙིང་རྗེ་དང་ཤེས་རབ་ཀྱི་དམ་ཚིག་བསྟན་ནས། ལྷན་ཅིག་སྐྱེས་པའི་དམ་ཚིག་གི་ངོ་བོ་བརྗོད་པའི་ཕྱིར། ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ཇི་ལྟ་བུའི་མིང་ཅན་ཞེ་ན། དེའི་ཕྱིར་དམ་ཚིག་ཅེས་སུ་ བཤད། །ཅེས་བྱ་བ་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལའོ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །ཞེས་བྱ་བ་ནི་དབང་པོ་གཉིས་ཀུན་ནས་སྦྱོར་བའི་མཚན་ཉིད་ཅན་ལའོ། །གང་ཞིག་དེ་ཉིད་མཆོག་སྐྱེས་པ། །ཞེས་བྱ་བ་ནི་དཔེ་དང་དོན་གྱི་རྣམ་པས་སོ། །དེ་ནི་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ལའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །སྐལ་ལྡན་སྣོད་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་སྣོད་དོ། །འཐུང་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱས་ནས་སོ། །ཉམས་དགའ་བ་ཞེས་བྱ་བ་ནི་རོལ་པའི་རིམ་པས་མྱོང་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྒོམ་པ་པོ་རྣམས་ཀྱིས་སོ། །བསྒྲུབ་བྱ་ བ་དེ་ཉིད་མཆོག་ཅེས་བྱ་བ་ནི་དོན་དམ་པའི་ལྷན་ཅིག་སྐྱེས་པའི་ངོ་བོའོ། །དེ་ཉིད་ཅེས་བྱ་བ་ནི་རྟག་ཏུ་དེ་ཉིད་ཀྱི་ངོ་བོས་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་མ་སྐྱེས་པའི་ཕྱིར་རོ། །ཉོན་མོངས་དང་བྲལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་ པོ་དོན་བསྒྲུབ་པ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་ཐམས་ཅད་སྐྱེད་པར་བྱེད་པ་ནི་མཆོག་ཏུ་དགའ་བ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཉིས་ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། གཉིས་ཀའི་དམ་ཚིག་བརྗོད་ནས། དེའི་ཉེ་བར་བསྡུ་བ་བསྟན་པ་ནི། དེ་ལྟ་བུ་ལ་སོགས་པ་ཞེས་ བྱ་བ་གསུངས་ཏེ། སྔོན་དུ་བསྟན་པའི་དམ་ཚིག་གོ། །གསུངས་ཞེས་བྱ་བ་ནི་བརྗོད་པའོ། །གཞན་དུ་གང་ཡང་ངས་མ་བཤད། །ཅེས་བྱ་བ་ནི་སྟོན་པ་པོར་གྱུར་པ་རྡོ་རྗེ་འཆང་བདག་གིས་སོ། །གང་ཡང་ཞེས་བྱ་བ་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམས་སོ། །མ་བཤད་ཅེས་བྱ་བ་ནི་ སེམས་ཅན་རྣམས་སྣོད་དང་མི་ལྡན་པའི་ཕྱིར་རོ། །བླ་མའི་ཞལ་ནས་ཞེས་བྱ་བ་ནི་བརྒྱུད་པའི་རིམ་པ་མ་ཉམས་པ་མཚན་ཉིད་དང་ལྡན་པ་བླ་མའི་ཞལ་ལས་སོ། །གསལ་བར་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་རོ། །རྡོ་རྗེ་སེམས་དཔའ་གོ་འཕང་ཞེས་བྱ་བ་ནི་དེ་ཐོབ་པའི་རྒྱུ་ཉིད་དུ་གྱུར་ པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་པའི་རྒྱ་ཆེར་བཤད་པའོ།། །།ལེའུ་བཅུ་པས་དམ་ཚིག་གི་ཡུལ་ ལ་དྲི་བའི་ལན་བསྟན་པ་བརྗོད་ནས། ད་ནི་སྒྲའི་ཡུལ་ལ་དྲི་བའི་ལན་བསྟན་པ་བཤད་པའི་ཕྱིར་ལེའུ་བཅུ་གཅིག་པ་བསྟན་ཞིང་དེའི་ཡན་ལག་སྒྲའི་ཡུལ་ལ་དྲི་བའི་ལན་རྩོམ་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་པའི་རྗེས་ལའོ། །གཞན་ཡང་ ཞེས་བྱ་བ་ནི་སྔར་ལ་ལྟོས་པས་སོ། །སྒྲ་ཙམ་དོན་ནི་བརྗོད་པར་བྱ་བ་དང་འབྲེལ་ཏོ། །སྒྲ་ནི་ཧཱུྃ་ཡིག་གི་རྣམ་པ་སྟེ། དེ་ཉིད་གཅིག་པུ་ནི་སྒྲ་ཙམ་སྟེ། དེའི་དོན་འདིར་གཏན་ལ་འབེབས་པ་ནི་བརྗོད་པར་བྱ་བའི་ངེས་པའོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། གང་གིས་ཞེས་བྱ་བ་ནི་སྒྲ་ཙམ་གྱིས་སོ། །ཐོས་པ་ལ་སོགས་པའི་རིམ་གྱིས་གོམས་པ་ཙམ་གྱིས་སོ། །འཕོ་བ་མེད་པའི་གོ་འཕང་ཐོབ། །ཅེས་བྱ་བ་ནི་སྐྱེས་པ་དང་འཆི་བའི་རྒྱུན་ལས་ཡང་དག་པར་འདས་པའི་ཕྱིར་འཕོ་བ་མེད་པའོ། །གོ་འཕང་ཞེས་བྱ་བ་ནི་རབ་ཏུ་གནས་པའི་ གནས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་སྒྲའི་ཡུལ་ལ་དྲི་བའི་ལན་རྩོམ་པ་བསྟན་ནས། དངོས་སུ་དེ་བརྗོད་པར་རྩོམ་པ་ནི་དེའི་ཡན་ལག་ཏུ་ངོ་བོ་བསྟན་པ་ནི། ཆོས་ཀྱི་འཁོར་ལོ་པད་སྦུབས་ནས། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་ འཁོར་ལོ་ནི་སྙིང་གའི་གནས་ན་གནས་པའོ། །དེའི་ཆུ་སྐྱེས་ནི་པདྨ་སྟེ། དེའི་རྣམ་པ་རྩ་བརྒྱད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་སྦུབས་ཞེས་བྱ་བ་ནི་ལྟེ་བ་ལ་ཞེས་བྱ་བའི་དོན་ཏོ། །ཡང་དག་གནས་པ་ནི་རང་བཞིན་གྱིས་གྲུབ་པའི་རྩའི་དབྱིབས་ཀྱི་ངོ་བོ་ཉིད་ཀྱིས་སོ། །སྒྲ་ཙམ་ ཞེས་བྱ་བ་ནི་ཨ་ཏ་ཞེས་བྱ་བ་ནི་བཟའ་བ་ལའོ། །ན་ནི་བགེགས་པར་བྱེད་པའོ། །བཟའ་བ་མ་ཡིན་པ་ནི་ནཱ་ད་སྟེ། དེ་ཉིད་གཅིག་ཏུ་ནི་ནཱ་ད་ཙམ་མོ། །རྡུལ་ཕྲ་རབ་ཙམ་གྱི་ཚད་ལས་ཀྱང་ཕྲ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དགའ་བའི་འོད་ཀྱི་ཕྲེང་བ་བྱེད་པའི་མཁན་པོའོ། །ཡང་ན་སྒྲ་ཙམ་ནི་མཆོག་ དགའོ། །མཆོག་ནི་མཆོག་སྟེ། སྣང་བ་མཆེད་པ་ལྟར་སྣང་བ་གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །གཞན་དག་ནི་ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ་གནས་པ་ཧཾ་ཡིག་སྒྲ་ཙམ་པོ་ཆ་ཤས་སུ་བསྡུས་ནས་ཐིག་ལེའི་མཐར་ཐུག་པ་ཞེས་ཟེར་རོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཆ་མེད་ཅེས་བྱ་བ་གསུངས་ ཏེ། ཐིག་ལེའི་ངོ་བོ་ལ་སེམས་འཛིན་པའི་དུས་ནི་ཆ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སྣང་བ་མེད་པ་ཞེས་བྱ་བ་ནི་ཐིག་ལེ་ལ་སེམས་འཛིན་པས་དེ་བསྟན་པའི་དུས་སུ་ཕྱི་རོལ་གྱི་སྣང་བ་ནུབ་པ་ཉིད་ཀྱི་ཕྱིར་རོ། །གཉིས་སུ་མེད་ཅིང་ཞེས་བྱ་བ་ནི་གཉིས་ཀྱི་ངོ་བོ་མེད་པའི་ཕྱིར་དེ་ཡང་བསྒོམ་བྱ་དང་། སྒོམ་བྱེད་ཀྱི་རྣམ་པར་རྟོག་པ་ལོག་པས་སོ། །དྲི་མ་མེད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་མནན་པས་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་བྲལ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའོ། །དཔེ་ལས་འདས་པ་ཞེས་བྱ་བ་ནི་ཤིན་ཏུ་ མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་དང་། །དེ་དང་འདྲ་བ་གཞན་མེད་པ་ཉིད་ཀྱི་ཕྱིར་རོ། །གཞི་མེད་ཅེས་བྱ་བ་ནི་གཞི་ནི་བྱེ་བྲག་སྟེ། སྐྱེ་བ་དང་། རྒ་བ་དང་གནས་པ་ལ་སོགས་པའོ། །དེ་མེད་པ་ནི་གཞི་མེད་པའོ། །རྟེན་མེད་པ་ཞེས་བྱ་བ་ནི་གཟུགས་མེད་པ་ཉིད་ཀྱིས་རྟེན་མེད་པའོ། །མཆོག་ཏུ་ཞེས་བྱ་ བ་ནི་བསྐྱེད་པའི་རིམ་པས་ཐོབ་པར་བྱ་བའི་ལྷའི་རྣམ་པ་ཁྱད་པར་དུ་འཕགས་པ་ཉིད་དོ། །ཡེ་ཤེས་དབང་ཕྱུག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་ལ་བདག་པོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྲོག་དང་རྩོལ་བ་ལ་སོགས་ སྤངས། །ཞེས་བྱ་བ་ནི་དེའི་བདག་པོ་ཉིད་ཀྱི་ཕྱིར་སྲོག་ལ་སོགས་པའི་རླུང་རྒྱུ་བ་འཇུག་པ་ཉིད་ཀྱིས་ལྡོག་པ་མེད་པའོ། །རྣལ་འབྱོར་རྣམས་ཀྱང་ཞེས་བྱ་བ་ནི་རིམ་པ་གཉིས་བསྒོམ་པ་ལ་གནས་པ་རྣམས་སོ། །ལྷ་དབང་ཕྱུག་ཅེས་བྱ་བ་ནི་ལྷ་ནི་ལྷའོ། །དེ་རྣམས་ལ་འདི་དབང་ཕྱུག་ཏུ་གྱུར་པ་ནི་འཕྲོག་བྱེད་ལ་ སོགས་པའོ། །ཀྱང་ཞེས་བྱ་བ་ནི་མཐུ་ཆེན་པོ་དང་ལྡན་པ་རྣམས་ལ་ཡང་དེ་ལྟ་བུ་ནི་རྙེད་པར་དཀའ་བ་སྟེ། རང་གི་སེམས་ཀྱི་ཆོས་ཉིད་ཀྱང་དེས་མ་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ། མཆོག་ཏུ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་མཆོག་གི་ངོ་བོའོ། །ཞི་བ་ཞེས་བྱ་བ་ནི་འཇིག་རྟེན་ལས་ འདས་པའི་ལམ་ལ་གནས་པའི་རྣལ་འབྱོར་པས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་སེམས་དང་ཡང་དག་པར་ལྡན་པའི་ཐོག་མ་མེད་པའི་དུས་ཅན་གྱི་རྣམ་པར་རྟོག་པ་ཟློག་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་རྣམ་སྤངས་པ། །ཞེས་བྱ་བ་ནི་སྔོན་པོ་དང་སེར་པོར་སྣང་བ་ལ་སོགས་པ་ཐམས་ཅད་ མི་སྣང་ཞིང་ནུབ་པའི་ཕྱིར་རོ། །ཐམས་ཅད་ཀྱི་ནི་ཁོངས་སུ་གཏོགས། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལའོ། །ཁོངས་སུ་གཏོགས་པ་ནི་ཁྱབ་པར་གྱུར་པ་རྣམས་ཀྱིས་སོ། །གྱུར་པ་ཞེས་བྱ་བ་ནི་ཡང་དག་པར་གྱུར་པའོ། །རྣམ་པ་ཀུན་ལ་ཞེས་བྱ་བ་ནི་ཆོས་ཐམས་ ཅད་ཀྱི་ངོ་བོ་ཉིད་ཀྱིས་ཡང་དག་པར་གནས་པའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རྟེན་ཅིང་འབྲེལ་འབྱུང་ཞེས་གསུངས་ཏེ། འདི་ལ་རྟེན་པ་ཙམ་གྱིས་བསྡུས་པའོ། །དེས་བརྟེན་པའི་ཕྱིར། ཆང་དང་ཆང་གི་རོ་བཞིན་ནོ། །ཞེས་གསུངས་ཏེ་ཇི་ལྟར་ཆང་གི་རོ་རྒུན་འབྲུམ་ལ་སོགས་པ་ལས་བྱུང་བ་ལ་ཁྱབ་པར་གནས་ པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདི་ཙམ་གྱིས་རང་གི་ངོ་བོ་བསྟན་ནས། དེའི་ཐབས་བརྗོད་པའི་ཕྱིར། རང་གི་ཉམས་མྱོང་རྟོགས་པའི་གནས། །ཞེས་གསུངས་ཏེ། རང་གི་བདག་ཉིད་ཀྱིའོ། །ཉམས་མྱོང་ནི་ཐབས་ལ་གོམས་པའི་མཚན་ཉིད་དེ་ལས་རྟོགས་པ་ཞེས་བྱ་བ་ནི་རང་གིས་ རྟོགས་པར་བྱའོ། །གང་གིས་ཤེ་ན། དེའི་ཕྱིར། སྔགས་ཀྱི་དེ་ཉིད་མཆོག་སྦྱོར་བ། །ཞེས་གསུངས་ཏེ། འཆད་བཞིན་པའི་རིགས་པས་ལྟེ་བའི་དབུས་ན་གནས་པའི་ཨིའི་ཡི་གེ་ཁ་སྦྱོར་ཐིག་ལེའི་སྒྲས་བརྗོད་པར་བྱ་བའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སྦྱོར་བའི་རྣལ་འབྱོར་པས་རིག་པར་བྱའོ་ཞེས་བྱ་ བའི་དོན་ཏོ། །གལ་ཏེ་སྔགས་ཀྱི་དེ་ཉིད་མཆོག་ལ་སྦྱོར་བས་རིག་པར་བྱ་བ་ཡིན་ན། སྔགས་ཀྱི་དེ་ཉིད་མཆོག་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། སྔགས་ཀྱི་དེ་ཉིད་མཆོག་སྦྱོར་བ། །ཞེས་གསུངས་ཏེ། མཆོག་གི་སྦྱོར་བའི་ངོ་བོ་སྟེ། སོ་སོའི་སྐྱེ་བོའི་ཤེས་པའི་སྤྱོད་ཡུལ་མ་ཡིན་པའི་ ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན། ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར། བླ་མའི་ཞལ་ལ་རྣམ་པར་གནས། །ཞེས་བྱ་བ་གསུངས་ཏེ། རྒྱུད་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་གྱི་ལུང་ལས་ལྷག་པར་གནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་ཐབས་སྟོན་ནས། དེ་ལ་ཉེ་བར་ མཁོ་བའི་དོན་གསོལ་བ་གདབ་པའི་ཡན་ལག་གསོལ་བ་གདབ་པའི་ཕྱིར། དེ་ནས་སྟོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་དེ་ཉིད་རྟོགས་པར་བྱ་བ་ཉིད་བསྟན་པའི་རྗེས་ལ་ཕྱག་ན་རྡོ་རྗེ་ཞུ་བ་པོས་སོ། །སྟོན་པ་ཞེས་བྱ་བ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་རྣམ་པ་བཅོམ་ལྡན་འདས་ལའོ། །ཞུས་པ་ནི་ ཞེས་བྱ་བ་ནི། ཡོངས་སུ་ཞུ་བ་དང་ལྡན་པ། །ཞེས་བྱ་བའི་དོན་ཏོ། །རིམ་པ་གཉིས་བསྟན་པས། ཕྱིན་ཅི་མ་ལོག་པ་གང་ཟག་རྣམ་པ་ལྔའི་རྣམ་པར་འཇིག་རྟེན་ལ་སྟོན་པར་བྱེད་པས་ན་སྟོན་པའོ། །བླ་མེད་ལ་ཞེས་བྱ་བ་ནི་དེ་ལས་གཞན་གོང་ན་མེད་པའི་ཕྱིར་རོ། །དེ་ཡང་བག་ཆགས་དང་བཅས་པའི་ཉོན་ མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཞུས་ཤེ་ན། དེའི་ཕྱིར་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པས་ན་བཅོམ་ལྡན་ནོ། །དེ་ལ་བོད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཞི་བའི་དེ་ཉིད་མཁྱེན་ཞེས་བྱ་བ་ནི། ཉོན་མོངས་ པ་ཐམས་ཅད་ཉེ་བར་ཞི་བས་ན་ཞི་བའོ། །དེ་ཉིད་ནི་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་ཏེ། དེ་མཁྱེན་པས་ན་ཞི་བའི་དེ་ཉིད་མཁྱེན་པའོ། །དེའི་དོན་ལ་ཡང་དེ་སྐད་ཅེས་བྱའོ། །དོན་དམ་པའི་བདེན་པ་ཡོངས་སུ་ཤེས་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་སྒྲ་ཙམ་པོའི་ཐབས་སུ་གྱུར་ པའོ། །བཤད་པར་མཛད་ཅེས་པ་ནི་སྟོན་པར་མཛད་ཅེས་པའི་དོན་ཏོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་གང་གིས་ཞེས་གསུངས་ཏེ། གང་གིས་ན་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་སོ། །རྣམ་པར་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་རིམ་པས་རྟོགས་པ་ཙམ་གྱིས་སོ། །གྲུབ་པར་འགྱུར་ ཞེས་བྱ་བ་ནི་སྒྲ་ཙམ་གྱི་ངོ་བོས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་རོ། །དེ་ལྟར་གསོལ་བ་གདབ་པ་བསྟན་ནས། བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་བཏབ་པའི་རྗེས་ལའོ། །བཅོམ་ལྡན་འདས་ ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ཕྱིར་རོ། །གསུངས་ཞེས་བྱ་བ་ནི་བརྗོད་ཅིག་པའོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །བླ་ན་མེད་པ་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་ཕྱིར་རོ། །དེ་ཡང་ཡི་གེ་ཨའི་རྣམ་པ་ཉིད་ ཀྱིས་འཆད་པར་འགྱུར་བའོ། །མཆོག་དང་རབ་མཆོག་ཅེས་བྱ་བ་ནི་མཆོག་ནི་སྦྲུལ་ལ་སོགས་པས་བརྡར་བྱས་པའི་སྔགས་ཀྱི་ཚོགས་སོ། །རབ་མཆོག་ཅེས་བྱ་བ་ནི་དེ་རྣམས་ཉེ་བར་བསྡུས་པའི་ངོ་བོ་ཨ་ཡིག་གོ། །ཕྲ་བ་དང་ཞེས་བྱ་བ་ནི་རྟོགས་པར་དཀའ་བ་ཉིད་ཀྱིས་སོ། །ཡེ་ཤེས་ཆེན་པོ་ཞེས་བྱ་ བ་ནི། ཆོས་ཉིད་མངོན་དུ་བྱེད་པའི་རྒྱུ་དེ་ཉིད་ཀྱིས་སོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་བསྐྱེད་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་བསྟན་ནས། སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པར་དམ་བཅའ་བའི་ཕྱིར། ཡང་དག་བཤད་ཀྱིས་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། མཉན་པར་གྱིས་ཞེས་བྱ་བ་ནི། ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བའོ། །ཡང་དག་བཤད་ཀྱིས་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བའི་ལྷག་མའོ། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག །ཅེས་བྱ་བ་ནི་དེ་མ་ཐག་ཏུ་བཤད་པ་རྣམས་སོ། །མཆོག་ཅེས་བྱ་བ་ནི་རྫོགས་པའི་ རིམ་པ་ལ་གནས་པའི་རྣལ་འབྱོར་པས་རྟོགས་པར་བྱའོ། །རྒྱུད་རྣམས་ཀུན་དུ་སྦས་པ་རྣམས། །ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པ་རྣམས་ལའོ། །གསང་བའི་ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་རྣམས་ལ་བཤད་པའི་སྣོད་མ་ཡིན་པའི་ཕྱིར་རོ། །གོ་འཕང་ཞེས་བྱ་བ་ནི་འདུག་པའི་གནས་སོ། །འཕོ་བ་མེད་ ཅེས་བྱ་བ་ནི་འཇིགས་པ་ལས་སྤངས་པའི་ཕྱིར་རོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། དངོས་སུ་དེ་བརྗོད་པའི་ཕྱིར་རོ། །ལྟེ་བའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་ནོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་མཆོག་ གི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །ཡང་དག་གནས་ཞེས་བྱ་བ་ནི་ཡི་གེའི་ངོ་བོ་ཨའི་ཡི་གེའི་དབྱིབས་ཅན་ནོ། །སྒྲ་ཙམ་དུ་ནི་ཞེས་བྱ་བ་ནི་ཐིག་ལེའི་སྒྲས་བརྗོད་པའོ། །སྟོང་པ་ཆེན་པོའི་མཐར་ནི་ཐིམ། །ཞེས་བྱ་བ་ནི་ཐམས་ཅད་སྟོང་པའི་རང་བཞིན། རང་བཞིན་གྱིས་འོད་གསལ་ བའི་ངོ་བོ་སྟེ། སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་རྣམས་ཀྱི་མཐར་ཉེ་བར་དམིགས་པའོ། །བདེ་བ་ཆེན་པོའི་གོ་འཕང་གསལ། །ཞེས་བྱ་བ་ནི་དེ་ལ་བརྟེན་ནས་བདེ་བ་ཆེན་པོའི་རྣམ་པ་གཉིས་དམིགས་པའི་ཕྱིར་རོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ལག་པའི་མཐིལ་དུ་ སྐྱུ་རུ་ར་གཞག་པ་ལྟར་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་ཅེས་བྱ་བ་ནི་བསྒོམ་བྱ་དང་སྒོམ་པ་པོའི་སྣང་བ་མེད་པའི་ཕྱིར་རོ། །མི་འཇིགས་ཞེས་བྱ་བ་ནི་གཉིས་སྣང་བ་ལས་སྐྱེས་པའི་ལས་ཀྱི་བག་ཆགས་ཀྱི་འཇིགས་པ་མེད་པས་སོ། །ཞི་བ་དང་ཞེས་བྱ་བ་ནི། ལས་ཀྱི་དབང་གིས་ སྐྱེས་པའི་སྐྱེ་བ་བཟློག་པས་སོ། །སྣང་བ་མེད་ཅིང་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་སྣང་བ་དང་བྲལ་བའི་ཕྱིར་རོ། །ཀུན་རྫོབ་མེད་ཅེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཏིང་འཛིན་གཉིས་མེད་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཨ་ཡིག་གི་ངོ་བོ་སྤྲུལ་ པའི་འཁོར་ལོར་གནས་པ་དང་། གཉིས་སུ་མེད་པའི་སྦྱོར་བ་སྟེ། ཐ་མི་དད་པར་རྟོགས་པ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་ངོ་བོས་སོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་ཨ་ཡིག་གི་ངོ་བོའོ། །རབ་གསལ་བ་ཞེས་བྱ་བ་ནི་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་ རྣམ་པ་བཞིས་དེ་ལ་མཁོ་བའི་དོན་ཉེ་བར་བརྗོད་ནས། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། ཐོག་མ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ཞེས་བྱ་བ་ནི་སྐྱེ་བའོ། །ཐ་མ་ཞེས་བྱ་བ་ནི་འཇིག་པའོ། །དེ་དག་མེད་པས་ཐོག་མ་དང་ཐ་ མ་མེད་པ་སྟེ། ཆོས་ཀྱི་དབྱིངས་སེམས་ཀྱི་རང་བཞིན་ནོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་ནི། རྡོ་རྗེ་འཆང་ཆེན་པོའི་དོན་གྱིས་སོ། །ཞི་བ་དང་ཞེས་བྱ་བ་ནི་སེམས་ལས་ཐ་དད་པ་དོན་བརྟགས་པ་ཉེ་བར་ཞི་བའི་ཕྱིར་རྣམ་པར་སྣང་མཛད་ཀྱི་དོན་གྱིས་སོ། །དངོས་ དང་དངོས་མེད་ཟད་པའི་གཙོ། །ཞེས་བྱ་བ་ནི་ཆོས་དང་ཆོས་ཉིད་ཀྱི་མཚན་མ་རྣམས་མེད་པའི་ཕྱིར་མི་བསྐྱོད་པའི་དོན་གྱིས་སོ། །གཙོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཙམ་པོའི་བདག་ཉིད་དང་སངས་རྒྱས་ཐམས་ཅད་ལ་དབྱེ་བ་མ་མཐོང་བའི་ཕྱིར་གཙོ་བོ་ནི་ཐམས་ཅད་དུ་འགྲོ་བ་རིན་ཆེན་འབྱུང་ལྡན་གྱི་དོན་གྱིས་སོ། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་བྱ་བ་ནི་མཚོན་བྱ་དང་མཚོན་བྱེད་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཀྱིས་ཡོངས་སུ་དཔྱད་པའི་ཕྱིར་སྟོང་པ་ཉིད་དང་ཐ་མི་དད་དེ། འོད་དཔག་མེད་ཀྱི་དོན་གྱིས་སོ། །ཆོས་ཀྱི་དབྱིངས་ཙམ་པོའི་བདག་ཉིད་ཀྱིས་སྣ་ཚོགས་པའི་དོན་བྱེད་པའི་ཕྱིར་སྙིང་རྗེ་དང་ཐ་ མི་དད་པ་སྟེ་དོན་ཡོད་གྲུབ་པའི་དོན་གྱིས་སོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་དོན་འདི་ཉིད་ནི། སངས་རྒྱས་ལྔ་རྣམས་ཀྱི་ཆོས་ཉིད་ཀྱིས་སྙིང་ལ་ཞུགས་པའི་དོན་གྱིས་སྙམ་དུ་དགོངས་པའོ། །དེ་ལྟར་མདོར་བསྟན་པ་བཤད་ནས། རྒྱས་པར་བཤད་པ་བསྟན་པའི་ཕྱིར། དེ་ཚེ་ ཐོག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་བསྟན་པའི་སྐབས་སུ་བཤད་པའི་ཐོག་མ་དང་ཐ་མའི་ཚིག་ནི་སྟོང་ཉིད་འགྱུར་ཞེས་གསུངས་ཏེ། སྟོང་པ་ཉིད་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དམིགས་པ་མེད་པའི་གོ་འཕང་ཞེས་བྱ་བ་ནི། འདིས་ནི་ཞི་བའི་ཚིག་བཤད་པ་སྟེ། དམིགས་པ་ཐམས་ཅད་ སྤངས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞི་བ་ཞེས་བྱ་བ་གསུངས་ཏེ། སེམས་ལས་ཐ་དད་པའི་དོན་གྱི་རྟོག་པ་ཉེ་བར་ཞི་བའི་ཕྱིར་རོ། །རང་བཞིན་མེད་པའི་གནས་ཞེས་བྱ་བ་ནི་འདིས་ནི་དངོས་པོ་དང་དངོས་པོ་མེད་པ་ཟད་པའི་ཚིག་བཤད་དོ། །ཆོས་དང་ཆོས་ཉིད་ཀྱི་རྒྱུ་མཚན་ནུབ་པ་ཉིད་ཀྱིས་རང་བཞིན་བཟློག་ པའི་ཕྱིར་རོ། །ཉམས་དགའ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ཕྱིར་ཉམས་དགའ་བའོ། །རྣམ་པར་རྟོག་པ་མེད་ལ་བརྟེན། །ཞེས་བྱ་བ་འདིས་ནི། གཙོ་བོའི་ཚིག་གིས་རྒྱས་པར་བཤད་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ཙམ་གྱི་བདག་ཉིད་དང་། སངས་རྒྱས་ཐམས་ཅད་ཐ་མི་ དད་པའི་མཐོང་བས་རྣམ་པར་རྟོག་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་བཟློག་པས་ཁྱད་པར་ཅན་ཉིད་ཀྱི་ཕྱིར་རོ། །སྟོང་ཉིད་ཡེ་ཤེས་མཚུངས་པ་མེད། །ཅེས་བྱ་བ་ནི་འདིས་ནི་སྟོང་པ་ཉིད་ཀྱི་ཚིག་རྒྱས་པར་བཤད་པའོ། ། སྔ་མ་བཞིན་དུ་མཚོན་བྱ་དང་མཚོན་བྱེད་ལ་སོགས་པ་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཀྱིས་ཡོངས་སུ་བཅད་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་མཚུངས་པ་མེད་པ་སྟེ། ཕྱོགས་གཅིག་པ་ཉིད་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་ཞེས་འདི་ལ་གྲགས། །ཞེས་བྱ་བས་ནི། འདིས་ནི་སྙིང་རྗེ་ཐ་མི་དད་པ་ཞེས་བྱ་བ་འདིའི་རྒྱས་པར་བཤད་པའོ། །སྔ་མ་བཞིན་དུ་ཆོས་ཀྱི་དབྱིངས་ཙམ་གྱི་བདག་ཉིད་ཀྱིས་སྣ་ཚོགས་པའི་དོན་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་འདི་ལ་གྲགས་སོ། །དེ་གཞན་གྱི་དོན་ལ་བརྟེན་པ་ཉིད་དོ་སྙམ་དུ་དགོངས་པའོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ ནས། སོ་སོར་རྒྱས་པར་བཤད་པ་བསྟན་པའི་ཕྱིར། ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་རྟོགས་པ་ཞེས་བྱ་བ་ནི་རིམ་པ་གཉིས་སྒོམ་པ་པོའི་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་པ་རྟོགས་པར་བྱ་བའི་ཕྱིར་རོ། །རྨད་བྱུང་ ཆེ་ཞེས་བྱ་བ་ནི་འབད་པ་མེད་པའི་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཐོག་མ་དང་ཐ་མ་མེད་པའི་ཚིག་མདོར་བསྟན་པའི་སྐབས་སུ་བཤད་པའི་དོན་བཤད་པའོ། །དེ་ཉིད་གསུམ་ནི་རོ་གཅིག་དོན། །ཞེས་བྱ་བ་ནི་གསུམ་ནི་ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་དང་། དབང་པོ་དང་ ཡུལ་དང་རྣམ་པར་ཤེས་པའི་ངོ་བོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པ་ཐ་མི་དད་པའི་ངོ་བོ་སྟེ། དེ་ཉིད་དོན་ནི་དགོས་པ་འདི་ལ་ཡོད་པས་ན། དེས་ན་དེ་ཉིད་གསུམ་ནི་རོ་གཅིག་པའི་དོན་ཞེས་བྱའོ། །འདིས་ནི་ཞི་བ་ཞེས་བྱ་བ་དང་དམིགས་པ་མེད་པའི་ཚིག་དང་ཞི་བ་ལ་སོགས་པ་རྣམས་ཀྱི་དོན་བཤད་དོ། ། ཨ་བ་དྷཱུ་ཏཱིའི་གོ་འཕང་གསལ། །ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་བཟློག་ནས་སྟོང་པ་ཉིད་ཀྱི་དོན་ནི་ཨ་བ་དྷཱུ་ཏཱིའི་རྣམ་པར་རྟོག་པའི་བདག་ཉིད་ཅན་ཡོངས་སུ་ཤེས་པ་ནི་ཨ་བ་དྷཱུ་ཏཱིའི་གོ་འཕང་ངོ་། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་མངོན་སུམ་གྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་ སྐྱེས་དགའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དགའ་བ་དང་མཆོག་དགའ་གཉིས་ཀྱི་བདག་ཉིད་ཅན་དངོས་པོའི་བདག་ཉིད་དང་། དགའ་བྲལ་དངོས་པོའི་བདག་ཉིད་ཅན་ཟད་པའི་ངོ་བོ་ལྷན་ཅིག་པའི་རྣམ་པའི་དེ་ཁོ་ན་ཉིད་དོ། །དེ་དང་སྦྱོར་བ་ནི་དེ་དང་རྩེ་གཅིག་པའི་སྦྱོར་བས་སོ། །འཇུག་པ་ལ་སོགས་ རྣམ་པར་སྤངས། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཐབས་སུ་གྱུར་པ་འཇུག་པ་དང་གནས་པ་དང་ལྡང་བ་སྤངས་ཏེ། ལྷན་ཅིག་སྐྱེས་པ་ཐོབ་པ་ལ་ཐབས་སུ་གྱུར་པའི་རླུང་རྣམས་ནུབ་པའི་ཕྱིར་རོ། །འདི་དག་གིས་དངོས་པོ་དང་དངོས་པོའི་ཚིག་དང་། རང་བཞིན་མེད་པའི་ཚིག་གི་དོན་བཤད་དོ། །བདེ་ བ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི། ཁྲག་གི་རྣམ་པ་རྡོ་རྗེ་ཉི་མའི་ངོ་བོ་ཉིད་ཀྱིས་བདེ་བ་ཆེན་པོ་སྐྱེས་པའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་གོ་འཕང་ངོ་། །ཞི་ཞེས་བྱ་བ་ནི་དེའི་སྣང་བ་ཉེ་བར་ཞི་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པའོ། །དྲི་མ་ཞེས་བྱ་བ་ནི་འདོད་ཆགས་ལ་ སོགས་པས་མ་གོས་པ་སྟེ། འདིས་ནི་གཙོ་བོའི་ཚིག་དང་རྣམ་པར་མི་རྟོག་པ་ལ་བརྟེན་པའི་ཚིག་གི་དོན་གསུངས་སོ། །སྣ་ཚོགས་སྐད་ཅིག་དབྱེར་མེད་པ། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་ངོ་བོ་སྐད་ཅིག་མ་ རྣམས་དང་གཉིས་སུ་མེད་པ་སྟེ། གཉིས་ཀྱིས་རྣམ་པར་རྟོག་པ་བཟློག་པའི་བདག་ཉིད་ཅན་ཏེ། དེ་རྣམས་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །བརྗོད་པའི་བདག་ཉིད་དབྱངས་བྲལ་བ། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ན་གནས་པའི་ཧཾ་གི་ཡི་གེ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ བརྗོད་པར་བྱ་བའི་བདག་ཉིད་དང་ཉམས་སུ་མྱོང་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འདིས་ནི་མངོན་དུ་གསུངས་པའི་སྟོང་པ་ཉིད་དང་། ཐ་མི་དད་པའི་ཚིག་སྟོང་པ་ཉིད་ཀྱི་ཡེ་ཤེས་མཚུངས་པ་མེད་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་གནས་པའི་རྒྱུད་ཀྱིས་ཀྱང་། །ཞེས་བྱ་བ་ནི་ཉིན་མཚན་དུ་ཀུན་རྫོབ་ཀྱི་བྱང་ ཆུབ་ཀྱི་སེམས་འབབ་པར་བྱེད་ཅིང་གནས་པ་ཞེས་བྱ་བ་ནི་རང་གི་ལུས་ལའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་ནི་འབབ་པར་གྱུར་པས་ཞེས་གསུངས་སོ། །ཆད་པའི་ཕྱོགས་སྤངས་ནས་ཡེ་ཤེས་ཀྱི་རིམ་པའི་སྐབས་སུ་སྙིང་རྗེ་ཆེན་པོའི་རྫས་འབབ་པའི་ཕྱིར་རོ། །འདིས་ནི་སྙིང་རྗེ་དང་ཐ་མི་དད་པ་ཞེས་བྱ་བ་འདི་ དང་། བྱང་ཆུབ་སེམས་ཞེས་འདི་ལ་གྲགས། །ཞེས་བྱ་བ་འདི་ཡི་དོན་རྒྱས་པར་བཤད་པར་བྱས་སོ། །དེ་ལྟར་རྣམ་པ་གསུམ་གྱིས་བྱང་ཆུབ་སེམས་ཀྱི་ངོ་བོ་བསྟན་ནས། ད་ནི་ཐབས་རྗེས་སུ་བརྗོད་པས་རང་གིས་རིག་པར་བྱ་བ་ཉིད་བསྟན་པའི་ཕྱིར། སྔགས་ཀྱི་རྣལ་འབྱོར་གྱིས་ནི་འཐོབ། །ཅེས་གསུངས་ ཏེ། ལྟེ་བའི་དབུས་ན་གནས་པའི་ཨ་ཡིག་གི་རྣམ་པའི་སྔགས་ཀྱི་རྣལ་འབྱོར་གྱིས་སོ། །འཐོབ་ཅེས་བྱ་བ་ནི་སྒྲ་ཙམ་པོའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཐིག་ལེ་ཙམ་ཞེས་བྱ་བ་ནི་ཕྲ་བ་ཉིད་ཀྱི་ཕྱིར་རོ། །སྐྱེ་མེད་ཅེས་བྱ་བ་ནི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་སྐྱེ་བ་མེད་པའི་ཕྱིར་རོ། །ཞི་བའི་ཞེས་ བྱ་བ་ནི་དེའི་ངོ་བོ་ཉེ་བར་མཚོན་པས་སངས་རྒྱས་ཀྱི་ཆོས་དགེ་བ་བྱེད་པ་རྣམས་མངོན་པར་འབྱུང་བའི་ཕྱིར་རོ། །རང་རིག་པ་ཞེས་བྱ་བ་ནི་སྒྲ་དང་རྣམ་པར་རྟོག་པས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་སྣང་བ་ཐམས་ཅད་ནུབ་པར་གྱུར་པས་ བླ་ན་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་སྤྱོད་པ་སྤྱད་པས་ན། །ཞེས་བྱ་བ་ནི་སྔགས་ཀྱི་སྤྱོད་པ་རྣམ་པ་གཉིས་ཀྱིས་གང་ཞིག་གནས་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ནི་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རྣལ་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་ཆེན་པོའི་རྒྱུད་ དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཅུ་གཅིག་པས་སྒྲ་ཙམ་གྱི་དོན་གཏན་ལ་ཕབ་ནས། ད་ནི་རླུང་གི་དེ་ཁོ་ན་ཉིད་ལ་དྲི་བའི་ལན་ བསྟན་པ་བརྗོད་པའི་ཕྱིར། ལེའུ་བཅུ་གཉིས་པ་ཉེ་བར་སྟོན་ཅིང་། དེའི་ཡན་ལག་གི་རླུང་གི་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་གཅིག་པ་བཤད་པའི་རྗེས་ལའོ། །རླུང་གི་དེ་ཉིད་དོན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་དོ། ། ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །བཤད་ཀྱིས་ཞེས་བྱ་བ་ནི་བརྗོད་པར་བྱ་ཡིས་ཞེས་བྱ་བའོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་ཐབས་སྒོམ་པ་སྔོན་དུ་འགྲོ་བས་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་འགྲུབ་ཅེ་ན། དེའི་ཕྱིར། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། མྱུར་བ་ཉིད་དུ་ རྡོ་རྗེ་བཟླས་པ་འགྲུབ་པར་འགྱུར་བའོ། །གང་གིས་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱིས་སོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །རླུང་བསྒོམས་ན་ཞེས་བྱ་བ་ནི་རླུང་ནི་རྣམ་པ་ལྔའམ་རྣམ་པ་བཅུ་སྒོམ་པར་བྱེད་ཅིང་ཉེ་བར་ མཚོན་པར་བྱེད་པས་ན། དེའི་རླུང་སྒོམ་པ་པོ་སྟེ། དེ་རྣམས་སོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་རྩོམ་པ་བསྟན་ནས། དངོས་སུ་རླུང་གི་དེ་ཁོ་ན་ཉིད་བསྟན་པ་བརྗོད་པའི་ཕྱིར། དེའི་ཡན་ལག་གི་ངོ་བོ་ནི་རླུང་གི་ཐིག་ལེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པའི་ངང་ ཚུལ་ཅན་གྱི་ཕྱིར་ཐིག་ལེའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོ་དང་ལྷན་ཅིག་ཏུ་ཞ་བོ་དང་ལོང་བ་བཞིན་དུ་འབྲེལ་པའི་ཕྱིར་རོ། །བཤད་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །རླུང་གི་བཤད་པ་བསྟན་ཟིན་ཏོ། །དེ་ཁོ་ན་ཉིད་ཀྱི་ཚིག་བསྟན་པའི་ཕྱིར། དེ་ཉིད་ཚིག་ནི་སླར་ཞེས་གསུངས་ཏེ། དངོས་ གྲུབ་ཀུན་གྱི་རྒྱུར་ཞེས་བྱ་བ་ནི་འགྲོ་བ་དང་འོང་བ་ལ་སོགས་པ་བྱེད་པ་དང་། །ཞི་བ་ལ་སོགས་པ་བསྒྲུབ་པའི་ཕྱིར། ཇི་སྐད་དུ། ཡཾ་ཡིག་དོན་གྱི་གང་ཅུང་ཟད། །དངོས་གྲུབ་འདོད་པས་ཐམས་ཅད་བྱ། །རཾ་ཡིག་ལ་སོགས་གསུམ་གྱིས་ཀྱང་། །འགྲོ་བའི་དོན་ལ་རབ་ཏུ་འཇུག །ཅེས་གསུངས་ཏེ། གསུངས་ཞེས་བྱ་བ་ནི་བརྗོད་པའོ། །གཉིས་མེད་རྣལ་འབྱོར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་དང་། རླུང་དང་། སྔགས་དང་། ལྷ་དང་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་གཉིས་སུ་སྣང་བ་ལ་སོགས་པའི་ཕྱིར་རོ། །གཞན་ཡང་མི་ཟད་ཚེ་ཞེས་བྱ་བ་ནི་ཟད་པ་མེད་པའི་ཕྱིར་རོ། །སྐྱེ་མེད་ ཅེས་བྱ་བ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །ཀུན་འགྲོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་འབྱུང་བ་ཆེན་པོ་དང་། ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་ལ་ཐམས་ཅད་དུ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་དང་ཞེས་བྱ་བ་ནི་རླུང་གི་སྟོབས་ཀྱིས་བྱུང་བའི་རང་བཞིན་གྱི་ཚོགས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །ཁྱབ་པར་བྱེད་ཅེས་བྱ་བ་ནི། ངག་གི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །ལུས་ཅན་ཀུན་ལ་ཞེས་བྱ་བ་ནི་ལུས་འཛིན་པ་རྣམས་ལའོ། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་འོད་གསལ་གྱི་རྣམ་པས་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་དོན་དམ་པར་རང་གི་ངོ་བོ་མེད་པས་སོ། །དེ་ཡང་རྟེན་ཅིང་འབྲེལ་ པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དྲི་མེད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པར་ཡོངས་སུ་ཤེས་པས་དྲི་མ་མེད་པའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་རླུང་གི་ངོ་བོ་ཐམས་ཅད་དུ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམས་ལའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་རྟག་པར་རོ། །བཞུགས་ཞེས་བྱ་བ་ནི་རྟེན་པའོ། ། སྒོམ་པ་དང་བསམ་གཏན་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་སྒོམ་པ་ནི་ལུས་ངག་ཡིད་གསུམ་གྱི་ངོ་བོ་དང་། འབྱུང་བ་དང་རྔུབ་པ་དྲན་པའོ། །བསམ་གཏན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་རླུང་གི་རང་བཞིན་སེམས་དཔའོ། །བསྒོམ་པ་ཡང་ཡིན་ལ། བསམ་གཏན་ཡང་ ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་དག་ཉིད་ནི་རྣལ་འབྱོར་ཏེ་སྦྱོར་བའོ། །དེས་རྟོགས་པས་ན་རྟོགས་པའོ། །ཐིག་ལེ་རང་གི་ངོ་བོ་ཤེས། །ཞེས་བྱ་བ་ནི་ཐིག་ལེ་རྣམ་པ་གསུམ་གྱི་ངོ་བོའོ། །ཆོས་རྣམས་གཅིག་ཏུ་གྱུར་པའི་གནས། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཕུང་པོ་ལྔའི་མཚན་ཉིད་ཅན་ ནོ། །གཅིག་ཉིད་གནས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ། སྲོག་ནི་རྣམ་ཤེས་ཕུང་པོ་སྟེ། །ཐུར་སེལ་ཚོར་བའི་ཕུང་པོའོ། །མཉམ་གནས་འདུ་ཤེས་ཕུང་པོ་སྟེ། །འདུ་བྱེད་དུ་གྲགས་གྱེན་དུ་རྒྱུ། །གཟུགས་ཀྱི་ཕུང་པོ་ཁྱབ་བྱེད་འགྱུར། །ཕུང་པོ་ལྔ་ནི་རྣམ་པའོ། །ཞེས་གསུངས་ སོ། །སྔགས་ཀྱི་དེ་ཉིད་རྒྱུ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པ་རྣམ་པ་བཞི་པོ་རྣམས་རླུང་གི་དབང་གིས་ཨ་ཡིག་ལ་སོགས་པ་མ་མོ་བསྐྱེད་པའི་ཕྱིར་རོ། །ཇི་སྐད་དུ། རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་དབང་དུ་བྱ། །ཞེས་གསུངས་སོ། །བག་ཆགས་ཀུན་ ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་རྣམ་པ་གཉིས་བསྒོམས་པས། བག་ཆགས་ཀྱི་ངོ་བོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་སྣང་བ་མེད་པའི་ཕྱིར་རོ། །ཀུན་མཁྱེན་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བ་ལ་སོགས་པ་དབང་པོའི་རླུང་ལྔའི་སྟོབས་ཀྱིས་དབང་པོ་རེ་རེ་ལ་ཡུལ་ཐམས་ཅད་སྣང་ བའི་ཕྱིར་རོ། །བདེ་བ་ཀུན་སྟེར་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྐྱེ་བ་ནས་བཟློག་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྣ་ཡི་རྩེ་མོར་དེ་ཉིད་མཆོག །ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣའི་རྩེ་མོར་རོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་མཆོག་གི་ངོ་བོ་དེ་ཉིད་ནི། ངག་གི་འོད་གསལ་བའི་བདག་ཉིད་ལ་ རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བསམ་པར་བྱ་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་དུ་བསམ་པར་བྱའོ། །འོད་ཟེར་ཐིག་ལེ་ཞེས་བྱ་བ་ནི་རླུང་ལྔ་ཉེ་བར་བསྡུས་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར། སྲོག་དང་རྩོལ་བ་ཡང་དག་སྦྱོར། །ཞེས་གསུངས་ཏེ། སྲོག་དང་ རྩོལ་བ་གཉིས་འཇུག་པ་དང་ལྡང་བའི་ངོ་བོ་དག་ལ་མཉམ་པར་སྦྱོར་བ་རླུང་རྣམ་པ་ལྔ་ཉེ་བར་བསྡུས་པའི་ངོ་བོ་དེའི་རྟགས་པ་ཡིད་ལ་མངོན་དུ་ཕྱོགས་པའི་ངོ་བོ་དེ་སྔོན་དུ་འགྲོ་བའོ། །གང་གིས་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་བློ་ལྡན་ཞེས་གསུངས་ཏེ། གསུམ་ པའི་དོན་གྱི་དང་པོ་སྟེ། བློ་ལྡན་གྱིས་ཞེས་བྱ་བའི་དོན་ཏོ། །འོད་ཟེར་གྱི་ཐིག་ལེ་བསྒོམ་པ་ལ་མཁས་པའི་ཕྱིར་སྙམ་དུ་དགོངས་པའོ། །གཞན་ཡང་རླུང་གི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཡེ་ཤེས་ལྔའི་བདག་ཉིད་ཅེས་བྱ་བ་གསུངས་ཏེ། སྐལ་བཟང་ཡེ་ཤེས་ལྔའི་བདག་ཉིད་ཅན་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་པ་ཉམས་དགའ་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ལྔའི་མཆོག་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། སྲོག་ནི་སེམས་ ཀྱི་རྡོ་རྗེ་སྟེ། །ཐུར་སེལ་རིན་ཆེན་འབྱུང་ལྡན་ནོ། །གསུང་གི་རྡོ་རྗེ་གྱེན་རྒྱུར་གྲགས། །མཉམ་བཅས་ལས་ཀྱི་རྡོ་རྗེ་འཛིན། །ཁྱབ་བྱེད་རྣམ་པར་སྣང་མཛད་གྲགས། །སངས་རྒྱས་ལྔ་ནི་རྣམ་དག་པའོ། །ཞེས་གསུངས་སོ། །རིན་ཆེན་ལྔ་ཡི་སྦྱོར་བའི་ གཟུགས། །ཞེས་བྱ་བ་ནི་ཤེལ་དང་། ཨིནྡྲ་ནཱི་ལ་དང་། མར་ག་ཏ་དང་། པདྨ་རཱ་ག་དང་། གསེར་གྱི་དབྱེ་བ་རྣམས་ཀྱིས་སོ། །ཇི་སྐད་དུ། སྲོག་ནི་ནག་པོ་ཐུར་སེལ་སེར་པོ་སྟེ། དམར་པོ་གྱེན་རྒྱུ་ནམ་མཁའ་ལྟར་ལྗང་བ། །འདིར་ ནི་མཉམ་པ་ཞེས་བྱ་བརྗོད་པ་སྟེ། །ཁྱབ་བྱེད་ཀུནྡ་དང་མཉམ་འདོད། །ཅེས་གསུངས་སོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་སེམས་ཀྱི་རྒྱུ་བ་འགོག་པའི་རྒྱུར་གྱུར་པའི་ཕྱིར་རོ། །འབྱུང་བ་ལྔ་ཡི་བདག་ཉིད་མཚན། །ཞེས་བྱ་བ་ནི་སྲོག་ནི་ཆུའི་ཁམས་ཀྱི་ རྣམ་པར་དག་པའི་ངོ་བོའོ། །ཐུར་སེལ་ནི་ནམ་མཁའི་ཁམས་ཀྱི་ངོ་བོའོ། །གྱེན་དུ་རྒྱུ་བ་ནི་མེའི་ཁམས་ཀྱི་ངོ་བོའོ། །མཉམ་གནས་ནི་རླུང་གི་ཁམས་ཀྱི་རང་བཞིན་ནོ། །ཁྱབ་བྱེད་ནི་སའི་ཁམས་ཀྱི་རང་བཞིན་ནོ། །ཇི་སྐད་དུ། ཆུ་ཡི་ཁམས་ནི་སྲོག་ཅེས་བརྗོད། ། ཐུར་སེལ་ནམ་མཁའ་དེ་བཞིན་ཏེ། །གྱེན་རྒྱུ་མེ་ཉིད་དུ་ནི་བརྗོད། །མཉམ་གནས་དེ་བཞིན་དུ་ནི་རླུང་། །ཁྱབ་བྱེད་ས་ཡི་ཁམས་ཡིན་ནོ། །ཁམས་ལྔ་རྣམ་པར་དག་པའོ། །ཞེས་གསུངས་སོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ ཉིད་བསྟན་ནས། དེ་སྒོམ་པར་བྱེད་པའི་ཐབས་བརྗོད་པར་བྱ་བའི་ཕྱིར། །དེའི་ཡན་ལག་ལུས་ལ་སོགས་པའི་སྦྱོར་བ་ནི་ཐོག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ཕྱག་རྒྱའི་དངོས་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱིས་བསྐྱེད་པའི་རིམ་པ་བསྒོམས་པས་རྡོ་རྗེ་བཟླས་ པའི་རྟེན་དུ་གྱུར་པའི་ལུས་མེད་ཀྱང་། མོས་པས་གཟུང་བའི་སྒྱུ་མའི་ལུས་ལ་ལུས་ཀྱི་ཕྱག་རྒྱའི་དངོས་ཞེས་བརྗོད་དོ། །ཇི་སྐད་དུ། རྡོ་རྗེའི་བཟླས་པ་འདི་ཡིས་ནི། །སྔ་མ་བཞིན་དུ་བརྟེན་བྱས་ནས། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ ཐམས་ཅད་བསྒྲུབ་པར་བྱ། །ཞེས་གསུངས་སོ། །ངག་གི་གྲངས་ནི་ཟློས་བདག་ཉིད། །ཅེས་བྱ་བ་ནི་གཅིག་དང་གཉིས་དང་མང་པོ་ཞེས་བྱ་བའི་བདག་ཉིད་ཅན་གྱི་སྔགས་ཀྱི་གྲངས་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་རྟེན་གཉིས་པའོ། །ཡིད་ནི་རྣལ་འབྱོར་ཆེ་ལ་ དགའ། །ཞེས་བྱ་བ་ནི་སྣའི་རྩེ་མོ་རྣམ་པ་གསུམ་བསྒོམས་པས་འཇུག་པ་དང་། གནས་པ་དང་། ལྡང་བའི་རླུང་རྣམས་ལའོ། །ཡི་གེ་གསུམ་དང་དེ་བཞིན་གཤེགས་པ་གསུམ་གྱི་ངོ་བོ་ཡོངས་སུ་ཤེས་པ་ནི་ཡིད་ལ་ཡོངས་སུ་ཤེས་པ། ཡིད་ནི་རྣལ་འབྱོར་ ཆེ་ལ་དགའ། །ཞེས་བྱ་བར་བྱས་ནས་སོ། །འདི་ཉིད་ནི་རྣལ་འབྱོར་ཆེན་པོ་སྟེ། དེ་ལས་གཞན་པའི་རྣལ་འབྱོར་གྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །བསྒོམ་པའི་གོ་འཕང་མི་བཟད་པ། །ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཕྱག་རྒྱའི་རྣམ་ པ་གསུམ་གྱིས་རྡོ་རྗེ་བཟླས་པའི་ངོ་བོ་འདུག་པའི་གནས་སོ། །བསྒོམ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །མི་ཟད་པ་ཞེས་བྱ་བ་ནི་འདི་ལ་ཟད་པ་ནི་འཇིག་པ་སྟེ། དེ་མེད་པས་ན་མི་ཟད་པ་སྟེ། ངག་འོད་གསལ་བའི་རྣམ་པ་གཉིས་ཀྱི་ཕྱིར་རོ། །དེ་ ལྟར་ལུས་ལ་སོགས་པའི་སྦྱོར་བ་བསྟན་ནས་འབྱུང་བ་དང་འཇུག་པ་དྲན་པ་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། བགྲང་བ་ཡི་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆད་བཞིན་པའི་རྣམ་པ་དྲུག་གིས་སོ། ། བསྒོམ་བྱ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །གང་གིས་ཤེ་ན། དེའི་ཕྱིར་རྣལ་འབྱོར་མཆོག་གིས་ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པ་སྒོམ་པ་པོའི་རྣལ་འབྱོར་པའི་མཚན་ཉིད་དང་བྲལ་བ་རྫོགས་པའི་རིམ་པ་སྒོམ་པ་ལ་མོས་པ་ཞེས་བྱ་བའི་ དོན་ཏོ། །རྟག་ཅེས་བྱ་བ་ནི་ཐུན་ཕྱེད་ཀྱི་དུས་ཀྱི་མཐར་ཐུག་པའམ། ཐུན་མཚམས་བཞིར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བགྲང་བྱའི་གྲངས་ཀྱི་དབུགས་ཀྱིས་ནི། །ཞེས་གསུངས་ཏེ། བགྲང་བྱ་ནི་གྲངས་སོ། །དབུགས་ཀྱི་གྲངས་ཀྱིས་ཞེས་ བྱ་བ་ནི་ལྷག་པ་དང་ཆད་པའི་དབུགས་ཀྱི་གྲངས་སྤངས་པ་དང་། འདྲེས་པའི་གྲངས་ཡོངས་སུ་སྤངས་ནས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཀྱི་གྲངས་ཀྱི་ངོ་བོའོ། །དེ་བཞིན་དབུགས་ནི་རྣམ་སྤྱོད་བྱ། །ཞེས་བྱ་བ་ནི་འདིས་ནི་རྗེས་སུ་འགྲོ་བ་བཤད་དེ། ། དཀྱིལ་འཁོར་རེ་རེ་ལས་ལྷག་མའི་དཀྱིལ་འཁོར་གྱི་ཆས་བགྲངས་པས་དགུ་བརྒྱ་དགུ་བརྒྱའི་ངོ་བོའི་དབུགས་རྒྱུ་བའི་གྲངས་ཀྱིས་འཇུག་པ་ལ་སོགས་པའི་རིམ་པས་ཐུན་རེ་རེ་ལ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་གྲངས་ཀྱི་མཚན་ཉིད་ཅན་རླུང་ནི་རྣམ་སྤྱོད་པ་ཞེས་བྱ་བ་ནི་འདིས་ནི་ གནས་བསྟན་པ་སྟེ། རྟོག་པ་དང་ཞེས་བྱ་བ་དང་འབྲེལ་ཏོ། །དཀྱིལ་འཁོར་རེ་རེ་ལ་རྩའི་དཀྱིལ་འཁོར་རབ་ཏུ་རྒྱུ་བས་དབུགས་འབྱུང་བ་དང་རྔུབ་པའི་གནས་པའི་རྣམ་པར་སྤྱོད་པའོ། །དུས་ཀྱི་དབྱེ་བའི་རྟོག་པ་དང་། །ཞེས་བྱ་བ་ནི་འདིས་ནི་མཚན་ཉིད་གསུངས་ ཏེ། གནས་སོ་སོར་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ཀྱི་རྒྱུ་བའི་ངོ་བོ་དབྱེ་བའི་དུས་ཏེ་དེས་སོ། །རྟོག་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པའི་ཞེས་བྱ་བའི་དོན་ཏོ། །རླུང་རྣམས་ཀྱིས་ནི་ཟློག་པ་དང་། །ཞེས་བྱ་བ་ནི་འདིས་ནི་ལྡོག་པ་གསུངས་ཏེ། རྟོག་པ་དང་བཅས་པའི་ངོ་བོ་བཟློག་པས་ པས་རྟོག་པ་མེད་པའི་ངོ་བོ་ལས་དང་པོ་པའི་རྣལ་འབྱོར་གྱི་ངོ་བོས་རྣམ་པར་ལྡོག་པ་ཞེས་བྱ་བའི་དོན་ཏོ། །རྟོག་པ་དང་བཅས་སྤངས་པ་སྟེ། །ཞེས་བྱ་བ་ནི་འདིས་ནི་རྣམ་པར་དག་པ་གསུངས་སོ། །རྟོག་པ་དང་བཅས་པ་ བཟློག་ནས། རླུང་གི་ངོ་བོ་གཅིག་པུ་གནས་པ་ལ་དལ་བས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་དྲུག་གིས་ཞེས་བྱ་བ་ནི་རིགས་པ་འདིས་སོ། །དྲུག་གིས་ཞེས་བྱ་བ་ནི་རྣམ་པ་དྲུག་གིས་སོ། །མདོར་བསྡུས་ཞེས་བྱ་བ་ནི་མདོར་བསྡུས་པ་ཉིད་ཀྱིས་ སོ། །འབྱུང་དང་རྔུབ་པར་རྗེས་སུ་དྲན། །ཞེས་བྱ་བ་ནི་འཇུག་པའི་རླུང་ནི་རྔུབ་པའོ། །འགྲོ་བའི་རླུང་ནི་འབྱུང་བའོ། །དེ་དག་རྗེས་སུ་དྲན་པ་ནི་ཉེ་བར་མཚོན་པའོ། །དེ་ལྟར་འབྱུང་བ་དང་། རྔུབ་པའི་རྗེས་སུ་དྲན་པ་མདོར་བསྟན་པ་བཤད་ནས། རྒྱས་པ་བཤད་པ་བསྟན་པའི་ཕྱིར། དེའི་ཡན་ལག་བགྲང་བའི་ངོ་བོ་བསྟན་པ་ནི། ཐོག་མར་སྲོག་དང་ཐུར་སེལ་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་རེ་ཞིག་མོས་པ་ལས་བྱུང་བའི་སྒྱུ་མའི་ལུས་ལ་དམིགས་ལ། སྲོག་དང་ཐུར་སེལ་ཆད་ པ་དང་ལྷག་པ་དང་འདྲེས་པའི་གྲངས་ཡོངས་སུ་དོར་ནས་སོ། །ཉི་ཁྲི་ཞེས་བྱ་བ་ནི་སྟོང་ཕྲག་ཉི་ཤུའོ། །ཆིག་སྟོང་ཞེས་བྱ་བ་ནི་སྟོང་ཕྲག་གཅིག་གོ། །བརྒྱ་ཕྲག་དྲུག་ཅེས་བྱ་བ་ནི་དྲུག་བརྒྱའོ། །ཉིན་མཚན་གྲངས་ནི་ཞེས་བྱ་བ་ནི་ཉིན་མཚན་གྱི་གྲངས་ཀྱིས་སོ། །ངེས་པར་ཞེས་བྱ་བ་ནི་ བཅོམ་ལྡན་འདས་ཀྱིས་བསྟན་པས་ཐེ་ཚོམ་བཟློག་པའི་ཕྱིར་རོ། །དེ་ལྟར་གྲངས་ཀྱི་ངོ་བོ་བསྟན་ནས། དུས་ཀྱི་ངེས་པ་བརྗོད་པའི་ཕྱིར། །ཇི་སྲིད་གྲངས་ནི་ཐོབ་པའི་གནས། །ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པའི་རིགས་པས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཐོབ་པའི་ཕྱིར་གྲངས་ ནི་ཐོབ་པའོ། །ཉིན་ཞག་ཉི་ཤུ་རྩ་བདུན་དུ། །ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་བདུན་གྱིས་དབང་པོ་ཤིན་ཏུ་རྣོན་པོ་ལ་བརྟེན་ནས་ངེས་པར་བརྗོད་པའོ། །གྲངས་ནི་རྗེས་སུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དེ་མ་ཐག་པ་བསྟན་པའིའོ། །གྲངས་ནི་ཞེས་བྱ་བ་ནི་སྔར་བསྟན་པའོ། །ཡང་དག་ཅེས་བྱ་ བ་ནི་གྲངས་ཀྱི་སྐྱོན་སྤངས་ནས་སོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་གྲངས་ཀྱི་རྒྱས་པར་བཤད་པ་བསྟན་ནས། རྗེས་སུ་འགྲོ་བ་རྒྱས་པར་བཤད་པའི་ཕྱིར། དེའི་ཡན་ལག་ངོ་བོ་བསྟན་པ་ནི། དེ་ནས་རྗེས་འགྲོ་ཟློས་པར་འགྱུར། །ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། གཞུ་རྒྱུད་ཀྱི་རིགས་པའམ། པི་ཝང་གི་རྒྱུད་ཀྱི་རིགས་པ་གྲངས་ཀྱི་རྗེས་ལའོ། །ཐུན་ཚོད་སོ་སོར་ཞེས་བྱ་བ་ནི་འཇིག་རྟེན་པ་ལ་རབ་ཏུ་གྲགས་པའི་ཉིན་མཚན་གྱི་དབྱེ་བ་བརྒྱད་དམ། ཕལ་ཆེར་ཆུ་ཚོད་བརྒྱད་བརྒྱད་ཀྱི་དབྱེ་བའི་ངོ་བོ་རྣམས་ལའོ། །སོ་སོར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སོ་སོར་ རོ། །རྗེས་སུ་འགྲོ་བ་ཟློས་པར་འགྱུར་བ་སྟེ། ལུས་ཐམས་ཅད་ཀྱི་རླུང་ལ་ཞེས་བྱ་བའི་དོན་ཏོ། །ཐུན་རེ་རེའི་ཚད་ལ་ཞེས་བྱ་བ་ནི་ཐུན་ཚད་རེ་རེ་ལའོ། །སྲོག་དང་རྩོལ་བ་ལ་ཞེས་བྱ་བ་ནི་དབུགས་དབྱུང་བ་དང་རྔུབ་པ་རྣམས་ལ་བརྟགས་ཏེ། ཉིས་སྟོང་བདུན་བརྒྱའི་གྲངས་ཀྱིས་ཞེས་བྱ་བ་དང་འབྲེལ་ཏོ། ། དེ་ལས་དཀྱིལ་འཁོར་གྱི་ཆ་གཅིག་ལ་རྐང་པ་གཅིག་དང་ཉིས་བརྒྱའི་དབུགས་རྣམས་སུ་འགྱུར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །གང་དུ་གཅིག་ཡོད་པ་དེར་བཞི་ཡོད་དོ་ཞེས་བྱ་བ་ནི་རིགས་པ་སྟེ། འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་ཆས་བརྟག་པ་ལ་ཆ་བཞིས་བརྩིས་ན། དཀྱིལ་འཁོར་གཅིག་ ལ་དགུ་བརྒྱར་འགྱུར་ཏེ། དེ་རྣམས་ཀྱང་འཇུག་པ་དང་གནས་པ་དང་ལྡང་བའི་ངོ་བོ་ཉིད་ཀྱིས་སུམ་འགྱུར་དུ་བྱས་པས་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་གྲངས་ཀྱི་དབུགས་རྣམས་སུ་འགྱུར་རོ། །ངེས་པར་ནི་ཞེས་བྱ་བ་ནི་རང་གིས་ཉམས་སུ་མྱོང་བ་དང་། བཅོམ་ལྡན་འདས་ཀྱི་གསུང་གི་ངེས་པའོ། །གཟུང་བྱེད་ ཅེས་བྱ་བ་ནི་མཚོན་པར་བྱེད་པའོ། །དེ་ལྟར་རྗེས་སུ་སྦྱོར་བའི་ངོ་བོ་བསྟན་ནས། དུས་ཀྱི་ངེས་པར་སྦྱོར་བར་བྱ་བའི་ཕྱིར། ཡོངས་སུ་གཅོད་པའི་རྣམ་པ་ཡིས། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་རེ་རེ་ལ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་དབུགས་ཀྱི་གྲངས་ཀྱིས་ཡོངས་སུ་གཅོད་པའི་རྣམ་པ་དེས། ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ཞེས་བྱ་བ་ནི་སྔར་བཤད་དོ། །འཁོར་ལོ་བཞིའི་དབྱེ་བས་ཞེས་བྱ་བ་ནི་མེ་དང་རླུང་དང་ས་དང་ཆུའི་དབྱེ་བས་སོ། །ཉིན་དང་མཚན་དུ་ཞེས་བྱ་བ་ནི་ཉི་མ་ལ་དཀྱིལ་འཁོར་རེ་རེ་ལ་སོ་སོར་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་གྲངས་ཀྱི་དཀྱིལ་འཁོར་བཞི་ལ་བརྒྱད་བརྒྱས་ལྷག་པའི་སྟོང་ ཕྲག་བཅུར་འགྱུར་ཏེ། མཚན་མོ་ལ་ཡང་དེ་ཙམ་དུ་འགྱུར་རོ། །གཉིས་ཀ་གཅིག་ཏུ་བསྡོམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་རོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱི་རྗེས་སུ་སྦྱོར་བ་བཤད་ནས། གནས་རྒྱས་པར་བཤད་པ་བསྟན་པའི་ཕྱིར། དེའི་ ཡན་ལག་གི་ངོ་བོ་བརྗོད་པ་ནི། དེ་ནས་གནས་པའི་འབད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བའི་རྗེས་ལའོ། །གནས་པའི་ཞེས་བྱ་བ་ནི་རླུང་སྐྱེ་བའི་གནས་སོ། །འབད་པ་ཡིས་ཞེས་བྱ་བ་ནི་བླ་མ་བརྒྱུད་པའམ་ཉེ་བར་མཚོན་པའི་རིམ་པས་སོ། ། ཐ་དད་དུ་ནི་ཞེས་བྱ་བ་ནི་སྙིང་ག་དང་། གསང་བ་དང་། ལྟེ་བ་དང་། མགྲིན་པ་དང་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་མཚན་ཉིད་ཅན་ནོ། །རབ་ཏུ་བརྟག་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པའི་རླུང་ལྔ་པོ་མཚོན་པར་བྱེད་པའོ། །རྩ་ཡི་འཁོར་ལོ་རྒྱུ་བ་ཡིས། །ཞེས་བྱ་བ་ནི་དཀྱིལ་ འཁོར་རེ་རེ་ལ་རྩའི་འཁོར་ལོ་ལས་བྱུང་བའི་རླུང་རྒྱུ་བའམ། འཁོར་ལོ་དྲུག་དང་འཁོར་ལོ་བཞིའི་གྲངས་ཀྱིས་ཇི་ལྟར་ལེའུ་གསུམ་པོ་ལས་བཤད་པ་བཞིན་དུའོ། །འབྱུང་དང་རྔུབ་པ་ཞེས་བྱ་བ་ནི་འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་ནོ། །ངེས་པར་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ བྱས་ནས་སོ། །ངེས་པར་གཟུང་བའི་ཞེས་བྱ་བ་ནི་དབྱེ་བར་མཚོན་པ་དང་བྱ་བ་སྟེ་འདི་མེའི་དཀྱིལ་འཁོར་ལས་བྱུང་བའི་དབུགས་དང་། འདི་ནི་རླུང་གི་དཀྱིལ་འཁོར་ལས་བྱུང་བའི་དབུགས་ཞེས་བྱ་བ་ལ་སོགས་པ་ཐུན་གྱི་དབྱེ་བ་དང་། ཐུན་གཅིག་པ་འདི་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེའི་སྦྱོར་བ་ ལས་ཞེས་བྱ་བ་ནི་རླུང་གི་སྦྱོར་བ་དང་། དབུགས་འབྱུང་བ་དང་རྔུབ་པའི་སྦྱོར་བས་སོ། །རྩའི་འཁོར་ལོ་ཞེས་བྱ་བ་ནི་རླུང་གི་རྟེན་དུ་གྱུར་པའོ། །དཔྱད་པར་བྱ་ཞེས་བྱ་བ་ནི་རྩ་འདི་ལས་དེ་ལྟ་བུར་གྱུར་པའི་རླུང་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་རིག་པས་སོ། །དེ་ལྟར་གནས་ཀྱི་རྒྱས་པར་བཤད་པའི་ངོ་ བོ་བསྟན་ནས་དུས་ངེས་པ་བརྗོད་པའི་ཕྱིར། དེ་ནི་འཁོར་ལོ་རྩའི་དབྱེ་བས་ཞེས་བྱ་བ་གསུངས་ཏེ། སྤྲུལ་པ་ལ་སོགས་པའི་འཁོར་ལོ་དྲུག་གམ་བཞི་དང་། འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་དེ་རྣམས་ལ་རྩ་རྣམས་ནི་འཆད་པར་འགྱུར་བའི་མིང་ཅན་དེ་ནི་འཁོར་ལོའི་རྩའོ། །དེ་རྣམས་ཀྱི་དབྱེ་བ་ནི་བྱེ་བྲག་ ཏུ་དབྱེ་བའོ། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ཞེས་བྱ་བ་ནི་སྔར་བཞིན་ནོ། །དེ་ལྟར་རྣམ་པ་གཉིས་ཀྱིས་གནས་རྒྱས་པར་བཤད་ནས། མཚན་ཉིད་རྒྱས་པར་བཤད་པ་བསྟན་པའི་ཕྱིར། དེའི་ཡན་ལག་གི་ངོ་བོ་བརྗོད་པ་ནི། དེ་ནས་མཚན་ཉིད་ཡང་དག་ནི། །ཞེས་བྱ་བ་གསུངས་ཏེ། རླུང་འདི་ གཅིག་པུར་མ་ཟད་ཀྱི། །འོན་ཀྱང་འབྱུང་བ་ཆེན་པོ་བཞི། །ཞེས་བྱ་བའི་མཚན་ཉིད་ཡང་དག་པར་བརྟག་པར་བྱ་བ་ནི་མཚོན་པར་བྱའོ། །ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གནས་ཀྱི་དབྱེ་བས་ཞེས་བྱ་བ་གསུངས་ཏེ། གནས་ཀྱི་དབྱེ་བས་ཞེས་བྱ་བ་ནི་གནས་ཀྱི་དབྱེ་བས་སོ། །དེ་ཉིད་བསྟན་པ་ནི། གནས་ནི་སོ་ སོར་རྣམ་པར་བརྟགས་ནས་ཞེས་གསུངས་ཏེ། དཀྱིལ་འཁོར་གཅིག་ལ་བརྟེན་པའི་རླུང་ལའོ། །རྣམ་རྟོག་བརྒྱ་དང་བརྒྱད་ཅེས་བྱ་བ་ནི་ལེའུ་གསུམ་པར་གསུངས་པའི། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཞེས་བྱ་བ་ལ་སོགས་པ་རྣམས་ལའོ། །རླུང་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་ལ་བརྟེན་ ནས་རླུང་གི་བཞོན་པ་ལ་རྣམ་པར་ཤེས་པ་བརྟེན་ནས། དེ་རྣམས་སྐྱེད་པར་བྱེད་པའི་ཕྱིར། །རྣམ་རྟོག་མེད་པའི་སྦྱོར་བ་མཆོག །ཅེས་བྱ་བ་ནི་དོན་དམ་པར་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པ་ལ་ལྟོས་ནས་རྣམ་རྟོག་མེད་པ་སྟེ། ཉོན་མོངས་པ་རྣམས་ཀྱིས་སྟོང་པའི་ ཕྱིར་རོ། །མཆོག་ཅེས་བྱ་བ་ནི་རབ་ཉིད་ཀྱི་ནམ་མཁའ་དང་མཉམ་པའོ། །སྦྱོར་བ་ཞེས་བྱ་བ་ནི་དོན་དམ་པར་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། རྟོག་པ་སྤངས་པའི་བདག་ཉིད་ཅན། །ཞེས་གསུངས་ཏེ། ཉོན་མོངས་པ་གློ་བུར་བའི་སྟོབས་ཀྱིས་རང་གི་ངོ་བོ་ལས་ཉམས་པ་མེད་པའི་ཕྱིར་རོ། ། རྟོག་པ་ནི་རྟོག་པ་རྣམས་ཀྱིས་སོ། །སྤངས་པ་ནི་རྣམ་པར་དབེན་པའི་བདག་ཉིད་ཅན་གང་ལ་ཡོད་པ་རྣམས་ལ་དེ་སྐད་ཅེས་བྱའོ། །དངོས་པོ་ཀུན་གྱི་རང་བཞིན་ཅན། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཉིད་ལ་དེའི་རྣམ་པ་ཉིད་སྣང་བ་ཉིད་ཀྱི་ཕྱིར་རོ། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །ཞེས་བྱ་བ་ནི་རྣམ་པར་ རྟོག་པ་རྣམས་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པས་ཞེས་བྱ་བར་དགོངས་སོ། །དེ་ལྟར་མཚན་ཉིད་ཀྱི་ངོ་བོ་རྒྱས་པར་བཤད་ནས། དུས་ཀྱི་ངེས་པ་བརྗོད་པར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་མཚན་ཉིད་རང་གི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་རང་བཞིན་གྱིས་ འོད་གསལ་བ་མཚོན་པར་བྱེད་པའི་ཕྱིར་རོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །ཉིན་ཞག་ཉི་ཤུ་རྩ་བདུན་གྱིས། །ཞེས་བྱ་བ་ནི་སྔར་བཞིན་ནོ། །མཚན་ཉིད་བསྒོམ་པ་ཞེས་བྱ་བ་ནི་རླུང་ལའོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་འབྱུང་བ་དང་རྔུབ་པ་ དྲན་པ་སྒོམ་པ་པོའོ། །ཇི་ལྟར་གནས་པའི་ཞེས་བྱ་བ་ནི་སྙིང་ག་ལ་སོགས་པའི་གནས་སོ། །ཇི་ལྟར་བདག་ཅེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་མཚན་ཉིད་ཀྱི་རྒྱས་པར་བཤད་པར་བསྟན་ནས། ལོག་པའི་རྒྱས་པར་བཤད་པ་བསྟན་པ་ནི་དེའི་ ཡན་ལག་རང་གི་ངོ་བོ་ནི། དེ་ནས་རྣལ་འབྱོར་ལོག་ནས་ནི། །ཞེས་བྱ་བ་གསུངས་ཏེ། རླུང་གི་རྣལ་འབྱོར་དེ་ཁོ་ན་ཉིད་སྒོམ་པ་པོས་ལོག་ནས་ཞེས་བྱ་བ་ནི་བརྗེས་ནས་སོ། །ཇི་ལྟར་བརྗེ་བར་བྱ་ཞེ་ན། དེའི་ཕྱིར། རྟོག་དང་བཅས་པའི་རྣལ་འབྱོར་པ། །ཞེས་གསུངས་ཏེ། རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ ཀྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ལས་དང་པོ་པའི་རྣལ་འབྱོར་པ་ལ་སོགས་པ་རྣམ་པར་སྦྱར་བས་དགེ་བའི་ཆོས་བསྒོམས་པས་དེ་བཞིན་གཤེགས་པ་གསུམ་གྱི་ངོ་བོ་ལ་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་རྟོག་མེད་རླུང་ཆེན་པོ། །ཞེས་གསུངས་ཏེ། འཇིག་རྟེན་པའི་ཟག་པ་དང་བཅས་པའི་ ཆོས་ལ་རྣམ་པར་བཟློག་ནས། འཇིག་རྟེན་ལས་འདས་པའི་ཆོས་ལ་སྦྱོར་བར་བྱེད་པས་ན་རྣམ་རྟོག་མེད་པའོ། །རང་གི་རང་བཞིན་ཐོབ་པས་ན་རླུང་ཆེན་པོའོ། །རྩའི་འཁོར་ལོ་ཞེས་བྱ་བ་ནི་མེ་ལ་སོགས་པའི་དཀྱིལ་འཁོར་རམ་འཁོར་ལོ་དྲུག་གམ་བཞི་རྣམས་ལའོ། །བཙལ་ཞེས་བྱ་བ་ནི་རྗེས་ སུ་བཙལ་བའོ། །དེ་ཐོབ་ན་ནི་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རླུང་གི་ངོ་བོས་ཐོབ་ནས་སོ། །ལོག་པ་དང་ཞེས་བྱ་བ་ནི་བཟློག་པ་བརྟེན་པའོ། །དེ་ནས་ཞེས་བྱ་བ་ནི་ཡུལ་གྱི་ངོ་བོ་བཟུང་བ་ལས་སོ། །ཉོན་མོངས་ཀུན་སྦྱོར་བས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྦྱོར་བ་ལས་སོ་ཞེས་བྱ་བའི་དོན་ཏོ། ། དེ་ལྟར་ལོག་པ་རྒྱས་པར་བཤད་པ་བསྟན་ནས། དུས་ངེས་པར་བརྗོད་པའི་ཕྱིར། ངེས་པ་ལས་ནི་ཞེས་བྱ་བ་གསུངས་ཏེ། དགེ་བའི་ཆོས་ལ་རྣམ་པར་སྦྱར་བས་རླུང་ངེས་པའི་ཕྱིར་རོ། །དོན་དམ་པ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོས་སོ། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ཞེས་ བྱ་བ་ནི་སྔར་བཞིན་ནོ། །ལས་དང་པོ་པའི་རྣལ་འབྱོར་པས་ཞེས་བྱ་བ་ནི་ཟབ་མོ་མ་ཡིན་པ་དང་། ཤིན་ཏུ་ཟབ་མོའི་བསྐྱེད་པའི་རིམ་པ་བསྒོམ་པའི་སྦྱོར་བས་སོ། །ལོག་པ་ལས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རླུང་ལོག་པའི་མཚན་ཉིད་དོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །མཁས་ པས་ཞེས་བྱ་བ་ནི་ལོག་པས་བསྒོམ་པ་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པ་གཉིས་ཀྱིས་ལོག་པ་རྒྱས་པར་བཤད་པ་བསྟན་ནས། རྣམ་དག་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་གི་ངོ་བོ་བསྟན་པ་ནི། དེ་ནས་རྣམ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་ པ་བསྟན་པའི་རྗེས་ལའོ། །རྣམ་དག་ནི་ཡོངས་སུ་དག་པའོ། །དེ་རྣམས་ཀྱང་ཞེས་བྱ་བ་ནི་རླུང་རྣམས་སོ། །ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་བསྒོམ་པའམ། ཡི་གེ་གསུམ་བསྒོམ་པས་སོ། །སྲོག་དང་རྩོལ་བའི་རྣམ་རྟོག་ཅེས་བྱ་བ་ནི་འབྱུང་བ་དང་ རྔུབ་པའི་དབུགས་ཀྱི་རྣམ་པར་རྟོག་པ་རྣམས་ལའོ། །བཀག་ཅེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་ལ་མངོན་དུ་ཕྱོགས་པ་ལས་ལོག་ནས་ཟག་པ་མེད་པའི་དགེ་བའི་ཆོས་སྒོམ་པ་ཉིད་ཀྱིས་སོ། །ཀུན་ནས་ཞེས་བྱ་བ་ནི་སླར་མི་སྐྱེ་བའི་ཆོས་ཉིད་ཀྱིས་སོ། །ཇི་སྐད་དུ། གནོད་པ་མེད་པ་བདེན་པའི་ དོན། །རང་བཞིན་གྱིས་ནི་མི་མཐུན་ཕྱོགས། །གནོད་པ་མེད་པའི་འབད་པས་ཀྱང་། །བློ་ལ་དེ་ཕྱོགས་ལྷུང་བའི་ཕྱིར། །ཞེས་གསུངས་སོ། །དེ་ལྟ་ན་ཡང་། རྣལ་འབྱོར་ནི་བསྒོམ་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་རིམ་པས་ཐོབ་པའི་ཐབས་སུ་གྱུར་པའོ། །རླུང་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་པ་ གསུམ་གྱི་དབྱེ་བས་སྣ་རྩེ་རྣམ་པ་གསུམ་པོ་ལ་ཐིག་ལེ་རྣམ་པ་གསུམ་པོ་འཛིན་པའི་ངོ་བོའོ། །དེའི་རྒྱུ་ནི་སྐྱེད་བྱེད་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་དག་གི་རྒྱས་པར་བཤད་པ་རང་གི་ངོ་བོ་བསྟན་ནས། དུས་ངེས་པ་བརྗོད་པའི་ཕྱིར། གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །ཞེས་ གསུངས་ཏེ། རྣམ་པར་རྟོག་པ་ལས་ལོག་པའི་བདག་ཉིད་ཅན་གྱིས་སོ། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་དོན་རྣམ་པ་དྲུག་གིས་རྒྱས་པར་བཤད་པ་བསྟན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་དེ་བསྒོམ་པའི་ཐབས་བསྟན་ནས། རླུང་གི་དེ་ཁོ་ན་ཉིད་རྒྱས་པར་བཤད་ པ་བརྗོད་པའི་ཕྱིར། དེའི་ཡན་ལག་སེམས་རྩེ་གཅིག་པའི་རྒྱུ་གསུངས་པ། རླུང་གི་དེ་ཁོ་ན་ཉིད་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་ལས་སོ། །གཡེང་བའི་སེམས་ཞེས་བྱ་བ་ནི་ཡུལ་ལ་མངོན་དུ་ཕྱོགས་པས་མཉམ་པར་མ་བཞག་པའི་ སེམས་ཀྱི་རྒྱུད་ནི་གང་ཟག་རྣམས་ཀྱིའོ། །དག་པར་འགྱུར་ཞེས་བྱ་བ་ནི་ཡོངས་སུ་དག་པར་འགྱུར་བའོ། །རྟེན་ནི་གནས་སོ། །དེ་ལ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་བུར་གྱུར་པའི་ཡོན་ཏན་རླུང་གི་དེ་ཁོ་ན་ཉིད་ཡོད་དེ། དེ་བས་ན་རྩེ་གཅིག་སེམས་ཀྱིས་ནི་ཞེས་བྱ་བས་ནི་རྣམ་པར་གཡེང་བ་མེད་པའི་ སེམས་ཀྱིས་སོ། །དག་པར་འགྱུར་ཞེས་བྱ་བ་ནི་ཡོངས་སུ་དག་པར་འགྱུར་བའོ། །རླུང་གི་སྟོབས་ཀྱིས་བཤད་མ་ཐག་པའི་བརྒྱ་རྩ་བརྒྱད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་ལོག་ནས་སོ། །དེ་ཁོ་ན་ཉིད་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པའི་འབྱུང་བ་དང་རྔུབ་པའི་རྗེས་སུ་དྲན་པའི་མཚན་ཉིད་ཅན་ ནོ། །རླུང་གི་དེ་ཉིད་རྣལ་འབྱོར་མཆོག །ཅེས་བྱ་བ་ནི་མཆོག་གི་ངོ་བོ་རྡོ་རྗེ་བཟླས་པའི་སྒྲུབ་པས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་གདམས་ངག་གི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏོ། །གསལ་ཞེས་བྱ་བ་ནི་བསྒོམ་བཞིན་པའི་རབ་ཏུ་མཐར་ཕྱིན་པར་གསལ་བར་སྣང་བའི་ཕྱིར་རོ། ། དེ་ལྟར་སེམས་རྩེ་གཅིག་པའི་རྒྱུ་བ་བརྗོད་ནས། དེའི་དོན་དུ་དཔེ་བསྟན་པའི་ཕྱིར། ཁང་བཟངས་བྱེད་པ་བཞིན་དུ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁང་པ་གསར་པ་བྱེད་པ་པོ་ལ་སོགས་པས་སོ། །བཞིན་དུ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུའོ། །ཐོག་མར་ཞེས་བྱ་བ་ནི་དང་པོར་རོ། ། ས་ནི་ཡོངས་སུ་སྦྱོང་ཞེས་བྱ་བ་ནི་མཐོ་བ་དང་དམའ་བའི་སྐྱོན་བཟློག་པ་དང་། ཟུག་རྔུ་ཕྱུང་བས་ཁང་བཟངས་འཛིན་པའི་ནུས་པ་དང་ལྡན་པར་བྱེད་དོ། །དེ་དང་ཞེས་བྱ་བ་ནི་ཡོངས་སུ་སྦྱངས་པའི་སའི་སྟེང་དུའོ། །བགེགས་དང་བྲལ་བྱས་ལ་ཞེས་བྱ་བ་ནི་སའི་ལྷ་དང་། འབྱུང་པོ་ལ་སོགས་ པའི་བགེགས་ཉེ་བར་ཞི་བའི་ཕྱིར་རོ། །ལེགས་པར་དག་པར་བྱ་བ་ནི་སྦྱིན་སྲེག་དང་གཏོར་མ་ལ་སོགས་པས་ལེགས་པར་དག་པར་བྱས་པའོ། །ཁང་བཟངས་ཞེས་བྱ་བ་ནི་ཁང་པའོ། །སྐལ་བཟང་ཞེས་བྱ་བ་ནི་ཚད་བཟང་པོ་ཉིད་ཀྱིས་ཤིན་ཏུ་བཀྲ་ཤིས་པ་ཉིད་ཀྱི་ཕྱིར་རོ། །ཉམས་དགའ་བ་ཞེས་ བྱ་བ་ནི་ཡིད་ལ་བདེ་བ་སྐྱེད་པའི་ཕྱིར་རོ། །ཇི་ལྟར་འདོད་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་ཆེན་པོ་དང་། ཆུང་ངུའི་དབྱེ་བས་སོ་ཞེས་བྱ་བ་ནི་མཁས་པ་ལས་བྱེད་པ་ལ་སོགས་པའི་སྒོ་ནས་སོ། །བློ་བཟང་ཞེས་བྱ་བ་ནི་ཁང་པ་ལ་སོགས་པ་སྤྲུལ་པ་ལ་མཁས་པའི་ཕྱིར་རོ། །འདིས་ནི་དཔེ་བསྟན་ ཏོ། །དོན་བསྟན་པའི་ཕྱིར། དེ་བཞིན་ཞེས་གསུངས་ཏེ། ལེགས་པར་སྦྱངས་པའི་ས་ཕྱོགས་སུ། །ཁང་བཟངས་བྱེད་པ་བཞིན་དུའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི། རྫོགས་པའི་རིམ་པ་བསྒོམ་པའོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་མཆོག་གི་རྡོ་རྗེ་བཟླས་པ་བསྐྱེད་པའི་རྒྱུར་གྱུར་པའོ། །རླུང་ གི་དེ་ཉིད་ཅེས་བྱ་བ་ནི་སྔར་བཤད་པ་དང་འཆད་པར་འགྱུར་བ་ལས་སོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྲོག་དང་རྩོལ་བའི་ཞེས་བྱ་བ་གསུངས་ཏེ། སྲོག་ཀྱང་ཡིན་ལ་རྩོལ་བ་ཡང་ཡིན་པས་ན་སྲོག་དང་རྩོལ་བའོ། །དེ་དག་དང་ཡང་དག་པར་སྦྱོར་བ་ ནི། རྣམ་པ་དྲུག་གིས་དབུགས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་མཚན་ཉིད་དོ། །དེ་སྔོན་དུ་འགྲོ་བས་ཞེས་བྱ་བ་ནི་དེ་སྔོན་དུ་སོང་བས་སོ། །མཉམ་གཞག་ནས་ཞེས་བྱ་བ་ནི་གྲངས་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཡང་རྩེ་གཅིག་པར་གྱུར་པའི་ཕྱིར་རོ། །རྣལ་འབྱོར་མཆོག་གིས་ཞེས་བྱ་བ་ནི་མཆོག་གི་ ཏིང་ངེ་འཛིན་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་ཕྱོགས་གཅིག་པའི་ཡེ་ཤེས་ལས་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་གོམས་པར་བྱའོ། །དེ་ལྟར་རྣལ་འབྱོར་རིག་ཅེས་བྱ་བ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་སོ། །རྣལ་འབྱོར་ནི་འབྱུང་ བ་དང་རྔུབ་པ་རྗེས་སུ་དྲན་པའི་མཚན་ཉིད་ཤེས་པས་ན་རྗེས་སུ་དྲན་པའོ། །དེ་ལྟར་དོན་བསྟན་ནས། དེའི་འབྲས་བུ་བརྗོད་པའི་ཕྱིར། ཐོག་མ་ཞེས་བྱ་བ་གསུངས་ཏེ། ཐོག་མ་ནི་དང་པོ་ཉིད་དུའོ། །རླུང་གི་དེ་ཉིད་དང་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ཐབས་སུ་གྱུར་པའོ། །འགྱུར་ཞེས་བྱ་བ་ནི་འབྱུང་བའོ། ། སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་བཏུ་བ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དབྱེ་བས་རྣམ་པ་བཞིའོ། །དེ་ནས་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམས་པའི་རྗེས་ལའོ། །གསལ་ཞེས་བྱ་བ་ནི་འཇུག་པ་དང་གནས་པ་དང་ལྡང་བའི་མཚན་ཉིད་ཅན་གྱི་ རླུང་གསུམ་ཡི་གེ་གསུམ་ལ་སྦྱར་བས་གསལ་བའོ། །འགྱུར་ཞེས་བྱ་བ་ནི་སྔར་བཤད་པ་དང་འབྲེལ་པའོ། །དེ་ལྟར་དེའི་འབྲས་བུ་བསྟན་ནས། རླུང་གི་དེ་ཁོ་ན་ཉིད་རྒྱས་པར་བཤད་པ་བརྗོད་པར་བྱ་བའི་ཕྱིར་དེའི་ཡན་ལག་སོ་སོར་རྒྱས་པར་བཤད་པའི་ངོ་བོ་ནི་དེ་ལ་རླུང་གི་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ལྷག་མའོ། །འོད་ཟེར་མཆོག་ཅེས་བྱ་བ་ནི་འོད་ཟེར་ཁ་དོག་ལྔ་པའི་ངོ་བོ་སྟེ། རླུང་ལྔ་ཡོངས་སུ་བསྡུས་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཁ་དོག་ལྔ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །གསལ་བ་ཆེན་པོ་ ཞེས་བྱ་བ་ནི་འོད་གསལ་བ་ཉིད་ཀྱིས་གསལ་བར་བྱེད་བཞིན་པའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ཕུང་པོ་ལྔ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ནི་སྲོག་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཐུར་སེལ་ནི་ཚོར་བའི་ཕུང་པོའོ། །མཉམ་གནས་ནི་འདུ་ཤེས་ཀྱི་ཕུང་ པོའོ། །གྱེན་དུ་རྒྱུ་བ་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཁྱབ་བྱེད་ནི་གཟུགས་ཀྱི་ཕུང་པོའོ། །ཕུང་པོ་ལྔ་ནི་རྣམ་པར་དག་པ་ཞེས་བྱ་བ་ནི་སྲོག་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཐུར་སེལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཉམ་གནས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །གྱེན་དུ་རྒྱུ་བ་ནི་ བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཁྱབ་བྱེད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རླུང་ལྔ་ཉིད་དུ་རྒྱུ་བར་བྱེད། །ཅེས་བྱ་བ་ནི་སྲོག་ལ་སོགས་པ་ལྔ་འབབ་པས་རླུང་ལྔ་རྒྱུ་བའོ། །མངོན་པར་བྱང་ཆུབ་པ་ལྔའི་ཞེས་བྱ་བ་ནི། ཇི་སྐད་དུ། མེ་ལོང་ཡེ་ཤེས་ཟླ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དང་འདྲ་བ་ཉིད་ཀྱིས་རླུང་རྣམ་པ་ལྔ་པོ་རྣམས་ ཡེ་ཤེས་ལྔའི་རྣམ་པར་དག་པས་རྣམ་པ་ལྔས་མངོན་པར་བྱང་ཆུབ་པར་ཤེས་པར་བྱའོ། །མཆོག་གི་གོ་འཕང་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པ་མངོན་དུ་བྱེད་པའི་རྒྱུར་གྱུར་པའོ། །དེ་ལྟར་སོ་སོར་རྒྱས་པར་བཤད་པ་བསྟན་ནས། འོད་ཟེར་གྱི་ཐིག་ལེ་བསྒོམ་པའི་གནས་ངེས་པ་བརྗོད་པའི་ཕྱིར། སྣ་ཡི་རྩེ་མོར་དེ་ ཉིད་མཆོག །ཅེས་གསུངས་ཏེ། ཀུན་རྫོབ་ཀྱི་སྣའི་རྩེ་མོར་སེམས་རྩེ་གཅིག་པའི་རྒྱུར་གྱུར་པའོ། །རླུང་ལྔ་ཡི་ནི་ངོ་བོ་ཉིད། །ཅེས་བྱ་བ་ནི་དེ་ཉིད་བསྡུས་པ་ཉིད་ཀྱི་ཕྱིར་རོ། །རླུང་གི་ཐིག་ལེ་ཞེས་ནི་བཤད། །ཅེས་བྱ་བ་ནི་དེ་ལས་གཞན་པའི་སྔགས་རྫས་ཀྱི་ཐིག་ལེ་ལྟོས་པས་འོད་ཟེར་གྱི་ཐིག་ལེའོ། །ཡང་དག་ ཅེས་བྱ་བ་ནི་ཀུན་བརྟགས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པའོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཤེས་པ་དེ་ལ་དེ་ལྟར་སྣང་བའི་ཕྱིར་རོ། །དེ་ལྟར་འོད་ཟེར་གྱི་ཐིག་ལེ་བསྒོམ་པའི་གནས་རྒྱས་པར་བཤད་པ་བསྟན་ནས། རྒྱུད་གཞན་རྣམས་སུ་ངག་གཅིག་པུ་བསྟན་པ་ བརྗོད་པའི་ཕྱིར། སྣ་རྩེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དེ་ནི་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེའོ། །རྒྱུད་གཞན་རྣམ