Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 34

Văn bản gốc(Tây Tạng)

Trang 3 / 15 (50.000 ký tự/trang)
ཇི་ལྟ་བུའི་སྤྱོད་པ་བྱ་ཞེས་དེའི་ཡུལ་ལ་དྲི་བ་དྲུག་ཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སློབ་མའི་བྱ་བ་སྤྱོད་པ་ནི། །ཞི་བ་ལ་སོགས་བྱ་བ་ཡང་། །སྔགས་དང་རྣལ་འབྱོར་རིག་
པ་ཡིས། །ལྷམ་དང་གདུགས་དང་གཙུག་ཏོར་དང་། །སོ་རྩི་ལ་སོགས་མྱང་བ་དང་། །སྣབས་ཀྱི་གོང་དུ་མཆིལ་མ་སོགས། །འདོར་ཞིང་རྐང་པ་རྐྱོང་བ་དང་། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད། དེ་ལ་སོགས་པའི་སྐྱོན་གྱི་ཚིག །བླ་མའི་མདུན་དུ་སྤང་བར་བྱ། །ཞེས་བྱ་བ་ལ་སོགས་པའི་
བར་དུ་གསུངས་སོ། །དེ་ཡི་འབྲས་བུ་ཇི་ལྟ་བུ། །ཞི་བ་རྒྱས་པ་དབང་དང་ནི། །དེ་བཞིན་བསད་དང་བསྐྲད་པ་དང་། །རེངས་དང་དབྱེ་བ་ཉིད་དང་ནི། །བསྒྲུབ་པ་ལ་ནི་མངོན་སྤྱོད་དང་། །ཇི་ལྟར་བསྒྲུབ་པར་སྦྱོར་བ་དང་། །ཞེས་བྱ་བ་ནི། སློབ་མས་སྤྱོད་པའི་འབྲས་བུའི་ཡུལ་ལ་དྲི་བ་བདུན་ཅུ་
པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ལ་སོགས་པའི་སྤྱོད་ཤེས་ནས། །སློབ་མའི་འབྲས་བུ་གང་བྱུང་བ། །ཞི་བ་ལ་སོགས་སྦྱོར་བ་ཡིས། །ད་ནི་དེ་ལྟར་བཤད་པར་བྱ། །ཞེས་གསུངས་སོ། །སྔགས་ཀྱི་ཚིག་ནི་ཅི་ཞིག་དང་། །མགོན་པོ་ཁྲོ་བོའི་བཟླས་པ་ཅི། །ཞེས་བྱ་བ་ནི།

བཤད་མ་ཐག་པའི་ཞི་བ་ལ་སོགས་པ་སྒྲུབ་པར་བྱེད་པས་སྔགས་ཀྱི་ཚིག་དང་། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་རྣམས་ཀྱི་བཟླས་པ་ཇི་ལྟ་བུར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་བདུན་ཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས།
དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཁྲོ་བོའི་བཟླས་པའི་མཚན་ཉིད་ནི། །གང་ཞིག་རྣལ་འབྱོར་དངོས་གྲུབ་བརྒྱད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཁྲོ་བོའི་སེམས་ཀྱིས་བཟླས་པ་ནི། །ཁྲོ་བོའི་བཟླས་པ་ཞེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པ་དང་། །དེ་བཞིན་དུ། ན་མཿས་
མནྟ་ཀཱ་ཡ་བཱ་ཀ་ཙིཏྟཱ་ནཱཾ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་ཤེས་ལྔ་ནི་ཇི་ལྟར་ཐོབ། །རྣལ་འབྱོར་རྣམས་ཀྱིས་དེ་ཉིད་མཐོང་། །ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་འབྲས་བུ་ཉིད་ཀྱི་རྒྱས་པར་བཤད་པ་དྲི་བ་མངོན་པར་ཤེས་པ་ལྔ་ཇི་ལྟར་ཐོབ་ཅེས་དེའི་ཡུལ་ལ་དྲི་བ་དང་། དེ་ཁོ་ན་
ཉིད་མཐོང་བ་ཡོངས་སུ་དྲི་བ་ཉིད་ཀྱི་ངོ་བོ་རིམ་པ་ཇི་ལྟ་བ་བཞིན་དུ་བདུན་ཅུ་རྩ་གཉིས་པ་དང་། བདུན་ཅུ་རྩ་གསུམ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །མངོན་ཤེས་ལྔ་
སོགས་མཚན་ཉིད་ནི། །ས་སྙིང་ཕྱག་ན་རྡོ་རྗེ་དང་། །འཇམ་དཔལ་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ལྔ་པོ་འདི་དག་ཀྱང་། །ཡི་གེ་གསུམ་དང་རྣམ་པར་སྤེལ། །མིག་དང་རྣ་བ་ཡིད་དང་ལུས། །རྩ་ཡི་འཁོར་ལོ་བྱིན་གྱིས་བརླབས། །མཚན་གསུམ་ཉིན་མོ་དེ་དང་འདྲ། །མངོན་ཤེས་ལྔ་ཉིད་
ཐོབ་པར་བྱེད། །ཅེས་གསུངས་པ་དང་། དེ་བཞིན་དུ། བཞི་པ་ཡིས་ནི་དབང་བསྐུར་བས། །བློ་ལྡན་དེ་ཉིད་མཐོང་བར་འགྱུར། །ཞེས་གསུངས་སོ། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །ཅེས་བྱ་བ་ནི། ཇི་ལྟར་ཞེས་འབྲས་བུའི་ཡུལ་ཉིད་ལ་དྲི་བ་བདུན་ཅུ་རྩ་བཞི་པའོ། །ཇི་སྐད་དུ་འཆད་པར་
འགྱུར་བ་ལས། དེ་ནི་སྐད་ཅིག་མངོན་བྱང་ཆུབ། །མཚན་ཉིད་སྐད་ཅིག་མར་ནི་བརྗོད། །ཅེས་གསུངས་སོ། །ལུང་བསྟན་པ་དང་རྒས་པ་མེད། །ཅེས་བྱ་བ་གཉིས་པོ་དག་གི་དྲི་བ་གཅིག་ཉིད་དོ། །འབྲས་བུ་རྒྱས་པར་བཤད་པའི་ངོ་བོ་ལུང་བསྟན་པ་དང་། རྒས་པ་མེད་པའི་མཚན་ཉིད་དེའི་ཡུལ་ལ་དྲི་

བ་བདུན་ཅུ་རྩ་ལྔ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། རྡོ་རྗེ་རྩེ་མོར་བྱང་སེམས་ནི། །འཛིན་པས་ལུས་ནི་བརྟན་པ་ཉིད། །དེ་ཡི་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིགས་པས་སྟེང་དུ་བྱེད་པ་ཡིན། །རྒས་པ་མེད་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། །བཅུད་ལེན་གྱི་ནི་
སྦྱོར་བ་དང་། །ཞེས་བྱ་བ་ནི། བསྟན་པའི་ལུས་ལ་རྒྱུ་ཉིད་ཀྱི་དྲི་བ་བདུན་ཅུ་རྩ་དྲུག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། སྔར་བཤད་པ་ཡི་བདུད་རྩི་ལྔ། །འདིར་ནི་བཅུད་ཀྱིས་ལེན་དུ་བརྗོད་པའོ། །ཅེས་གསུངས་སོ། །གསེར་འགྱུར་སོགས་ཀྱི་བྱ་བ་དང་། །ཞེས་བྱ་བ་ནི། འཇིག་རྟེན་
པའི་དངོས་གྲུབ་ཀྱི་ཡུལ་ལ་དྲི་བ་བདུན་ཅུ་རྩ་བདུན་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། འདི་ཉིད་ཀྱིས་ནི་གྲུབ་པར་བྱེད། །ལྕགས་ཀྱི་གསེར་འགྱུར་དེ་བཞིན་ནོ། །ཞེས་གསུངས་སོ། །རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །འགྲོ་བའི་བླ་མ་ཇི་ལྟར་འཐོབ། །ཅེས་འཇིག་རྟེན་ལས་འདས་པའི་དངོས་
གྲུབ་ཀྱི་ཡུལ་ལ་དྲི་བ་བདུན་ཅུ་རྩ་བརྒྱད་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུས་ཀྱི་རང་བཞིན་གཞལ་ཡས་ཁང་། །དེ་ཡི་རང་བཞིན་ཇི་ལྟ་བུ། །ཞེས་བྱ་བ་ནི། ཕྱི་རོལ་གྱི་གཞལ་ཡས་ཁང་སྤངས་
ནས་ནང་ཉིད་དུ་གཞལ་ཡས་ཁང་སངས་རྒྱས་ཐམས་ཅད་ཀྱི་རྟེན་དུ་ཇི་ལྟར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་བདུན་ཅུ་རྩ་དགུ་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། །ཞེས་གསུངས་སོ། །འདིར་ནི་གནས་སོ། །ཇི་ལྟར་གནས།
ཐིམ་དང་ལོངས་སྤྱོད་བདག་པོ་སོགས། །ཞེས་བྱ་བ་ནི། འདིར་ནི་ལུས་འདི་ཉིད་ལ་གཞལ་ཡས་ཁང་གི་བདག་ཉིད་གནས་ནི། གནས་དང་ཉེ་བའི་གནས་དང་། ཞིང་དང་ཉེ་བའི་ཞིང་དང་། ཚནྡོ་ཧ་དང་། ཉེ་བའི་ཚནྡོ་ཧ་དང་། འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དག་གི་
དབྱེ་བས་སོ། །ཐིམ་དང་ལོངས་སྤྱོད་བདག་པོ་སོགས། །ཞེས་བྱ་བ་ནི། དེའི་ཡུལ་ལ་དྲི་བ་རིམ་པ་ཇི་ལྟ་བ་བཞིན་དུ་བརྒྱད་ཅུ་ཐམ་པ་དང་། བརྒྱད་ཅུ་རྩ་གཅིག་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ལ་གནས་ཀྱི་དབྱེ་བ་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །པུལླི་ར་མ་མགོ་བོར་

ཤེས། །ཞེས་གསུངས་པ་དང་། དེ་བཞིན་དུ། དེ་ཉིད་དང་ལྡན་ཤེས་པར་བྱ། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །ཅེས་གསུངས་སོ། །རླུང་ནི་གང་གི་མཚན་ཉིད་ཅི། །ཞེས་བྱ་བ་ནི། སྲོག་ལ་སོགས་པའི་དབྱེ་བས་རྣམ་པ་ལྔའི་དབྱེ་བའི་མཚན་ཉིད་དེ་ཅི་ཞེས་
དེའི་ཡུལ་ལ་དྲི་བ་ནི་བརྒྱད་ཅུ་རྩ་གཉིས་པའོ། །དེ་དག་འཇིག་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ནི། རླུང་དེ་རྣམས་ཀྱི་ཕན་ཚུན་ཉེ་བར་མནན་པས་འཇིག་པར་ཇི་ལྟར་འགྱུར་ཞེས་དེའི་ཡུལ་ལ་དྲི་བ་བརྒྱད་ཅུ་རྩ་གཅིག་པ་དང་བརྒྱད་ཅུ་རྩ་གཉིས་པའོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། དེ་ནས་གཞན་
ཡང་བཤད་བྱ་བ། །རླུང་རྣམས་ཀྱི་ནི་མཚན་ཉིད་མཆོག །སྲོག་གི་རླུང་ནི་སྙིང་གར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །ཞེས་གསུངས་པ་དང་། དེ་བཞིན་དུ། རླུང་གི་མཚན་ཉིད་བཤད་པ་ནི། །དེ་ལས་དེ་ཡི་འཇིག་པར་འགྱུར། །སྔ་མ་བཞིན་དུ་བཏང་བཟུང་སོགས། །ཕན་ཚུན་
དུ་ནི་གནོད་པར་བྱེད། །ཅེས་གསུངས་སོ། །དེ་ལ་སོགས་པ་དྲི་བའི་ཚིག །ཕྱག་ན་རྡོ་རྗེས་ཐལ་སྦྱར་ནས། །ཞེས་བྱ་བ་ནི། དེ་ལ་སོགས་པ་དྲི་བའི་ཚིག་དེ་མ་ཐག་པར་བཤད་པ་རྣམས་སོ། །བྱས་ཞེས་བྱ་བ་ནི་བྱས་ནས་སོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ཞུ་བ་པོའི་བྱང་ཆུབ་སེམས་དཔའོ། །
ཐལ་སྦྱར་ཏེ་ཞེས་བྱ་བ་ནི། སྟོན་པའི་ཡུལ་ལ་གུས་པས་སོ། །འགྲོ་བའི་བླ་མའི་མདུན་དུ་གནས། །ཞེས་བྱ་བ་ནི། ཁམས་གསུམ་པའི་སློབ་དཔོན་དུ་གྱུར་པའི་མདུན་དུ་གནས་ནས་སོ། །ལུས་ཀྱིས་ཕྱག་བྱས་དེ་ནས་ནི། །ཞེས་བྱ་བ་ནི། སྟོན་པའི་ཡུལ་ལ་ཤིན་ཏུ་ཡང་རྩེ་གཅིག་པས་འདུད་
པའོ། །དེ་ལྟར་དྲི་བ་བརྗོད་པ་བསྟན་ནས། ད་ནི་དྲི་བ་བརྟུལ་བ་རྩོམ་པ་བཤད་པའི་ཕྱིར། ལེགས་སོ་བྱ་བ་བྱིན་ནས་ནི། །ཞེས་བྱ་བ་གསུངས་ཏེ། ཞུ་བ་བྱེད་པ་པོ་ཕྱག་ན་རྡོ་རྗེ་ལ་དྲི་བ་རྣམས་མཛེས་པ་ཉིད་ཀྱིས་བྱིན་ནས་སོ། །འགྲོ་བའི་བླ་མས་གསུངས་པ་ཡིན། །ཞེས་བྱ་བ་ནི། ཁམས་གསུམ་
གྱི་སློབ་དཔོན་བཅོམ་ལྡན་འདས་སོ། །ཇི་སྲིད་དུ་དྲི་བ་བརྟུལ་བ་རྩོམ་པ་ཞེས་བྱ་བའི་བར་གྱིས་སོ། །ངག་གིས་ཞེས་བྱ་བ་ནི་ཚིག་གིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར། ཚངས་དབྱངས་ཟབ་མོ་སྙན་དངགས་ཀྱིས། །ཞེས་གསུངས་ཏེ། ཡན་ལག་དྲུག་ཅུ་དང་ལྡན་པས་ཞེས་བྱ་བའི་དོན་

ཏོ། །ལྔ་བདག་ཅེས་བྱ་བ་ནི། སངས་རྒྱས་ལྔའི་བདག་པོ་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །པཎྜི་ཏ་ཆེན་པོ་ཨ་ལངྐ་ཀ་ལ་ཤ་དེ་བའི་ཞབས་ཀྱིས་མཛད་པ། དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་དང་པོའི་
རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་དང་པོས་རྒྱུད་ལ་འཇུག་པ་བསྟན་ནས། ད་ནི་རྒྱུད་འདི་ལ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་པ་ཞེས་དེའི་དོན་དུ་ལེའུ་དང་པོའི་ལྷག་མར་གྱུར་པ་ཉིད་ཀྱིས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི། ལེའུ་དང་པོའི་དྲི་བ་
བྱས་པའི་རྗེས་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ཡང་དག་དྲིས་པའི་ངེས་པ་བཤད། །ཅེས་བྱ་བ་དང་འབྲེལ་ཏོ། །དྲི་བ་ཕྱག་ན་རྡོ་རྗེས་བྱས་པ་དེ་མ་ཐག་པར་བཤད་པ་དེ་རྣམས་ཀྱི་རྣམ་པར་ངེས་པ་ནི་བརྟུལ་བའི་མཚན་ཉིད་དོ། །ཡང་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་
ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པའོ། །རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཕུན་སུམ་ཚོགས་པ་བསྟན་ཏོ། །འགྲོ་བའི་བླ་མ་ཞེས་བྱ་བ་ནི་གཡོ་བའི་བདག་ཉིད་ཀྱི་འགྲོ་བའི་བླ་མ་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་བའི་ཕྱིར་ཏེ། འདིས་ནི་འཇིག་རྟེན་གསུམ་གྱི་སྟོན་པ་ཕྱོགས་
གཅིག་པུའི་ཕུན་སུམ་ཚོགས་པ་བསྟན་ཏོ། །ཅི་ཞིག་བྱས་ན་ཞེ་ན། དེའི་ཕྱིར་ལག་ན་རྡོ་རྗེ་ལ་བོས་ཏེ་ཞེས་གསུངས་ཏེ། ཕྱག་ན་རྡོ་རྗེ་ནི་ཞུ་བ་བྱེད་པ་པོའོ། །བོས་ཏེ་ཞེས་བྱ་བ་ནི་ཡང་དག་པར་བསྐུལ་ནས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཚིག་ལ་འཇུག་པ་རང་གི་ངོ་བོ་བསྟན་ནས། ད་ནི་དྲི་བ་ལ་
བསྔགས་པ་བརྗོད་པར་འདོད་ནས། སྙིང་པོ་ཡི་ནི་དོན་བསྡུས་པ། །དབྱེ་བར་དཀའ་བའི་དངོས་པོ་ཀུན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲིས་པ་ནི་ཁྱོད་ཉིད་ཀྱིའོ། །དངོས་པོ་ཀུན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཏེ། ཁྱད་པར་དུ་འཕགས་པའི་མན་ངག་ཉིད་ཀྱིས་རྟོགས་པར་བྱེད་པའི་ཕྱིར་རོ། །
ཐམས་ཅད་མཁྱེན་པ་མ་ཡིན་པས། དབྱེ་བར་མི་ནུས་པ་ཉིད་ཀྱི་ཕྱིར་དབྱེ་བར་དཀའ་བའོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར། སྙིང་པོ་ཡི་ནི་དོན་བསྡུས་པ། །ཞེས་གསུངས་ཏེ། མདོར་བསྡུ་ན་ཕྱག་རྒྱ་ཆེན་པོའི་ངོ་བོ་སྟོན་པར་བྱེད་ཀྱི་ཕྱིར་དང་། ཁྱད་པར་དུ་རིམ་པ་གཉིས་སྟོན་པར་བྱེད་པས་སོ། །ཁྱོད་ཀྱིས་དྲི་

བ་བྱས་པ་རྣམས། །ཞེས་བྱ་བ་ནི། ཞུ་བ་པོས་སོ། །དེ་ཉིད་ཀྱི་ཕྱིར། དེ་ལ་བོད་པ་མཛད་པ་ནི། །རྡོ་རྗེའི་དབང་ཕྱུག་གསང་ཆེན་བདག །ཅེས་གསུངས་ཏེ། རྡོ་རྗེའི་རིགས་གཙོ་བོ་ཉིད་དུ་གྱུར་པའི་ཕྱིར་རྡོ་རྗེའི་དབང་ཕྱུག་གོ། །གསང་བ་ནི་གསང་བ་པོ་རྣམས་ལ་སྟེ། ཆེན་པོ་ཡང་
ཡིན་ལ་གསང་བ་ཡང་ཡིན་པས་ན་གསང་བའི་བདག་པོ་སྟེ། །ལྕང་ལོ་ཅན་ན་གནས་པའོ། །དེ་རྣམས་ཀྱི་དབང་པོ་ནི་གཙོ་བོ་སྟེ། གསང་བའི་བདག་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གསང་བ་ཆེན་པོ་ཟླ་བ་རྡོ་རྗེའི་དབང་ཕྱུག་ཅེས་འབྱུང་བས་སོ། །དེ་ལ་གསང་བ་ཆེན་པོ་ནི་ཤིན་ཏུ་ཡང་སྦ་བར་བྱ་
བའོ། །ཟླ་བ་ནི་བྱང་ཆུབ་ཀྱི་ཟླ་བ་སྟེ། དེ་ཉིད་ནི་རྡོ་རྗེའི་གནས་སོ། །དབང་ཕྱུག་དང་འདྲ་བས་ན་དབང་ཕྱུག་སྟེ། ཕྱིར་མི་སྤྲོ་བར་དབང་དུ་བྱས་པའོ། །དེ་ལྟར་དྲི་བའི་བསྔགས་པ་མཛད་ནས། ད་ནི་ཐུན་མོང་མ་ཡིན་པའི་གསང་བ་བཤད་པར་དམ་བཅའ་བ་བཤད་པའི་ཕྱིར། བྱ་བ་སྤྱོད་སོགས་
རྒྱུད་རྣམས་དང་། །ཞེས་བྱ་བ་གསུངས་ཏེ། སྒྲོལ་མ་འབྱུང་བ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་རྟོག་པ་ལ་སོགས་པ་རྣམས་ལའོ། །རྣལ་འབྱོར་རྒྱུད་ལས་གང་དུ་ཡང་། །ཞེས་བྱ་བ་ནི། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའོ། །
གསང་བ་ཞེས་བྱ་བ་ནི་སྐལ་བ་དང་མི་ལྡན་པ་ལ་གསང་བར་བྱ་བ་རྡོ་རྗེ་ཕྲེང་བ་དྲི་བ་བསྡུ་བ་སྟེ། གང་དུ་ཡང་མ་གསུངས་པ་དེ་ནི་ངས་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །མཆོག་ཏུ་ཞེས་བྱ་བ་ནི་རིམ་པ་གཉིས་ལ་བརྟེན་ནས་མཆོག་གི་གོ་འཕང་གི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེའི་དབང་ཕྱུག་ཅེས་བྱ་བ་ནི་ཕྱག་
ན་རྡོ་རྗེ་ལ་བོད་པའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དེ་ཉིད་མཆོག་ཅེས་གསུངས་ཏེ། འོད་གསལ་ཐོབ་པར་བྱ་བའི་ཕྱིར་རོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །དྲི་བ་རྣམ་པར་ངེས་པར་བྱ་བ་ནི་དྲི་བ་རྣམས་ལ་ཁྱད་པར་དུ་ངེས་པའི་ཕྱིར་རོ། །དེ་ལྟར་ཐུན་མོང་མ་ཡིན་པའི་གསང་
བའི་བཤད་པ་བསྟན་ནས། ད་ནི་བཅོམ་ལྡན་འདས་ལ་གནས་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཉིད་བསྟན་པའི་ཕྱིར། དེ་སྐད་གསུངས་ཞེས་བྱ་བ་ནི། བཅོམ་ལྡན་འདས་སྟོན་པ་པོའོ། །ཁྱོད་ནི་ལེགས་པར་ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །ཐུགས་རྗེས་ཁྱབ་པས་ཞེས་བྱ་བ་ནི་སེམས་ཅན་

ཐམས་ཅད་སྡུག་བསྔལ་ལས་འདོན་པར་འདོད་པའི་ཐུགས་རྗེས་ཁྱབ་པ་ནི་ཐུགས་རྗེས་ཁྱབ་པའོ། །མྱུར་དུ་མིག་དག་ཕྱེ་བྱས་ནས། །མཆོག་ཏུ་རྨད་བྱུང་སྟོན་པའོ། །ཞེས་བྱ་བ་ལ། མིག་དག་ཅེས་བྱ་བ་ནི་སྤྱན་དག་སྟེ། ཕྱེ་ནས་ཞེས་བྱ་བ་ནི་རྣམ་པར་ཕྱེ་ནས་སོ། །མྱུར་དུ་ཞེས་བྱ་བ་ནི་ཡུད་ཙམ་
མོ། །མཆོག་ཏུ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །རྨད་དུ་ཞེས་བྱ་བ་ནི་ངོ་མཚར་སྐྱེད་པར་བྱེད་པའི་དངོས་པོ་རབ་ཏུ་སྟོན་པའི་ཕྱིར་མཆོག་ཏུ་རྨད་དུ་སྟོན་པར་མཛད་པའོ། །འདི་ཙམ་གྱིས་ནི་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་བསྟན་ནས། ད་ནི་རྒྱུད་བསྟན་པ་ལ་ཉེ་བར་མཁོ་བའི་
དོན་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་ཏུ་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་མིག་ཕྱེ་བའི་རྗེས་ལའོ། །ཐེ་ཚོམ་ཐམས་ཅད་གཅོད་པ་ལ། །ཞེས་བྱ་བ་ནི། ཐེ་ཚོམ་ཐམས་ཅད་སེལ་བར་བྱེད་པའི་
ཕྱིར་རོ། །ཇི་སྙེད་པ་དང་བཀུར་སྟིའི་དོན་དུའམ་ཞེ་ན། མ་ཡིན་ཏེ་ཐུགས་རྗེས་ཐུགས་བརླན་ཞེས་གསུངས་ཏེ། མཉེས་གཤིན་པའི་མཚན་ཉིད་དང་བྲལ་བའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཐུགས་རྗེས་སེམས་ཀྱི་རྒྱུན་ལ་ཡང་དག་པར་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་
གསང་བའི་ཚོགས་ཀྱི་བཤད་པ་གསུངས་པ་ནི་ཞེས་བྱ་བ་ནི། གསང་བའི་དོན་ནི་ཟབ་མོའི་དོན་ཏོ། །གོ་འཕང་ནི་དྲི་བའི་མཚན་ཉིད་དོ། །གཏན་ལ་དབབ་པ་ནི་ངེས་པ་སྟེ། དབང་བསྐུར་བ་གཙོ་བོར་གྱུར་པ་ལའོ། །གསུངས་པ་ནི་གསུངས་པར་གྱུར་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་
གསུང་ལ་འཇུག་པ་བསྟན་ནས། དབང་བསྐུར་བའི་ཆེ་བའི་བདག་ཉིད་བརྗོད་པར་འདོད་ནས། དབང་བསྐུར་བ་ནི་གཙོ་བོ་སྟེ། །ཞེས་བྱ་བ་གསུངས་ཏེ། འདིར་དོན་གསུམ་བརྗོད་པར་བྱ་སྟེ། དབང་བསྐུར་གྱི་ངེས་པའི་ཚིག་དང་། དབང་བསྐུར་རང་གི་ངོ་བོ་དང་། དེའི་དགོས་པ་ཞེས་བྱ་བའོ། །དེ་
ལ་མངོན་པར་ནི་མངོན་དུ་ཕྱོགས་པས་རྟོག་པའི་དྲི་མ་ཐམས་ཅད་འཁྲུད་པར་བྱེད་པས་ན་དབང་ངོ་། །དབང་བསྐུར་རང་གི་ངོ་བོ་ནི། དབང་རྣམ་པ་བཞིའོ། །ལྷ་ལ་སོགས་པས་བྱིན་གྱིས་བརླབས་པས་རབ་ཏུ་གནས་པ་དང་། དཀྱིལ་འཁོར་ལ་སོགས་པ་ལ་དབང་ཐོབ་པས་ལུས་ལ་སོགས་པ་རྣམ་པར་

དག་པ་ཐོབ་ཏུ་རུང་བ་ནི་དེའི་དགོས་པའོ། །དབང་བསྐུར་བ་ནི་གཙོ་བོ་སྟེ། །ཞེས་བྱ་བ་ནི། དབང་རྣམ་པ་བཞི་གཙོ་བོར་གྱུར་པའོ། །དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །རྟག་ཏུ་གནས་ཞེས་བྱ་བ་ནི། འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་
ཕྱིར་ཞེས་བྱ་བ་ནི། གང་གིས་དབང་བསྐུར་གཙོར་བྱས་པའི་དངོས་གྲུབ་རྣམས་དེའི་ཕྱིར་རོ། །ཐོག་མར་ཞེས་བྱ་བ་ནི་དང་པོའི་ཉིད་དུའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སམ། ཡོངས་སུ་རྫོགས་པའི་ངོ་བོས་སོ། །བཤད་ཀྱིས་ཞེས་བྱ་བ་ནི་གཙོ་བོ་ཉིད་ཀྱི་ཕྱིར་དབང་
བསྐུར་བ་ཉིད་ཅེས་བྱ་བའི་ལྷག་མའོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉིད་དོ། །ཇི་བཞིན་དོན་ཞེས་བྱ་བ་ནི་དོན་ལས་མི་འདའ་བར་རོ། །དེ་ལྟར་དབང་བསྐུར་བའི་ཆེ་བའི་བདག་ཉིད་བསྟན་ནས། ད་ནི་དབང་བསྐུར་བ་ལ་རྒྱུད་བཤད་པའི་སྣོད་དུ་བརྗོད་པའི་ཕྱིར། ཐོག་མར་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རྒྱུད་བཤད་པའི་སྔོན་དུ་གང་གི་ཚེ་སློབ་མ་ལ་དབང་བསྐུར་བར་འགྱུར་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་དབང་བཞིས་དབང་བསྐུར་བར་འགྱུར་རོ། །དེ་ནས་རྫོགས་པའི་རིམ་པའི་སྣོད་དུ་འགྱུར་ཞེས་བྱ་བ་ནི། དེ་སྟོན་པར་བྱེད་པའི་རྡོ་རྗེ་ཕྲེང་
བའི་རྒྱུད་ཐོས་པ་ལ་སྣོད་དུ་རུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །སློབ་མ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། བློ་ལྡན་ཞེས་བྱ་བ་གསུངས་ཏེ། དབང་རྣམ་པ་བཞི་དང་། དམ་ཚིག་དང་སྡོམ་པ་འཛིན་པ་ལ་མཁས་པའོ། །ཡང་དག་ཅེས་བྱ་བ་ནི་རྒྱུད་དུ་བསྟན་པའི་རིགས་པས་སོ། །རང་བཞིན་གྱིས་གྲུབ་
པའི་རིམ་པ་ནི་རྫོགས་པའི་རིམ་པའོ། །དེ་སྟོན་པར་བྱེད་པའི་སྦྱོར་བས་ནི་ཏིང་ངེ་འཛིན་དེ་ལའོ། །དེ་ལྟར་དབང་བསྐུར་བ་དང་རྒྱུད་བཤད་པའི་སྣོད་དུ་རུང་བ་ཉིད་དུ་བསྟན་ནས། ད་ནི་དེ་ལས་བཟློག་པའི་སྐྱོན་བསྟན་པ་ནི། ཡང་དག་དབང་བསྐུར་གྱིས་དབེན་ན། །ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། དབང་རྣམ་པ་བཞི་མ་ཐོབ་པར་རོ། །བླ་མ་ནི་སློབ་དཔོན་ནོ། །སྒྲུབ་པ་པོས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ངོ་བོ་སྒོམ་པ་པོ་ཡིན་ཡང་ངོ་། །སློབ་མ་མཚུངས་པར་ནི་ཞེས་བྱ་བ་ནི། མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཡང་

དག་རྒྱུད་ཀྱི་དོན་ཤེས་ཀྱང་། །ཞེས་གསུངས་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་ནས། དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་ཀྱི་དོན་རིམ་པ་གཉིས་ཀྱི་ངོ་བོར་ཤེས་པའི་ཕྱིར་རོ། །དམྱལ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མི་བཟད་ཅེས་བྱ་བ་གསུངས་ཏེ། རྣམ་པ་སྣ་ཚོགས་
པ་བཟོད་པར་དཀའ་བའི་རྒྱུར་འགྱུར་བ་འཇིགས་སུ་རུང་བའོ། །དེ་ལྟར་དོན་རྣམ་པ་བཞིས་རྒྱུད་བཤད་པ་ལ་ཉེ་བར་མཁོ་བའི་དོན་བརྗོད་ནས། ད་ནི་བླ་མ་དང་སློབ་མ་དག་བརྗོད་པའི་ཕྱིར་དེའི་ཡན་ལག་ཏུ་བླ་མའི་མཚན་ཉིད་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་
དབང་བསྐུར་བ་མེད་པར་དམྱལ་བ་སྐྱེད་པར་བྱེད་པའི་མཚན་ཉིད་ཅན་ནི་སྐྱོན་དུ་འགྱུར་བ་སྟེ། དེའི་ཕྱིར་བླ་མ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བཅུ་ལ་མཁས་པའི་སློབ་དཔོན་ནོ། །དོན་དུ་གཉེར་བས་ཞེས་བྱ་བ་ནི། ཡང་དག་པར་དོན་དུ་གཉེར་བས་སོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཡང་དག་ཅེས་གསུངས་ཏེ།
སྒྲུབ་པ་སྔོན་དུ་འགྲོ་བའི་གཏོང་བ་དང་གཏོང་བ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་སོ། །སྟོན་པ་ཞེས་བྱ་བ་ནི་སློབ་མ་རྣམས་ལ་སྟོན་པར་བྱེད་པས་སོ། །དེ་ཡང་དབང་བསྐུར་བ་སྦྱིན་པ་སྔོན་དུ་འགྲོ་བས་རྒྱུད་ལ་སོགས་པ་སྟོན་པར་བྱེད་པས་སོ། །འབད་པས་ཞེས་བྱ་བ་ནི་དོར་བར་དཀའ་བ་དངོས་
པོའི་སྦྱིན་པ་སྟེ། ཇི་སྐད་དུ། གང་ཞིག་གང་གིས་ཡང་དཀའ་བ། །དེ་ནི་མཆོག་ཅེས་བྱ་བར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བླ་མ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དབང་བསྐུར་ཐོབ་ཅིང་ཞེས་བྱ་བ་གསུངས་ཏེ། མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་བླ་མ་ལས་དབང་བསྐུར་བ་
ཐོབ་པའོ། །དེ་ཉིད་ཅེས་བྱ་བ་ནི། དེ་ཁོ་ན་ཉིད་བཅུ་ཡོངས་སུ་ཤེས་པ་སྟེ། ཇི་སྐད་དུ། དཀྱིལ་འཁོར་དང་ནི་ཏིང་འཛིན་ཕྱག་རྒྱ་དང་། །སྔགས་དང་བྱེད་པ་གདན་དང་བཟླས་པ་དང་། །སྦྱིན་སྲེག་དང་ནི་ཕྱག་རྒྱ་སྔགས་ལ་སྦྱོར། །ཉེར་བསྡུ་སྔགས་ལས་དེ་ཉིད་བཅུར་ནི་བརྗོད། །ཅེས་གསུངས་
སོ། །བློ་ལྡན་ཞེས་བྱ་བ་ནི། ཤེས་བཞིན་དང་ལྡན་པའི་བདག་ཉིད་ཅན་གྱི་ཤེས་རབ་དང་ལྡན་པའོ། །སྙིང་རྗེ་ཡིས་ནི་ཁྱབ་ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་ཕན་པའི་ལས་ཅན་ནོ། །ཟབ་ཅིང་རྒྱ་ཆེ་དོན་ལ་མཁས། །ཞེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེ་དག་ལ་བརྟེན་ནས་འཁོར་བ་

དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ལ་ལྷག་པར་མོས་པ་ཉིད་ཀྱི་ཕྱིར་རོ། །ཟབ་པ་དང་རྒྱ་ཆེ་བ་དག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་དོར་བ་བླང་བ་མེད་པས་གོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གནོད་པ་འཚེ་བ་རྣམ་པར་སྤངས། །ཞེས་བྱ་བ་ནི། མི་དགེ་
བ་བཅུའི་ལས་ཀྱི་ལམ་སྤངས་པ་ཉིད་ཀྱི་ཕྱིར་རོ། །ལུས་ཀྱི་ཡན་ལག་རྫོགས་པ་དང་། །ཞེས་བྱ་བ་ནི། ལུས་ཀྱི་ཡན་ལག་ཐམས་ཅད་རྫོགས་པ་དང་། དབང་པོ་མ་ཚང་བ་ལ་སོགས་པའི་སྐྱོན་སྤངས་པ་ཉིད་ཀྱི་ཕྱིར་རོ། །སྐལ་བཟང་གང་ཞེས་བྱ་བ་ནི། ངག་ཀུན་ནས་ལེན་པའི་ཕྱིར་རོ། །མཚན་
དང་དཔེ་བྱད་རྣམས་དང་ལྡན། །ཞེས་བྱ་བ་ནི། བླ་མའི་མཚན་ཉིད་གཏོང་བ་ལ་སོགས་པ་རྣམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་སྔོན་དགེ་བའི་རྩ་བ་བསགས་པ་ཉིད་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དཔེ་བྱད་རྣམས་དང་ལྡན་པའོ། །དད་པ་ལ་སོགས་པའི་དབང་པོ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་
ཕྱིར་མཚན་དང་ལྡན་པའོ། །ཆགས་པ་ཆེ་ལ་གཅིག་ཏུ་དགའ། །ཞེས་བྱ་བ་ནི། ཐེག་པ་ཆེན་པོ་སྔགས་ཀྱི་སྤྱོད་པ་རྣམ་པ་གསུམ་ལ་མོས་པའི་ཕྱིར་དང་། གནས་པའི་ཕྱིར་རོ། །ཡུལ་ལ་ཕྲག་དོག་རྣམ་པར་སྤངས། །ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ལ་ཞེན་པ་དང་བྲལ་བའོ། །དབང་
གསུམ་པ་སྦྱིན་པའི་གནས་སྐབས་སམ། ཕྱག་རྒྱའི་ཡུལ་ལ་ཞེན་པ་སྤང་བའོ། །བག་ཡོད་ཅེས་བྱ་བ་ནི། དངོས་པོ་བག་ཙམ་གྱི་ཕྱིར་ཁྲོ་བ་མེད་པས་བག་མེད་པའི་གནས་སྐབས་ཐམས་ཅད་སྤངས་པའི་ཕྱིར་དང་། དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་
དགའ་བ་དང་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་དགའ་བ་ཕུན་སུམ་ཚོགས་པའི་ལུས་ངག་ཡིད་གསུམ་དང་ལྡན་པའོ། །དེ་རྣམས་ཀྱིས་བག་མེད་པའི་འབྲས་བུ་དང་ལྡན་པ་ཉིད་བསྟན་ཏོ། །རྣལ་འབྱོར་མ་ཡི་སྙིང་པོ་སྐྱོང་། །ཞེས་བྱ་བ་ནི་རང་བཞིན་གྱིས་ཤིན་ཏུ་རྩེ་གཅིག་པ་ཉིད་ཀྱིས་དམ་ཚིག་
དང་སྡོམ་པ་འཛིན་པ་ནི་རྣལ་འབྱོར་མའི་སྙིང་པོ་སྐྱོང་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཐེག་པ་གཅིག་ཏུ་མོས། །ཞེས་བྱ་བ་ནི་ཐེག་པ་ཆེན་པོ་སྔགས་ཀྱི་ཡུལ་ལ་གཞན་དང་ཐུན་མོང་མ་ཡིན་པའི་དད་པ་དང་། ཡང་དག་པར་ལྡན་པས་ཕྱིར་མི་ལྡོག་པའོ། །ཐེག་པ་དམན་ལ་རྒྱབ་ཀྱིས་ཕྱོགས། །ཞེས་

བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ལྷག་པར་མོས་པ་མེད་པའོ། །དེ་ལ་སོགས་པའི་ཡོན་ཏན་ལྡན། །ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་ཡོན་ཏན་དང་ཡང་དག་པར་ལྡན་པའོ། །བླ་མ་ཞེས་བྱ་བ་ནི་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། གདམས་ངག་སྟོན་པ་རྣམས་སོ། །སློབ་མས་ཞེས་བྱ་བ་
ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་སོགས་པའོ། །ནུས་དང་ལྡན་ཞེས་བྱ་བ་ནི་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱ་བའོ། །དེ་ལྟར་བླ་མའི་མཚན་ཉིད་བསྟན་ནས། ད་ནི་བླ་མའི་བྱ་བ་བརྗོད་པའི་ཕྱིར། །ཡང་དག་བླ་མ་རྙེད་ནས་ནི། །ཞེས་བྱ་བ་ནི་གསུངས་ཏེ། སྔོན་གྱི་བསོད་ནམས་ཀྱི་
སྟོབས་ཀྱིས་རྙེད་པའོ། །བླ་མ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་ཡོན་ཏན་དང་ཡང་དག་པར་ལྡན་པས་སོ། །སློབ་མ་དག་དང་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ། །ངག་དང་ཞེས་བྱ་བ་ནི་བསྙེན་བཀུར་ལ་སོགས་པ་སྦྱིན་པ་སྔོན་དུ་འགྲོ་བས་སློབ་དཔོན་དང་གསང་བའི་དབང་དག་གིས་སོ། །
རྟོགས་དང་ཞེས་བྱ་བ་ནི་དབང་གསུམ་སྦྱིན་པས་རང་ཉིད་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །བརྟན་བྱས་ནས་ཞེས་བྱ་བ་ནི་བཞི་པའི་དབང་བསྐུར་བས་སོ། །ཇི་བཞིན་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །དེ་ཞེས་བྱ་བ་ནི་སློབ་མའོ། །ཡེ་ཤེས་ལྡན་པར་འགྱུར་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་
པའི་གདམས་ངག་བསྟན་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་སྔོན་དུ་འགྲོ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་ཕྱིར་རོ། །དེ་ལྟར་བླ་མའི་བྱ་བ་བསྟན་ནས། ད་ནི་སློབ་མ་བརྟགས་པའི་སྒོ་ནས་ཕན་ཚུན་བརྟག་པ་བརྗོད་པའི་ཕྱིར། ཇི་ལྟར་རིན་ཆེན་བདར་བ་དང་། །
ཞེས་གསུངས་ཏེ། ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །གསེར་ཞེས་བྱ་བ་ནི་ས་ལེ་སྦྲམ་མོ། །བདར་བ་ཞེས་བྱ་བ་ནི་ཀ་ཤི་ལ་སོགས་པའི་བདར་ལའོ། །སྲེག་དང་ཞེས་བྱ་བ་ནི་སྲེག་པ་དང་གཉིས་སུ་བྱ་བ་ལ་སོགས་པ་རྣམས་ཀྱིས་བརྟག་པའོ། །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་
བཅུ་གཉིས་རབ་ཏུ་བརྟག །ཅེས་བྱ་བ་ནི་ཆེན་པོའི་ངོ་བོར་གྱུར་པ། སྤྱོད་པ་དང་། ལྟ་བ་དང་། ལྷག་མར་མོས་པ་ལ་སོགས་པའི་སྒོ་ནས་བརྟག་པར་བྱའོ། །ཕན་ཚུན་ཞེས་བྱ་བ་ནི་ཕན་ཚུན་དུ་སྟེ། བླ་མས་སློབ་མ་དང་སློབ་མས་བླ་མ་ཞེས་བྱའོ། །དེའི་ཕྱིར་ཞེས་བྱ་བ་ནི་ལོ་བཅུ་གཉིས་ཀྱིས་

བརྟགས་པས་སོ། །དུས་ཀུན་དུ་ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུའོ། །དེ་ལྟར་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་རིགས་པས་བརྟག་པའོ། །དེ་ལྟར་སློབ་མ་བརྟག་པའི་སྒོ་ནས། ཕན་ཚུན་བརྟག་པར་བྱས་ནས་ད་ནི་མ་བརྟགས་པའི་སྐྱོན་བརྗོད་པའི་ཕྱིར།
གཞན་དུ་བགེགས་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཕན་ཚུན་བརྟག་པ་མི་བྱེད་ན་དེའི་ཚེ་བགེགས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་བགེགས་བྱེད་པའི་ངོ་བོ་འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དངོས་གྲུབ་
འཇོམས་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བགེགས་སུ་གྱུར་པའོ། །སྡུག་བསྔལ་སྟེར་ཞེས་བྱ་བ་ནི་འདི་དང་ཕ་རོལ་དུ་ལུས་དང་སེམས་ལ་སྡུག་བསྔལ་བསྐྱེད་པའོ། །དེ་ལྟར་མ་བརྟགས་པའི་སྐྱོན་བསྟན་ནས། ད་ནི་དབང་བསྐུར་བའི་ཆེ་བ་དག་ཉིད་
བརྗོད་པའི་ཕྱིར་འདིར་ཡང་དང་པོར་དགོས་པ་འདི་ལྟ་བུ་ལ་འཇུག་པར་བྱ་སྟེ། བླ་མ་དང་སློབ་དཔོན་བརྟགས་པས་དབང་བསྐུར་བར་བྱས་པ་ལ་སློབ་མ་ཇི་ལྟར་བུར་འགྱུར་ཞེ་ན། དེའི་ཕྱིར་དུག་ནི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་འཆི་བའི་བདག་ཉིད་ཅན་གྱི་དུག་སྔགས་
ཀྱིས་ཞེས་བྱ་བ་ནི་དུག་ནི་སྔགས་ཀྱིས་སོ། །བཅོམ་པ་བཞིན་ཞེས་བྱ་བ་ནི་ནུས་པ་ཉམས་པས་ཇི་ལྟར་བཅུད་ལེན་དུ་འགྱུར་བས་སོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྔགས་ཀྱིས་དག་བྱེད་ཅེས་བྱ་བ་གསུངས་ཏེ། བྱ་ཁྱུང་གི་སྔགས་ཀྱིས་རྣམ་པར་དག་པ་སྟེ། དུག་གི་བྱ་བ་མི་བྱེད་པའི་ཕྱིར་རོ། །དེ་
བཞིན་སློབ་མ་དབང་སོགས་ཀྱིས། །དག་པར་འགྱུར་བ་ནི་གཙང་བར་འགྱུར་བ་སྟེ། དབང་རྣམ་པ་བཞིས་རིམ་པ་ཇི་ལྟ་བ་བཞིན་དུ་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་སྦྱངས་པའི་ཕྱིར་རོ། །སློབ་མ་ཇི་ལྟ་བུ་ཞེ་ན། དེའི་མ་དག་པ་ནི་ཞེས་བྱ་བ་གསུངས་ཏེ། གློ་བུར་བའི་སྐྱོན་རྣམས་ཀྱི་
རྙོག་པ་དང་བཅས་པའི་ཕྱིར་རོ། །དེ་ལྟར་དབང་བསྐུར་བ་ཆེ་བའི་བདག་ཉིད་བསྟན་ནས། ད་ནི་ཉེ་བར་བསྡུ་བའི་སྒོ་ནས་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བརྗོད་པ། དེའི་ཕྱིར་འབད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་མ་དག་པའི་ངོ་བོའི་སློབ་མ་དབང་བསྐུར་བས་དག་པར་བསྒྲུབ་པའི་

ཕྱིར། འབད་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་བྱིན་གྱིས་བརླབ་པའི་དོན་དུ་ལྷ་བསྐྱེད་པའི་མཚན་ཉིད་ཅན་གྱིས་སོ། །སྔགས་པས་ཞེས་བྱ་བ་ནི་དབང་བསྐུར་བའི་དུས་ན་འོས་པ་རྣམས་ཀྱིས་སོ། །སློབ་མ་ཞེས་བྱ་བ་ནི་མཚན་ཉིད་དང་ཡང་དག་པར་ལྡན་པའོ། །དག་བྱས་ནས་ཞེས་བྱ་བ་ནི་སློབ་
དཔོན་གྱི་དབང་ལ་སོགས་པ་རབ་ཏུ་དབྱེ་བ་དང་བཅས་པ་རྣམས་ཀྱིས་སོ། །གང་གིས་ཤེ་ན། དེའི་ཕྱིར་བླ་མས་ཞེས་བྱ་བ་གསུངས་ཏེ། སྔོན་དུ་བཤད་པའི་མཚན་ཉིད་དང་ལྡན་པས་སོ། །ཇི་ལྟར་སྦྱང་བར་བྱ་ཞེ་ན། དེའི་ཕྱིར་ཇི་ལྟ་བུ་ཡི་དོན། །ཅེས་གསུངས་ཏེ། གཡོ་སྒྱུ་མེད་པར་སློབ་མའི་
ཡུལ་ལ་ལྷན་ཅིག་སྐྱེས་པས་ཞེས་བྱ་བའི་དོན་ཏོ། །ཅིའི་དོན་དུ་ཞེ་ན། དེའི་དངོས་གྲུབ་ཕྱིར་ནི་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་དྲུག་གིས་བླ་མ་དང་སློབ་མ་བརྟག་པ་བརྗོད་ནས། ད་ནི་དབང་བསྐུར་བ་བརྗོད་པར་འདོད་
ནས། དེའི་ཡན་ལག་ལ་གསོལ་བ་གདབ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དང་དབང་བསྐུར་བ་ལ་སོགས་ཀྱིས་སློབ་མ་སྦྱངས་པའི་རྗེས་སུའོ། །ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་ཞུ་བ་པོའོ། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གང་གིས་དབང་བསྐུར་བ་གཙོ་བོར་
བྱས་ནས་དངོས་གྲུབ་ཐམས་ཅད་གསུངས་པ་དེའོ། །བདེ་ཆེན་ལ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་ཁྱད་པར་དུ་འཕགས་པའི་གོ་འཕང་ཐོབ་པའི་ཕྱིར་ཏེ། ཞུས་ཞེས་བྱ་བ་དང་འབྲེལ་ཏོ། །དབང་བསྐུར་ཇི་ལྟར་རྒྱུད་དུ་ནི། །ཞེས་བྱ་བ་ནི་རྒྱུད་ནི་རྩ་བའི་རྒྱུད་དེ་དཔལ་གསང་
བ་འདུས་པ་ལ་སོགས་པའོ། །གཙོ་བོར་ནི་ཞེས་བྱ་བ་ནི་གཙོ་བོར་འཇུག་པས་སོ། །ཇི་ལྟར་བཅོམ་ལྡན་འདས་ཁྱོད་ཀྱིས་གསལ་བར་མཛད་པའོ། །དེ་ལྟར་ཞུ་བ་པོ་བསྟན་ནས། ད་ནི་དབང་བསྐུར་བ་རང་གི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་ལག་ཏུ་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པའི་མཚན་
ཉིད་ནི་གསུངས་ཞེས་བྱ་བ་ལ་སོགས་པ་ཏེ། ཕྱག་ན་རྡོ་རྗེ་དེ་ལའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོན་པ་པོ་དྲུག་པ་རྡོ་རྗེ་འཆང་ལའོ། །གསུངས་ཞེས་བྱ་བ་ནི་བརྗོད་པར་གྱིས་ཤིག་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཐམས་ཅད་མཁྱེན་ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་དང་དཀྱིལ་འཁོར་བའི་

རྣམ་པའམ། རང་བཞིན་གྱིས་འོད་གསལ་བའི་ངོ་བོས་ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར། རྒྱུད་ཀྱི་དེ་ཉིད་མཁྱེན་པས་ནི། །ཞེས་བྱ་བ་ནི་རྒྱུད་ཆེན་པོ་དང་ཉུང་ངུའི་རྒྱུད་དང་བཤད་པའི་རྒྱུད་དང་། ཡན་ལག་གི་རྒྱུད་བསྟན་པའི་ཕྱིར། གཞན་ཡང་། ཐེ་ཚོམ་ཐམས་ཅད་གཅོད་
མཛད་པ། །ཞེས་བྱ་བ་ནི་ཉན་པ་པོ་རྣམས་ཀྱི་རྒྱུད་ལ་ཐེ་ཚོམ་ཐམས་ཅད་བཟློག་པའི་ཕྱིར་རོ། །གཞན་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་རྡོ་རྗེ་རྩེ་ལྔ་པ་འཆང་བའོ། །དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་སྟོན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་
འདས་ཀྱི་གསུང་ལ་འཇུག་པ་བསྟན་ནས། ད་ནི་ཞུ་བ་པོའི་ཐོས་པ་ལ་སྦྱར་བ་སྔོན་དུ་འགྲོ་བས་དབང་བསྐུར་བ་བཞི་བརྗོད་པའི་ཕྱིར། ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ཡང་དག་བཤད་ཀྱིས་ཞེས་བྱ་བ་ནི་ཤིན་ཏུ་གསལ་བར་བྱ་བའོ། །དབང་བསྐུར་བ་ཡི་དབྱེ་བ་ནི། །ཞེས་
བྱ་བ་ནི་དབྱེ་བ་ནི་རབ་ཏུ་དབྱེ་བས་སོ། །དང་པོའི་དབང་ནི་གཙོ་བོ་སྟེ། །ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་སྟེ། ལུས་རྣམ་པར་དག་པར་རུང་བ་ཉིད་ཀྱི་ཕྱིར་གཙོ་བོར་གྱུར་པའོ། །གཉིས་པ་གཙོ་བོ་མིན་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བ་སྟེ། ངག་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གཙོ་བོ་
མ་ཡིན་པ་ཉིད་ཀྱི་ཕྱིར་དང་། ལུས་ལ་བརྟེན་ནས་ངག་བསྐྱེད་པའི་ཕྱིར་རོ། །སྙོམས་པར་འཇུག་པ་གསུམ་པ་སྟེ། །ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཏེ། ཕྱག་རྒྱ་ལ་སྙོམས་པར་འཇུག་པའི་སྔོན་དུ་འགྲོ་བས་སློབ་མ་རང་གི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །བཞི་པ་དག་ནི་དོན་དམ་མོ། །
ཞེས་བྱ་བ་ནི་དོན་དམ་པའི་དེ་ཁོ་ན་ཉིད་སྟོན་པའི་ཕྱིར་དང་། དོན་གྱི་ལྷན་ཅིག་སྐྱེས་པ་སྟོན་པའི་ཕྱིར་རོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དབང་རྣམ་པ་བཞི་བསྟན་པའི་ཕྱིར། དབྱེ་བ་རྣམ་པ་བཅུ་གཅིག་དང་། །ཞེས་བྱ་བ་གསུངས་ཏེ། ཆུ་དང་། ཅོད་པན་
དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། སྔགས་དང་། བརྟུལ་ཞུགས་དང་། ལུང་བསྟན་པ་དང་། དབུགས་དབྱུང་བ་དང་། རྗེས་སུ་གནང་བ་དང་། ཕྱིར་མི་ལྡོག་པའི་དབྱེ་བས་སོ། །གཙོ་བོ་ཞེས་བྱ་བས་ནི་སློབ་དཔོན་གྱི་དབང་ངོ་། །བཅུ་གཉིས་པ་ནི་གསང་བའོ། །ཞེས་བྱ་བ་ནི་གསང་བའི་

དབང་གི་མཚན་ཉིད་ཕྱི་རོལ་གྱི་འབད་པར་བྱ་བ་ཉིད་ཀྱི་ཕྱིར་དང་ཅུང་ཟད་བསྐྱེད་པའི་རིམ་པའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། །བཅུ་གསུམ་པ་ཡང་སྙོམས་པར་འཇུག །ཅེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་མཚན་ཉིད་ཤེས་རབ་དང་། ཡང་དག་པར་སྦྱོར་བ་སྐྱེད་པའི་ཕྱིར་རོ། །བཅུ་བཞི་
པ་ནི་དོན་དམ་ཉིད། །ཅེས་བྱ་བ་ནི་དབང་བཞི་པའི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་མངོན་དུ་བྱས་པའམ་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་བྱས་པའོ། །བཅུ་བཞི་པ་ནི་མཆོག་གི་དབང་། །ཞེས་བྱ་བ་ལ་མཆོག་གི་དབང་ནི་བླ་ན་མེད་པའོ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་བྱ་བ་
ནི་དེ་ལ་རེ་ཞིག །དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་རིགས་པས་སློབ་དཔོན་དང་གསང་བའི་དབང་དག་གིས་ས་བརྒྱད་པ་ཐོབ་ཏུ་རུང་བ་བརྗོད་པ་ཡིན་ནོ། །ཇི་སྐད་དུ། དེ་ཡི་དུས་ནས་བརྩམས་ནས་དེ་ནི་རྣམ་རྟོག་བྲལ། །དེ་ཡི་མདོག་དང་
དབྱིབས་དང་ཇི་ལྟར་འདོད་པའི་མཚན། །རྣམ་པར་སྨིན་པའི་ལུས་ནི་བསམ་མི་ཁྱབ་པའི་ངོ་། །སྡོམ་པ་འབྱུང་བ་དེ་ལས་བྱས་པ་ཞེས་པ་འབྱུང་། །ཞེས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པའི་རྣལ་འབྱོར་གྱི་ངོ་བོ་སློབ་དཔོན་དང་གསང་བའི་དབང་བསྐུར་བ་དག་གིས་ས་བརྒྱད་པ་
ཞེས་བྱ་བ་རྣམ་པར་གཞག་གོ། །ཤེས་རབ་ཡེ་ཤེས་ཀྱི་ས་དགུ་པའོ། །བཞི་པ་དཔེའི་རྣམ་པས་ནི་བཅུ་པའོ། །དོན་གྱིས་ནི་བཅུ་གཅིག་པའོ། །མོས་པ་སྤྱོད་པ་ལ་ལྟོས་ནས་བཅུ་གཉིས་པའོ། །སྐྱེ་བ་འདི་ཉིད་ལ་ཤིན་ཏུ་བདེ་བ་དང་། མྱུར་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པ་ནི་
བཅུ་གསུམ་པའོ། །ཡང་ན་སློབ་དཔོན་གྱི་དབང་གིས་ནི་ས་བརྒྱད་པའོ། །གསང་བའི་དབང་གིས་ནི་རྣམ་པ་གང་གི་རྡོ་རྗེ་བཟླས་པ་ལ་བརྟེན་ནས་དགུ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་སེམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་བཅུ་པའོ། །རང་བྱིན་གྱིས་བརླབ་པ་ཡང་དེ་ཉིད་དོ། །བཞི་
པ་ཉིད་ཀྱིས་མངོན་པར་བྱང་ཆུབ་པའི་ངོ་བོ་ཉིད་ཀྱིས་བཅུ་གཅིག་པའོ། །མོས་པ་སྤྱོད་པའི་ས་དང་བཅས་པས་ནི་བཅུ་གཉིས་པའོ། །ཟུང་དུ་འཇུག་པའི་རིམ་པས་ནི་བཅུ་གསུམ་པའོ། །དེ་ལྟར་དབང་བཞི་པོ་བསྟན་ནས། ད་ནི་དབང་བཞི་མཚོན་པ་བརྗོད་པའི་ཕྱིར། རྣམ་པ་གསུམ་ནི་རྒྱུད་ཀྱི་དབང་། །

ཞེས་བྱ་བ་ནི་སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་མཚན་ཉིད་ཅན་ནོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པས་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའི་མཚན་ཉིད་ཅན་ནོ། །རྣལ་འབྱོར་མའི་རྒྱུད་ཀྱི་དགོངས་པས་དགའ་བ་དང་། མཆོག་དགའ་
དང་། དགའ་བྲལ་གྱི་དགའ་བའི་མཚན་ཉིད་ཅན་ནོ། །འདིར་ཞེས་བྱ་བ་ནི་དབང་བསྐུར་བ་དེ་ལའོ། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་བྱ་བ་ནི་བཞི་པས་རང་བཞིན་གྱིས་འོད་གསལ་བ་འམ། ལྷན་ཅིག་སྐྱེས་པའི་ངོ་བོའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཐམས་ཅད་ལ་ནི་ཁྱབ་པ་ཡིན། །
ཞེས་གསུངས་ཏེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་གསུམ་པོ་རྣམས་ཀྱི་ངོ་བོ་ནི་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའི་ངོ་བོ་འམ། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་གྱི་ངོ་བོའོ། །ཇི་སྐད་དུ། ཡང་ན་ཐམས་ཅད་དེ་ཉིད་དོ། །ཞེས་གསུངས་
སོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དགའ་བ་ལ་སོགས་པ་ཡི་རིམ་པ་ཡིས། །ཞེས་གསུངས་ཏེ། དེ་ལྟར་དབང་བཞི་པ་མཚོན་པ་བསྟན་ནས། ད་ནི་དབང་བསྐུར་བའི་རྗེས་སུ་བརྗོད་པའི་ཕྱིར། ཡར་ངོའི་ཕྱོགས་ཞེས་བྱ་བ་ནས་གསུངས་ཏེ། དགུན་ཟླ་ཐ་ཆུངས་ལ་སོགས་པའི་ཟླ་བ་དྲུག་པ་
སྟེ། ཇི་སྐད་དུ། དགུན་ཟླ་ཐ་ཆུངས་དཔྱིད་ཟླ་ར། །དཔྱིད་ཟླ་ཐ་ཆུངས་དབྱར་ཟླ་ར། །དབྱར་ཟླ་འབྲིང་པོ་ཉིད་དང་ནི། །དབྱར་ཟླ་ཐ་ཆུངས་སྟོན་ཟླར་བཅས། །ཞེས་གསུངས་སོ། །ཚེས་གསུམ་དང་ཞེས་བྱ་བ་ནི་ལུས་ལ་སོགས་པ་གསུམ་གྱི་རྣམ་པ་དག་པས་སོ། །དེ་བཞིན་ཚེས་བཅུ་ཞེས་
བྱ་བ་ནི་ཇི་སྐད་དུ། རྩ་བའི་རྒྱུད་ལས། བཤང་གཅི་ཟླ་བ་ཉི་མ་དང་། །སྒྲ་གཅན་དུས་ཀྱི་མེ་རྩེ་རྣམས། །དྲུག་དང་དགའ་བ་བཞི་པ་རྣམས། །ངེས་པར་བཅུ་པོ་ཞེས་བྱར་གྲགས། །ཞེས་གསུངས་སོ། །སློབ་མ་ལས་བཅུའི་རིམ་པས་ཚེ་འདི་ཉིད་ལ་མངོན་པར་བྱང་ཆུབ་པ་ཐོབ་པར་བྱ་བའི་
དོན་དུའོ། །ཚེས་བཅུ་བཞི་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་དང་། རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་མ་བཞི་དང་། དགའ་བ་ལ་སོགས་པ་བཞིའི་རིམ་གྱིས་ཐབས་ཤེས་རབ་ཐ་མི་དད་པའི་དེ་ཁོ་ན་ཉིད་ལ་བསླབ་པའི་དོན་དུའོ། །སློབ་མ་དམ་པ་ཞེས་བྱ་བ་ནི་

བླ་མས་དབང་བསྐུར་ཞེས་བྱ་བ་དང་འབྲེལ་ཏོ། །ཚུལ་ཁྲིམས་དང་ལྡན་པ་ལ་སོགས་པ་ཉིད་ཀྱིས་རིན་པོ་ཆེ་ལྟ་བུའི་གང་ཟག་གི་ངོ་བོ་ཉིད་ཀྱི་ཕྱིར་སློབ་མ་དམ་པའོ། །གུས་དང་ལྡན་ཞེས་བྱ་བ་ནི་བླ་མ་དང་དཀོན་མཆོག་གསུམ་གྱི་ཡུལ་ལ་མ་བཅོས་པའི་དད་པ་དང་ལྡན་པའོ། །དབང་བསྐུར་
ཞེས་བྱ་བ་ནི་དབང་བསྐུར་བར་བྱ་བའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་ཆོ་གས་སྟ་གོན་དུ་གནས་པ་དང་། དངོས་སུ་དབང་བསྐུར་བའི་རིམ་པས་ཞེས་བྱ་བའི་དོན་ཏོ། །དེ་ཡང་དབང་བསྐུར་བའི་ཆོ་གའི་ལུགས་སམ། འཆད་པའི་ཆོ་ག་ཉི་ཤུ་པའི་ལས་ཀྱི་ནང་དུ་གསུངས་
པའི་རིམ་པས་ཞེས་བྱ་བའི་དོན་ཏོ། །བླ་མས་ཞེས་བྱ་བ་ནི་བཤད་མ་ཐག་པའི་མཚན་ཉིད་དང་ལྡན་པས་སོ། །དེ་ལྟར་དབང་བསྐུར་བའི་དུས་བསྟན་ནས། སླར་ཡང་དབང་གཉིས་པ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར་དེའི་ཡན་ལག་དེ་ལ་ཉེ་བར་མཁོ་བའི་ཕྱག་རྒྱའི་མཚན་ཉིད་
བསྟན་པ་ནི། བརྒྱད་གཉིས་ལོ་ལོན་ཞེས་གསུངས་ཏེ། བཞི་པ་བརྡར་བྱས་པ་སྣ་ཚོགས་པའི་ཡན་ལག་བཞི་དང་། བསྙེན་པ་ལ་སོགས་པ་བཞི་དང་། རྒྱུ་མཐུན་པ་ལ་སོགས་པ་བཞི་དང་། དགའ་བ་ལ་སོགས་པ་བཞི་མངོན་པར་གསལ་བར་བྱེད་པའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ལུས་ཕྲ་
ཞེས་བྱ་བ་ནི་གཙོ་མོའི་མཚན་ཉིད་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། སྔོ་བསངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་དང་སྐལ་བཟང་དག་གིས་བརྒྱན། །ཞེས་བྱ་བ་ནི་གཟུགས་ནི་མ་བཅོས་པའི་ལྷན་ཅིག་སྐྱེས་པའོ། །སྐལ་བཟང་ཞེས་བྱ་བ་ནི་སྙན་པར་
སྨྲ་བ་ལ་སོགས་པས་བརྒྱན་པ་སྟེ། ཉེ་བར་མཛེས་པའོ། །སྔོ་བསངས་ཞེས་བྱ་བ་ནི་ཁ་དོག་གིས་ཏེ། མི་བསྐྱོད་པའི་རིགས་ཉིད་ཀྱི་ཕྱིར་རོ། །མིག་ནི་ཡངས་པ་དང་ཞེས་བྱ་བ་ནི་རྒྱ་ཆེ་བའི་མིག་གམ་ཡངས་པའི་པདྨའི་རྣམ་པ་ཅན་ནོ། །ཡང་དག་གུས་ཞེས་བྱ་བ་ནི་བླ་མ་དང་སྒྲུབ་པ་པོ་དང་།
དཀོན་མཆོག་གསུམ་ལ་སོགས་པ་རྣམས་ལའོ། །སྙིང་རྗེའི་བསམ་ལྡན་ཞེས་བྱ་བ་ནི་རྩུབ་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འདོད་པའོ། །དབང་བསྐུར་ཐོབ་པ་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པའི་བླ་མ་ལས་དབང་བསྐུར་བ་ཐོབ་པའོ། །ངག་སྙན་

ཐོབ་ཅེས་བྱ་བ་ནི་བདེན་པར་སྨྲ་བ་སྟེ། དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་འཛིན་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྒྱུད་ལ་ལྷག་པར་མོས། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་ལ་ལྷག་པར་མོས་པའི་ཕྱིར་རོ། །ཡང་ན་ལོ་བཅུ་
གཉིས་ལོན་ཞེས་བྱ་བ་ནི་ལོ་བཅུ་གཉིས་ལོན་པའི་དྲིལ་བུའི་སྒྲས་བརྡར་བྱས་པ་སྟེ། སྟོང་པ་ཉིད་བཞིའི་རིམ་གྱིས་རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམ་པར་དག་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཉམས་དགའ་ཞེས་བྱ་བ་ནི་སེམས་ལ་ཏིང་ངེ་འཛིན་རྣམ་པར་མི་གཡོ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །
བདེ་བར་བྱེད་པ་ཞེས་བྱ་བ་ནི་འོད་གསལ་གྱི་བདེ་བ་མངོན་པར་གསལ་བར་བྱེད་པའི་རྒྱུད་ཉིད་ཀྱི་ཕྱིར་རོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་བཅུ་གཉིས་པ་དང་བཅུ་དྲུག་པ་ལ་སོགས་པ་ལས་ལྷག་པ་ལོ་ཉི་ཤུ་ལས་ལྷག་པ་སྐལ་མེད་དུ་འགྱུར་རོ་ཞེས་བྱ་བ་ནི་དབང་བསྐུར་བར་མི་རུང་བའོ། །རྒྱུ་
མཚན་གསུངས་པ། དེ་ལས་གོང་དུ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་གྱི་དངོས་གྲུབ་རིང་དུ་བྱེད་དོ། །དེ་མངོན་པར་གསལ་བར་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །ཇི་སྐད་དུ། ཕྱོགས་ཀྱི་ལོ་ནས་ཇི་སྲིད་ཅིག་གི་བར་དུ་རྣམ་པ་བཅུར་འགྱུར་བ་ལྟ་དང་རེག་པར་བྱ་བར་འགྱུར། །དེ་ལ་འཁྱུད་པར་བྱ་
དང་རོ་དང་རྒྱ་མཚོར་བཅས་པ་རྣམས་ལ་གཡོ་དང་བརྟེན་པར་བྱ་བ་སྟེ། །ལོ་ནི་ཉི་ཤུ་ལས་ལྷག་ཕྱག་རྒྱས་མཆོག་ཏུ་འཇིགས་པར་བྱེད་པ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ། །དབང་གི་དོན་ནི་དྲུག་དང་བཞི་ནི་མཉམ་པའི་བདེ་སྟེར་དེ་ལས་གཞན་པ་རྣམས་ནི་བསྒོམ་པའི་དོན། །ཞེས་གསུངས་སོ། །དེ་ལྟར་
དབང་གཉིས་པ་ལས་ཉེ་བར་མཁོ་བའི་ཕྱག་རྒྱའི་མཚན་ཉིད་བསྟན་ནས། ད་ནི་བླ་མའི་ཡོན་ཏན་དབུལ་བ་བརྗོད་པའི་ཕྱིར། ལྷག་པར་ཡིད་འོང་ཞེས་བྱ་བ་གསུངས་ཏེ། རང་གི་སྲོག་དང་འདྲ་བ་ཉིད་ཀྱིས་ཡོངས་སུ་དོར་བར་མི་བྱ་བ་ཉིད་ཀྱི་ཕྱིར་རོ། །བུ་མོ་ཞེས་བྱ་བ་ནི་བུ་མོའོ། །ཆུང་མ་
ཡང་ཞེས་བྱ་བ་ནི་རང་གི་ཆུང་མའོ། །བུ་མོ་འམ་ཞེས་བྱ་བ་ནི་སྲིང་མོའི་བུ་མོའོ། །སྲིང་མོ་འམ་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྲིང་མོའོ། །དབུལ་བར་བྱ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའོ། །བླ་མ་ཞེས་བྱ་བ་ནི་དབང་སྐུར་བར་བྱེད་པ་ལའོ། །གུས་པ་ཡིས་ཞེས་བྱ་བ་ནི་མཆོད་པའི་ལས་ལའོ། །དེ་

ནས་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་རྫོགས་ནས་གསང་བའི་དབང་རྩོམ་པའི་དུས་སུའོ། །འདིས་ནི་སྟོང་པ་ཆེན་པོ་བསྟན་ནས། ད་ནི་གཏོང་བ་བསྟན་པའི་ཕྱིར། གསེར་དང་ཞེས་གསུངས་ཏེ། གསེར་གྱིས་སྤྲས་པའི་ལག་གདུབ་དང་། རྣ་ཆ་དང་། དཔུང་རྒྱན་ལ་སོགས་པའོ། །རིན་
ཆེན་ཞེས་བྱ་བ་ནི་ཨིནྡྲ་ནཱི་ལ་དང་། མ་ར་ག་ཏ་དང་། པདྨ་རཱ་ག་ལ་སོགས་པའོ། །གོས་དང་ནི་ཞེས་བྱ་བ་ནི་ཤིན་ཏུ་འཇམ་པའི་ཧྭ་དར་ལ་སོགས་པའོ། །མུ་ཏིག་ཕྲེང་བ་སྣ་ཚོགས་པས། །ཞེས་བྱ་བ་ནི་རགས་པ་དང་ཕྲ་བའི་དབྱེ་བ་ཐ་མི་དད་པས་སོ། །མཆོད་ནས་ཞེས་བྱ་བ་ནི་
ཚིམ་པར་བྱས་ནས་སོ། །དེ་ནས་ཞེས་བྱ་བ་ནི་མཆོད་པ་བྱས་པའི་རྗེས་ལའོ། །བླ་མའི་མདུན་དུ་ཞེས་བྱ་བ་ནི་སློབ་དཔོན་གྱི་མདུན་དུའོ། །སློབ་མ་དེས་ནི་ཞེས་བྱ་བ་ནི་གང་གིས་གཏོང་བ་དང་གཏོང་བ་ཆེན་པོས་བླ་མ་ལ་མཆོད་པའི་སློབ་མ་དེས་སོ། །འདི་སྐད་བརྗོད་ཅེས་བྱ་བ་ནི་འཆད་
བཞིན་པའི་གསོལ་བ་འདེབས་པའི་ཚིག་རྣམས་སོ། །དེ་ལྟར་བླ་མ་ལ་ཡོན་དབུལ་བ་བཤད་ནས། ད་ནི་དབང་གཉིས་པའི་དོན་དུ་གསོལ་བ་གདབ་པ་བརྗོད་པའི་ཕྱིར། དེ་ནས་བརྩམས་ནས་ཞེས་བྱ་བ་གསུངས་ཏེ། དབང་བསྐུར་བ་ཐོབ་པའི་དུས་ཀྱི་རྗེས་སུའོ། །བདག་ཅེས་བྱ་བ་ནི་
སློབ་མའོ། །བྲན་དུ་ཞེས་བྱ་བ་ནི་གཡོག་ཏུའོ། །མཆོད་པ་བཞེས་ཞེས་བྱ་བ་ནི་བདག་གིས་ཕུལ་བའི་སྔོན་དུ་གསུངས་པའི་མཆོད་པའོ། །གཙོ་བོ་ཞེས་བྱ་བ་ནི་བླ་མ་ལ་བོད་པའོ། །བདག་ནི་ཞེས་བྱ་བ་ནི་སློབ་མའོ། །དེ་ལྟའི་རྣམ་པས་མཉེས་ནས་ནི། །ཞེས་བྱ་བ་ནི་ཉེ་བར་བཤད་པའི་བྱེ་
བྲག་གིས་མཉེས་པར་བྱའོ། །མཆོད་པར་བྱ་ཞེས་བྱ་བ་ནི་ཤིན་ཏུ་ཡང་མཆོད་པར་འོས་པ་སྟེ། ཁྱད་པར་དུ་འཕགས་པའི་ཞིང་གི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བདག་ཉིད་ཀུན་གྱི་ཞེས་བྱ་བ་ནི་གཏོང་བ་དང་གཏོང་བ་ཆེན་པོས་ཕུལ་བ་ཉིད་ཀྱིས་སོ། །དེ་ལྟར་དབང་གཉིས་པའི་དོན་དུ་གསོལ་བ་གདབ་པ་
བསྟན་ནས། དེ་གཏོང་བའི་དོན་དུ་བླ་མའི་བྱ་བ་བརྗོད་པའི་ཕྱིར། ཕྱི་ནས་ཞེས་བྱ་བ་གསུངས་ཏེ། སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ཚིམ་པའི་ཕྱི་ནས་ཕྱག་རྒྱ་བསྟེན་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པའི་ཕྱིར་དང་། མཚན་

ཉིད་དང་ལྡན་པའམ་བསམ་པ་དང་ལྡན་པའ། །ཀུན་ནས་མཆོད་ནས་ཞེས་བྱ་བ་ནི་རེག་རྡོ་རྗེ་མའི་གཟུགས་སམ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་སུ་ཉེ་བར་བསྐྱེད་ནས་ཕྱིའི་མཆོད་པ་ལ་སོགས་པ་བྱའོ། །བསྟེན་པར་བྱ་ཞེས་བྱ་བ་ནི་དེ་ཉིད་ལ་སྙོམས་པར་འཇུག་
པས་བསྟེན་པར་བྱ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་ཞེས་བྱ་བའི་ལྷག་མའོ། །བསྟེན་པ་ལས་ནི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཚངས་པའི་བུ་ག་ནས་ཞུགས་ཏེ། ནང་དུ་ཞུ་བར་བསམས་ལ་རྡོ་རྗེ་དང་པདྨ་ཡང་དག་པ་སྦྱོར་བས་སྐྱེ་བ་གང་ཞིག་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པའི་བྱང་ཆུབ་ཀྱི་སེམས་དེ་སློབ་མའི་ཁར་དབབ་པ་ནི་སྐལ་བཟངས་ཁ་ལ་ནི་ཞེས་བྱ་བའོ། །མིང་མེད་མཐེ་བོ་སྦྱར་བ་ཡིས། །ཞེས་བྱ་བ་ནི་རང་ཉིད་ཀྱིས་ཀྱང་མིང་མེད་མཐེ་བོའོ། །ངོ་བོའི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་སྤྱོད་པར་བྱའོ། །ལོངས་སྤྱོད་བྱ་
ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལོངས་སྤྱོད་ནས་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་ཉིད་རྣམ་པར་འབྱེད་པའོ། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །ཞེས་བྱ་བ་ནི་སློབ་དཔོན་རང་ཉིད་ཀྱིའོ། །རང་རིག་པ་ཞེས་བྱ་བ་ནི་སྒྲ་དང་རྣམ་པར་རྟོག་པ་ལས་འདས་པའི་ཕྱིར་རོ། །བདེ་བ་
ཆེན་པོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཟད་པར་བྱེད་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་བདེ་བའི་ངོ་བོའོ། །དེ་ལྟར་རྣམ་པ་དྲུག་གིས་དབང་གཉིས་པ་རྒྱས་པར་བཤད་པ་བརྗོད་ནས། ད་ནི་དབང་གསུམ་པ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེ་རྗེས་ཕྱག་རྒྱས་གཏད་པར་བྱ། །ཞེས་གསུངས་
ཏེ། དབང་གཉིས་པའི་དུས་སུ་སློབ་མས་ཕུལ་བའི་ཕྱག་རྒྱ་སློབ་མ་དེ་ལ་གང་ཞིག་དབང་གཉིས་པ་ངེས་པར་སྦྱིན་པ་དེ་ལ་བླ་མ་དམ་པས་ཕྱག་རྒྱ་གཏད་པར་བྱའོ། །དབང་གསུམ་པ་རང་ཉིད་ཀྱིས་ཉམས་སུ་མྱོང་ནས་དེ་དག་ཐམས་ཅད་རང་དང་འོས་པའི་དམ་ཚིག་དང་སྡོམ་པ་སྦྱིན་པ་དང་
ཁས་ལེན་པ་སྔོན་དུ་འགྲོ་བས་བྱའོ། །སྲོག་དང་རྩོལ་བ་མཉམ་སྦྱོར་བས། །ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམས་པས་སྲོག་དང་རྩོལ་བ་རང་དབང་དུ་གྱུར་པས་སོ། །དགའ་རྣམས་ཞེས་བྱ་བ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཡང་དག་པར་སྦྱོར་བའི་བདེ་བ་ཆེན་པོས་སོ། །མཆོད་པར་

བྱ་ཞེས་བྱ་བ་ནི་བདག་ཉིད་དང་། ཕྱག་རྒྱ་དང་འབྲེལ་པའི་ཕུང་པོ་ལ་སོགས་པ་རྣམས་སོ། །སླར་ཡང་ཞེས་བྱ་བ་ནི་དེའི་རྗེས་ལའོ། །ཧཱུྃ་ཕཊ་སྔགས་ནི་ནོར་བུའི་སྒོར། །ཞེས་བྱ་བ་ནི་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་དང་དེའི་ནོར་བུ་ལ་ཕཊ་ཡིག་བཀོད་དེ་ཞེས་བྱ་བ་ནི་བསྒོམས་ནས་སོ་ཞེས་པའི་
དོན་ཏོ། །རྡོ་རྗེ་རབ་བསྐྱོད་བྱ་ཞེས་བྱ་བ་ནི་ཇི་སྲིད་རྡོ་རྗེ་དང་པདྨ་འདུས་བྱས་ཞེས་བྱ་བའི་ཐ་ཚིག་གོ། །སྐད་ཅིག་དེ་ལས་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་གནས་སྐབས་ལའོ། །དགའ་རྣམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་རིམ་པ་གང་གིས་དགའ་བ་ལ་སོགས་པ་བཞིའོ། །སྔོན་དུ་འབྱུང་
ཞེས་བྱ་བ་ནི་སྐྱེས་པར་འགྱུར་བའོ། །སྐད་ཅིག་ཅེས་བྱ་བའི་རྣམ་པ་སྣ་ཚོགས་པ་ལ་སོགས་པའོ། །དེ་བཞིན་དུ། རང་གིས་ཉམས་སུ་མྱོང་བར་བྱ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དབང་གསུམ་པ་རྒྱས་པར་བཤད་པ་བསྟན་ནས། ད་ནི་དབང་བཞི་པ་རྒྱས་པར་བཤད་པ་བརྗོད་པའི་
ཕྱིར། དགའ་བའི་སེམས་ཀྱིས་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་སེམས་ཀྱིས་སོ། །རྡོ་རྗེ་སློབ་མ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལའོ། །བླ་མ་དམ་པ་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པའི་སློབ་དཔོན་ནོ། །ཡང་ན་རྡོ་རྗེ་བཙུན་མོའི་ཞལ་ནས་ཞལ་ཞེས་འདོན་ཏོ། །རྡོ་རྗེ་བཙུན་མོ་ནི་
སྟོན་པ་པོ་བླ་མའི་ངོ་བོའོ། །དེའི་ཞལ་ནས་ཞལ་ཞེས་བྱ་བ་ནི་རྡོ་རྗེ་བཙུན་མོའི་ཞལ་ནས་སློབ་མའི་ཁར་ཞེས་བྱ་བའི་དོན་ཏོ། །འདིས་ནི་རང་རིག་བདེ་བ་ཆེན་པོ་ལ་བསྟེན་པའི་བླ་མ་ལས་རྟོགས་པར་བྱ་བ་ཉིད་བསྟན་ཏོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། རིག་པའི་བརྟུལ་ཞུགས་བརྗོད་པའི་
ཕྱིར། དེ་ནས་སློབ་མའི་ལག་ཏུ་ནི། །ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དབང་བཞི་བྱིན་པའི་རྗེས་ལའོ། །དེ་ནས་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་ཕྱག་རྒྱའོ། །སློབ་མའི་དབང་བསྐུར་བའི་རྣམ་པར་དག་པ་ཐོབ་པའི་ལག་ཏུ་ནི་སྦར་བར་བྱ་སྟེ། བཏང་ནས་ཞེས་
བྱ་བ་ནི་བྱིན་ནས་སོ། །འདི་སྐད་བསྒོ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། དེའི་ཕྱིར་ཇི་ལྟར་བྱ་བ་ཞེས་གསུངས་ཏེ། ཇི་ལྟར་བྱ་བའོ། །མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའམ། འོད་གསལ་ཉམས་སུ་མྱོང་བའོ། །པདྨ་ཞེས་བྱ་བ་

ནི་པདྨ་མཆོག་ནི་ཆོས་ཀྱི་དབྱིངས་ལའོ། །དེ་ལྟར་བྱོས་ལ་ཞེས་བྱ་བ་ནི་སློབ་མ་འདི་དང་ལྷན་ཅིག་ཏུའོ། །མཆོག་གི་གདོང་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ལ་བོད་པའོ། །མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་མངོན་པར་གསལ་བའི་
རྒྱུར་གྱུར་ལ་དེའི་གདོང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། འདིའི་སྙིང་ལ་ཞེས་བྱ་བ་ནི་པདྨའི་དབུས་ཀྱི་ཟེའུ་འབྲུའི་ཆ་ལའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བ་ནི་མྱོས་བྱེད་ཀྱི་གདུགས་ཅན་གྱི་ཁོང་སྟོང་གི་ནང་དུའོ། །བཞུགས་ཞེས་བྱ་བ་ནི་
རང་བཞིན་གྱིས་གནས་པའོ། །རང་ཉིད་ཅེས་བྱ་བ་ནི་སྟོང་ཉིད་ཀྱི་ངོ་བོས་ཞེས་བྱ་བའི་དོན་ཏོ། །ཐབས་གཞན་གྱིས་ནི་ཞེས་བྱ་བ་ནི་ད་ལྟར་རྩོད་པའི་དུས་ལ་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བའི་ཐབས་སྤངས་ནས་སོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཉིད་དོ། །ཐོབ་མི་འགྱུར་ཞེས་བྱ་བ་
ནི་རྙེད་པར་མི་འགྱུར་བ་སྟེ། འདོད་ཆགས་ཤས་ཆེ་བའི་ཕྱིར་དང་། སེམས་ཅན་རྣམས་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་སྒོམ་པ་པོ་རྣམས་ཀྱིས་སོ། །དེ་ཡང་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ཅན་
གྱི་ནང་ན་གནས་པའི་རྩའོ། །རྣམ་པ་ཤིན་ཏུ་ཕྲ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བ་ཉིད་ཀྱིས་དམིགས་པའི་ཡུལ་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་རྣལ་འབྱོར་པ་ཡིས་རྟོགས། །ཞེས་བྱ་བ་ནི་ཡང་དག་ཉིད་ཀྱི་གདམས་ངག་ཐོབ་པའི་སྒོམ་པ་པོ་ཉིད་ཀྱིས་རྟོགས་པའོ། །བདེ་བ་ཆེན་པོ་
ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའོ། །བསྟེན་པ་གྱིས་ཞེས་བྱ་བ་ནི་སློབ་མར་གྱུར་པ་ཁྱོད་ཀྱིས་སོ། །རབ་ཏུ་འཆད་པས་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱིས་སོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ལྷན་ཅིག་སྐྱེས་དགའི་མཚན་ཉིད་ནི། །
ཞེས་བྱ་བ་གསུངས་ཏེ། དེ་མངོན་པར་གསལ་བར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རིག་པའི་བརྟུལ་ཞུགས་བརྗོད་པ་བསྟན་ནས། ད་ནི་དེའི་འཐད་པ་བརྗོད་པའི་ཕྱིར། དབང་བསྐུར་གཙོ་བོར་གྱུར་པས་ན། །ཞེས་བྱ་བ་གསུངས་ཏེ། དབང་བཞི་པོ་གཙོ་བོར་

གྱུར་པའི་སྐྱེས་པས་གང་ཞིག་གང་གི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ངོ་བོའི་འབྲས་བུ་ཐོབ་པར་བྱེད་པའོ། །དེའི་ཕྱིར་ཕྱག་རྒྱ་མ་ཐམས་ཅད་སྤང་བར་མི་བྱ་བའི་དགོས་པ་ཞེས་བྱ་བའི་དོན་ཏོ། །པཎྜི་ཏ་ཨ་ལངྐ་ཀ་ལ་ཤ་དེ་བས་མཛད་པའི་རྣལ་
འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གསལ་བར་བྱེད་པ་ལས་ལེའུ་གཉིས་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་གཉིས་ཀྱིས་ཐུན་མོང་བའི་རྒྱུད་ཀྱི་དོན་བཤད་ནས། ད་ནི་ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་དོན་བརྗོད་པར་བྱ་བའི་ཕྱིར། དེའི་དོན་དུ་
རྡོ་རྗེ་ཕྲེང་བའི་དྲི་བ་གསལ་བ་རང་གི་ངོ་བོ་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ལེའུ་གཉིས་པ་བཤད་པའི་རྗེས་ལ། གཞན་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་པས་སོ། །རྡོ་རྗེ་ཕྲེང་བའི་དོན་གསལ་བ། །ཞེས་བྱ་བ་དང་འབྲེལ་ཏོ། །ཕྱག་ན་རྡོ་རྗེ་ཁྱོད་ཉོན་
ཅིག །ཅེས་བྱ་བ་ནི་ཐོས་པ་ལ་སྦྱར་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་བཤད་ནས། ད་ནི་གཙོ་བོའི་དོན་གྱི་ངོ་བོ་བརྗོད་པར་བྱ་བའི་ཕྱིར། རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་མིང་ཞེས་གསུངས་ཏེ། ཁྱོད་ཀྱི་དྲི་བ་དང་པོ་གསལ་བའི་ངོ་བོ་དེ་ཡང་། ས་ནི་བཅུ་གསུམ་པ་ཞེས་བརྗོད་དེ།
ཀུན་དུ་འོད་ཀྱི་ས་ལ་བརྗོད་དེ། ཇི་ལྟར་སྔར་བསྟན་པ་བཞིན་དུའོ། །མཐར་ཐུག་པར་གྱུར་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་རྟོགས་པར་གྱུར་པའི་རྟེན་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། སངས་རྒྱས་ཐམས་ཅད་བརྟེན་པ་དང་། །ས་འདི་ཉིད་ཀྱང་བཅུ་གསུམ་པ། །དེ་ཡང་བཙུན་མོ་ཞེས་
བརྗོད་དེ། །དེ་ཡི་ཆོས་ནི་བྷ་གར་བརྗོད། །ཅེས་གསུངས་སོ། །དགའ་བ་བཞི་ནི་དོན་གྱི་གནས། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པས་མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་དུ་འཇུག་པའི་ངོ་བོ་སྟེ། རྣལ་འབྱོར་མའི་རྒྱུད་ཀྱི་དགོངས་པས་དགའ་བ་བཞིའི་ངོ་བོ་དོན་གྱི་
ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་གསང་བའི་རིམ་པའི་མིང་གི་རྣམ་གྲངས་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་སྟོང་པ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་དང་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཐབས་དང་ཤེས་རབ་སྙོམས་

འཇུག་པས། །ཐོབ་པའི་ཕྱིར་ནི་བདེ་བ་ཆེ། །ཞེས་གསུངས་སོ། །གཞན་ཡང་ངག་གི་སྤྱོད་ཡུལ་ལས་འདས་ཞེས་བྱ་བ་ནི་གཅིག་ཏུ་རྣལ་འབྱོར་པའི་སྤྱོད་ཡུལ་ཉིད་ཀྱིས་ངག་གི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར་རོ། །གཉིས་པོ་ཐམས་ཅད་རྣམ་པར་སྤངས། །
ཞེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་ཀྱིས་ཐ་དད་པའི་རྣམ་པར་རྟོག་པ་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། གང་ལ་མཚམས་ཀྱི་མཐའ་ནི་གཟི་བརྗིད་འཇིག་མེད་མུན་ནག་ཚོགས་ནི་མ་ལུས་གང་དུ་འདས་པ་དང་། །ཇི་སྲིད་ཉི་མ་ཤར་དུ་སྐད་ཅིག་འདིར་ནི་དྲི་མ་མེད་པ་ཡང་དག་
མཐའ་ནི་བཤད། །སློབ་མ་ལ་ནི་སློབ་དཔོན་གཙོ་བོ་རབ་རིབ་རྣམ་པར་བཅོམ་པས་ཕྱི་རོལ་མངོན་པར་བྱང་ཆུབ་བསྟན། །ནང་གི་བདེ་བ་ཐོབ་ནས་ཅི་ཕྱིར་མཆོག་གི་གོ་འཕང་སངས་རྒྱས་བྱང་ཆུབ་སྐད་ཅིག་གིས་ཐོབ་འགྱུར། །ཞེས་གསུངས་སོ། །སྐལ་བཟངས་རྣལ་འབྱོར་ཀུན་སོགས་
ཀྱི། །ཞེས་བྱ་བ་ནི་རྣལ་འབྱོར་ཀུན་ཅེས་བྱ་བ་བསྐྱེད་པའི་རིམ་པ་ནས་བརྩམས་ནས་རྫོགས་པའི་རིམ་པའི་མཐར་ཐུག་པ་རྣམས་ཀྱི་མཐའ་ནི་འོད་གསལ་དང་ཟུང་འཇུག་གི་ངོ་བོའོ། །དེས་སྐལ་བ་བཟང་པོ་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་གཉིས་དང་ཡང་དག་པར་ལྡན་པ་ཉིད་ཀྱི་
ཕྱིར་རོ། །དེ་བཞིན་དུ། རྣལ་འབྱོར་མ་ཡི་ངག་གི་ཡུལ། །ཞེས་བྱ་བ་ནི་རང་ཉིད་ཀྱིས་ཚད་མའི་སྤྱོད་ཡུལ་མ་ཡིན་པ་སྟེ། ཡེ་ཤེས་མཁའ་འགྲོ་མའི་ཞལ་ནས་བརྒྱུད་ནས་ཡུལ་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་གཙོ་བོའི་དོན་བཤད་ནས། ད་ནི་གཙོ་བོ་མ་
ཡིན་པའི་དོན་ཀུན་རྫོབ་ཏུ་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་བརྗོད་པའི་ཕྱིར། སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང་། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཕྲེང་བའི་སྒྲས་ནི་སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལ་བརྗོད་དེ། ཁོང་སྟོང་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ནི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །
རྡོ་རྗེ་ནི་རྣམ་པར་རྟོག་པ་འཇོམས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བསྟན་པའི་ཕྱིར། སྟོང་ཉིད་རྡོ་རྗེ་གསང་པད་རྩ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་ནི་ཐབས་ཀྱི་ཡན་ལག་ཏུ་གྱུར་པའོ། །ཆུ་སྐྱེས་ནི་ལྷ་མོའི་པདྨའོ། །དེ་དག་

གི་རྩ་ནི་ནང་དུ་སྟོང་པ་ཉིད་ཀྱི་རྣམ་པ་ཨ་བ་དྷཱུ་ཏཱིའོ། །དེ་ཉིད་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། ཁམས་ཐམས་ཅད་ཉེ་བར་སྡུད་པར་བྱེད་པས་ན་གཙོ་མོའོ། །མཆོག་ཅེས་བྱ་བ་ནི་སྒྲ་གཅན་དང་དུས་ཀྱི་མེ་ཉེ་བར་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་དེ་མ་ཐག་པར་བསྟན་པའི་
སྟོང་པ་ཉིད་ཀྱི་རྒྱས་པར་བཤད་པ་གསུངས་སོ། །ཡེ་ཤེས་རྒྱས་པར་བཤད་པའི་ཕྱིར། །ཡེ་ཤེས་མཆོག་ཏུ་བདེ་བ་ཆེ། །ཞེས་བྱ་བ་གསུངས་ཏེ། མཆོག་ཅེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་ཀུན་རྫོབ་དང་ནི་དོན་དམ་པའི་ངོ་བོ་
ཐ་མི་དད་པའི་ལྷན་ཅིག་སྐྱེས་དགའ་ཞེས་བྱ་བ་ནི་དོན་གྱིས་ལྷན་ཅིག་སྐྱེས་པའི་ངོ་བོའོ། །ངོ་མཚར་བ་ཞེས་བྱ་བ་ནི་ངོ་མཚར་བ་དང་བཅས་པ་རྒྱུའི་སྟོབས་ཀྱིས་མངོན་པར་གསལ་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེའི་སྒྲ་བཤད་པའི་ཕྱིར། རྡོ་རྗེ་དེ་ཡང་རྣམ་རྟོག་རྣམས། །ཞེས་གསུངས་ཏེ། རང་བཞིན་གྱི་ཚོགས་
བརྒྱ་དྲུག་ཅུ་པོ་རྣམས་བཅོམ་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་གྲགས་པ་ནི་བརྗོད་པའོ། །དེ་ཡང་རྣམ་པ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་འགྱུར་ཞེས་བྱ་བའི་དོན་ཏོ། །ཕྲེང་བ་དེ་རྣམས་ཀྱི་ཡང་རྒྱུན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་སོ། །གང་གིས་ཤེ་ན། དེའི་ཕྱིར་
བྱང་ཆུབ་སེམས་ཀྱི་ཞེས་གསུངས་ཏེ། ཀུན་རྫོབ་ཀྱིའོ། །གང་དང་འབྲེལ་པ་ཞེ་ན། དེའི་ཕྱིར་རྡོ་རྗེ་ཅན་ཞེས་གསུངས་ཏེ། རྡོ་རྗེ་ཅན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་བདག་ཉིད་ཅན་རྡོ་རྗེའི་སྐུ་ཅན་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣམ་པ་གཉིས་ཀྱིས་ཀུན་རྫོབ་
པའི་ལྷན་ཅིག་སྐྱེས་པ་བརྗོད་ནས། ད་ནི་རྣམ་པར་རྟོག་པའི་རླུང་འབྱེད་པ་ཉིད་ཀྱིས་རྡོ་རྗེ་ཕྲེང་བའི་མཚན་ཉིད་བརྗོད་པའི་ཕྱིར་བཤད་པར་དམ་བཅའ་བ་ནི། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཐམས་ཅད་རྣམ་པ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྡོ་རྗེ་ཕྲེང་བ་
བཤད་པའི་རྗེས་ལ། རྡོ་རྗེ་ཕྲེང་དོན་སྡོམ་པ་ནི། བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་ཕྲེང་བའི་དོན་ནི་བརྗོད་པར་བྱ་བ་སྟེ། དེའི་སྡོམ་པ་ནི་བསྡུས་པའི་ངོ་བོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྦས་པ་ནི་ཞེས་གསུངས་ཏེ། རྒྱུད་ཐམས་ཅད་དུ་སྦས་པ་ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པ་ལ་སོགས་

པ་རྣམས་ལ་སྟེ། སྐལ་བ་དང་མི་ལྡན་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་རུང་ལ་བརྗོད་མི་བྱ། །ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་རྣམས་ལ་བརྗོད་པར་མི་བྱའོ། །དེ་ལྟར་བཤད་པར་དམ་བཅའ་བ་བཤད་ནས། ད་ནི་རང་གི་ངོ་བོ་
བསྟན་པའི་ཕྱིར། མི་ཕྱེད་པར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དང་འདྲ་བའི་ཕྱིར་རྡོ་རྗེའོ། །དེས་གཞན་རྣམས་འབྱེད་པར་བྱེད་ཅིང་རང་ཉིད་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེ་ནི་དབུགས་སུ་ཡོངས་སུ་གྲགས། །ཞེས་བྱ་བ་ནི་རྣལ་འབྱོར་རྣམ་པ་གསུམ་ལ་ལྟོས་ནས། སྣ་རྩེ་
རྣམ་པ་གསུམ་ལ་ཐིག་ལེ་རྣམ་པ་གསུམ་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་དེའི་རྡོ་རྗེ་བཟླས་པ་ལ་བརྟེན་པའི་དབུགས་རྣམས་ཀྱི་ཕྲེང་བའི་རྒྱུད་ནི་རྒྱུད་དོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ངེས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ལོའི་ནང་དུ་ཆུ་ཚོད་ཀྱི་གྲངས་དང་། ནང་དུ་ཉིན་མཚན་གྱི་གྲངས་དེ་ཙམ་གྱིས་རྣམ་
པར་བཅད་པའོ། །དགའ་བ་རབ་བསྐྱེད་བདག་ཉིད་ཅན། །ཞེས་བྱ་བ་ནི་དབུགས་ཀྱི་འཁོར་ལོ་ཉམས་སུ་མྱོང་བའི་རིམ་པས་དང་། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས། དགའ་བཞི་སྐྱེད་པར་བྱེད་པའོ། །རྣམ་རྟོག་རླུང་ཀུན་འབིགས་པར་བྱེད། །ཅེས་
བྱ་བ་ནི་འཁོར་ལོའི་གྲངས་ཀྱིས་སྐྱེས་པའི་དབུགས་ནི་རླུང་ཐམས་ཅད་བརྒྱ་རྩ་བརྒྱད་ཀྱི་དབྱེ་བས་ཕྱེ་བ་རྣམས་ལ་འབྱེད་པ་བྱེད་པ་ནི། རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རིམ་པས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་རླུང་གིས་འབིགས་པར་མི་ནུས་ཞེས་གསུངས་ཏེ། དེ་ཉིད་གཞན་གྱི་དབང་དུ་གྱུར་
པ་མེད་པའི་ཕྱིར་རོ། །རླུང་རྣམས་ལ་འབིགས་པ་ཞེས་བྱ་བར་བརྗོད་དེ། རླུང་རྣམས་ནི་གང་ཞིག་ཡིན་སྙམ་དུ་མི་ཤེས་ནས་དེའི་ཕྱིར། ཉིན་དང་མཚན་མོ་ངེས་པར་ནི། །བརྒྱ་དང་བརྒྱད་ལྷག་གསལ་བར་ཡང་། །ཞེས་གསུངས་ཏེ། འདིར་གདམས་ངག་ནི་འདི་ཡིན་ཏེ། འདིར་རེ་ཞིག་
བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་དབང་པོའི་རླུང་གི་དབྱེ་བས་རྡོ་རྗེའི་སྒོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་རླུང་བཅུ་པོ་གསུངས་པ། ཇི་སྐད་དུ། སྲོག་དང་ཐུར་སེལ་མཉམ་གནས་དང་། །གྱེན་རྒྱུ་ཁྱབ་བྱེད་ཅེས་བྱ་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་རྒྱལ་ལོ། །ཞེས་

གསུངས་སོ། །དེ་ལྟར་ན་ཁྱབ་བྱེད་ཅེས་བྱ་བའི་རླུང་བཅུ་པ་བཞག་ནས་དགུ་པོ་ཡོད་པར་འགྱུར་ཏེ། གང་གི་ཕྱིར་དེ་བྱ་བ་དང་བྲལ་བ་དང་། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །དེ་བས་ན་དེ་ལས་གཞན་པའི་དབུས་སུ་ཐ་དད་པ་ཉིད་དང་། བྱ་བ་དང་ལྡན་པ་ཉིད་ཀྱིས་ཡོངས་སུ་ཀློག་པ་མ་
ཡིན་ནོ། །ཇི་སྐད་དུ། ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པ་ནི། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལ་འབྱུང་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟར་འདི་སྤངས་པའི་དབུགས་དགུ་འཆད་པར་འགྱུར་བའི་འཁོར་ལོ་དྲུག་གི་གྲངས་ཀྱིས་ཉིན་པར་ལྔ་བཅུ་རྩ་
བཞི་འབྱུང་བར་འགྱུར་རོ། །མཚན་མོ་ཡང་དེ་ཉིད་དེ་གཉིས་ཀ་བསྡུས་ནས་བརྒྱ་རྩ་བརྒྱད་དུ་འགྱུར་ཞེས་སོ། །ཡང་ན་རྣལ་འབྱོར་མའི་རྒྱུད་ཀྱི་དགོངས་པས་དེ་རྣམས་ཉིད་ཁྱབ་བྱེད་ཀྱི་རླུང་སྤངས་པའི་རླུང་དགུ་པོ་སྤྲུལ་པ་ལ་སོགས་པའི་འཁོར་ལོ་བཞིའི་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །
དེ་རྣམས་ཀྱང་འཇུག་པ་དང་། གནས་པ་དང་། ལྡང་བ་ཡོངས་སུ་བརྟགས་པས་བརྒྱ་རྩ་བརྒྱད་དུ་འགྲོ་བར་འགྱུར་ཞེས་གསུངས་སོ། །གསལ་བར་ཡང་ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པའི་གྲངས་སོ། །རྣམ་རྟོག་རང་བཞིན་རླུང་རྣམས་ནི། །ཞེས་བྱ་བ་ནི་རླུང་གི་དབང་གིས་རྣམ་
པར་ཤེས་པའི་ཡུལ་རྣམས་འཛིན་པས་འབྱུང་བའི་རྣམ་རྟོག་རང་བཞིན་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་རླུང་རྣམས་ཀྱང་དེ་ཙམ་སྟེ། དེ་དང་དེ་རྣམས་ལ་འཆར་བ་རྣམས་ལ་འཇོམས་པ་ཅན་ནི་རྣམ་པར་བཟློག་པའོ། །དེ་བཞིན་དུ་འདིར་ཡང་གདམས་ངག་སྟེ། དང་པོ་ཉིད་དུ་རིམ་
པ་ལྔ་ལ་བརྟེན་ནས། གྲངས་ལ་སོགས་པའི་རིམ་པ་རླུང་གི་དེ་ཁོ་ན་ཉིད་དུ་དང་ཐིག་ལེའི་ངོ་བོ་བསྒོམ་པས། སྔགས་ཀྱི་དེ་ཁོ་ན་ཉིད་དག་ནི་ཐུན་ཕྱེད་ཕྱེད་ཀྱི་བར་དུ་རྣལ་འབྱོར་རྣམ་པ་གསུམ་ལ་ལྟོས་ནས། ཐིག་ལེ་གསུམ་པོ་རིམ་པ་བཞིན་དུ་ཉེ་བར་མཚོན་པར་བྱས་ནས། ཕྱི་ནས་འཇུག་
པ་དང་ལྡང་བ་དག་ལ་རིམ་པ་དེ་ཉིད་ཀྱི་ཨ་ཡིག་གི་རྣམ་པས་གནས་པའི་རླུང་ལ་ངེས་པར་སྦྱར་ནས་དེ་ཉིད་དུ་ཐིག་ལེའི་ངོ་བོ་བསྒོམས་པས། རླུང་ཕྲ་མོའི་ཉེ་བར་མཚོན་ནས་དེ་ཉིད་དུ་བསྐལ་པ་འམ་བསྐལ་པ་སྟོང་གི་བར་དུ་གནས་པར་བྱ་ཞེས་བྱ་བའོ། །དེ་ལྟར་རྡོ་རྗེ་ཕྲེང་བའི་དྲི་བ་སེལ་བའི་ངོ་བོ་

བསྟན་ནས། མི་མཐུན་པའི་ཕྱོགས་བརྗོད་པའི་ཡན་ལག་གི་རླུང་རྣམས་ཀྱི་ངོ་བོ་བསྟན་པའི་ཕྱིར། རླུང་རྣམས་ཀྱི་མིང་ཉོན་ཅིག་ཅེས་གསུངས་ཏེ། མིང་ཞེས་བྱ་བ་ནི་འཆད་བཞིན་པའོ། །ཇི་ལྟ་བར་ཞེས་བྱ་བ་ནི་སློབ་མ་ལ་སོགས་པའི་དབྱེ་བས་ཏེ་རྣམ་པ་དགུས་
སོ། །རབ་ཏུ་དབྱེ་བས་བརྒྱ་རྩ་བརྒྱད་ཀྱི་གྲངས་ཀྱིས་སོ། །བཏང་བཟུང་དང་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཡང་དག་ཤུགས་ཀྱི་རྩ་ལ་བརྟེན་ནས་དེ་ཉིད་ཀྱི་ནམ་མཁའི་སྒོ་ནས་བཏང་བ་ནི་སྤྲོ་བ་སྟེ། སླར་ཡང་ནང་ཉིད་དུ་གཟུང་བས་ན་བཏང་བཟུང་སྟེ། སྲོག་གི་རླུང་ངོ་། །དུང་ཕྱུར་
ཞེས་བྱ་བ་ནི་ཤིན་ཏུ་ཤུགས་ཀྱི་རྩ་ལ་བརྟེན་ནས་ཨ་དང་རི་དག་གིས་རྟོགས་པ་ཞེས་བྱ་བ་ནི་དུང་ཕྱུར་ཏེ། རླུང་གཉིས་པ་ཐུར་སེལ་གྱི་རླུང་ངོ་། །མྱོས་པ་དང་ཞེས་བྱ་བ་ནི་ཤིན་ཏུ་བཟང་བའི་རྩ་ལ་བརྟེན་ནས་ཟོས་པའི་དངོས་པོ་མཉམ་པར་བྱས་ནས་ཆུའི་རྒྱུན་ལྟར་གཅིག་ཏུ་བྱས་པའི་ལས་ཉིད་ཀྱི་ཕྱིར་མྱོས་བྱེད་ཀྱི་
རླུང་གི་མཉམ་གནས་ཀྱི་རླུང་ངོ་། །རྟོགས་དཀའ་ཞེས་བྱ་བ་ནི་བཟང་པོར་འགྲོ་བའི་རྩ་བ་ལ་བརྟེན་ནས། སྟེང་དུ་འགྲོ་བ་སྡུད་པར་བྱེད་པའི་ཕྱིར་དཀའ་བས་རྟོགས་པས་ན། །རྟོགས་དཀའི་རླུང་ནི་གྱེན་རྒྱུའི་རླུང་ངོ་། །བསིལ་བྱེད་དང་ནི་ཞེས་བྱ་བ་ནི་སྟོབས་ཆེན་གྱི་རླུང་ལ་བརྟེན་ནས་རྣམ་པ་གསུམ་གྱི་
གཟུགས་ཀྱི་ཡུལ་ལ་བསིལ་བྱེད་བཞིན་དུ་འགྲོ་བར་བྱེད་པས་ན། བསིལ་བྱེད་བཞིན་གྱི་རླུང་ངོ་། །གཡའ་བ་དང་ཞེས་བྱ་བ་ནི་མི་བཟད་ཆེའི་རྩ་ལ་བརྟེན་ནས་རྣམ་པ་གསུམ་གྱི་སྒྲའི་ཡུལ་ལ་སླར་ཡང་ཉན་པར་འདོད་པས་གཡའ་བ་མ་བཟློག་པ་བཞིན་དུ་གཡའ་བ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །ངར་
སྣབས་དང་ཞེས་བྱ་བ་ནི་མཛེས་ཆེན་གྱི་རྩ་ལ་བརྟེན་ནས་དྲི་རྣམ་གསུམ་གྱི་ཡུལ་ལ་ངར་སྣབས་བཞིན་དུ་ཡོངས་སུ་མ་སྤངས་པ་ཉིད་ཀྱིས་ཡོངས་སུ་ཤེས་པའི་ཕྱིར། ངར་སྣབས་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །སྟ་རེ་དང་ཞེས་བྱ་བ་ནི་མདུན་དུ་སྐྱེས་པ་ཆེ་བའི་རྩ་ལ་བརྟེན་ནས་རིའི་ཡུལ་གསུམ་ལ་སྟ་
རེ་བཞིན་དུ་འདུན་པ་ལོག་པར་སྐྱེད་པར་བྱེད་པ་ན་སྟ་རེ་རབ་ཏུ་རྒྱུ་བའོ། །ཟེགས་པ་ཞེས་བྱ་བ་ནི་རྒྱགས་པའི་རྟགས་ཀྱི་རྩ་ལ་བརྟེན་ནས་རེག་བྱ་རྣམ་པ་གསུམ་གཟུང་ནས། ཡོངས་སུ་ངལ་བའི་ཕྱིར་ཟེགས་པ་ནི་ངེས་པར་རྒྱུ་བའི་རླུང་ངོ་། །ཛ་ཤ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ཟེའུ་འབྲུ་ལ་མྱུར་དུ་འཇུག་པའི་ཕྱིར་

ཛ་ཤ་སྟེ། སྲོག་གི་རླུང་ཉིད་དོ། །རྣམ་པར་བརྩིགས་དང་ཞེས་བྱ་བ་ནི་རིན་ཆེན་གྱི་རྩ་ལ་བརྟེན་ནས་རླུང་དང་བཤང་གཅི་རྣམ་པར་བརྩིགས་པ་རྣམས་ལ་སྐྱུག་བྲོ་བ་སྟེར་བར་བྱེད་པ་ཟློག་པར་བྱེད་པ་ཉིད་ཀྱིས་རྣམ་པར་བརྩིགས་པ་ནི་ཐུར་སེལ་གྱི་རླུང་ངོ་། །མྱོས་པའི་རྩོད་པ་ཞེས་བྱ་བ་ནི་པདྨ་ཆེའི་རྩ་ལ་བརྟེན་ནས་
མྱོས་པ་སྐྱེད་པར་བྱེད་པ་རྣམས་ལ་བཟའ་བ་དང་བཅའ་བ་རྣམས་ལ་རྩོད་པ་དང་འདྲ་བས་ན་རྩོད་པ་སྟེ། དེའི་རྣམ་པར་རྟོག་པའི་མི་སྣང་བར་བྱས་པས་ན་མྱོས་པ་རྩོད་པ་ནི་མཉམ་གནས་ཀྱི་རླུང་ངོ་། །རྡོ་རྗེ་ཆེན་པོའི་རྩ་ལ་བརྟེན་ནས་གྱེན་དུ་འགྲོ་བས་ལུས་མྱོས་པར་བྱེད་པས་ན་འདོད་མྱོས་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །
ཆུ་བ་ཞེས་བྱ་བ་ནི་སྟོབས་པོ་ཆེའི་རྩ་ལ་བརྟེན་ནས། གཟུགས་ཀྱི་ཡུལ་འཛིན་པ་ལ་ཆུ་བ་དང་འདྲ་བས་ན་ཆུ་བ་ལ་སྟེར་བར་འགྱུར་བའི་ཕྱིར། ཆུ་བ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །ཤི་ཤུ་ཞེས་བྱ་བ་ནི་མགོ་བོ་ཆེའི་རྩ་ལ་བརྟེན་ནས་སྒྲའི་ཡུལ་ལ་ཤི་ཤུ་ལྟར་འགྲོ་བས་ན་ཤི་ཤུ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །སྣ་ཚོགས་
སྐྱེད་ཅེས་བྱ་བ་ནི་སྒྲ་ཆེན་པོའི་རྩ་ལ་བརྟེན་ནས། སྣ་ཚོགས་པའི་ལྟོ་བ་ན་གནས་པས་དྲི་ལ་འབྱུང་བར་བྱེད་པས་ན། སྣ་ཚོགས་སྐྱེད་པའི་རླུང་ནི་ཡང་དག་པར་རྒྱུ་བའི་རླུང་ངོ་། །སྡུད་པ་དང་ཞེས་བྱ་བ་ནི་དགའ་བ་ཆེན་པོའི་རྩ་ལ་བརྟེན་ནས་ཁྱད་པར་དུ་རོའི་ཡུལ་ལ་འབྱུང་བའི་ཕྱིར་སྡུད་པ་ནི་རབ་ཏུ་རྒྱུ་བའི་རླུང་
ངོ་། །སྙེམས་དང་ཞེས་བྱ་བ་ནི་མྱོས་པ་ཆེའི་རྩ་ལ་བརྟེན་ནས་རེག་བྱའི་ཡུལ་ལ་ལོངས་སྤྱོད་པས་རྣམ་པར་སྙེམས་པར་བྱེད་པའི་ཕྱིར་སྙེམས་པར་ངེས་པར་རྒྱུ་བའི་རླུང་ངོ་། །ཊ་དང་ཞེས་བྱ་བ་ནི་མགྲིན་པའི་འོག་ཏུ་མེའི་འཁོར་ལོ་གྲུ་གསུམ་པ་ལ་དབུས་དང་ལྷན་ཅིག་འདུད་པ་བརྗོད་པར་འདོད་པས་རྩ་
དབུ་མ་ལ་བརྟེན་པའི་གྲངས་ཀྱི་མདུན་དང་གཡོན་པ་དང་གཡས་པའི་ནུ་མ་གཉིས་ཀྱི་རྩ་ལ་བརྟེན་ནས་གཉིས་ཡིན་པས་ན་དགུར་འགྱུར་རོ། །དེ་ལ་དབུས་མ་ལ་བརྟེན་ནས་སྒྲ་ཊ་བཞིན་དུ་འབྱུང་བ་ལྔ་ནི་སྲོག་གི་རླུང་ངོ་། །སྒྲ་སྒྲོགས་ཞེས་བྱ་བ་ནི་དྲི་མ་མེད་པའི་རྩ་ལ་བརྟེན་ནས། ཨཾ་ཡིག་གི་ངོ་བོའི་
སྒྲ་འཇུག་པས་ན་སྒྲ་ནི་མཉམ་གནས་ཀྱི་རླུང་ངོ་། །རླུང་ལྷ་དང་ཞེས་བྱ་བ་ནི་གསལ་བའི་རྩ་ལ་བརྟེན་ནས་ཐུར་དུ་སེལ་བའི་རླུང་འཇུག་པས་ན་རླུང་ལྷ་ནི་ཐུར་དུ་སེལ་བའི་རླུང་ངོ་། །གནད་ནི་རྣམ་འབིགས་དང་ཞེས་བྱ་བ་ནི་རྫོགས་པའི་རྩ་ལ་བརྟེན་ནས་མགོ་བོའི་ནད་ལ་སོགས་པ་ལ་འཇུག་པས་ན་གནད་

རྣམ་པར་འབིགས་པ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །མེ་དང་ཞེས་བྱ་བ་ནི་སླར་ཡང་དྲི་མ་མེད་པའི་རྩ་ལ་བརྟེན་པའི་རླུང་འཇུག་ནས་མེ་དང་འདྲ་བར་གྱེན་དུ་རྒྱུ་བས་མིག་གི་དབང་པོ་ལ་བརྟེན་པའི་རླུང་འཇུག་པས་ན་མེ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །ཅི་བགྱིད་ཅེས་བྱ་བ་ནི་གསལ་
བའི་རྩ་ལ་བརྟེན་ནས་སྒྲའི་ཡུལ་ལ་ཐོས་པའི་བྱ་བ་ལ་ཅི་བགྱི་བས་ན་ཅི་བགྱི་བ་ནི་རྣམ་པར་རྒྱུ་བའི་རླུང་ངོ་། །རྩོད་པ་ཞེས་བྱ་བ་ནི་རྫོགས་པའི་རྩ་ལ་བརྟེན་ནས་དྲིའི་ཡུལ་ལ་རྒྱུ་མཚན་དུ་རྩོད་པ་དང་འདྲ་བར་རྩོད་པས་ན་རྩོད་པ་ནི་ཡང་དག་པར་རྒྱུ་བའོ། །ཨ་མ་ར་ཞེས་བྱ་བ་ནི་ནུ་མ་གཡོན་པའི་རྩ་
ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་འོ་མའི་ངོ་བོ་ཉིད་ཀྱིས་འབབ་པས་ན་ཨ་མ་ར་རབ་ཏུ་རྒྱུ་བའོ། །མཆོག་སྦྱིན་ཞེས་བྱ་བ་ནི་ནུ་མ་གཡས་པའི་རྩ་ལ་བརྟེན་ནས་ལུས་གཙོ་བོའི་ནུ་མ་ལ་རེག་པའི་ཡུལ་གྱི་མཆོག་སྦྱིན་པས་མཆོག་སྦྱིན་ཏེ། ངེས་པར་རྒྱུ་བའོ། །དེ་ཡང་མེའི་འཁོར་ལོའི་
དབྱིབས་ཀྱི་ངོ་བོ་རྒྱ་ཆེན་པོའི་ཐིག་ལེ་ལས་བཤད་པའོ། །ཙུ་ཏ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་ཟེའུ་འབྲུ་ལ་གནས་པ་ལན་གསུམ་བསྐོར་བའི་རྩ་ལ་བརྟེན་ནས། སྲོག་གི་རླུང་ཙུ་ཏ་བཞིན་དུ་འཇུག་པས་ཙུ་ཏའི་རླུང་ངོ་། །ཙིན་ཙི་རི་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་ཤར་གྱི་འདབ་མ་ལ་
གནས་པ་ལོངས་སྤྱོད་ཀྱི་རྩ་ལ་བརྟེན་ནས་ཐུར་སེལ་གྱི་རླུང་རིང་དུ་རྒྱུ་བར་བྱེད་པས་ན། ཙིན་ཙི་རི་ནི་ཐུར་སེལ་གྱི་རླུང་ངོ་། །ཟླ་བའི་ཐོད་ཅེས་བྱ་བ་ནི་ལོངས་སྤྱོད་སྟེར་བའི་རྩ་ལ་བརྟེན་ནས་གྱེན་གྱི་ཟླ་བ་ལོངས་སྤྱོད་ཀྱི་འཁོར་ལོར་གནས་པའི་རྐན་གྱི་ངོ་བོ་མཉམ་པའི་རླུང་བསྐུལ་བས་ལྕེའི་རྩེ་མོར་མྱང་
བས་ན་ཟླ་བའི་ཐོད་ནི་མཉམ་གནས་ཀྱི་རླུང་ངོ་། །ཀཾ་བོ་རྩེ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོར་གནས་ཤིང་འཇིགས་མའི་རྩ་ལ་བརྟེན་ནས་གྱེན་གྱི་སྒོར་རླུང་འཇུག་པར་བྱེད་པས་ན། ཀཾ་བོ་རྩེ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །རལ་པ་ཅན་ཞེས་བྱ་བ་ནི་གསལ་བའི་རྩ་ལ་བརྟེན་ནས་གཟུགས་ཀྱི་ཡུལ་རྣམ་
པ་གསུམ་དང་འདྲ་བར་འཛིན་པས་ན། རལ་པ་ཅན་གྱེན་དུ་རྒྱུ་བའོ། །སྒྲ་མ་ཞེས་བྱ་བ་ནི་ཐལ་བའི་གདོང་གི་རྩ་ལ་བརྟེན་ནས་རོའི་སྒྲ་རྣམ་པ་གསུམ་ཉན་པ་ལ་འཁྲུགས་པའི་ཕྱིར་སྒྲ་ཅན་མ་རྣམ་པར་རྒྱུ་བའི་རླུང་ངོ་། །ཀེང་རུས་མ་ཞེས་བྱ་བ་ནི་བཀྲེས་པའི་རྩ་ལ་བརྟེན་ནས་ཀ་ཏེ་བྱང་ཆུབ་ཀྱི་སེམས་

རྣམ་པ་གསུམ་དང་རྒྱུ་མཐུན་པའི་ཡུལ་ལ་ཀཾ་ནི་བསྐུལ་བར་བྱེད་པ་སྟེ། ཀེང་རུས་མ་ནི་ཡང་དག་པར་རྒྱུ་བའོ། །རུས་ཞེས་བྱ་བ་ནི་བཅུད་ལེན་རོའི་རྩ་ལ་བརྟེན་ནས་སྒྲ་རྣམ་པ་གསུམ་ལ་བསྐུལ་བས་ན། རུས་ནི་རབ་ཏུ་རྒྱུ་བའི་རླུང་ངོ་། །འགུགས་དང་ཞེས་བྱ་བ་ནི་རྒྱུ་མའི་རྩ་ལ་རེག་བྱ་
རྣམ་པ་གསུམ་གྱི་ཡུལ་འགུགས་པའི་ཕྱིར་རྒྱུ་མ་ནི་ངེས་པར་རྒྱུ་བའི་རླུང་ངོ་། །སྨིན་མཚམས་ཀྱི་དབུས་སུ་གནས་པའི་རླུང་གི་འཁོར་ལོ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། དེ་ལ་ཡང་རང་ཉིད་རྩིབས་དྲུག་དང་ལྡན