Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 34
Văn bản gốc(Tây Tạng)
Trang 7 / 15 (50.000 ký tự/trang)
ས་སུ་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་ལ་སོགས་པ་རྩ་བའི་རྒྱུད་དུ་གྱུར་པ་རྣམས་ལའོ། །གསུངས་པ་ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་སེམས་དཔའི་ ངོ་བོས་སོ། །སྣ་རྩེ་ཡུངས་ཀར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣ་རྩེར་ནི་གདོང་གི་སྣ་རྩེ་ལའོ། །ཡུངས་ཀར་དེ་ཡང་ནི་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་མོ། །སྲོག་དང་རྩོལ་བའི་རྟག་པ་ཞེས་བྱ་བ་ནི་སྲོག་དང་རྩོལ་བ་མཚོན་པར་བྱེད་པའོ། །སྲོག་དང་རྩོལ་བ་ལ་གནས་པས་ཞེས་བྱ་བ་ནི། སྲོག་དང་རྩོལ་བ་དེ་ཉིད་ལ་སངས་རྒྱས་ལྔའི་རང་བཞིན་འོད་ཟེར་ལྔ་གནས་པ་སྟེ། དཀྱིལ་འཁོར་བཞི་ལས་བྱུང་བ་བཞི་དང་། ལྔ་པ་ཁྱབ་བྱེད་ཀྱི་བདག་ཉིད་ཀྱི་འོད་ཟེར་རོ། །འདིས་ནི་འོད་ཟེར་གྱི་ངོ་བོའི་ཐིག་ལེ་ཞེས་བསྟན་པར་འགྱུར་རོ། །རིག་པའི་ངང་ཚུལ་ཐིག་ལེ་ཞེས་བྱ་བའི་ངེས་ཚིག་གིས་སོ། ། དེ་ལྟར་རྒྱུད་གཞན་རྣམས་སུ་ངག་བསྟན་ནས། རླུང་འཇུག་པའི་ལམ་བརྗོད་པའི་ཕྱིར། སྟེང་གི་སྣ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་འོད་ཟེར་འདི་རྣམས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སྟེང་གི་སྣ་ལས་ཞེས་བྱ་བ་གདོང་གི་སྣ་ལས་རྣམ་པར་རྒྱུ་བ་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ གཡོན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མའི་ཐུན་དང་པོ་ལ་མེའི་དཀྱིལ་འཁོར་མགྲིན་པར་གནས་པ་ལས་གཡས་པའི་སྣ་བུག་ལས་ཁ་དོག་དམར་བའི་འོད་ཟེར་གྱིས་རྒྱུའོ། །ཐུན་གཉིས་པ་ལ་རླུང་གི་དཀྱིལ་འཁོར་ལྟེ་བ་ལ་གནས་པ་ལས། གཡོན་པའི་སྣ་བུག་ནས་འོད་ཟེར་སྔོན་པོའི་ཁ་དོག་གིས་རྒྱུའོ། ། ཉི་མ་གུང་གི་རྗེས་ལ་ཐུན་གསུམ་པ་ལ་སའི་དཀྱིལ་འཁོར་གསང་བའི་པདྨ་ལ་གནས་པ་ལས། འོད་ཟེར་ཁ་དོག་སེར་པོ་སྣ་བུག་གཉིས་ཀ་ནས་རྒྱུའོ། །ཐུན་བཞི་པ་ལ་སྙིང་གའི་པདྨར་གནས་པའི་ཆུའི་དཀྱིལ་འཁོར་ལས་འོད་ཟེར་ཁ་དོག་དཀར་པོ་སྣ་བུག་གཉིས་ཀ་ནས་དལ་གྱིས་རྒྱུ་བར་བྱེད་དོ། །མཚན་མོ་ལ་ཡང་དེ་ བཞིན་དུའོ། །འདི་ཡང་དཀྱིལ་འཁོར་སོ་སོ་ལ་ཆ་བཞི་གཙོ་བོ་དང་གཙོ་བོ་མ་ཡིན་པའི་ངོ་བོས་གནས་ཏེ། དེ་རྣམས་ལ་ཡང་དེ་ཉིད་ཀྱི་རིམ་པས་ཤེས་པར་བྱའོ། །དེ་སྐད་དུ་ཡང་། མེའི་དཀྱིལ་འཁོར་གྱི་རང་གི་ཆ་ཤར་བ་ན། གཡས་པའི་གཡས་པ་ལས་འོད་ཟེར་དམར་པོ་འབྱུང་བར་འགྱུར་རོ། ། མེའི་རླུང་གི་དཀྱིལ་འཁོར་གྱི་ཆ་ཤར་བ་ན་གཡས་པའི་གཡོན་པ་ལས་འོད་ཟེར་ལྗང་སེར་འབྱུང་བར་འགྱུར་རོ། །མེའི་སའི་ཆ་འཆར་བ་ན་གཡས་པའི་གཉིས་ཀ་ལས་འོད་ཟེར་སེར་པོ་འབྱུང་བར་འགྱུར་རོ། །མེ་ཆུའི་ཆ་འཆར་བ་ན་གཡས་པའི་གཉིས་ཀ་ལས་དལ་བར་རྒྱུ་བའི་འོད་ཟེར་དཀར་པོ་འབྱུང་བར་ འགྱུར་རོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར། ནང་གི་དུས་ནི་ཡིན་པར་བཤད། །ཅེས་གསུངས་ཏེ། ཕྱི་རོལ་དུ་ཉིན་ཞག་གཅིག་ལ་དྲུག་ཅུ་རྩ་བཞིའི་གྲངས་ཇི་ལྟ་བ་བཞིན་དུ་ཉིན་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུར་རོ། །ཇི་ལྟར་ཕྱི་རོལ་ དུ་དབྱུ་གུ་དང་། ཐུན་གྱི་དབྱེ་བས་ཉི་མ་དང་ཟླ་བས་བྱས་པའི་དུས་སོ། །དེ་བཞིན་དུ་ནང་གི་བདག་ཉིད་ཅན་སྲོག་དང་ཐུར་སེར་གྱིས་བྱས་པའི་དུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རླུང་ལ་འཇུག་པའི་ལམ་བརྗོད་ནས། རླུང་གི་བྱ་བ་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེའི་ཡན་ལག་མདོར་བསྟན་ པ་ནི། ལྐོག་མ་སྙིང་ག་ལྟེ་བ་དང་། །ཞེས་བྱ་བ་གསུངས་ཏེ། ལྐོག་མའི་ཆུ་སྐྱེས་ལ་མེའི་དཀྱིལ་འཁོར་གྱི་འོད་ཟེར་གནས་པ་ཡིན་ཏེ། དེ་བཞིན་དུ་ཆུ་དང་རླུང་དང་སའི་འོད་ཟེར་རྣམས་སྙིང་ག་དང་ལྟེ་བ་དང་གསང་བའི་ཆུ་སྐྱེས་རྣམས་ལ་གནས་ཞེས་བྱ་བ་ནི་གནས་བསྟན་པའོ། །དེ་རྣམས་ ཀྱང་འགྲོ་བ་དང་འོང་བ་སྟོན་ཏེ་བྱེད་པའི་ཁམས་རྣམས་ལ་དོན་དུ་མ་ཉིད་ཀྱི་ཕྱིར་རོ། །སྟོན་ཅེས་བྱ་བ་ནི་བྱེད་པའི་དོན་ཏོ། །འོ་ན་འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་གྱི་རླུང་རྣམས་ཇི་ལྟར་འགྲོ་བ་དང་འོང་བ་གཉིས་བྱེད་པར་རིགས་ཤེ་ན། འདི་ནི་སྐྱོན་མེད་དེ་འགྲོ་བ་དང་མི་འགྲོ་བ་དང་འོང་བ་ དང་ཞེས་བྱ་བ་ནི་བར་མའི་ཚིག་མི་སྣང་བར་བྱས་ནས། སྡུད་པ་ལ་གཉིས་ལྡན་གྱི་བསྡུ་བ་བྱའོ། །དེ་རྣམས་ཀྱི་ཕྲ་བ་དང་རགས་པའི་དབྱེ་བས་དུས་ཀྱི་ངེས་པ་བསྟན་པའི་ཕྱིར། གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དབྱུ་གུ་དྲུག་ཅུ་རྩ་བཞིས་ནི་ཕལ་ཆེར་ཉིན་མཚན་ནོ། །དེ་དང་ཉིན་ མཚན་གྱི་དབྱེ་བས་ཐུན་བརྒྱད་ཀྱི་བདག་ཉིད་དོ། །ཐུན་གྱི་ཚད་ཀྱང་དབྱུ་གུ་བརྒྱད་ཀྱི་བདག་ཉིད་དོ། །དེའི་ཕྱིར་ཆུ་ཚོད་ཕྱེད་ནི་འོད་གསལ་གྱི་སྐད་ཅིག་མ་འཇུག་པ་ལ་སོགས་པ་དང་བྲལ་བ་འཆར་བ་ཡིན་ཏེ། དེ་ཡང་ཅིག་ཅར་ནི་མ་ཡིན་ནོ། །འོན་ཀྱང་ཆུ་ཚོད་ཕྱེད་དང་བརྒྱད་ལ་རྒྱུ་བའི་དབུགས་ཀྱི་འཁོར་ ལོ་ལ་ཆ་ཤས་ཀྱི་དབྱེ་བས་ཡུད་ཙམ་མཚོན་པར་དཀའ་བའི་སྐད་ཅིག་ལ་འཇུག་པ་ཡིན་ནོ། །དེ་ཡང་ཕྲ་མོའི་རྣལ་འབྱོར་པ་རྣམས་ཀྱིས་མཚོན་པ་ཡིན་གྱི་མ་དཔྱད་པའི་ཉམས་དགའ་བར་རགས་པའི་བློ་དང་ལྡན་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འདི་ནི་རེ་ཞིག་རྩེ་མོའི་སྐད་ཅིག་མ་ཉེ་བར་མཚོན་བ་ནི་ཉིན་མོ་ ཆུ་ཚོད་གཉིས་དང་མཚན་མོ་ལ་ཡང་གཉིས་ཞེས་བྱའོ། །དེ་ལྟར་ན་ཐུན་ཕྱེད་ཀྱི་དུས་ལ་ཆུ་ཚོད་བཞིའི་བདག་ཉིད་སྐྱེ་བར་འགྱུར་རོ། །ཕྲ་བ་དང་རགས་པ་མཐོང་བས་དཀྱིལ་འཁོར་བཞི་འཆར་བས་ན་སོ་སོར་ཐུན་ཕྱེད་ཀྱི་འོད་ཟེར་གྱི་རྒྱུ་བ་སྣའི་རྩེ་མོར་གཟུང་བར་གྱུར་པ་ན་ཞི་བ་ལ་སོགས་པའི་ རྒྱུར་འགྱུར་བ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཆུ་ཚོད་བཞིའི་བདག་ཉིད་ཅན་ཐུན་ཕྱེད་ཀྱིས་མཚོན་པར་བྱེད་པ་དབུགས་ཀྱི་འཁོར་ལོ་ཐམས་ཅད་ལ་དེ་བཞིན་དུ་དབྱེ་བ་རིགས་པར་བྱའོ། །གང་གིས་ཐམས་ཅད་འོད་གསལ་བའི་རང་བཞིན་ཤེས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ ཀྱི་ཕྱིར་གོ་རིམས་ཇི་བཞིན་ཞེས་བྱ་བ་གསུངས་ཏེ། གཡས་པ་ལ་སོགས་པའི་དབྱེ་བས་དཀྱིལ་འཁོར་གྱི་རིམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མདོར་བསྟན་པ་བཤད་ནས། རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གཡས་པ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་བུག་གཡས་ པ་ནས་ཐུན་དང་པོ་ལས་བྱུང་བའི་འོད་ཅེས་བྱ་བ་ནི་མཉམ་གནས་ཀྱིས་རླུང་གཙོ་བོའོ། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་ལས་བྱུང་བའི་དབུགས་ཏེ། རིགས་པར་བྱའོ། །བསྲེག་བྱ་ཟ་བས་སྙམ་དུ་དགོངས་པའོ། །ཁ་དོག་དམར་ཞིང་ཞེས་བྱ་བ་ནི་རང་དང་ འོས་པའི་ཁ་དོག་གི་ཕྱིར་སྣང་བ་མཐའ་ཡས་ཀྱི་ཆ་ཡིས་སོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཤེས་པ་ལ་གསལ་བར་སྣང་བའི་ཕྱིར་རོ། །པདྨ་མགོན་པོ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སོགས་པའི་ཡུལ་ལ་པདྨ་ལྟར་མ་གོས་པའི་ཕྱིར་པདྨ་ནི་སྣང་བ་མཐའ་ཡས་ སོ། །དེ་ཉིད་ནི་མགོན་པོ་རང་གི་རིགས་རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རོ། །དོར་ཞེས་བྱ་བ་ནི་རླུང་དང་དཀྱིལ་འཁོར་ལའོ། །ལྷ་ནི་བྱིན་གྱིས་རློབ་པར་བྱེད་པ་པོའོ། །གཡོན་པ་ནས་ནི་འབྱུང་ཞེས་བྱ་བ་ནི་གཡོན་པའི་སྣ་བུག་ནས་ཐུན་གཉིས་པ་ལའོ། །འབྱུང་བའི་འོད་ཅེས་བྱ་བ་ ནི་རླུང་གྱེན་དུ་རྒྱུ་བའི་ངོ་བོའོ། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་ལས་བྱུང་བའི་ཕྱིར་རོ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་མདོག་གི་ཕྱིར་རོ། །ལས་ཀྱི་མགོན་པོ་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་དག་པའི་ཕྱིར། ལས་ནི་དོན་ཡོད་གྲུབ་པའོ། །དེ་ཉིད་ཀྱང་མགོན་ པོ་སྟེ། དེའི་རིགས་རྣམས་ལ་བདག་པོ་ཉིད་ཀྱི་ཕྱིར་རོ། །དེར་ཞེས་བྱ་བ་ནི་དཀྱིལ་འཁོར་འདི་དང་། རླུང་ལའོ། །ལྷ་ཞེས་བྱ་བ་ནི་སྔར་བཞིན་ནོ། །གཉིས་ཀ་ལས་ནི་ཞེས་བྱ་བ་ནི་སྣའི་བུ་ག་དག་ལས་འབྱུང་བ་ཞེས་བྱ་བ་ནི། ཕྱིར་འབྱུང་བའོ། །འོད་ཅེས་བྱ་བ་ནི་ཐུར་སེལ་གྱི་རླུང་གི་ངོ་བོའོ། །མདོག་སེར་པོ་ཞེས་བྱ་ བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འོད་ཆེན་པོ་ཞེས་བྱ་བ་ནི་འོད་གསལ་གྱི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །ཅེས་བྱ་བ་ནི་སའི་དཀྱིལ་འཁོར་རོ། །རིན་ཆེན་མགོན་པོ་ཞེས་བྱ་བ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ ཉིད་ཀྱི་ཕྱིར་རིན་ཆེན་འབྱུང་ལྡན་ནོ། །དེ་ཉིད་ཀྱང་རིན་པོ་ཆེའི་རིགས་ཅན་རྣམས་ལ་བདག་པོ་ཉིད་ཀྱི་ཕྱིར་མགོན་པོའོ། །དེར་ཞེས་བྱ་བ་ནི་དཀྱིལ་འཁོར་དང་རླུང་ངོ་། །ལྷ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དལ་ཞིང་རྒྱུ་བ་ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱིས་འོག་ཏུ་འགྲོ་བའི་ངང་ཚུལ་ཅན་གྱི་ཕྱིར་དལ་བ་སྟེ། རྒྱུན་མ་ ཆད་པར་རྒྱུ་བས་དལ་བའི་ཕྱིར་དལ་བར་རྒྱུ་བའོ། །ཀུན་དུ་ཟླ་བ་དཀར་དང་མཚུངས། །ཞེས་བྱ་བ་ནི་ཆུ་ཉིད་དཀར་བའི་ཕྱིར་རོ། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་ཐུན་བཞི་པ་ལ་དེ་ནས་སྲོག་གི་རླུང་འཇུག་པས་སོ། །རྡོ་རྗེ་མགོན་པོ་ཞེས་བྱ་བ་ནི་རྡོ་རྗེ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་ཀྱི་ཕྱིར་མི་བསྐྱོད་པའོ། །དེ་ཉིད་ཀྱིས་རང་གི་རིགས་རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར་མགོན་པོའོ། །དེར་ཞེས་བྱ་བ་ནི་དཀྱིལ་འཁོར་དང་རླུང་དག་གོ། །ལྷ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རླུང་ལྔ་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། ལུས་ཀུན་ལ་གནས་པའི་རླུང་ཞེས་བྱ་བ་ནི་གང་ཞིག་ལྔ་པའི་ རླུང་ནི་ཁྱབ་བྱེད་ཀྱི་རླུང་སྟེ། འཆི་བའི་ལུས་ལ་འབྱུང་བར་འགྱུར། །ཞེས་བྱ་བ་དང་འབྲེལ་ཏོ། །ལུས་ཀུན་གྱི་ནི་ཞེས་བྱ་བ་ནི་ལུས་ཀྱི་ཕྲ་བའི་རྒྱུས་པའི་ཚོགས་ལ་རྗེས་སུ་འགྲོ་བ་སྟེ། ཁྱབ་བྱེད་ཉིད་དུ་གནས་པའོ། །བྱ་བ་ཀུན་ལ་འཇུག་པ་ཞེས་བྱ་བ་ནི་རླུང་རྣམས་ཐམས་ཅད་ལ་འཇུག་པ་ལ་ སོགས་པ་རྣམས་སོ། །དེ་རྣམས་ལ་འཇུག་པར་བྱེད་པ་ནི་འཇུག་པའི་རྟེན་དུ་གྱུར་པའོ། །གང་གི་ཕྱིར་རྟེན་མེད་པར་བརྟེན་པ་ལ་གནས་པ་ལ་སོགས་པའི་དབྱེ་བ་འཇུག་པ་མ་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་མེད་པར་བཅུད་ཀྱི་སེམས་ཅན་ལྟར་སྙམ་དུ་དགོངས་པའོ། །ཡང་ན་བྱ་བ་ཀུན་ནི་སྤྱོད་ ལམ་གྱིས་གནས་པ་ལ་སོགས་པའི་ངོ་བོ་སྟེ། དེ་རྣམས་ལ་འཇུག་པའོ། །རྣམ་པར་སྣང་མཛད་ངོ་བོ་སྟེ། །ཞེས་བྱ་བ་ནི་ཁྱད་པར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་གསལ་བར་བྱེད་པས་ན་རྣམ་པར་སྣང་མཛད་དོ། །དེའི་ངོ་བོ་ནི་སའི་ཁམས་ཀྱི་རྣམ་པར་དག་པ་དང་། གཟུགས་ ཀྱི་ཕུང་པོ་རྣམ་པར་དག་པས་སོ། །དེ་ལ་རྟག་ཏུ་བྱ་བ་མེད་པ་ལ་འཆི་བའི་ལུས་ལས་འབྱུང་བ་ཉིད་ལས་ཏེ། རྣམ་པར་ཤེས་པ་རླུང་ལ་ཞོན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ནས། ཉེ་བར་བསྡུ་བའི་སྒོ་ནས་རླུང་གི་དེ་ཁོ་ན་ཉིད་ཟབ་མོ་བསྟན་པ་ནི་རླུང་གི་དེ་ཉིད་ཅེས་བྱ་བ་ལ་ སོགས་པ་གསུངས་ཏེ། དེ་མ་ཐག་པར་བཤད་པ་རྣམས་སོ། །གསལ་བ་ཞེས་བྱ་བ་ནི་བསྒོམ་བཞིན་པ་ལ་རིམ་གྱིས་གསལ་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཞེས་བྱ་བ་ནི་རླུང་ལྔ་པོ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་ཕྱིར་རོ། །རྟོག་གེ་ ཞེས་བྱ་བ་ནི་དམིགས་པ་དང་བཅས་པའི་ལྟ་བ་དང་ལྡན་པ་རྟོག་གེ་སྐམ་པོ་ཙམ་ལ་དགའ་བ་དག་གིས་མི་རྟོགས་ཞེས་པའི་དོན་ཏོ། །བྱིས་པའི་ཡུལ་མིན་ཞིང་ཞེས་བྱ་བ་ནི་བྱིས་པ་ནི་དེ་ཁོ་ན་ཉིད་ལ་བརྡ་མ་བྱང་བ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཡང་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པ་ལ་ སོགས་པ་ལ་གནས་པའི་ཕྱིར་རོ། །བྱིས་པ་ཡང་ཡིན་ལ་རྣལ་འབྱོར་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་རྣམས་ལས་དེ་ཉན་ཐོས་རྣམས་དང་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་དང་ལྡན་པའོ། །ཡུལ་མིན་ཅིང་ཞེས་བྱ་བ་ནི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། དེ་ལྟར་རྣམ་པ་དྲུག་ གིས་རླུང་གི་དེ་ཁོ་ན་ཉིད་རྒྱས་པར་བཤད་པ་གསུངས་སོ། །དེ་ལྟར་དོན་རྣམ་པ་ལྔས་རླུང་གི་དེ་ཁོ་ན་ཉིད་རྒྱས་པར་བཤད་ནས། དེའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་དངོས་གྲུབ་ཀྱི་བྱེད་པ་པོ་ཉིད་ཀྱི་ཕྱིར་རོ། །དེ་ལ་འཇིག་རྟེན་པ་ནི་ཞི་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་བོ། །ཇི་སྐད་དུ། ཡ་ཡིག་དོན་གྱིས་གང་ཅུང་ཟད། །དངོས་གྲུབ་འདོད་པས་ཐམས་ཅད་བྱ། །ར་ཡིག་ལ་སོགས་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །ཞེས་གསུངས་ སོ། །འཇིག་རྟེན་ལས་འདས་པ་ནི་ངག་རྣམ་པར་དབེན་པའི་མཚན་ཉིད་ཅན་ཏེ། ཇི་སྐད་དུ། སྔགས་ཀྱི་དེ་ཉིད་གསལ་བ་ནི། །ཡེ་ཤེས་གསུམ་གྱིས་རབ་དབྱེ་བས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །གསལ་བར་བྱེད་ཅེས་བྱ་བ་ནི། །རྣལ་འབྱོར་པ་ཡི་ཞེས་པ་ལ། །ཤིན་ཏུ་གསལ་བ་ཉིད་ཀྱི་ཕྱིར་ རོ། །རྣལ་འབྱོར་ཀུན་གྱི་དོན་སྒྲུབ་པ། །ཞེས་བྱ་བ་ནི་རྣལ་འབྱོར་ཀུན་གྱི་ནི། རླུང་ཐམས་ཅད་ཀྱི་སྦྱོར་བས་དོན་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་དོ། །སྒྲུབ་པ་ཞེས་བྱ་བ་ནི་རྣལ་འབྱོར་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པས་ན། རྣལ་འབྱོར་ཀུན་གྱི་དོན་སྒྲུབ་པའོ། །ཡང་དག་དེ་ཉིད་གོ་འཕང་ཞེས་བྱ་བ་ ནི་མ་ནིང་གི་བཟླས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གསལ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུད་རྣམས་ཀུན་གྱི་དོན་སྡུད་པ། །ཞེས་བྱ་བ་ནི་རྒྱུད་རྣམས་ཐམས་ཅད་ཀྱི་དོན་ནི་ཐིག་ལེའི་སྦྱོར་བ་ལ་སོགས་པ་སྟེ། དེའི་སྡུད་པ་ནི། རྒྱུད་ཐམས་ཅད་ཀྱི་ དོན་སྡུད་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་གོ་འཕང་ཞེས་བྱ་བ་ནི་ངག་གི་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །གསལ་ཞེས་བྱ་བ་ནི་ཐབས་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་མོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ལུས་ཐམས་ཅད་དང་ཡུལ་ལ་སོགས་པའོ། །བཞུགས་ ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་ཕྲ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་ཉིད་ཡིན་པའི་ཕྱིར་རོ། །རྟོགས་པར་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་ཞེས་བྱའོ། །བླ་མའི་ ཞལ་ལས་ཞེས་བྱ་བ་ནི་མཚན་ཉིད་ཕུན་སུམ་ཚོགས་པའི་བླ་མའི་ཞལ་ལས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་གཉིས་པའི་རྒྱ་ཆེར་བཤད་ པའོ།། །།དེ་ལྟར་ལེའུ་བཅུ་གཉིས་པས་རླུང་གི་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་སྐབས་སུ་བབ་པའི་བདེ་བ་ཆེན་པོའི་ཡུལ་ལ་དྲི་བའི་ལན་གདབ་པ་བསྟན་པའི་ཕྱིར། ལེའུ་བཅུ་གསུམ་པ་སྟོན་ཅིང་རྩོམ་པ་ནི། དེ་ནས་གཞན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་གཉིས་པའི་རྗེས་ལའོ། །གཞན་རྣམས་ཞེས་བྱ་བ་ནི་སྔོན་གྱི་ལ་ལྟོས་ནས་དབྱེ་བའོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བའོ། །བདེ་བ་ཆེན་པོའི་གོ་འཕང་བཤད་པར་བྱ་བ་དང་འབྲེལ་ཏོ། །འཆད་པར་འགྱུར་བའི་མཚན་ཉིད་བརྗོད་པར་བྱའོ། །གསལ་ཞེས་བྱ་བ་ནི་གཅིག་ཏུ་ ལྟོས་པ་མེད་པར་རྟོགས་པ་བསྐྱེད་པའི་ཕྱིར་རོ། །དེ་ལྟར་བདེ་བ་ཆེན་པོའི་ཡུལ་ལ་དྲི་བའི་རྩོམ་པའི་ལན་བསྟན་ནས། དངོས་གྲུབ་བདེ་བ་ཆེན་པོ་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་གཉིས་ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བརྗོད་པའི་ཕྱིར་རོ། །རྡོར་སེམས་གོ་འཕང་མི་བྱེད་པ། །ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་ངོ་བོ་རྩ་ལྔའི་རང་བཞིན་ཅན་གྱི་རྡོ་རྗེ་སྟེ། དེ་ལ་སེམས་ནི་ཀུན་རྫོབ་བྱང་ཆུབ་སེམས་འཛིན་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་དེའི་ངོ་བོའི་ཚིག་ནི་སྒྲའམ་གནས་ཏེ། དབྱེ་བ་ཐ་དད་པ་དང་བྲལ་བའི་ཕྱིར་རོ། །རང་རིག་པས་ན་ཞེས་བྱ་བ་ནི་རང་གི་རིག་པར་ བྱ་བས་ན་རང་རིག་པ་སྟེ། གཞན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །མཆོག་གི་མཆོག་ཅེས་བྱ་བ་ནི་ཉམས་སུ་མྱོང་བ་གསལ་བའི་ཕྱིར་རོ། །དེའི་ཕྱིར་མཆོག་ཅེས་བྱ་བ་ནི་དེ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་མཆོག་གོ། །དེ་ལས་ཀྱང་མཆོག་ནི་དེ་ཁོ་ན་ ཉིད་གཅིག་པའི་ངོ་བོ་ཉིད་ཀྱིས་བདེ་བ་ཆེན་པོའི་ངོ་བོའི་ཕྱིར་རོ། །ཀུན་རྟོག་ཀྱི་རྟགས་ཀྱིས་སྟོང་པ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མིན་པ་དང་། བདེ་བ་དང་སྡུག་བསྔལ་གྱི་རྣམ་རྟོག་ལ་སོགས་པ་ལས་འདས་པའི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་འདི་བརྗོད། །ཅེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་འདི་ ཉིད་དུ་བདེ་བ་ཆེན་པོ་ཞེས་བྱ་བ་འདི་ལྟ་བུ་ལ་བརྗོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་མདོར་བསྟན་པ་བརྗོད་ནས། ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། མདོར་བསྟན་པ་བརྗོད་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དུས་ནི་ཞེས་བྱ་བ་ གསུངས་ཏེ། སྙིགས་མ་ལྔའི་རྙོག་པ་ཅན་དུ་བྱས་པའི་རྩོད་པའི་དུས་ལ་འབྱེད་པར་བྱེད་པ་ཉིད་ཀྱིས་རྒྱུ་དང་རྐྱེན་ལས་མ་སྐྱེས་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དུས་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཚིག་གིས་བསྟན་པར་བྱའོ། །གཟུང་དང་འཛིན་པ་རྣམ་པར་ སྤངས། །ཞེས་བྱ་བ་ནི་ཡུལ་དང་དབང་པོ་རྣམ་པར་སྤངས་པའི་ཕྱིར་རོ། །བདེ་དང་སྡུག་བསྔལ་རྣམ་པར་སྤངས། །ཞེས་བྱ་བ་ནི་སེམས་ཉེ་བར་ཞི་བའི་རྣམ་པར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་བདེ་བའོ། །སྡུག་བསྔལ་ནི་ཕུང་པོ་ལྔའི་བདག་ཉིད་ཅན་འཁོར་བའི་མཚན་ ཉིད་དོ། །དེ་དག་ལས་རྣམ་པར་གྲོལ་བ་ནི་བྲལ་བའོ། །ཞི་བ་གཉིས་མེད་རྣམ་པར་འབྱེད། །ཅེས་བྱ་བ་ནི་ཉན་ཐོས་ཀྱི་ཡེ་ཤེས་དགའ་བ་གཉིས་ཀྱི་བདག་ཉིད་ཅན་ཞི་བ་དང་། གཉིས་སུ་མེད་པ་དང་རང་སངས་རྒྱས་ཀྱི་ཡེ་ཤེས་དགའ་བྲལ་གྱི་མཚན་ཉིད་ཅན་ཁྱད་པར་འབྱེད་པས་ཞི་བ་གཉིས་མེད་ རྣམ་པར་བྲལ་བའོ། །དངོས་པོ་ཀུན་གྱི་རང་བཞིན་བདག །ཅེས་བྱ་བ་ནི་ཀུན་གྱི་སྒྲས་ནི་བདེ་བའི་རྩ་ལ་བརྗོད་དོ། །དངོས་པོ་ནི་ཡེ་ཤེས་ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཡོད་པ་ཉིད་དོ། །དེ་ལྟར་ན་རྩ་རྣམས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའི་ཡེ་ཤེས་དངོས་པོ་ཀུན་ནོ། །དེའི་རང་བཞིན་ནི་དེའི་རང་བཞིན་ ཏེ། དེ་ལ་བདེ་བ་ཆེན་པོའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བདེ་ཆེན་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའོ། །འདིར་ཞེས་བྱ་བ་ནི་སྐབས་འདི་ལའོ། །བརྗོད་ཅེས་བྱ་བ་ནི་བརྗོད་པར་བྱ་བའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་མདོར་བསྟན་པ་བཤད་ནས། རྒྱས་པར་བཤད་པའི་ ཡན་ལག་ཐུན་མོང་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བརྗོད་པའི་ཕྱིར། དེའི་རྡོ་རྗེའི་ཚིག་རྒྱས་པར་བཤད་པ་ནི། ཡེ་ཤེས་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ནི་དོན་དམ་པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང་། ཀུན་རྫོབ་ཏུ་ ཤ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར། སངས་རྒྱས་ལྔ་བདག་རང་བཞིན་ཅན། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །རྩ་ནི་ལྔ་ལས་འབབ་པའི་རྒྱུན། །ཞེས་བྱ་བ་ནི། ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་བ་དྷཱུ་ཏཱི་དང་། ལྷ་སྦྱིན་དང་ནོར་རྒྱལ་ནི་འབབ་པའི་ཕྱིར་རོ། །དེ་ལྟར་ན་རྡོ་རྗེ་ཡེ་ཤེས་ལྔའི་དངོས་པོ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་བསྟན་ཏོ། །སངས་རྒྱས་ལྔ་བདག་རང་བཞིན་ཅན། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་བསྟན་ཏོ། །རྩ་ནི་ལྔ་ལས་འབབ་པའི་ རྒྱུན། །ཞེས་བྱ་བ་ནི་སྤྲུལ་པའི་ངོ་བོ་ཉིད་བསྟན་ཏོ། །སྟོང་ཉིད་རྡོ་རྗེ་གོ་འཕང་ཞེས་བྱ་བ་ནི་འདི་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དེ་མ་ཐག་པར་གསུངས་པ་ནི། རྒྱས་པར་བཤད་པ་མཛད་དེ། རྟག་ཏུ་དེ་ལྟ་ཉིད་དུ་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་ཅིང་མ་བཅོས་པས་ན་གནས་པ་ཉིད་ ཀྱི་ཕྱིར་རྡོ་རྗེ་གོ་འཕང་ངོ་། །གསལ་ཞེས་བྱ་བ་ནི་བསྒོམ་བཞིན་པའི་རབ་ཀྱི་མཐར་ཐུག་པའི་ཕྱིར་རོ། །རང་བཞིན་མེད་ཅིང་ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་རྟོག་པ་བཟློག་པས་སོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་གཟུགས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཉིས་ སུ་མེད་པ་དང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་དང་རྣམ་པར་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཐ་དད་སྤངས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་བསྒོམས་པས་བསྒོམ་བྱ་དང་སྒོམ་བྱེད་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆ་མེད་ཅེས་བྱ་བ་ནི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་དབེན་པའི་ཕྱིར་ རོ། །ཆ་ནི་རྣམ་པར་འདས་ཞེས་བྱ་བ་ནི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་འཇོམས། །ཞེས་བྱ་བ་ནི་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ཅན་བསྒོམས་པས་ཐ་མལ་པ་དང་དེ་མ་ཡིན་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་འཇོམས་པ་ཉིད་ ཀྱི་ཕྱིར་རོ། །སྐྱེ་མེད་ཅེས་བྱ་བ་ནི་རིགས་བརྒྱའི་དབྱེ་བས་བསྒོམ་པ་ལས་འདས་པ་ཉིད་ཀྱི་སྐྱེ་བ་བཟློག་པས་སོ། །ཟད་མེད་ཅེས་བྱ་བ་ནི་དབུགས་ཀྱི་འཁོར་ལོ་ཉིན་མཚན་དུ་འཇུག་པས་ཟད་པ་མེད་པའོ། །ཞི་བ་དང་ཞེས་བྱ་བ་ནི་ངག་གི་སྤྲོས་པ་བཞི་རྣམ་པར་ཞི་བའི་ཕྱིར་རོ། །གཉིས་མེད་ཅེས་བྱ་བ་ནི་ རང་བཞིན་དང་སྣང་བའི་རྣམ་པར་རྟོག་པ་དང་འོད་གསལ་བ་ལ་སྤང་བྱ་དང་མངོན་དུ་བྱ་བ་གཉིས་ལས་ལོག་པའི་ཕྱིར་རོ། །བདེ་བ་ཐམས་ཅད་ཅེས་བྱ་བ་ནི་ཕྱག་རྒྱའི་རིམ་པས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ལུས་པ་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་རོ། །ཉོན་ མོངས་ཀུན་ལས་རྣམ་གྲོལ་བ། །ཞེས་བྱ་བ་ནི་སེམས་ཀྱི་འོད་གསལ་བ་ཐོབ་པའི་རྗེས་ལ་སྒྱུ་མའི་རང་བཞིན་གྱིས་ལུས་ཕུང་པོའི་རྣམ་པར་རྟོག་པ་ལས་ལོག་པའི་ཕྱིར་དང་། བདེན་པའི་རྣམ་པར་རྟོག་པ་ལོག་པའོ། །བདེ་བ་ཐམས་ཅད་ལ་འཇུག་པ། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྒྱུ་ཕྱི་དང་ ནང་གི་བདག་ཉིད་ཅན་གྱི་མངོན་པར་བྱང་ཆུབ་པའི་རིམ་གྱིས་ཉེ་བར་ཐོབ་པའི་ཕྱིར་རོ། །སྟོང་དང་ཞེས་བྱ་བ་ནི་བག་ཆགས་སུ་གྱུར་པ་སུམ་ཅུ་རྩ་གཉིས་ཀྱི་ཆགས་བྲལ་གྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ཤིན་ཏུ་སྟོང་པ་ཞེས་བྱ་བ་ནི་སྔར་བཞིན་རང་བཞིན་གྱི་ཚོགས་བཞི་བཅུ་སྤངས་པའི་བདག་ ཉིད་ཀྱི་ཕྱིར་རོ། །སྟོང་པ་ཆེན་པོ་དང་ཞེས་བྱ་བ་ནི་རང་བཞིན་གྱི་ཚོགས་བདུན་སྤངས་པ་ཉིད་ཀྱི་ཕྱིར་རོ། །མཆོག་གི་ཞེས་བྱ་བ་ནི་སེམས་ཀྱི་འོད་གསལ་ལས་མཆོག་སྟེ། མཆོག་ཏུ་གྱུར་པའོ། །ཐམས་ཅད་སྟོང་པ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའོ། །སྟོང་པའི་གནས་ཞེས་ བྱ་བ་ནི་ཟུང་འཇུག་གི་བདག་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་ལྔའི་ངོ་བོ་ཉིད་ཀྱི་ཞེས་བྱ་བ་ནི་ཕུང་པོ་ལྔ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མི་ཆོད་ཅེས་བྱ་བ་ནི་རང་གི་རང་བཞིན་ནི་མ་བཅོས་པས་མི་འདོར་བའི་ཕྱིར་རོ། །མི་ཕྱེད་པ་ཞེས་བྱ་བ་ནི་གློ་བུར་བའི་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་དབྱེ་བར་མི་ནུས་ པ་ཉིད་ཀྱི་ཕྱིར་རོ། །མི་འགྱུར་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཀྱིས་མི་གནོད་པ་ཉིད་ཀྱི་ཕྱིར་རོ། །མི་ཚིག་པ་དང་ཞེས་བྱ་བ་ནི་ཆོས་ཉིད་ལ་རྟག་ཏུ་དེའི་ངོ་བོས་གནས་པའི་ཕྱིར་རོ། །འབིགས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་མུན་པའི་ཚོགས་ལ་གཉེན་པོར་གྱུར་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི། མཐར་ཐུག་པའི་འབྲས་བུའི་ངོ་བོའོ། །འདིས་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་རྡོ་རྗེ་ལ་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་བསྟན་པའི་ཕྱིར། སངས་རྒྱས་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ངོ་བོའོ། །ཡེ་ཤེས་ མཆོག་དང་རང་བཞིན་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་ངོ་བོའོ། །རྡོ་རྗེ་ཞེས་ནི་བརྗོད་ཅེས་བྱ་བ་ནི་རྡོ་རྗེའི་སྒྲས་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་སྐུའི་ངོ་བོ་ཉིད་བརྗོད་པའི་ཕྱིར། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ ཡོངས་སུ་སྐྱོབ་པར་བྱེད་པའི་རྣམ་པས་སྦྱོར་བ་ནི་སྙིང་རྗེ་སྦྱོར་བས་སོ། །དེ་དང་ཡང་དག་པར་སྦྱོར་བ་ནི་འགྲེལ་པའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་རང་བཞིན་ནོ། །བདེ་བ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །སྐྱེ་བའི་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་ཐབས་དང་ཤེས་རབ་དང་སྙོམས་པར་ཞུགས་པའི་ སྟོབས་ཀྱིས་དང་། ཕྱི་རོལ་གྱི་ཐབས་ཤེས་རབ་དང་སྙོམས་པར་ཞུགས་པའི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར། དེ་ཉིད་གསུམ་ནི་རོ་གཅིག་པ། །ཞེས་བྱ་བ་གསུངས་ཏེ། ལུས་ངག་ཡིད་གསུམ་མི་དམིགས་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་གསུམ་གྱི་རོ་གཅིག་པ་ནི་ གཅིག་ཏུ་གྱུར་པ་སྟེ། དེ་ཉིད་ནི་དོན་འདི་ལ་དགོས་པ་ཡོད་པས་ན། དེ་ཉིད་གསུམ་ནི་རོ་གཅིག་པའི་དོན་ཏོ། །བརྗོད་བྱ་རྗོད་བྱེད་རྣམ་པར་སྤངས། །ཞེས་བྱ་བ་ནི་སྒྲ་དང་རྣམ་པར་རྟོག་པ་རྣམས་ཀྱི་རྣམ་པར་བསྟན་པ་ཞེས་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བདེ་ཆེན་ཞེས་བྱའི་འཁོར་ལོ་གནས། ། ཞེས་བྱ་བ་ནི་མགོ་བོའི་གནས་སུ་གཞོམ་དུ་མེད་པ་ལས་འབྱུང་བའི་ཕྱིར་དེ་ལ་གནས་པའོ། །དབང་པོ་རྣམས་ཀྱི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་མིག་ལ་སོགས་པ་ལྔའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་གཉིས་མེད་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ། མཆོག་ནི་མཆོག་ཉིད་ཀྱི་ཕྱིར་རོ། ། གཉིས་མེད་ནི་རྣམ་པར་རྟོག་པ་གཉིས་ལས་ལོག་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཡིན་ལ་རྣལ་འབྱོར་ཀྱང་ཡིན་པས་ཏེ། རྣལ་འབྱོར་ནི་སྦྱོར་བས་སོ། །དགའ་བ་བཞི་ཡི་མཚན་ཉིད་ཅན། །ཞེས་བྱ་བ་ནི་དགའ་བ་བཞི་པའི་མཚན་ཉིད་ཅན་ཏེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འཁོར་ལོ་བཞི་ཡི་རིམ་ གྱིས་ཐོབ། །ཅེས་བྱ་བ་ནི་སྤྲུལ་པ་ལ་སོགས་པ་འཁོར་ལོ་བཞི་ལ་བརྟེན་ནས། སྔགས་དང་རྒྱུད་དང་ཡེ་ཤེས་ཀྱི་རིམ་པ་ལ་སོགས་པས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡན་ལག་བཞི་ཡི་གོ་འཕང་གསལ། །ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པ་ཡན་ལག་བཞིའི་རིམ་གྱིས་ཉམས་སུ་མྱོང་བར་གྱུར་པའོ། ། གསལ་ཞེས་བྱ་བ་ནི་དཔེའི་ལྷན་ཅིག་སྐྱེས་པ་ལ་བླ་མའི་མན་ངག་གི་རྗེས་སུ་འབྲངས་ནས་བསྒོམ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །སྟོང་ཉིད་ལྔའི་ཀུན་ནས་གང་། །ཞེས་བྱ་བ་ནི་རྩ་ལྔའི་ནམ་མཁའ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྟོང་ཉིད་ལྔའི་བདག་ཉིད་ཀྱི་ལམ་ནས་གང་བ་ནི་ཡོངས་སུ་ རྫོགས་པའོ། །ཆ་བཞི་ཡིས་ནི་རྣམ་པར་འཕེལ། །ཞེས་བྱ་བ་ནི་ཨོཾ་ཡིག་གིས་ནོར་བུའི་རྩེ་མོར་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེའི་ཆ་བཞི་ཡིས་ཨའི་ཡི་གེ་དང་། ཨོཾ་དང་ཐིག་ལེ་དང་། ཟླ་ཚེས་ཀྱི་ཆའི་བདག་ཉིད་ཅན་གྱི་ཕྱིར་རོ། །ཨོཾ་ཡིག་ཀྱང་འཇུག་པའི་ངོ་བོ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ཉིད་འཛིན་ པའི་ཐབས་ཉིད་བསྟན་ཏོ། །དེ་ལྟར་རྡོ་རྗེའི་ཚིག་རྒྱས་པར་བཤད་པ་བསྟན་ནས། སེམས་དཔའི་ཚིག་རྒྱས་པར་བཤད་པའི་ཕྱིར་རྡོ་རྗེ་རྩེ་མོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་ཀྱི་ཡན་ལག་གི་རྩེ་མོ་ལའོ། །འཛིན་པ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་སྟོབས་ཀྱིས་སམ། ཡི་གེ་ཉེ་བར་དགོད་པས་གཟུང་ བའོ། །སེམས་དཔའ་ཞེས་བྱ་གཏན་ལ་དབབ། །ཅེས་བྱ་བ་ནི་སེམས་དཔའི་སྒྲས་བརྗོད་པར་བྱ་སྟེ། རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ལ་སེམས་དཔའ་སྟེ། ཡོད་པར་གྱུར་པ་ཉིད་ཀྱི་ཕྱིར། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ནམ་མཁའི་ཆ་ཡིས་གང་ཞེས་བྱ་བ་ནི་རྩ་ལྔའི་ངོ་བོའི་རྡོ་རྗེ་དང་འབྲེལ་པའི་ནམ་ མཁའ་ལྔའི་ཆ་ནི་ནམ་མཁའི་ངོ་བོ་ཉིད་དོ། །གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱིས་སོ། །འདི་ནི་རྡོ་རྗེ་སེམས་དཔའ་བརྗོད། །ཅེས་བྱ་བ་ནི་འདི་ནི་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ལ་སྟེ། རྡོ་རྗེ་སེམས་དཔའ་དེར་བརྗོད་དོ། །དེ་ལྟར་སེམས་དཔའི་ཚིག་བཤད་ནས། དེ་ཉིད་ལ་བདེ་བ་ཆེན་པོའི་སྒྲས་བརྗོད་པར་ བྱ་བ་ཉིད་བསྟན་པའི་ཕྱིར། དེ་ཉིད་བདེ་ཆེན་གོ་འཕང་སྟེ། །ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཚིག་གིས་བསྟན་པར་བྱའོ། །བདེ་བ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི་དེ་འདུག་པའི་གནས་ཏེ། སྡུག་བསྔལ་ཐམས་ཅད་ལས་ལོག་པའི་ཕྱིར་རོ། །བཞི་པའི་དགའ་བ་ཞེས་བྱ་བ་ནི་དགའ་བ་ བཞི་པའི་ངོ་བོ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ཀུན་ལ་ཁྱབ་ཅེས་བྱ་བ་ནི་དགའ་བ་ལ་སོགས་པ་ཐམས་ཅད་ལ་ཁྱབ་བྱེད་ཉིད་དུ་གནས་པའི་ཕྱིར་རོ། །ཇི་སྐད་དུ། ཡང་ན་ཀུན་བདག་དེ་ཉིད་དེ། །ཅེས་བྱའོ། །རྩ་རྣམས་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་བ་ནི་འཁོར་ལོ་བཞིས་བསྡུས་པའམ་རྩ་སྟོང་ཕྲག་ བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱིས་ཁྱབ་པ་རྣམས་ལའོ། །ཁྱབ་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ངོ་བོ་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟར་ཡིན་ན། འོ་ན་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་དཔའ་བོ་རྣལ་འབྱོར་མ་སྦྱོར་ཞེས་བྱ་བ་གསུངས་ཏེ། དཔའ་བོ་རྣམས་རྣལ་འབྱོར་མའི་ཐབས་དང་ཤེས་རབ་ དག་གིས་སྦྱོར་བ་ནི་འབྲེལ་པའོ། །དེ་ལས་སྐྱེས་པའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་སེམས་དཔའི་ཚིག་གི་བཤད་པ་བརྗོད་ནས། མི་ཕྱེད་པའི་ཚིག་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། མི་ཕྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱེ་བ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ནི་དབྱེ་བ་རྣམ་ པར་སྤངས་ཞེས་གསུངས་ཏེ། བདག་དགའ་བ་ལ་སོགས་པ་གསུམ་སྤངས་པའི་གནས་སོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཐ་དད་པའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་རོ། །དེའི་ངོ་བོ་ཞེས་བྱ་བ་ནི་དགའ་བ་ལ་སོགས་པའི་རང་བཞིན་ཏེ། དེ་རྣམས་ལ་ཁྱབ་བྱེད་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། ཡང་ན་ཐམས་ཅད་ཀུན་བདག་ཉིད། །ཅེས་གསུངས་སོ། །ཡང་ན་དེའི་ངོ་བོ་མ་ཡིན་པ་ཞེས་གཞུང་ཁ་ཅིག་ལས་འབྱུང་སྟེ། དེའི་ཕྱོགས་ལ་ནི། བསྙེན་པ་ལ་སོགས་པའི་ཡན་ལག་དང་། རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་མ་དང་། དགའ་བ་ལ་སོགས་པའི་ངོ་བོས་རྣམ་པར་ དབེན་པའོ། །ཇི་སྐད་དུ། ཡང་ན་ཐམས་ཅད་རྣམ་པར་སྤངས། །ཞེས་གསུངས་སོ། །དེ་ཉིད་དེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣམ་པ་ཉིད་དགའ་བ་གསུམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཕྱི་རོལ་དུ་གྱུར་པའི་ཆོས་གཞན་མེད་པའི་ཕྱིར་རོ། །ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་ པར། །གང་ཕྱིར་ཆོས་ནི་ཡོད་མ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་མི་ཕྱེད་པའི་ཚིག་བསྟན་པ་བཤད་ནས། རང་རིག་གི་ཚིག་རྒྱས་པར་བཤད་པ་བསྟན་པའི་ཕྱིར། རང་ཉིད་ཚོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཞེས་བྱ་བ་ནི་ཤེས་པ་གཞན་གྱི་མ་ཡིན་པའོ། །ཚོར་བ་ཞེས་བྱ་ བ་ནི་ནང་གི་ངོ་བོ་བདེ་བ་ལ་སོགས་པའི་བདག་ཉིད་ཀྱིས་སོ། །རིག་བྱ་བས་ཞེས་བྱ་བ་ནི་ཡང་དག་པར་སེམས་པར་བྱའོ། །ཕ་རོལ་གཞན་གྱི་ཞེས་བྱ་བ་ནི་རང་གི་རྒྱུད་སྤངས་ནས་གཞན་རྣམས་ལའོ། །སྤྱོད་ཡུལ་མིན་ཞེས་བྱ་བ་ནི་ཡུལ་མེད་པའི་ཕྱིར་རོ། །མཚོན་པར་དཀའ་བ་ཞེས་བྱ་བ་ནི་བླ་མའི་ གདམས་ངག་མེད་པར་མཚོན་པར་མི་ནུས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དཔེ་དེས་ཞེས་བྱ་བ་ནི་དེ་དང་མཚུངས་པ་གཞན་མེད་པའི་ཕྱིར་རོ། །རང་གི་བློ་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ་ལྟོས་ནས། རྣལ་འབྱོར་པའི་ཤེས་པ་རང་ལ་གནས་པ་ཞེས་བྱའོ། །དེ་སྤངས་ ནས་རང་གི་བདག་ཉིད་མི་དམིགས་པ་ཉིད་ཀྱི་ཕྱིར་རོ། །རང་རིག་པ་ཞེས་བཤད་པ་ཡི། །ཞེས་བྱ་བ་ནི་རྒྱུ་འདི་ཉིད་ཀྱིས་སོ། །གཞོན་ནུ་མ་ཡི་བདེ་བ་བཞིན། །ཞེས་བྱ་བ་ནི་སྐྱེ་གནས་མ་ཉམས་པ་གཞོན་ནུ་མའི་བདེ་བ་ནི་སྐྱེས་པའི་རྐྱེན་ལས་བྱུང་བའི་བདེ་བ་རང་གིས་རིག་པར་བྱ་བ་ནི། ངག་གི་སྤྱོད་ཡུལ་མ་ ཡིན་པ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་རིག་གི་ཚིག་རྒྱས་པར་བསྟན་ནས། མཆོག་གི་ཚིག་བརྗོད་པར་བྱ་བའི་ཕྱིར། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བར་ཉམས་སུ་མྱོང་ཞེས་བྱ་བ་ནི་གསལ་བར་སྣང་བས་ན་རིག་པའོ། །དེ་ཉིད་མཆོག་དང་ཞེས་བྱ་བ་ནི། མདོར་བསྟན་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི། དེ་སྤངས་པ་ཞེས་བྱ་བ་གསུངས་ཏེ། རིག་པ་གསུམ་པོ་སྤངས་པའོ། །མཆོག་དང་ཞེས་བྱ་བ་ནི་མཆོག་ནི་རྟོག་པ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་ཡིན་ལ་རྟོག་པ་ཡང་ཡིན་ཏེ། ཡོད་པ་དང་མེད་པ་དང་དངོས་པོ་དང་དངོས་པོ་མེད་པ་སྤྲོས་པའི་ངོ་ བོའོ། །དེ་རྣམས་ལ་སོགས་པ་གང་རྣམས་ལ་ཡོད་པ་དེ་ནི་རྟོག་པ་ཀུན་ལ་སོགས་པ་དེ་རྣམས་ཀྱང་ཡིན་ལ་རྟོག་པ་ཡང་ཡིན་ཏེ། ཕྲ་བའི་རྣམ་པར་རྟོག་པའི་རྣམ་པ་ཅན་རྟོག་པ་ལ་སོགས་པའོ། །དེ་རྣམས་སྤངས་པའི་བདག་ཉིད་གང་ལ་ཡོད་པ་དེ་རྟོག་པ་ཀུན་ལ་སོགས་པའི་གསལ་བའི་བདག་ ཉིད་དོ། །རིགས་པ་དང་རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པའི་རྣམ་པའི་རང་རིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་མཆོག་གི་ཚིག་བསྟན་པར་བཤད་ནས། ད་ནི་མཆོག་གི་ཚིག་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེ་ནི་མཆོག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་རྣམ་ པར་མི་རྟོག་པ་ཉམས་སུ་མྱོང་བ་ལས་མཆོག་གོ། །བདེ་བ་ཆེ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ངོ་བོ་སྟེ། རྟག་ཏུ་ལྷན་ཅིག་སྐྱེས་པ་གཅིག་པུའི་མཐར་ཐུག་པའི་ཕྱིར་རོ། །དེ་ཉིད་གསུམ་དུ་མཚན་ཉིད་གཅིག །ཅེས་བྱ་བ་ནི་དགའ་བ་གསུམ་པོ་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །ལུས་ངག་ཡིད་གསུམ་ གྱི་དེ་ཁོ་ན་ཉིད་ཀྱི་ཕྱིར་རོ། །དེ་དང་བྲལ་བས་དེ་བརྗོད་དེ། །ཞེས་བྱ་བ་ནི་དེ་དང་ཞེས་བྱ་བ་ནི་ལུས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པ་དང་ངོ་བྲལ་བ་ནི་སྤང་བའོ། །དེ་བརྗོད་དེ་ཞེས་བྱ་བ་ནི་རང་རིག་པའི་ཡེ་ཤེས་སོ། །གཉིས་པོ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་གཉིས་སུ་སྣང་བ་ཐམས་ཅད་མེད་པའི་ ཕྱིར་རོ། །དེ་ལྟར་དེ་ནི་མཆོག་གི་བསྟན་པ་བཤད་ནས། ཀུན་རྟོག་གི་སྟོང་པའི་ཚིག་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། །དངོས་དང་དངོས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལ་སོགས་པའི་རྣམ་པར་རྟོག་པས་བྲལ་བའི་བློའོ། །བསྒོམ་པར་བྱ་ཞེས་བྱ་བ་ལྷག་མས་ཁ་བསྐང་ནས་ འབྲེལ་པར་བྱའོ། །དངོས་དང་དངོས་མེད་ནི་ཡོད་པ་དང་མེད་པའོ། །བདེ་བའི་བདག་ཉིད་སྡུག་བསྔལ་གྱི་རྟོག་པ་ནི། བདེ་བའི་བདག་ཉིད་ཀྱང་ཡིན་ལ། སྡུག་བསྔལ་གྱི་བདག་ཉིད་ཀྱང་ཡིན་ཏེ། བདེ་བའི་བདག་ཉིད་ཀྱི་སྡུག་བསྔལ་ལ་དངོས་དང་དངོས་མེད་བདེ་བའི་བདག་ཉིད་སྡུག་བསྔལ་ལོ། །དེ་ ཉིད་ནི་རྣམ་པར་རྟོག་པ་སྟེ། དངོས་དང་དངོས་མེད་བདེ་བའི་བདག་ཉིད་སྡུག་བསྔལ་ཅན་ནོ། །འཁོར་བ་ཐར་པའི་བདག་ཉིད་ཅན། །ཞེས་བྱ་བ་ནི་བཅིངས་པ་དང་གྲོལ་བའི་ངོ་བོའོ། །འཁོར་བ་ནི་ལྷ་ལ་སོགས་པའི་རྣམ་པས་ཕུང་པོ་ལ་སོགས་པ་རྣམས་ཡོངས་སུ་མ་ཤེས་པའོ། །དེ་ལས་བཟློག་ པས་ཡོངས་སུ་ཤེས་པ་ནི་ཐར་པའོ། །དེའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་དང་གཉིས་མེད་རྣམ་སྤྱོད་རང་བཞིན་དང་། །ཞེས་བྱ་བ་ནི་གཉིས་ནི་གཉིས་སུ་རྣམ་པར་རྟོག་པའི་མཚན་ཉིད་ཀྱིས་སྤྱོད་པ་སྟེ། འདི་ལྟ་སྟེ། ཕུང་པོ་ལྔ་རྣམས་ལ་རང་བཞིན་མེད་པར་ རྟོགས་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་རྣམ་པ་བསྒོམ་པའོ། །གཉིས་མེད་རྣམ་སྤྱོད་ཅེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་ཆོས་ཐམས་ཅད་རྟོགས་པའོ། །འདིའི་རང་བཞིན་དང་བྲལ་བ་ནི་གཉི་གའི་སྤྱོད་པ་ནུབ་པའི་ཕྱིར་རོ། །བློ་ནི་ཞེས་བྱ་བ་ནི་ཤེས་ རབ་སྟེ། རྣལ་འབྱོར་པ་དང་འབྲེལ་པ་བསྒོམ་པར་བྱ་ཞེས་བྱ་བའི་ལྷག་མའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཞི་བའི་རྟོག་པའི་བདག་ཉིད་ཅན། །ཞེས་གསུངས་ཏེ། ཞི་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའོ། །རྟོག་པ་ནི་ཡེ་ཤེས་སོ། །དེའི་བདག་ཉིད་ཅན་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བ་ ཞེས་བྱ་བའི་ཐ་ཚིག་གོ། །གསུངས་པའི་ཉོན་མོངས་གཅོད་པའི་ཞེས་བྱ་བ་ནི་ཇི་ལྟར་སྲིད་པའི་རིམ་པ་གཉིས་བསྒོམས་པས་ཉོན་མོངས་པ་གཅོད་པའི་ཕྱིར་རོ། །འགྲོ་བ་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཡུལ་ལའོ། །ཀུན་རྟོག་དང་བྲལ་བ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་ དག་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཀུན་རྟོག་གི་རྟོག་པ་སྟོང་པའི་ཚིག་བསྟན་པ་བཤད་ནས། དེ་ལྟར་དོན་རྣམ་པ་བདུན་གྱིས་ཐུན་མོང་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱས་པར་བཤད་པ་བསྟན་ནས། ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་ ལྷན་ཅིག་སྐྱེས་པའི་དུས་རྒྱས་པར་བཤད་པ་བསྟན་པ་ནི། ཤེས་དང་ཤེས་བྱའི་རྣམ་རྟོག་བྲལ། །ཞེས་བྱ་བ་གསུངས་ཏེ། རྟོགས་བྱ་དང་རྟོགས་བྱེད་ཀྱི་རྣམ་རྟོག་གི་ངོ་བོ་རྣམ་པར་སྤངས་སོ། །བདེ་བ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་ནོ། །རང་བཞིན་དང་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་སྐྱེས་པ་ ཉིད་ཀྱིས་བཅོས་མ་མེད་པ་ཉིད་ཀྱི་ཕྱིར་རོ། །མཐར་འགྱུར་ཞེས་བྱ་བ་ནི་དགའ་བ་གསུམ་གྱི་མཐའ་ཉིད་དུ་གནས་པའི་ཕྱིར་རོ། །འགྲོ་ཀུན་ཞེས་བྱ་བ་ནི་དེ་རྣམས་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཞི་བའི་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་དུས་ན། སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་དང་འདྲེས་ཤིང་ཐ་མི་དད་ པའོ། །མཆོག་གི་མཆོག་རབ་ཅེས་བྱ་བ་ནི་དེ་དང་འདྲ་བ་གཞན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་རྟག་ཏུ་དེ་ཉིད་ཀྱི་ངོ་བོ་ཉིད་དུ་གནས་པ་ཉིད་ཀྱི་ཕྱིར་རོ། །དེའི་དངོས་པོ་ནི་དེ་ཉིད་སྙམ་དུ་བསམས་ནས་སོ། །འགྲོ་བའི་བདེ་བ་ཞེས་བྱ་བ་ནི་དེའི་བདག་པོ་ཉིད་ཀྱིས་འགྲོ་བ་རྣམས་ལ་བདེ་བ་ བསྐྱེད་པ་ན་བདེ་བ་གསོལ་བའོ། །ཇི་སྐད་དུ། དེ་དང་། ཉེ་བར་གནས་པ་ཙམ་གྱིས་ཏེ། །སྐྱེད་པ་ཡིད་བཞིན་ནོར་བུ་ལྟར། །ཇི་ལྟར་འདོད་པ་འབྱུང་བ་ལྟར། །རྩིག་པ་ཤིང་སོགས་བརྟན་པ་འབྱུང་། །ཞེས་གསུངས་སོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རྩོད་པའི་དུས་ཀྱི་མཐའ་དང་བྲལ། །ཞེས་བྱ་ བ་གསུངས་ཏེ། ཇི་ལྟ་བུ་ཞེ་ན། འབུམ་ཕྲག་ལྔའི་ལོའི་ཚད་ཀྱི་སྙིགས་མ་ལྔས་གང་བའི་རྩོད་པའི་དུས་ན་སྟེ། རྩོད་པའི་དུས་ལས་ལོག་པའི་བདག་ཉིད་ཅན་ནོ། །དེ་མངོན་དུ་བྱེད་པས་དུས་ཀྱི་སྣང་བ་མེད་པའི་ཕྱིར་རོ། །ཡང་ན། དུས་ནི་རྩོད་པའི་དུས་ཞེས་བཤད། །ཅེས་བྱ་བ་གཞུང་ཁ་ཅིག་ལས་ ཏེ། དེའི་ཕྱོགས་ལ་ནི། རང་རིག་པའི་ཡེ་ཤེས་ཉིད་ཀྱིས་རྩོད་པའི་དུས་ཏེ། དུས་དེར་ཕྱི་རོལ་གྱི་ཕྱག་རྒྱའི་རིམ་པས། དེ་མཚོན་པ་ཉིད་ཀྱི་ཕྱིར་རོ། །བཞི་པའི་མཚན་ཉིད་སྐད་ཅིག་ཅན། །ཞེས་བྱ་བ་འབྱུང་སྟེ། དགའ་བ་ལ་སོགས་པའི་རིམ་པ་བཞི་པ་ནི་ལྷན་ཅིག་སྐྱེས་པའི་རྣམ་པ་ཉེ་བར་དམིགས་བཞིན་ པའོ། །རྟོག་མེད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་བཅོམ་པའི་ཕྱིར་རོ། །འཁྲུལ་འཁོར་སྤོང་ལ་མཁས་ཞེས་བྱ་བ་ནི་འཁོར་བ་ནི་སྲིད་པའོ། །དེ་ཉིད་ནི་འཁྲུལ་པ་སྟེ། རྣམ་པར་འཁོར་བ་སྟེ། ཕྱིན་ཅི་ལོག་གི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་སྲིད་པའི་འཁྲུལ་པའོ། །དེ་བཟློག་པ་ནི་རིམ་པ་གཉིས་བསྒོམས་ པས་མི་མཐུན་པའི་ཕྱོགས་ལས་རྒྱལ་བའོ། །དེ་ལ་མཁས་པ་ནི། ལྷན་ཅིག་སྐྱེས་པའི་དབང་གིས་འཁྲུལ་འཁོར་བཟློག་པའི་ཕྱིར། གཞན་ཡང་རོ་གཅིག་པ་བདེ་བ་ཆེན་པོས་མྱོས་ཞེས་བྱ་བ་ནི་མཉམ་པ་ཆེན་པོའི་རོ་ནི། ཐ་དད་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་གྱིས་སོ། །མྱོས་པ་ནི་ཐ་དད་པའི་རྣམ་པར་ རྟོག་པ་མེད་པའི་ངོ་བོའི་བདེ་བའི་ཁྱད་པར་རོ། །དེས་མཉམ་པའི་ཡེ་ཤེས་ནི། དེ་བཞིན་ཉིད་ཀྱིས་བརྟན་པ་དང་གཡོ་བའི་རྣམ་པར་རྟོག་པ་ལོག་པའི་ངོ་བོ་ནི་དེའི་མཚན་ཉིད་ཅན་དེའི་རང་བཞིན་གྱིས་དུས་ཞེས་བྱ་བའི་དོན་ཏོ། །བསམ་གྱིས་མི་ཁྱབ་པའི་དུས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ལྷན་ཅིག་སྐྱེས་ པའི་དགའ་བའི་དུས་རྒྱས་པར་བཤད་ནས། གཟུང་བ་དང་འཛིན་པ་སྤངས་པའི་ཚིག་རྒྱས་པར་བཤད་པའི་ཕྱིར། གཟུང་བ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ཅན་གྱི་ཤེས་པས་སྣང་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཡུལ་རྣམས་ཞེས་བྱ་བ་ནི་སྤྱོད་ཡུལ་དུ་གྱུར་པའོ། །གཟུགས་ལ་ སོགས་པ་ལས་ཞེས་བྱ་བ་ནི་ལྔའམ་དྲུག་ལས་སོ། །ཀུན་ནས་ཞེས་བྱ་བ་ནི་མདོག་དང་དབྱིབས་ལ་སོགས་པ་ཇི་ལྟར་སྲིད་པ་ཀུན་ནས་སོ། །འཛིན་པ་ཞེས་བྱ་བ་ནི་གཟུང་བྱའི་ཡུལ་འཛིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་སོ། །རང་བཞིན་གྱིས་ཞེས་བྱ་ བ་ནི་ངོ་བོ་ཉིད་ཀྱིས་ཏེ། དེ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་རོ། །དེ་དང་བྲལ་ཞིང་མཆོག་ཏུ་ཕྲ། །ཞེས་བྱ་བ་ནི་དབང་པོ་དང་ཡུལ་གཟུང་བ་དང་འཛིན་པའི་རང་བཞིན་དག་གིས་རྣམ་པར་དབེན་པ་སྟེ། ལྷན་ཅིག་སྐྱེས་པ་ཐོབ་པའི་དུས་སུ་དེ་ལྟ་བུའི་སྣང་བ་ཐོབ་པའི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་ གི་ངོ་བོའོ། །ཕྲ་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་རྣམས་ཀྱིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ཕྱིར་རོ། །བདེ་བ་ཀུན་གྱི་བདག་ཅེས་པ་ནི་བླ་ན་མེད་པའི་བདེ་བའི་བདག་ཉིད་དོ། །འཁྲུལ་པ་དང་མཆོག་མ་ཡིན་པ་དང་མངོན་དུ་མ་གྱུར་པ་ མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་ཏེ། ཐ་དད་པའི་སྣང་བ་མེད་པའི་ཕྱིར་རོ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ཚིག་བསྟན་ནས་བདེ་བ་དང་སྡུག་བསྔལ་ ལས་རྣམ་པར་གྲོལ་བའི་ཚིག་བརྗོད་པའི་ཕྱིར། བདེ་བ་སེམས་ནི་ཞི་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་ཉེ་བར་ཞི་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་གྱི་ཚིག་བཤད་པའི་ཕྱིར། སྡུག་བསྔལ་འཁོར་བའི་མཚན་ཉིད་དེས། །ཞེས་གསུངས་སོ། །ཕུང་པོ་ལྔ་དང་ ཁམས་དང་སྐྱེ་མཆེད་ཀྱི་སྣང་བའི་བདག་ཉིད་ཅན་ཏེ། འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཅན་ཞེས་བྱ་བའི་ཚིག་གིས་སོ། །དེ་ལས་རྣམ་པར་གྲོལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བའི་ངོ་བོའོ། །འཁོར་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ་ནི་བྲལ་བའོ། །འཇིགས་པ་མེད་ ཅེས་བྱ་བ་ནི་ཕྱོགས་གཅིག་གིས་འབྱུང་བའི་མཚན་ཉིད་ཀྱི་འཇིགས་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བཟང་པོར་འགྲོ། །ཞེས་གསུངས་སོ། །དེ་ཉིད་གསུངས་པ་ནི། མི་གནས་མྱ་ངན་འདས་པ་པོ། །ཞེས་བྱ་བ་སྟེ། ཤེས་རབ་ཀྱི་སྒོ་ནས་འཁོར་བ་ལ་གནས་ པ་མེད་པའི་ཕྱིར་རོ། །སྙིང་རྗེའི་སྒོ་ནས་ཀྱང་མྱ་ངན་ལས་འདས་པའི་ཡོན་ཏན་མ་དམིགས་པའི་ཕྱིར། ཟུང་དུ་འཇུག་པའི་རྣམ་པས་སོ། །ཇི་སྐད་དུ། ཤེས་པས་སྲིད་ལ་མི་གནས་དང་། །སྙིང་རྗེས་ཞི་ལ་མི་གནས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་དེ་ཉིད་ནི་རང་ཉིད་ཀྱིས་ཀྱང་གསུངས་ ཏེ། སྟོང་ཉིད་ཡེ་ཤེས་ཆེན་པོའི་བདག །ཅེས་བྱ་བ་ལ་སོགས་པ་སྟེ། ལྷའི་ང་རྒྱལ་བསྒོམས་པས་སམ། སྔགས་ལ་སོགས་པའི་རིམ་པ་བསྒོམས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱིས་ཡེ་ཤེས་ཆེན་པོའི་བདག་ཉིད་ཅན་ཉམས་སུ་མྱོང་བར་འབྲེལ་པའོ། །འཁོར་ བའི་ཞེས་བྱ་བ་ནི་འགྲོ་བ་དྲུག་གི་དབྱེ་བ་ཐ་དད་པའོ། །སྡུག་བསྔལ་མི་འབྱུང་ཞིང་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱེད་ཀྱང་དེའི་ལོག་པར་རྟོག་པ་རྣམས་ཀྱི་ངལ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐུགས་རྗེས་དབང་དུ་མཛད་པའི་ཕྱིར། །ཞེས་བྱ་བ་ནི་སྐྱེ་བ་མཐའ་ཡས་པར་གོམས་པར་བྱས་པས་སྙིང་རྗེ་ཆེན་ པོས་གཞན་དབང་དུ་གྱུར་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཞེས་བྱ་བ་ནི་རྣམ་རྟོག་ཉེ་བར་ཞི་བའི་རྣམ་པ་བདེ་བ་མི་བསྐྱེད་པ་སྟེ། ཞི་བའི་རོ་མི་མྱང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བདེ་བ་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་ཚིག་བསྟན་པ་བཤད་ནས། ཞི་བ་དང་གཉིས་མེད་ཀྱི་ཚིག་རྒྱས་པར་བཤད་ པ་བརྗོད་པའི་ཕྱིར། །ཞི་བ་ཉན་ཐོས་ཡེ་ཤེས་ཉིད། །ཅེས་བྱ་བ་གསུངས་ཏེ། ཕུང་པོ་ཉེ་བར་ཞི་བའི་མཚན་ཉིད་ཅན་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། ཕུང་པོའི་རྣམ་པར་རྟོག་པ་དང་ཉོན་མོངས་པ་དག་བྲལ་བའི་ཕྱིར་རོ། །གཉིས་མེད་ཚོགས་དང་བསེ་རུའོ། །ཞེས་བྱ་བ་ནི་རང་སངས་རྒྱས་ བསེ་རུ་ལྟར་སྤྱོད་པ་དང་ཚོགས་ན་སྤྱོད་པ་གཟུང་བའི་དོན་དང་བྲལ་བའི་ཕྱིར། གཉིས་སུ་མེད་པའོ། །དེ་དག་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཀྱིའོ། །བདེ་བ་དང་རྟོག་བྱེད་པའི་ཞེས་བྱ་བ་ནི་དེ་རབ་ཏུ་གྲགས་པའི་ཐབས་ལས་བྱུང་བའི་དབྱེ་བ་པོ་དེ་སྤངས་པའི་མཚན་ ཉིད་ཅན་གྱི་ཕྱིར་རོ། །དེ་དང་བྲལ་བའི་བདེ་བ་ཆེན་པོ་ཞེས་བྱ་བ་ནི་འདི་ནི་བདེ་བ་ཆེན་པོའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་བཤད་པའི་ཕྱིར། འདི་དགའ་བ་གཉིས་ཀྱི་དུས་ཞེས་གསུངས་ཏེ། ཉན་ཐོས་ཡེ་ཤེས་ཞེས་བྱ་བ་ནི་ཟག་པའི་དོན་གྱིས་སོ། །དགའ་བ་གཉིས་ཀྱི་དུས་ནི་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། ། གང་ཞིག་གནས་སྐབས་དེ་ལ་མགོ་བོའི་འཁོར་ལོ་ནས་ལུས་ཐམས་ཅད་ཀྱི་མཐར་ཐུག་པར་ཟག་པ་སྐྱེད་པར་བྱེད་པའོ། །དེ་མཐར་ཞེས་བྱ་བ་ནི་དགའ་བ་གཉིས་ཀྱི་མཐར་རོ། །དགའ་བྲལ་བ་ཞེས་བྱ་བ་ནི་ཆགས་བྲལ་ངོ་བོའོ། །རང་རྒྱལ་མྱ་ངན་འདས་པ་དང་། །ཞེས་བྱ་བས་ནི། རང་རྒྱལ་མྱ་ངན་ ལས་འདས་པ། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱོགས་གཅིག་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །རང་རྒྱལ་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་མྱ་ངན་ལས་འདས་པ་ནི་ཉེ་བར་ཞི་བ་འཇིག་པའི་སྙམ་དུ་དགོངས་ནས་སུ། དེ་ལྟ་བུར་གྱུར་པའི་ཞི་བ་ནི་ཉན་ཐོས་ཀྱི་ཡེ་ཤེས་སོ། །གཉིས་སུ་མེད་པའི་ཡེ་ ཤེས་ནི། རང་སངས་རྒྱས་ཀྱི་ཡེ་ཤེས་སོ། །བདེ་བར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཁྱད་པར་དུ་འབྱེད་པར་བྱེད་པ་ནི་ལོག་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞི་བ་དང་གཉིས་སུ་མེད་པའི་ཚིག་བསྟན་ནས། དངོས་པོ་མེད་པའི་ངོ་བོ་ཉིད་བདག་གིས་ཚིག་རྒྱས་ པར་བཤད་པ་བསྟན་པའི་ཕྱིར། དངོས་པོ་བདེན་པ་ཞེས་བྱ་བ་གསུངས་ཏེ། དངོས་པོ་ནི་ཡོད་པར་འགྱུར་བ་ཉིད་དང་། ཡོད་པ་ཉིད་དང་། རྟག་ཏུ་ཡོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །བྱང་ཆུབ་སེམས་ཀྱང་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ངོ་བོའོ། །འཛིན་པར་བྱེད་ ཅེས་བྱ་བ་ནི། རྡོ་རྗེ་རྩེ་མོར་རླུང་གི་སྟོབས། །ཞེས་བྱ་བའི་དོན་ཏོ། །རྩ་རྣམས་ཀུན་ལ་བདེ་བ་དང་། །ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་བདེ་བ་ཆེན་པོའི་རྩ་དེ་ཉེ་བར་བསྡུས་པའི་རྣམ་པའི་རྡོ་རྗེ་ལ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་དེ་ལ་གནས་ པའི་རྩ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ཡི་ངོ་བོ་བདག་ཉིད་ནི། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ངོ་བོའོ། །དེ་ཉིད་ནི་ཞེས་བྱ་བ་ནི་ཁམས་ཉམས་སུ་མྱོང་བའི་ངོ་བོའོ། །བདེ་བ་ཆེན་པོ་ཞེས་ནི་བརྗོད། །ཅེས་བྱ་བ་ནི། དེ་ཡི་ངོ་བོའི་སྒྲས་བརྗོད་པ། །ཞེས་ བྱ་བའི་དོན་ཏོ། །འདིས་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་བསྟན་པ་གསུངས་སོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྒྱས་པར་བཤད་པ་བསྟན་ནས། དེའི་ཐབས་བརྗོད་པའི་ཕྱིར། རྣལ་འབྱོར་གཅིག་པུས་དེ་ཉིད་ནི། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དང་། ཐབས་དང་ཤེས་རབ་ ཀྱི་བདག་ཉིད་ཅན་གྱིས་སོ། །རྟོག་ཞེས་བྱ་བ་ནི་ཡུལ་ལོ། །རྟོག་པའི་བདག་ཉིད་རྣམ་རྟོག་མིན། །ཞེས་བྱ་བ་ནི་རྟོག་པ་ཉེ་བར་ཞི་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེའི་ཐབས་བསྟན་ནས། བཅོས་མའི་བསྒོམ་པ་མི་དགོས་པ་བརྗོད་པའི་ཕྱིར་དེའི་ཡན་ལག་གི་ངོ་བོ་ནི། བསྙེན་གནས་བཟླས་པ་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་གནས་ཀྱི་སྡོམ་པའི་ངོ་བོའི་བཟླས་པ་ཞེས་བྱ་བ་ནི་དམ་ཚིག་བཟླས་པ་ལ་སོགས་པའོ། །སྦྱིན་སྲེག་མིན་ཞེས་བྱ་བ་ནི་དམ་ཚིག་གི་མེའི་ཞལ་དུ་ཡེ་ཤེས་ཀྱི་མེ་ལྷ་ཚིམ་པར་བྱ་བའོ། །བསམ་གཏན་མ་ཡིན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་བསྒོམ་པས་སམ། བྲིས་སྐུ་ལ་སོགས་པ་ལ་དེ་བཅོམ་ལྡན་འདས་ཀྱི་གཟུགས་བསྒོམ་པའོ། །བྱ་བ་མ་ཡིན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱིས་སོ། །ཕྲེང་བ་མིན་ཞེས་བྱ་བ་ནི་མི་རུས་ལ་སོགས་པའི་འོ། །བསྐྱེད་པ་ཡི་ནི་བསྒོམ་པས་མིན། །ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་ པས་ལྷའི་རྣམ་པ་བསྒོམ་པའོ། །བདེ་བ་ཆེན་པོའི་གོ་འཕང་ཐོབ་པ་ལ་ཕྱི་རོལ་པ་འདི་རྣམས་མི་དགོས་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། བླ་ན་མེད་པའི་དབང་ཐོབ་པ་སྔོན་དུ་འགྲོ་བས་དེ་ཐོབ་པར་བྱ་བ་ཉིད་བསྟན་པའི་ཕྱིར། ཅུང་ཟད་ཞི་བའི་དབང་བསྐུར་གྱིས། །ཞེས་བྱ་བ་གསུངས་ཏེ། ཞི་བའི་ དབང་བསྐུར་གསུམ་པའི་དབང་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བས་སོ། །བླ་མའི་ཞལ་ནས་ཞེས་བྱ་བ་ནི་སྟོན་པ་ཉམས་སུ་མྱོང་བར་བྱེད་པ་ལས་སོ། །རྙེད་ཅེས་བྱ་བ་ནི་འཐོབ་པའོ། །ཉམས་སུ་མྱོང་བའི་རིམ་པ་དང་། གདམས་ངག་གི་རིམ་པས་རིམ་པ་ཇི་ལྟ་བ་བཞིན་དུའོ། །རྣལ་འབྱོར་མ་ ཞལ་ཀུན་སྤྱོད་ནི། །ཞེས་བྱ་བ་ནི་ཞིང་ལ་སོགས་པ་ལས་སྐྱེས་པ་རྣལ་འབྱོར་མའི་གདམས་པ་ལས་སོ། །རྣལ་འབྱོར་མ་ཞལ་ཀུན་སྤྱོད་ནི། །ཞལ་ནས་ཞལ་དུ་ཐོབ་པའི་ཕྱིར་རོ། །མཆོག་གི་ཡེ་ཤེས་བདེ་བ་ཆེ། །ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་སོ། །བདེ་བ་ཆེ་ཞེས་བྱ་བ་ནི། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་རྣམ་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཅུ་ གསུམ་པས་བདེ་བ་ཆེན་པོའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་ནས། ད་ནི་སྐབས་སུ་བབ་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་ཡུལ་ལ་དྲི་བའི་ལན་བཏབ་པ་བརྗོད་པར་འདོད་ནས་ལེའུ་བཅུ་བཞི་པ་ཉེ་བར་སྟོན་ཅིང་དེ་རྩོམ་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་གསུམ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་ནས་སོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཞེས་བྱ་བ་ནི་རྡོ་རྗེ་པདྨ་མཉམ་སྦྱོར་བ་འཆད་པར་འགྱུར་བའི་མཚན་ཉིད་ཅན་བཤད་ཀྱིས་ཞེས་བྱ་བ་དང་འབྲེལ་ཏོ། ། དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་རྡོ་རྗེ་པདྨ་སྦྱོར་བ་གང་གིས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་བྱས་ནས་སོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའམ། འོད་གསལ་གྱི་ངོ་བོའོ། །ཚེ་ འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལའོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་བསྒོམ་པའོ། །དེ་ལྟར་དེ་རྩོམ་པ་བསྟན་ནས་དངོས་གྲུབ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བཤད་པའི་ཕྱིར། དེའི་ཡན་ལག་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་དང་པདྨ་ མཉམ་པར་སྦྱོར་བ་བཤད་པ་ནི། མི་ཕྱེད་རྡོ་རྗེ་ཞེས་ནི་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད་དེ། །གཞན་སྦྱོར་བར་བྱེད་པའི་ཕྱིར་དང་། མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་རླུང་དུ་ཡོངས་སུ་གྲགས། །ཞེས་བྱ་བ་ནི་རྣམ་པ་གཉིས་སུ་ཡོངས་སུ་གྲགས་ཏེ། དོན་དམ་ པ་དང་ཀུན་རྫོབ་ཀྱི་དབྱེ་བས་སོ། །དེ་ལ་དོན་དམ་པ་ནི་སྟོང་པ་ཉིད་ཀྱི་རྡོ་རྗེའོ། །ཀུན་རྫོབ་ནི་ཐབས་ཀྱི་ཡན་ལག་གི་རྣམ་པའོ། །ཡི་གེ་ཨ་ནི་ཕྱེ་བ་ཡིས། །ཞེས་བྱ་བ་ནི་དོན་དམ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པའི་རྡོ་རྗེའོ། །ཨ་ཡིག་ནི་སྤྲུལ་པའི་འཁོར་ལོ་ན་གནས་པའི་དབྱེ་བས་ཕྱི་དང་ནང་གི་བདག་ཉིད་ཅན་ཐབས་ དང་ཤེས་རབ་སྙོམས་པར་ཞུགས་པའི་མཚན་ཉིད་ཅན་གྱི་ཐབས་ལ་བརྟེན་ནས། དེའི་དབྱུག་པ་བཅག་པས་སོ། །རྟོགས་ཞེས་བྱ་བ་ནི་དེའི་སྤྱོད་ཡུལ་ལོ། །རྣལ་འབྱོར་མཆོག་གི་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་བསྒོམ་པ་པོ་རྣམས་ཀྱིས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །འདིས་ནི་རྡོ་རྗེ་ ཚིག་བཤད་ནས། པདྨའི་ཚིག་བཤད་པའི་དོན་དུ་དེ་རྟེན་ཞེས་བྱ་བ་ནི་སྟོང་པ་ཉིད་རང་བཞིན་རྡོ་རྗེ་དེའིའོ། །རྟེན་ཞེས་བྱ་བ་ནི་གནས་པའོ། །སྙིང་གའི་པདྨའི་ཞེས་བྱ་བ་ནི་སེམས་ཀྱི་གནས་ཏེ། སྟོང་པ་ཉིད་ནི་སེམས་ཀྱི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི། དེའི་ དབྱིབས་ཉིད་ཀྱི་ཕྱིར་རོ། །མིང་གཞན་གསུངས་པ་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་སྟེ། ཆོས་ཀྱི་འཁོར་ལོ་ནི་སྙིང་གའི་པདྨའོ། །བསྐལ་པ་བཟང་ཞེས་བྱ་བ་ནི་བསྐལ་པ་བཟང་བའི་ཕུང་པོ་དང་། སྐྱེ་མཆེད་ཀྱི་ས་བོན་རྣམས་ཡོད་པར་གྱུར་པའི་ཕྱིར་རོ། །ཐམས་ཅད་བདག་ཉིད་དུ་བཞུགས་ཞེས་བྱ་བ་ནི་ལུས་ ཐམས་ཅད་ལ་གནས་པའོ། །དེ་ལྟར་རྟེན་གྱི་ངོ་བོ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བརྗོད་པས་སོ། །རྟེན་པའི་ངོ་བོ་བཤད་པའི་ཕྱིར་སྤྱོད་པ་བརྗོད་པ་ནི་དེའི་འདབ་མ་ལ་སྐྱེས་པ་ཞེས་བྱ་བ་གསུངས་ཏེ། དེའི་ཆོས་ཀྱི་འཁོར་ལོའི་འདབ་མ་རྣམས་ལ་རྣམ་ཤེས་བརྒྱད་དུ་འགྱུར་རོ། །འཇུག་པའི་རྣམ་པར་ཤེས་པ་ དང་། ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ཅན་གྱིས་བརྒྱད་དོ། །ཀུན་རྫོབ་བོ་ཞེས་བྱ་བ་ནི་འཇིག་རྟེན་པ་ལ་སྣང་བཞིན་པའོ། །འབྱུང་ཞེས་བྱ་བ་ནི་ཡོད་པའོ། །འགྲོ་བ་གསུམ་དུ་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ ཅན་ནོ། །རྣམ་པར་སྤྱོད་ཅེས་བྱ་བ་ནི་ཡུལ་ལ་འཛིན་པའི་མཚན་ཉིད་ཅན་ནོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར། མིག་ལ་སོགས་པ་ཡང་དག་རྟེན། །ཞེས་བྱ་བ་གསུངས་ཏེ། དབང་པོ་དྲུག་པོའོ། །དེ་དག་འཇོམས་པ་རླུང་རྡོ་རྗེ། །ཞེས་བྱ་བ་ནི་དེ་དག་ནི་སྙིང་གའི་པདྨར་གནས་པའི་རྣམ་པར་ཤེས་པའི་ངོ་ བོའོ། །འཇོམས་ཞེས་བྱ་བ་ནི་མི་སྣང་བར་བྱེད་པའོ། །རླུང་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་བཞོན་པར་འགྱུར་བའམ། ལས་ཀྱི་རླུང་གི་སྟོབས་ཀྱིས་སྐྱེས་པ་སྟེ། ཡེ་ཤེས་ཀྱི་མེ་སྐྱེས་ནས་ཞེས་བྱ་བ་ནི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་བགེགས་མཐར་བྱེད་པ་ཞེས་པ་ནི་བརྗོད་ཅེས་གསུངས་ཏེ། བགེགས་རྣམས་ནི་རྣམ་པར་གཡེངས་པར་བྱེད་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམས་སོ། །མཐར་བྱེད་པ་ནི་ཟློག་པར་བྱེད་པ་སྟེ། བདུད་རྩི་འཁྱིལ་པའི་ངོ་བོ་ཁྲོ་བོའི་གཟུགས་དང་འདྲ་བའོ། །རྣམ་ཤེས་རྣམས་ཀྱང་ཞེས་བྱ་བ་ནི་གསུངས་མ་ཐག་པའི་རྣམ་ཤེས་གང་དེའོ། །དེ་ལ་ཞེས་བྱ་བ་ནི་ ཆོས་ཀྱི་འཁོར་ལོའི་འདབ་མ་རྣམས་ལའོ། །འཇིག་རྟེན་སྐྱོང་བ་རྣམས་སུ་བརྗོད། །ཅེས་བྱ་བ་ནི་དབང་པོ་ལ་སོགས་པའོ། །ཡང་ན་འཇིག་རྟེན་ནི་གཟུགས་ལ་སོགས་པ་འཛིན་པ་ལ་སོགས་པ་སྐྱོང་བར་བྱེད་པས་ཡོངས་སུ་གཅོད་པར་བྱེད་པས་ན་འཇིག་རྟེན་སྐྱོང་བའོ། །འཇིག་རྟེན་གསུམ་དུ་ཀུན་ ནས་ཁྱབ། །ཅེས་བྱ་བ་ནི་མཐོ་རིས་དང་། ས་སྟེང་དང་། ས་འོག་གི་མཚན་ཉིད་ཅན་གྱི་རང་གི་ལུས་སམ་འདོད་པ་ལ་སོགས་པའི་ཁམས་ཀྱི་བདེ་བས་སོ། །ཀུན་ནས་ཁྱབ་པ་ནི་རྟེན་ནས་སོ། །གནས་ཞེས་བྱ་བ་ནི་བཞུགས་པའོ། །ལྷ་རྣམས་ཞེས་བྱ་བ་ནི་ལྷ་རྣམས་གང་ལ་འགྲོ་བ་ཡོད་པ་དེ་ནི་ལྷ་རྣམས་འགྲོ་ བ་སྟེ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྐྱོང་བ་ཡང་ནི་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་སོ། །ཡུལ་ལ་སོགས་པའི་འབྲས་བུ་དང་། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་སོགས་པ་འཛིན་པའི་ མཚན་ཉིད་ཅན་འབྲས་བུ་དང་བཅས་པའི་འཇིག་རྟེན་སྐྱོང་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱད་པའོ། །རླུང་གི་ཡང་དག་སྦྱོར་ཞེས་བྱ་བ་ནི་རླུང་དང་འབྲེལ་པའི་སྣང་བར་བྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་པདྨ་ཞེས་བྱར་བརྗོད། །ཅེས་བྱ་བ་ནི་དེ་མ་ཐག་པར་བཤད་པ་ཉིད་ཀྱི་ཕྱིར་ རོ། །འདིས་ནི་རྟེན་གྱི་ངོ་བོ་དེའི་བཤད་པ་གསུངས་སོ། །ད་ནི་ཟུང་དུ་འཇུག་པའི་ངོ་བོ་དེའི་བཤད་པ་གསུངས་པ་ནི། རྡོ་རྗེ་སྙིང་རྗེར་ཤེས་པར་བྱ་བ་སྟེ། རྡོ་རྗེ་བཞིན་དུ་སེམས་ཅན་དང་ཆོས་དང་དམིགས་པ་མེད་པའི་དབྱེ་བས་དུས་ནམ་གྱི་ཚེ་སེམས་ཅན་གྱི་དོན་བྱེད་པ་ལས་མི་ལྡོག་པའི་ཕྱིར་ རོ། །པདྨ་ཡང་ནི་སྟོང་པ་ཉིད། །ཅེས་བྱ་བ་ནི་པདྨ་ལྟར་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་མ་གོས་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་སྙིང་རྗེ་དང་སྟོང་པ་ཉིད་དོ། །སྦྱོར་བ་ཞེས་བྱ་བ་ནི་ཐ་མི་དད་པར་བསྒྲུབ་པའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་ངོ་བོའོ། །ཤེས་ཞེས་བྱ་བ་ནི་ རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟུང་དུ་འཇུག་པའི་ངོ་བོ་དེའི་བཤད་པ་བརྗོད་ནས། རྗེས་སུ་ཆགས་པའི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་བསྟན་པའི་ཕྱིར། རྡོ་རྗེ་ཉི་མ་ཞེས་ནི་གསུངས། །ཞེས་བྱ་བ་སྟེ། ཉི་མའི་ངོ་བོ་ཐབས་ཀྱི་རྡོ་རྗེའོ། །ཁྱད་པར་གྱི་སྒོ་ ནས་གཏན་ཚིགས་བསྟན་པ་ནི། འོད་ཟེར་ཚོགས་ཀྱི་བདག་ཉིད་ཅན། །ཞེས་གསུངས་ཏེ། འོད་ཟེར་ཁ་དོག་ལྔ་པ་སྤྲོ་བའི་བདག་ཉིད་ཅན་གྱི་ཕྱིར་རོ། །དེ་རྣམས་ཀྱི་ཞེས་བྱ་བ་ནི་འོད་ཟེར་དེ་རྣམས་ཀྱིའོ། །དབྱེ་བ་ཞེས་བྱ་བ་ནི་རབ་ཏུ་སད་པའོ། །གང་ཞེས་བྱ་བ་ནི་པདྨའོ། །དེ་ནི་པདྨ་ཞེས་བྱ་བ་ནི་ པདྨའོ། །བརྗོད་ཅེས་བྱ་བ་ནི་བཤད་ཅེས་བྱ་བའི་དོན་ཏོ། །དེ་ནི་རྣལ་འབྱོར་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་དག་གིའོ། །སྦྱོར་བ་ཞེས་བྱ་བ་ནི་འབྲེལ་པའི་མཚན་ཉིད་ཅན་ནོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་སྟེ། སོ་སོའི་སྐྱེ་བོ་ཡང་དག་པར་སྦྱོར་བའི་མཚན་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་པདྨ་མཉམ་སྦྱོར་ཤེས། །ཞེས་བྱ་བ་ནི་ རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ཤེས་པར་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བཤད་ནས། རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བཤད་པའི་ཕྱིར། དེའི་ཡན་ལག་རྟེན་ དང་རྟེན་ཅན་གྱི་ངོ་བོ་ཉིད་ཀྱིས་དེ་བཤད་པའི་ཕྱིར། གསུངས་པ། བྱང་ཆུབ་སེམས་ནི་རྡོ་རྗེར་འགྱུར། །ཞེས་བྱ་བ་སྟེ། ཀུན་རྫོབ་ཀྱི་རྣམ་པའི་སྟེ། རྡོ་རྗེའི་ལམ་ནས་དེ་འཇུག་པའི་ཕྱིར་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བདེ་ཆེན་འཁོར་ལོ་པདྨའོ། །ཞེས་བྱ་བ་ནི་མགོ་བོར་ གནས་པའི་བདེ་བ་ཆེན་པོའི་འཁོར་ལོ་པདྨའི་དབྱིབས་དང་འདྲ་བའི་ཕྱིར་རོ། །དེ་ལ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་མཚན་ཉིད་ཅན་གྱི་པདྨ་ལའོ། །དེའི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པའི་བྱང་ཆུབ་སེམས་དཔའོ། །སྦྱོར་བ་གང་ཞེས་བྱ་བ་ནི་འབྲེལ་པ་གང་ཞིག་ངོ་བོ་ཉིད་དང་རླུང་གཟུང་བའི་སྟོབས་ཀྱིས་ སམ་གྱེན་དུ་རྒྱུ་བའི་རིམ་པའི་མཚན་ཉིད་ཅན་ནོ། །རྨད་དུ་བྱུང་ཞེས་བྱ་བ་ནི་ཕྱིར་མ་སྤྲོས་པས་རྒས་པ་དང་འཆི་བ་མེད་པ་བསྒྲུབ་པ་ཉིད་ཀྱིས་ངོ་མཚར་བསྐྱེད་པ་པོའོ། །དེ་ལྟར་རྟེན་དང་བརྟེན་པ་ཅན་གྱི་ངོ་བོ་བཤད་པ་བསྟན་ནས་བླ་མ་དང་སློབ་མའི་ངོ་བོ་ཉིད་ཀྱི་བཤད་པ་ནི་བླ་མའི་གསུང་ནི་ཞེས་བྱ་བ་གསུངས་ ཏེ། རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་བླ་མ་མཆོག་གི་ངག་གིས་སངས་རྒྱས་ཉིད་ཐོབ་པའི་རྒྱུར་གྱུར་པ་རིམ་པ་གཉིས་སྟོན་པར་བྱེད་པའི་ཚིག་གོ། །དེ་ནི་རྡོ་རྗེ་བརྗོད་ཅེས་བྱ་བ་བརྗོད་དེ། འགོ་བར་མི་བྱ་བ་ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སློབ་ མ་ཞེས་པ་ནི། དེ་བཞིན་དུ་རྒྱུད་དུ་གསུངས་པའི་མཚན་ཉིད་ཅན་དབང་བསྐུར་བ་ཐོབ་པའོ། །སྣོད་ཅེས་བྱ་བ་ནི་སྣོད་དུ་གྱུར་པའི་རྣ་བའི་དབང་པོ་སྟེ། གང་གིས་བླ་མའི་ངག་དེ་ཉིད་ཐོབ་པའོ། །པདྨ་དེའི་ཞེས་བྱ་བ་ནི་བླ་མའི་གསུང་ཐོས་པས་སློབ་མའི་སྙིང་གི་པདྨ་ཁ་འབྱེད་པའོ། །དེའི་ཞེས་བྱ་བ་ནི་བླ་ མའི་གསུང་ངོ་། །གནས་དེ་ལ་ཞེས་བྱ་བ་ནི་སློབ་མའི་རྣ་བའི་དབང་པོ་ལ་གནས་པའོ། །དེའི་སྦྱོར་བ་ཞེས་བྱ་བ་ནི་དེའི་འབྲེལ་པའི་མཚན་ཉིད་ཅན་ལའོ། །མཆོག་རྨད་འབྱུང་ཞེས་བྱ་བ་ནི་བླ་མའི་གསུང་གི་སྟོབས་ཀྱིས་སློབ་མས་མཆོག་ཏུ་ངོ་མཚར་བའི་ངོ་བོ་ཕྱག་རྒྱ་ཆེན་པོ་ཐོབ་པས་སོ། །གསལ་ཞེས་ བྱ་བ་ནི་གསལ་བར་བྱེད་པའོ། །དེ་ལྟར་བླ་མ་དང་སློབ་མའི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་བསྟན་ནས། བསམ་གཏན་གྱི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་བསྟན་པའི་ཕྱིར་ཞི་གནས་པདྨ་ཞེས་གསུངས་ཏེ། རིམ་པ་གཉིས་ཀྱི་ངོ་བོ་ཉིད་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །པདྨ་ལྟར་འདོད་ཆགས་ ལ་སོགས་པ་རྣམས་ཀྱིས་མ་གོས་པའི་ཕྱིར་རོ། །དེ་ལས་ལྷག་མཐོང་རྡོ་རྗེ་ལ། །ཞེས་བྱ་བ་ནི་བསམ་གཏན་དེ་ཉིད་ལ་སྤྱོད་པ་སྟེ། །ཟུང་དུ་འཇུག་པས་རྒྱུ་བ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དེ་ལ་མ་མྱངས་པ་ཉིད་ཀྱིས་སྙམ་དུ་དགོངས་པའོ། །དེ་ཉིད་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་དག་གོ །དེ་གཉིས་གཅིག་ གྱུར་རྣལ་འབྱོར་ནི། །ཞེས་བྱ་བ་ནི་རང་གི་ངང་གིས་རྒྱུ་བའོ། །སྒོམ་པ་ཡིས་ནི་དེ་ཉིད་མཐོང་། །ཞེས་བྱ་བ་ནི་སྒོམ་པ་ནི་དེ་མ་ཐག་པར་གསུངས་པའི་ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཅན་གྱིས་དེ་ཉིད་ལ་ལུས་དང་ངག་དང་ཡིད་དང་ཡེ་ཤེས་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་མཐོང་བ་ནི་ཐོབ་པ་ཞེས་ བྱ་བའི་དོན་ཏོ། །དེ་ལྟར་བསམ་གཏན་གྱི་ངོ་བོ་བཤད་པ་བསྟན་ནས། ཁྱད་པར་དུ་འཕགས་པའི་བླ་མ་དང་། སློབ་མའི་ངོ་བོ་ཉིད་ཀྱིས་བཤད་པའི་དོན་དུ། རྣལ་འབྱོར་མ་ཞལ་པདྨར་གནས། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་མ་ནི་གནས་ལ་སོགས་པ་ལས་སྐྱེས་པའོ། །ཞལ་གྱི་པདྨ་ནི་གདོང་གི་པདྨ་ ལའོ། །དེ་ཉིད་གནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་ཚིག་གདམས་ངག་གི་མཚན་ཉིད་ཅན་ནི་རྡོ་རྗེ་ཞེས་བརྗོད་པར་བྱ་སྟེ། འགོད་པར་བྱ་བ་མ་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་གོ་འཕང་གི་རྒྱུར་གྱུར་པའི་ ཕྱིར་རོ། །པདྨ་སློབ་མ་བཟང་གི་ཁ། །ཞེས་བྱ་བ་ནི་སློབ་མ་དམ་པ་དང་ས་དང་སྙིང་རྗེ་དང་ཤེས་རབ་ལ་སོགས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཞལ་ནི་གདོང་ངོ་། །མན་ངག་གི་དོན་ཞེས་བྱ་བ་ནི་རྣལ་འབྱོར་མའི་མཚན་ཉིད་ཅན་གྱི་བླ་མ་དང་འབྲེལ་པ་ཅན་ནོ། །སྣོད་ཅེས་བྱ་བ་ནི་སྣོད་དུ་གྱུར་པ་སྟེ། པདྨ་ལྟར་ དགའ་བར་བྱ་བ་ཉིད་ཀྱི་ཕྱིར་རྙོག་པ་དང་བྲལ་བའོ། །སྣོད་ཀྱི་སྐྱོན་རྣམ་པ་གསུམ་དང་བྲལ་བ་སྟེ། སྣོད་ནས་སྣོད་དུ་བྱོ་བའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ཞེས་བྱ་བ་ནི་བླ་མ་དང་སློབ་མ་དག་གོ། །རྣལ་འབྱོར་ཀུན་བདག་ཉིད་ཅེས་བྱ་བ་ནི་ལྷག་མ་མ་ལུས་པར་བྱས་ནས་སོ། །ཡང་དག་དེ་ཉིད་ དོན་མཐོང་བྱེད། །ཅེས་བྱ་བ་ནི་ཉམས་སུ་མྱོང་བར་བྱེད་པའི་བླ་མའི་དྲིན་གྱིས་རང་གི་རིག་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལ་སྙོམས་པར་འཇུག་པ་བཤད་ནས་གཉིས་ ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བར་བྱེད་པར་འདོད་པས་དེའི་ཡན་ལག་ཏུ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་བཤད་པ་ནི། བློ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་ཅན་གྱི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་ལའོ། །རྣམ་རྟོག་བྲལ་བའི་ཞེས་བྱ་བ་ ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །རྡོ་རྗེ་ཞེས་བྱ་བ་ནི་ཐབས་ཀྱི་ཡན་ལག་གི་རྣམ་པའོ། །ལིངྒ་ཞེས་ནི་བཤད་ཅེས་བྱ་བ་ནི་ལིངྒ་ནི་འགྲོ་བའི་དོན་ཏོ་ཞེས་བྱ་བ་བྱེད་པའི་ཁམས་ཀྱིས་སོ། །བློ་ལྡན་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པའི་སྣོད་དུ་གྱུར་པ་ལའོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུའོ། །བྷ་ག་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་བཅོམ་པ་ཉིད་ཀྱིས་སོ། །པདྨ་ཞེས་བྱ་བ་ནི་དེའི་ནང་དུ་པདྨའི་དབྱིབས་དང་ལྡན་པའི་ཕྱིར་རོ། །དམ་ཚིག་གཟུང་བའི་རྣལ་འབྱོར་མ། །ཞེས་བྱ་བ་ནི་དམ་ཚིག་གི་དོན་དུ་འཛིན་པ་ནི་གཟུང་བའོ། །དེ་གཉིས་ནི་ ཐབས་དང་ཤེས་རབ་ཀྱི་མཚན་ཉིད་ཅན་ནོ། །དངོས་གཅིག་ཡང་དག་སྦྱོར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་དང་འབྲེལ་པའོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་པས་སོ། །གཉིས་མེད་ཡེ་ཤེས་ཆེ་ཞེས་བྱ་བ་ནི་དོན་མཐོང་བར་བྱེད་པའོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་ངོ་བོ་རྡོ་རྗེ་དང་པདྨ་མཉམ་ པར་སྦྱོར་བ་བཤད་ནས། རྩ་དང་ཁམས་ཀྱི་ངོ་བོ་ཉིད་ཀྱིས་དེ་བཤད་པའི་ཕྱིར་རོ། །སྟོང་ཕྲག་གཉིས་དང་བདུན་ཅུ་ཡི། །ཞེས་བྱ་བ་གསུངས་ཏེ། རང་གི་ལུས་སམ་གཞན་གྱི་ལུས་ལའོ། །རྡོ་རྗེ་ཞེས་ནི་བརྗོད་ཅེས་བྱ་བ་ནི་ཐབས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་ནི་འབབ་པའི་རྩ། །ཞེས་བྱ་བ་ནི་ལ་ ལ་ནཱའི་ངོ་བོའོ། །པདྨ་ཞེས་ནི་ཡོངས་སུ་གྲགས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ནི་པདྨར་སྤྲོས་པའི་ཕྱིར་རོ། །ཡང་ན་རྩ་དེ་ཉིད་ནི་པདྨ་སྟེ། བྱང་ཆུབ་སེམས་དང་སྦྱོར་བ་ལ་ཡང་འདོད་ཆགས་ཀྱི་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བའི་རྩ་ལའོ། །དེ་རྣམས་ཞེས་བྱ་བ་ ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩའི་གྲངས་སོ། །ཀུན་དུ་སྦྱོར་བ་ཞེས་བྱ་བ་ནི་དེ་དང་འབྲེལ་པའོ། །དགའ་བ་སྐྱེད་པར་བྱེད་པའི་རྒྱུ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་ཐབས་ཤེས་རབ་ལ་སྙོམས་པར་འཇུག་པ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩ་དང་ཁམས་ཀྱི་ངོ་བོ་ཉིད་ཀྱི་བཤད་པ་བསྟན་ ནས། རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་ནི། རྡོ་རྗེ་ཡི་ཡང་ཉམས་དགའི་སྟན། །ཞེས་གསུངས་ཏེ། ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པའི་གནས་ཀྱི་རྡོ་རྗེ་གདན་ལའོ། །རིམ་པ་འདིས་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་རྡོ་རྗེའི་གདན་ནོ། །ཉམས་དགའི་ཞེས་བྱ་བ་ནི་ཕིགས་པར་དཀའ་ བ་ཉིད་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་སོ། །རང་ཉིད་རྡོ་རྗེ་པདྨ་འཆང་། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །རང་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཉིད་ཀྱི་པདྨ་ཞེས་བརྗོད་པར་བྱ་སྟེ། ཕྱི་རོལ་གྱི་པདྨ་ལྟར་བྱམས་པ་བསྒོམས་པས་བདུད་ལ་སོགས་པ་བཅོམ་ པ་ཉིད་ཀྱི་ཕྱིར་དང་། དེ་ལས་གཞན་ལ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་མ་གོས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་གདན་དེ་ལའོ། །དེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་སོ། །མཉམ་སྦྱོར་བ་ཞེས་བྱ་བ་ནི་འབྲེལ་པའོ། །སངས་རྒྱས་ཡེ་ཤེས་གོ་འཕང་གསལ། །ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བ་ དང་རང་བཞིན་གྱིས་འོད་གསལ་བའི་ངོ་བོའོ། །གསལ་ཞེས་བྱ་བ་ནི་བསྒོམ་པར་འགྱུར་བ་ཉིད་ཀྱིས་གསལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་བསྟན་ནས། དབང་བསྐུར་བ་དང་། དབང་བསྐུར་བར་བྱ་བ་ཉིད་ཀྱིས་དེ་བཤད་པ་ནི། དབང་བསྐུར་མཆོག་ནི་རྡོ་རྗེ་སྟེ། །ཞེས་བྱ་བ་ གསུངས་ཏེ། དྲི་མ་མཐའ་དག་འཁྲུ་བར་བྱེད་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །མཆོག་ནི་ཕྱི་རོལ་གྱི་མཚན་ཉིད་དང་བྲལ་བ་ཉིད་ཀྱིས་མཆོག་ཉིད་ཀྱི་ཕྱིར་མཆོག་གོ། །དེ་ཉིད་ནི་རྡོ་རྗེ་ཞེས་བརྗོད་དེ་རྡོ་རྗེ་བཞིན་དུ་མི་མཐུན་པའི་ཕྱོགས་འབྱེད་པར་བྱེད་པའི་ཕྱིར་རོ། །པདྨ་སློབ་མ་དབང་བསྐུར་བར་བྱ་སྟེ། པདྨ་ལྟར་ འདུས་བྱ་བ་ཉིད་ཀྱི་ཕྱིར་རོ། །སྣོད་བཟང་པོ་ཞེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་འཛིན་པའི་ཕྱིར་རོ། །དེ་གཉིས་མཆོག་ཏུ་ཡང་དག་སྦྱོར། །ཞེས་བྱ་བ་ནི་དབང་བསྐུར་བར་བྱ་བ་དང་དབང་བསྐུར་བར་བྱེད་པ་དག་ལའོ། །མཆོག་ཏུ་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི། མཆོག་ཏུ་ཡང་དག་པར་འབྲེལ་པ་སྟེ། སྦྱང་བྱ་དང་ སྦྱོང་བྱེད་གཉིས་ཀྱིས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་རྟོག་པའི་མཚན་ཉིད་ཅན་རང་བཞིན་གྱིས་འོད་གསལ་བ་ལའོ། །རྒྱུ་ནི་རྒྱུའོ། །དེ་ལྟར་དབང་བསྐུར་བར་བྱ་བ་དང་སྐུར་བར་བྱེད་པ་དེའི་བཤད་པ་བརྗོད་ནས། ཨེ་བཾ་རྣམ་པའི་ངོ་ བོས་དེ་བཤད་པ་ནི། ཨེ་ནི་པདྨ་ཞེས་གསུངས་ཏེ། །ཞེས་བྱ་བ་ནི་ལྷ་མོའི་ཆུ་སྐྱེས་ལ་ཨེ་ཡིག་གི་རྣམ་པའི་དབྱིབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་བཾ་ནི་རྡོ་རྗེ་ཉིད། །ཅེས་བྱ་བ་ནི་རྡོ་རྗེའི་དང་པོ་ས་བོན་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་དེ་ཉིད་མི་ཤིགས་པ། །ཞེས་བྱ་བ་ནི་རིགས་པའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་ ཐིག་ལེ་སྟེ། དེ་ཉིད་མི་ཤིགས་པ་ཞེས་བྱ་བ་ནི་མི་འཇིགས་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་དོན་དམ་པ་དང་ཀུན་རྫོབ་ཀྱི་རྣམ་པ་ཅན་ནོ། །དེ་གཉིས་སྦྱོར་བ་ངོ་མཚར་མཆོག །ཅེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་དེས་སོ། །སྦྱོར་བ་ནི་འབྲེལ་པའོ། །ངོ་མཚར་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ་མཚར་སྐྱེད་པར་བྱེད་པ་སྟེ། འདོད་ཆགས་ཀྱི་སྐྱེད་པས་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བསྟན་ནས། དེ་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར་དེ་ལྟར་སྦྱོར་བ་གསུངས་པ། དེ་ལྟར་སྦྱོར་བ་ཞེས་བྱ་བ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་མཚན་ཉིད་ཅན་ནོ། །མཆོག་ ཏུ་ཞེས་བྱ་བ་ནི་མཆོག་གི་ངོ་བོ་ཉིད་དོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱའོ། །རྡོ་རྗེ་པད་དོན་སྡོམ་པ་ནི། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་གཉིས་ནི་སྔགས་ཀྱི་ཐེག་པར་གྲགས་པ་དག་ལ་དོན་ནི་བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་སྡོམ་པ་ནི་བསྡུས་པའི་ངོ་བོ་སྟེ། སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་དེའི་དོན་བཤད་པའི་ ཕྱིར་རོ། །བླ་མའི་དྲིན་གྱིས་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་སོ། །ཡོངས་སུ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྣལ་འབྱོར་མ་ཡི་མན་ངག་གིས། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་མན་ངག་གི་བརྒྱུད་པས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་ འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ