Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 34

Văn bản gốc(Tây Tạng)

Trang 13 / 15 (50.000 ký tự/trang)
། །ཞེས་བྱ་བ་ནི་གཉིས་པ་དང་གསུམ་པའི་གཡས་པ་ནའོ། །དེ་བཞིན་རལ་གྲི་ཆོས་འབྱུང་ནི། །གཡོན་གྱི་ཕྱག་གཉིས་པ་ན་འགྱུར། །ཞེས་བྱ་བ་ལ་གཡོན་གྱི་ཕྱག་
གཉིས་ལའོ། །འགྱུར་ཞེས་བྱ་བ་ནི་ཡོད་པའོ། །འདི་རྣམས་ཀྱི་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱེད་པ་ཉིད་དང་འདོད་ཆགས་ལ་སོགས་པས་མ་གོས་པ་ཉིད་དང་། བསམ་པ་ཇི་ལྟ་བར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དང་། བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་ཉིད་དང་། ཉོན་མོངས་
པ་གཅོད་པར་བྱེད་པ་དང་། ལམ་ལ་གནས་པར་བྱེད་པ་ཉིད་དང་། བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་པར་དག་པ་བཤད་པར་བྱའོ། །གཞན་ཡང་། སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་རྣམ་པར་དག་པའི་ཐ་མི་དད་པས་སོ། །
སྤྱན་གསུམ་པ་ཞེས་བྱ་བ་ནི་རྩ་གསུམ་གྱི་རྣམ་པར་དག་པའམ། སྲིད་པ་གསུམ་ཡོངས་སུ་ཤེས་པས་སོ། །ཞལ་ནི་ལྗང་གུ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཉིད་ཀྱི་ཕྱིར་རོ། །དོན་ཡོད་གྲུབ་པས་ཅོད་པན་ཅན། །ཞེས་བྱ་བ་ནི་རང་གི་རིགས་ཉིད་ཀྱི་ཕྱིར་རོ། །བསྒོམ་པར་བྱ་བ་ནི་ཡི་གེ་དྲུག་ཅུ་རྩ་
བཞི་ཡོངས་སུ་གྱུར་པ་ལས་བསྒོམ་པར་བྱ་བའོ། །ཞལ་རྣམས་བཞད་པ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ངོ་བོ་གཅིག་པའི་ཕྱིར་དང་། ཀུན་རྫོབ་ཀྱི་ཆོས་ལ་རྣམ་པར་བལྟ་བར་ངོ་མཚར་བ་དང་བཅས་པའི་ཕྱིར་རོ། །བདེ་བ་ཐམས་ཅད་འཕེལ་བར་མཛད། །ཅེས་བྱ་བ་ནི་བདེ་བ་ཆེན་པོ་ལ་དགའ་བའི་ཕྱིར་རོ། །དེ་
ལྟར་ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པ་བྱ་བ་ཉིད་བཤད་པ་ནི། རང་གི་མིང་གི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། རང་གི་མིང་གི་བེ་དྷ་ནི་དང་ཙཎྜི་ཀ་ལ་སོགས་པའི་ངོ་བོས་སོ། །ཡི་གེ་གསུམ་དང་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུཾ་གི་ཡི་གེའི་
བདག་ཉིད་ཅན་གྱིས་སོ། །རྣམ་པར་སྤེལ་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མ་རྣམས་སུའོ། །དེ་ལྟར་ན། ཨོཾ་བེདྷ་ནི་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པར་འགྱུར་རོ། །སྔགས་ཀྱིས་ཀྱང་ནི་ཡང་དག་མཆོད། །ཅེས་བྱ་བ་ནི་དེ་མ་ཐག་པར་བཏུས་པས་སོ། །ཡང་དག་པར་ཞེས་བྱ་བ་ནི་ཞེན་པ་མེད་པའི་སྦྱོར་

བས་སོ། །མཆོད་ཅེས་བྱ་བ་ནི་བརྗོད་པར་བྱའོ། །འདོད་པ་དེ་ཉིད་རབ་གསལ་མཛད། །ཅེས་བྱ་བ་ནི་འདོད་པའི་སྒོ་གཟུགས་ལ་སོགས་པར་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་ཀྱིས་དེ་ཁོ་ན་ཉིད་ནི་སངས་རྒྱས་ཀྱི་མཚན་ཉིད་ཅན་ལའོ། །རབ་གསལ་མཛད་ཅེས་བྱ་བ་ནི་སྐྱེད་པར་བྱེད་པར་མཛད་པའོ། །དེ་ལྟར་དོན་
རྣམ་པ་བཞིས་སྤྲུལ་པའི་འཁོར་ལོའི་ལྷ་རྣམས་བསྟན་ནས། ད་ནི་ཆོས་ཀྱི་འཁོར་ལོའི་ལྷ་རྣམས་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་གའི་གནས་སུའོ། །རྩ་བརྒྱད་དབུས་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་པོ་རྣམས་ནི་རིན་པོ་ཆེ་
ལ་སོགས་པ་རྣམས་ཀྱི་ནང་དུའོ། །ལྷ་མོ་འདི་དག་ཅེས་བྱ་བ་ནི་འཆད་བཞིན་པའི་རིགས་པས་སོ། །ཡང་དག་བཞུགས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བསྟན་པའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ཅེས་བྱ་བ་གསུངས་ཏེ། ཕུང་
པོ་དང་ཁམས་ཀྱི་རྣམ་པར་རྟོག་པ་སྤོང་བར་བྱེད་པ་པོ་དང་བསྟན་ནས་སོ་སོར་ངེས་པའི་ཚིག་ཏུ་བྱ་སྟེ། གཞན་རྣམས་ནི་མདོ་ཇི་ལྟ་བ་བཞིན་ནོ། །ཤེས་པར་བྱ་ཞེས་བྱ་བ་ནི་སྔོན་དུ་བསྟེན་པའི་རིགས་པས་བསྟེན་པར་བྱའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྙིང་གའི་གནས་སུའོ། །དགུ་བདག་
ཉིད་ཅེས་བྱ་བ་ནི་རྩ་དགུའི་བདག་ཉིད་ཅན་ལ་དབུས་ཀྱི་ལྟེ་བའི་ཟེའུ་འབྲུ་བརྗོད་པར་འདོད་པས་སོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ནས། ད་ནི་ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་བརྗོད་པའི་ཕྱིར། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་བཞིན་དུའོ། །རྡོ་རྗེ་
འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། གཡས་པའི་ཕྱག་རྣམས་ལ་ཕྱག་མཚན་གསུམ་འཛིན་པར་བྱེད་པ་སྟེ། བླང་དོར་གཉིས་ཀྱི་ཡེ་ཤེས་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པར་དག་པས་སོ། །གཡོན་པ་རྣམས་ལ་རལ་གྲི་
དང་པདྨ་དང་དྲིལ་བུ་རྣམས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་གཅོད་པར་བྱེད་པ་ཉིད་དང་། འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་མ་གོས་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་སོ། །འཛིན་པ་ཞེས་བྱ་བ་ནི་མཛེས་པའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་

ཉིད་མངོན་དུ་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྤྱན་གསུམ་པ་ཞེས་བྱ་བ་ནི་རྩ་གསུམ་པའམ་སྲིད་པ་གསུམ་ཡོངས་སུ་ཤེས་པས་སོ། །ཞལ་ཐམས་ཅད་དང་ཡན་ལག་གིས་ཏེ། བྱམས་པའི་རྣམ་པར་དག་པས་སོ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཞེས་བྱ་བ་ནི་སྒེག་པའི་ཁྲོ་བོ་ཉིད་
ཀྱི་ཕྱིར་རོ། །དེ་ལྟར་ཞལ་དང་ཕྱག་གི་དབྱེ་བའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པར་བྱ་བ་ཉིད་ནི། རང་མིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཛྲ་དྷཱ་ཏྭཱི་ཤྭ་རི་ལ་སོགས་པའོ། །ཡི་གེ་གསུམ་དང་བཅས་ཞེས་བྱ་བ་ནི་ཡི་གེ་གསུམ་དང་ལྡན་པའི་ཐོག་མ་བར་དང་
ཐ་མ་རྣམས་ལའོ། །དེ་ལྟར་ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་ཞེས་བྱ་བ་ལ་སོགས་པར་འགྱུར་རོ། །སྔགས་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུའོ། །དེ་དག་ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་རྣམས་བརྒྱད་དོ། །རབ་ཏུ་མཆོད་ཅེས་བྱ་བ་ནི་མི་དམིགས་པའི་རྣམ་པས་སོ། །དེ་ལྟར་དོན་རྣམ་པ་བཞིས་ཆོས་
ཀྱི་འཁོར་ལོའི་ལྷ་བརྗོད་པ་བསྟན་ནས། ད་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལ་དེ་བརྗོད་པའི་ཕྱིར། མདོར་བསྟན་པ་ནི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདབ་མ་བཅུ་དྲུག་ལ་ཞེས་བྱ་བ་ནི་དེའི་གྲངས་ཅན་གྱི་རྩའི་བདག་ཉིད་ཅན་རྣམས་ལའོ། །པདྨའི་དབུས་ན་ཞེས་བྱ་བ་ནི་རྩའི་པདྨའི་དབུས་
སུའོ། །ལྷ་རྣམས་གནས་ཞེས་བྱ་བ་ནི་འཆད་བཞིན་པའི་པདྨའི་སྒྲོལ་མ་ལ་སོགས་པ་རྣམས་སོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། པདྨའི་སྒྲོལ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ཡིག་མཉམ་པ་དང་ཡི་གེ་དང་འདྲ་བ་དང་། ཐུང་
ངུ་དང་རིང་པོ་དང་། མིང་ཅན་དང་མཚམས་ཀྱི་ཡི་གེ་དང་། ཐིག་ལེ་དང་ཚེག་དྲག་དང་རོ་དྲུག་དང་དེ་མི་དམིགས་པའི་ངོ་བོ་ཉིད་ཀྱིས་ངེས་པའི་ཚིག་རིམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལྟར་འདི་ནི་ཡང་དག་བཤད། །ཅེས་བྱ་བ་ནི་པདྨའི་སྒྲོལ་མ་ལ་སོགས་པ་གསུངས་པ་རྣམས་སོ། །དེ་ལྟར་རྒྱས་
པར་བཤད་པ་བསྟན་ནས། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་ནི་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་ནོ། །གཡས་ནི་པདྨ་ཞེས་བྱ་བ་ནི་གསུམ་པོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ལ་སོགས་པའི་རྣམ་པར་དག་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་

བསྐོར་བ་དང་། ཡེ་ཤེས་ལྔའི་རྣམ་པར་དག་པ་གསུངས་སོ། །གཡོན་ནས་རལ་གྲི་ཞེས་བྱ་བ་ནི་ཉོན་མོངས་པ་གཅོད་པར་བྱེད་པའི་ལམ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་སོ། །པདྨ་དམར་པོ་ཡི་ནི་མདོག །ཅེས་བྱ་བ་ནི་མདོག་
དམར་པོ་སྟེ་སྣང་བ་མཐའ་ཡས་ཀྱི་རིགས་ཉིད་ཀྱི་ཕྱིར་ཏེ་ཤིན་ཏུ་འབར་བ་ཉིད་ཀྱི་ཕྱིར་རོ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཉེན་པོ་ཉིད་ཀྱིས་སྲེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཞལ་དང་ཕྱག་ལ་
སོགས་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པའི་ངེས་པ་བརྗོད་པའི་ཕྱིར་རང་མིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་མིང་དང་པདྨ་ཏཱ་ར་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམས་སྔགས་ནི་བླ་ན་མེད། །ཅེས་བྱ་བ་ནི་ཐོག་མ་བར་དང་ཐ་མ་རྣམས་ལ་
ཡི་གེ་གསུམ་པའོ། །དེ་ལྟར་ན་པདྨ་ཏཱ་ར་ཨཱཿཧཱུཾ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་དོན་རྣམ་པ་བཞིས་ལོངས་སྤྱོད་ཀྱི་འཁོར་ལོའི་ལྷ་མོ་བསྟན་ནས། ད་ནི་བདེ་བ་ཆེན་པོའི་འཁོར་ལོ་དེའི་མདོར་བསྟན་པ་བཤད་པའི་ཕྱིར། བདེ་བ་ཆེན་པོའི་འཁོར་ལོ་ཆེར། །ཞེས་བྱ་བ་གསུངས་ཏེ། མགོ་
བོ་ལའོ། །པད་འདབ་སུམ་ཅུ་རྩ་གཉིས་ལ། །ཞེས་བྱ་བ་ནི་འདབ་མ་སུམ་ཅུ་རྩ་གཉིས་པ་ཅན་ལའོ། །ལྷ་མོ་རྣམས་ནི་བཞུགས་ཞེས་བྱ་བ་ནི་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་རྣམས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །རབ་ཏུ་སད་པ་ཞེས་བྱ་བ་ནི་སྙིང་ག་འབྱེད་པར་བྱེད་པའོ། །
ཁམས་འབབ་པ་ཅན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འཛག་པ་ཅན་ནོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་གསུངས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སོ། །གཙོ་བོ་ཉིད་ཀྱི་ཤུགས་གང་ལ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་མདོར་བསྡུས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་ངེས་པའི་ཚིག་ཏུ་བྱའོ། །ལྷག་མ་ནི་མདོ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ས་ཡི་དབུས་ནས་ཤར། །ཞེས་བྱ་བ་ལ་དེ་རྣམས་ནི་རིམ་པའི་རིགས་ལ་སོགས་པ་རྣམས་ཀྱི་ནང་དུའོ། །ཤར་བ་ནི་བརྗོད་པའོ། །དེ་ལྟར་རྒྱས་

པར་བཤད་པ་བསྟན་ནས། ཞལ་དང་ཕྱག་གི་རྣམ་པར་གཞག་པ་ནི། སླར་ཡང་ལྷ་མོ་ཞལ་གསུམ་དང་། །ཞེས་བྱ་བ་གསུངས་ཏེ། སྔ་མ་བཞིན་ནོ། །བདེ་བ་འཕེལ་བ་ཅན་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཁ་འབྱེད་པ་ཉིད་ཀྱི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་ལ་ནི་བཞུགས། །ཞེས་བྱ་བ་ནི་
བྱང་ཆུབ་སེམས་ཀྱི་ཟླ་བ་ལའོ། །པདྨ་དཀར་པོའི་མདོག་ཅན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཉིད་ཀྱི་ཕྱིར་རོ། །ཞི་བའི་ཞལ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་རྣམ་པ་སྟེ། གཏི་མུག་གི་རྣམ་པར་དག་པས་སོ། །སྤྱན་གསུམ་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །འཁོར་ལོ་ལྕགས་ཀྱུ་རྡོ་རྗེའི་རིམ། །ཞེས་
བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་དགུག་པ་དང་། ཡེ་ཤེས་ལྔའི་རྣམ་པར་དག་པ་རིམ་པ་ཇི་ལྟ་བ་བཞིན་ནོ། །གཡས་པ་ཞེས་བྱ་བ་ནི་གཡས་པའི་གསུམ་པོ་རྣམས་ལའོ། །བསྣམས་པ་ནི་ཞེས་བྱ་བ་ནི་འཛིན་པའོ། །དེ་བཞིན་གཡོན་པའི་ཕྱག་གསུམ་ལ། །ཞེས་བྱ་
བ་ནི་པདྨ་ཞགས་པ་རིན་པོ་ཆེ་བསྣམས་སོ། །པདྨ་དང་ཞགས་པ་དང་ཡིད་བཞིན་གྱི་ནོར་བུ་རྣམས་ནི། འདོད་ཆགས་ལ་སོགས་པས་མ་གོས་པ་དང་། སྙིང་རྗེ་ཆེན་པོ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པར་དག་པའོ། །འཆང་ཞེས་བྱ་བ་ནི་སྒེག་པ་དང་བཅས་པར་
མཛད་ནས་སོ། །སྒེག་པ་ཞེས་བྱ་བ་ནི་སྒེག་པའི་ཉམས་གཙོ་བོར་མཛད་ནས་སོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་རང་གི་བདག་པོའོ། །སྤྱི་བོར་འཆང་ཞེས་བྱ་བ་ནི་སྤྱི་བོར་འཛིན་པ་སྟེ། རྒྱས་གདབ་པའི་དོན་དུའོ། །པདྨ་དཀར་པོ་འདྲ་བའི་འོད། །ཅེས་བྱ་བ་ནི་འོད་དཀར་པོའོ། །དེ་ལྟར་ཞལ་དང་ཕྱག་ལ་སོགས་
པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པའི་ངེས་པ་བརྗོད་པའི་ཕྱིར། རང་གི་མིང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཙཀྲ་བེ་ག་ལ་སོགས་པ་སྟེ། ཡི་གེ་གསུམ་ཉིད་ཅེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་རོ། །དེ་ལྟར་ན་ཨོཾ་ཙཀྲ་བེ་གེ་ཨཱཿཧཱུཾ་ཞེས་བྱ་བར་
འགྱུར་རོ། །འདི་དག་སྔགས་ནི་ཞེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའི་ལྷག་མ་རྣམས་ཀྱིའོ། །གོ་རིམས་བཞིན་ཞེས་བྱ་བ་ནི་རིམ་པས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་གསལ་ཞེས་བྱ་བ་ནི་པདྨར་མཛད་པའོ། །དེ་ཉིད་མཆོག་ནི་ཞེས་བྱ་བ་ནི་ལྷའི་སྙིང་པོ་ཉིད་ཀྱི་ཕྱིར་རོ། །སྐུ་ཞེས་བྱ་བ་ལ་སོགས་པ་ནི། སྐུ་

ལ་སོགས་པ་གསུམ་པོ་རྣམ་པར་དག་པའི་ངོ་བོ་རྣམས་ཀྱི་སྡོམ་པ་ནི། བདེ་བ་མཆོག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་བདེ་བ་ཆེན་པོའི་འཁོར་ལོ་བརྗོད་པ་བསྟན་ནས། ད་ནི་ཉེ་བར་བསྡུ་བའི་སྒོ་ནས་དེའི་མཆོད་པའི་ངེས་པ་བརྗོད་པའི་ཕྱིར་དེའི་ཡན་ལག་གི་ངོ་བོ་ནི། དེ་ལྟ་བུ་ཡི་གསང་བའི་
མཆོག །ཅེས་བྱ་བ་གསུངས་ཏེ། འཁོར་ལོ་བཞི་པོ་ལྷ་རྣམས་དགོད་པ་སྟེ། དམ་ཚིག་དང་མི་ལྡན་པ་རྣམས་ལ་སྦ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལྷ་མོ་རྣམས་ཀྱི་དེ་ཉིད་ཅེས་བྱ་བ་ནི་འོད་གསལ་བ་ཉིད་ཀྱི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གཉིད་ལོག་ནས་ཞེས་བྱ་
བ་ནི་རྩ་རྣམས་ཀྱི་ནང་དུ་མི་གསལ་བས་གནས་པའོ། །རྟག་ཏུ་ལུས་ཀྱིས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ལུས་ལའོ། །འདོད་པ་ལྔ་ཡི་ལོངས་སྤྱོད་བསྟན། །མཆོད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་གཟུགས་ལ་སོགས་པའི་ཡུལ་གྱི་མཆོད་པ་བྱས་ནས་སོ། །རྡོ་རྗེ་སེམས་དཔའི་
གོ་འཕང་མཆོག །མཉེས་ནས་སླར་ཡང་གསོལ་བར་བྱེད། །ཅེས་བྱ་བ་དང་འབྲེལ་ཏོ། །གཞན་ཡང་ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་མཉེས་པར་བྱས་ནས་ཞེས་བྱ་བ་གསུངས་ཏེ། ཡུལ་རྣམས་བསྟན་པར་བྱ་བ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་པདྨའི་བདེ་བས་མྱོས། །ཞེས་
གསུངས་ཏེ། དབང་པོ་གཉིས་ཡང་དག་པར་སྦྱར་བས་སོ། །མཉེས་ནས་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་ཉིད་ཀྱི་ཕྱིར་རོ། །གསོལ་བར་བྱེད་ཅེས་བྱ་བ་ནི་སྟེར་བར་བྱེད་པའོ། །རྡོ་རྗེ་སེམས་དཔའི་གོ་འཕང་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པ་ཉིད་ཀྱི་ཕྱིར་རོ། །
དེ་ལྟར་ཡང་དག་པར་རང་གི་ངོ་བོ་བསྟན་ནས། ད་ནི་དེའི་མཆོད་པ་པོ་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་བརྗོད་པའི་ཕྱིར། དེའི་ཞི་སོགས་ཞེས་བྱ་བ་གསུངས་ཏེ། ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་སོ། །དེའི་ཞེས་བྱ་བ་ནི་འཁོར་ལོ་བཞི་པོ་རྣམས་ལ་ལྷའི་རྣམ་པ་སྒོམ་པ་ལའོ། །
འགྲུབ་འགྱུར་ཞེས་བྱ་བ་ནི་འགྲུབ་པར་འགྱུར་བའོ། །འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གནང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་མཆོད་པ་ལས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་འགྱུར་བ་བསྟན་ནས། ད་ནི་ལྷའི་འཁོར་ལོ་ལ་བླ་མའི་མན་ངག་ལས། རྟོགས་པར་

བྱ་བ་ཉིད་ཀྱི་ཕྱིར། བསམ་གཏན་རྣལ་འབྱོར་སོགས་སྤྱོད་དང་། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱི་རྟོགས་པ་རྡོ་རྗེ་དང་ཟླ་བ་ལ་སོགས་པའི་ངོ་བོའོ། །སྔགས་དང་དབྱིབས་སོགས་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེ་བསྒོམ་པ་ལ་སོགས་པའི་བྱ་བ་མི་དགོས་པའོ། །རྫོགས་
པའི་རིམ་པ་དེ་ལྟ་བུར་གྱུར་པའི་སྐབས་མེད་པའི་ཕྱིར་རོ། །མཆོག་ཏུ་ཅུང་ཟད་ནི་བླ་མའི་ལུང་ལ་སྟེ། རྡོ་རྗེ་སློབ་དཔོན་གྱི་གནང་བ་ལས་སོ། །ཡང་དག་བསྐྱེད་ཅེས་བྱ་བ་ནི། །ལྷའི་འཁོར་ལོ་ཡུལ་ཅན་གྱི། །ཡོངས་སུ་ཤེས་པ་འབྱུང་བར་འགྱུར། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི།
གང་གི་ཕྱིར་བླ་མའི་ཞལ་ལས་དེའི་ཡུལ་ལ་ཡོངས་སུ་ཤེས་པ་སྐྱེ་བ་དེའི་ཕྱིར་རོ། །རྡོ་རྗེ་སློབ་དཔོན་ནི་དེ་ཁོ་ན་ཉིད་བཅུ་ཡོངས་སུ་ཤེས་པ་སྟེ། ཐོས་པ་ལ་སོགས་པའི་ལམ་ལ་གནས་པའོ། །འབད་པས་ཞེས་བྱ་བ་ནི་རྙེད་པ་དང་བསྐུར་སྟི་ལ་སོགས་པའི་བྱེད་པ་ཁྱད་པར་ཅན་གྱི་བརྩོན་འགྲུས་ཀྱིས་སོ། །མཉེས་
བྱ་ཞེས་བྱ་བ་ནི་མཉེས་པར་བྱ་བའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་རྒྱ་
ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་བདུན་པས་ལྷའི་འཁོར་ལོའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྩ་རྣམས་འཆར་བ་དང་ནུབ་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་བརྒྱད་པ་ཉེ་བར་དགོད་ཅིང་དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ལེའུ་ཉི་ཤུ་རྩ་བདུན་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྩ་རྣམས་ཀྱིས་ནི་ཞེས་བྱ་བ་ནི་འཁོར་ལོ་བཞིར་གཏོགས་པ་ཐམས་ཅད་ཀྱིས་སོ། །འཆར་དང་ནུབ་པའི་མཚན་ཉིད་ནི། །བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་
པ་ལ་ལྟོས་ནས། མཚན་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པ་དང་། རྗེས་སུ་མཐུན་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་གནས་སོ། །

དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བཤད་པའི་ཕྱིར་དེའི་ཡན་ལག་རྩ་རྣམས་ཀྱི་འཆར་བའི་རྒྱུ་རང་གི་ངོ་བོ་ནི། མདུན་ན་གནས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བའི་ཡུལ་ན་གནས་པའོ། །ཡུལ་རྣམས་ལས་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པའི་ངོ་བོ་ལས་སོ། །ཡིད་ལ་
བྱེད་པ་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ལས་སོ། །དེར་ནི་འགྲོ་ཞེས་བྱ་བ་ནི་ཡུལ་ལ་མངོན་པར་ཕྱོག་པ་ལས་སོ། །དབུགས་ནི་ནང་དུ་བསྡུས་པ་ལས། །ཞེས་བྱ་བ་ནི་རླུང་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའོ། །ནང་དུ་བསྡུས་ཞེས་བྱ་བ་ནི་ཚོགས་པའི་ནང་དུ་ཞུགས་པས་སོ། །འབྱུང་
བ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །དབང་པོ་ཞེས་བྱ་བ་ནི་ཡུལ་འཛིན་པར་བྱེད་པའི་མིག་ལ་སོགས་པ་རྣམས་སོ། །དེ་ཡིས་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་སོ། །རབ་ཏུ་སད་ཅེས་བྱ་བ་ནི་ཡང་དག་པར་སད་པར་བྱེད་པའོ། །དེ་རྣམས་ཞེས་བྱ་བ་ནི་འཁོར་ལོ་བཞིར་གནས་པའི་རྩ་རྣམས་
ཀྱིའོ། །རིམ་པ་བཞིན་གནས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོས་གནས་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། ད་ནི་དེའི་འཆར་བ་ལ་ལྷ་མོ་འཆར་བ་བརྗོད་པའི་ཕྱིར། རབ་སད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་རྣམས་ནི་སྔར་བཤད་པའི་རིགས་པས་རབ་ཏུ་སད་པ་ལས་སོ། །རབ་སད་ལྷ་མོ་
ཞེས་བྱ་བ་ནི་རྩའི་ནང་དུ་གཏོགས་པའི་རིག་མ་ལ་སོགས་པ་རྣམས་སོ། །རང་རང་འཁོར་ལོ་ཞེས་བྱ་བ་ནི་རང་རང་གི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་ལས་སོ། །དེ་ནི་འཆར་བའི་རིམ་པར་གསུངས། །ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་རིགས་པས་བཤད་པའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྩ་རྣམས་
ཀྱི་འཆར་བའི་རྒྱུ་བསྟན་ནས། ད་ནི་དེ་རྣམས་ཀྱི་ནུབ་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། དེའི་ཡན་ལག་ཏུ། རང་གི་ངོ་བོ་ནུབ་པ་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་རྣམས་ཀྱིས་རབ་ཏུ་སད་པ་མ་ཡིན་པའི་གནས་སྐབས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ཡུལ་རྣམས་ཀྱང་ནི་
དངོས་པོ་མེད། །ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རིང་བ་ཉིད་ཀྱིས་སོ། །ཡིད་ལ་བྱེད་པས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་ཅན་ལས་སོ། །གཞན་དུ་སོང་ཞེས་བྱ་བ་ནི་ཡུལ་གཞན་ལ་མངོན་པར་ཕྱོགས་པས་སོ། །བག་ཆགས་རྣམས་ནི་ཞེས་བྱ་བ་ནི་ཆགས་པ་དང་ཆགས་བྲལ་གྱི་ངོ་བོ་ལས་སོ། །

སད་པ་དང་ཞེས་བྱ་བ་ནི་བསྐུམ་པ་མེད་པའོ། །རྩ་རྣམས་ཞེས་བྱ་བ་ནི་འཁོར་ལོར་གཏོགས་པ་རྣམས་སོ། །འཆར་བར་མི་འགྱུར་ཞེས་བྱ་བ་ནི་ནུབ་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་གི་ངོ་བོ་བཤད་ནས། ད་ནི་ནུབ་པ་ལ་ལྷ་རྣམས་ནུབ་པ་བསྟན་པའི་ཕྱིར། ལྷ་རྣམས་ཡང་
དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་ལ་ཡང་དག་པར་གནས་པའི་རྣམས་ལའོ། །ཡང་དག་སད་པ་ནི་ཞེས་བྱ་བ་ནི་རབ་ཏུ་སད་པའོ། །དེའི་ཕྱིར་ནི་ཞེས་བྱ་བ་ནི་རྩ་རྣམས་རབ་ཏུ་སད་པ་ལས་སོ། །མི་འགྱུར་ཉིད་ཅེས་བྱ་བ་ནི་འབྱུང་བར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་དེ་
རྣམས་ཉིད་ལ་ནུབ་པའི་རྒྱུ་བསྟན་ནས། དེ་སད་པས་ལྷ་རྣམས་སད་པར་འགྱུར་བར་བརྗོད་པའི་ཕྱིར། དེའི་ཡན་ལག་ཏུ་ལྷ་མོ་རྣམས་སད་པའི་རྒྱུ་ནི། སྙིང་གི་དབུས་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་གའི་ནང་དུ་ངོ་བོ་ཉིད་ཀྱིས་གནས་པའོ། །གང་ཞེ་ན། དེའི་ཕྱིར། སངས་རྒྱས་ཉི་མ་གསལ་བའི་
འོད། །ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་ལ་ལྟོས་ནས་སངས་རྒྱས་ཉི་མའོ། །གསལ་བའི་འོད་ཅེས་བྱ་བ་ནི་འཆད་བཞིན་པའི་རིམ་པས། འོད་ཟེར་གྱི་ཚོགས་སྤྲོ་བའི་ངོ་བོ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཅན་ནོ། །གཟུང་དང་ཞེས་བྱ་བ་ནི་སངས་རྒྱས་ཉི་མ་དེ་གཟུང་དང་འཛིན་པའི་
ངོ་བོ་ནི་ཡུལ་དང་ཡུལ་ཅན་གྱི་ངོ་བོ་རྣམས་སོ། །འོད་ཟེར་བཅུ་གཉིས་ཏེ་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཀྱི་རྣམ་པ་དག་པས་གནས་པ་ཞེས་བྱ་བའི་ལྷག་མའོ། །དེ་རྣམས་གང་ཞེ་ན། དེའི་ཕྱིར་འོད་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ནི་དབང་པོ་ལ་བརྟེན་པའོ། །འོད་འཕེལ་ཞེས་བྱ་བ་ནི་འོད་གསལ་
ཏེ་རྣ་བའི་དབང་པོ་ལ་བརྟེན་པའོ། །འབར་མ་ཞེས་བྱ་བ་ནི་གཟི་བརྗིད་དང་ལྡན་མ་སྟེ། སྣང་བའི་དབང་པོ་ལ་བརྟེན་པའོ། །གསལ་བ་ཞེས་བྱ་བ་ནི་མུན་པ་འཇོམས་པར་བྱེད་པ་སྟེ། ལྕེའི་དབང་པོ་ལ་བརྟེན་པའོ། །འོད་ཅེས་བྱ་བ་ནི་འོད་ཀྱི་ངོ་བོ་སྟེ་ལུས་ཀྱི་དབང་པོ་ལ་བརྟེན་པའོ། །དམར་མོ་ཞེས་བྱ་བ་ནི་དམར་བ་
མིག་གསལ་བ་སྟེ། ཡིད་ཀྱི་དབང་པོ་ལ་བརྟེན་པའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཕྱི་རོལ་གཟུགས་ལ་སོགས་འཛིན་པ། །ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་དྲུག་པོ་འཛིན་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་ལ་བརྟེན་ནས་ཞེས་གསུངས་ཏེ། དབང་པོ་

དྲུག་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །འོད་ཟེར་བྱེད་ཅེས་བྱ་བ་ནི་ཡུལ་གཟུགས་ལ་བརྟེན་པའི་དེ་ཉིད་གསལ་བའི་རང་བཞིན་ནོ། །འོད་ཟེར་ཞེས་བྱ་བ་ནི་སྒྲ་ལ་བརྟེན་པའོ། །སྣང་བ་ཞེས་བྱ་བ་ནི་དྲི་ལ་བརྟེན་པའོ། །འདོད་མ་ཞེས་བྱ་བ་ནི་རོ་ལ་བརྟེན་པའོ། །འོད་ཟེར་ཞེས་བྱ་བ་ནི་རེག་བྱ་ལ་བརྟེན་པའོ། །ཉི་མ་ཞེས་
བྱ་བ་ནི་ཆོས་ལ་བརྟེན་པ་སྟེ། འདི་ནི་ཉི་མའོ་སྙམ་དུ་བྱས་ནས་སོ། །འདི་རྣམས་ནི། ཕྱི་རོལ་གཟུགས་སོགས་རྣམ་པའོ། །ཞེས་བྱ་བ་ནི་ཡུལ་དྲུག་ལ་བརྟེན་པའོ། །དྲུག་པོ་འདི་དག་འོད་དུ་འདོད། །ཅེས་བྱ་བ་ནི་ཡུལ་གྱིས་བསྡུས་པ་གཟུང་བའི་ངོ་བོའོ། །འདོད་ཅེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་ལྷ་མོ་རྣམས་སད་
པའི་རྒྱུ་བརྗོད་ནས། དེ་སད་པར་བྱེད་པ་ལ་ལྷ་མོ་རྣམས་སད་པ་རང་གི་ངོ་བོ་བརྗོད་པའི་ཕྱིར་རོ། །ལྷ་མོ་རྣམས་གང་ཤར་བ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩའི་འཁོར་ལོར་གནས་པ་རྣམས་ཀྱིའོ། །གང་ལས་ཤེ་ན། དེའི་ཕྱིར། ཡེ་ཤེས་ཉི་མ་འཆར་བ་ཡིན། །ཞེས་གསུངས་ཏེ། འོད་ཟེར་བཅུ་གཉིས་ཀྱི་གྲོགས་དང་ལྡན་པའི་སྙིང་གར་གནས་པའི།
སངས་རྒྱས་ཉི་མ་སད་པ་ལས། །ཞེས་བྱ་བའི་དོན་ཏོ། །དེ་དག་ཡང་དག་ནུབ་པ་ནི། །ཞེས་བྱ་བ་ནི་ལྷ་རྣམས་ལའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །དེའི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཉི་མ་ལའོ། །ནུབ་པའོ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་གྱི་སྙིང་པོ་ཀུན་དུ་སྤྱོད་པ་ལ། མི་གནས་པ་ལས་འབྱུང་
བར་འགྱུར། །ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་ཏུ་ཞེས་གསུངས་ཏེ། ཁྱད་པར་དུ་འཕགས་པའི་གོ་འཕང་གི་རྒྱུར་གྱུར་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། ད་ནི་འཆར་བ་དང་ནུབ་པ་སྤངས་པས་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་བསྟན་པའི་ཕྱིར། འཆར་བ་ནུབ་པ་རྣམས་འཆད་པ། །ཞེས་
བྱ་བ་གསུངས་ཏེ། ཕྱོགས་གཉིས་པོ་ལ་འཆད་པའོ། །གོ་འཕང་མཆོག་ཏུ་ཤེས་པར་བྱ། །ཞེས་བྱ་བ་ནི་རང་བཞིན་གྱི་འོད་གསལ་བའི་རྣམ་པའོ། །ཕྱོགས་གཉིས་ཆད་པ་ཡང་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྒོམས་པས་འབྱུང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ལེགས་པར་སད་ཅེས་བྱ་བ་གསུངས་ཏེ།
ཕྱོགས་གཉིས་སྤངས་པས་བསྐུམ་པ་དང་རྣམ་པར་དབེན་པའི་ཕྱིར་རོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་དེ་ལས་གཞན་པ་བསྐྱེད་པའི་རིམ་པ་ལ་སོགས་པའི་རྣལ་འབྱོར་གྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ཉི་མ་སྡོམ་པའོ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་ངོ་བོས་སོ། །སྡོམ་པ་ནི་བསྡུས་པའི་ཕྱིར་རོ། །

དེ་ལྟར་དོན་རྣམ་པ་གསུམ་གྱིས་དེ་སད་པ་ལ་ལྷ་མོ་རྣམས་སད་པ་བསྟན་ནས། ད་ནི་འཆར་བ་དང་ནུབ་པ་དག་ལ། རྒྱུད་གཞན་ལས་ཤེས་པར་བྱ་བ་དག་བསྟན་པར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་བསྟན་པའི་རིགས་པས་སོ། །རྣལ་འབྱོར་ཞེས་
བྱ་བ་ནི་ལྷ་མོ་རྣམས་ཀྱི་རྣལ་འབྱོར་དེ་ཉིད་མཆོག་ཅེས་བྱ་བ་ནི། དེའི་རྒྱུར་གྱུར་པའི་ཕྱིར་རོ། །འཆར་དང་ནུབ་པའི་མཚན་ཉིད་དོ། །ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པ་རྣམས་སོ། །རྡོ་རྗེ་གསལ་བའི་རྗེས་འབྲངས་ནས། །ཞེས་བྱ་བ་ནི་རྡོ་རྗེ་གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་
འབྲངས་ནས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་གྱི་ཞབས་ཀྱི་ཞལ་ལས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་
བར་བྱེད་པ་ཞེས་བྱ་བ། ལེའུ་ཉི་ཤུ་རྩ་བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་བརྒྱད་པས་རྩ་རྣམས་ཀྱི་འཆར་བ་དང་ནུབ་པའི་རྣལ་འབྱོར་གྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་སྐབས་སུ་བབ་པའི་དགའ་བ་བསྐྱེད་པའི་མཚན་ཉིད་ཅན་གྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར།
ལེའུ་ཉི་ཤུ་རྩ་དགུ་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ལེའུ་ཉི་ཤུ་རྩ་བརྒྱད་པས་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །དགའ་བ་བསྐྱེད་པའི་མཚན་ཉིད་ནི། །
ཞེས་བྱ་བ་ནི་བཤད་ཀྱིས་ཞེས་བྱ་བ་དང་འབྲེལ་ཏོ། །དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་གསུངས་ཏེ། དགའ་བ་བསྐྱེད་པའི་མཚན་ཉིད་ཀྱིས་སོ། །ཡང་དག་ཤེས་པའི་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག །ཅེས་བྱ་བ་ནི་དེ་བཞིན་གཤེགས་
པ་དྲུག་པའི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པའི་ཕྱིར་རོ། །དེ་ལྟར་དེའི་རྩོམ་པ་བསྟན་ནས། ད་ནི་དེའི་དངོས་གྲུབ་བཤད་པ་བརྗོད་པའི་ཕྱིར་དེའི་ཡན་ལག་གི་རྟེན་དུ་གྱུར་པའི་མཚམས་ཀྱི་བཞི་པོ་ལ་དགའ་བ་བཞི་པོ་རྣམ་པར་གཞག་པའི་ཕྱིར་རོ། །འཁོར་ལོ་དྲུག་གི་རྩ་པདྨ། །ཞེས་གསུངས་ཏེ།

སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་དང་། རླུང་དང་། བདེ་བ་ཆེན་པོའི་མཚན་ཉིད་ཅན་གྱི་རྩའི་རང་བཞིན་གྱི་པདྨ་དྲུག་པོ་རྣམས་ལའོ། །རྒྱས་དང་ཞེས་བྱ་བ་ནི་རྒྱ་ཆེར་འཁོར་ལོ་དྲུག་པོ་རྣམས་སོ། །སླར་ཡང་བསྡུས་པ་ནི་ཞེས་བྱ་བ་ནི་འཁོར་ལོ་དྲུག་པོ་བསྡུས་པས་ཀྱང་འཁོར་ལོ་བཞི་དང་ཡང་དག་པར་སྦྱོར་
བ་ནི། སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོའི་ངོ་བོ་སྟེ། མེའི་འཁོར་ལོ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ནང་དུ་འདུས་སོ། །རྩ་རྣམས་བརྒྱད་དང་ཉི་ཤུ་ལྷག །ཅེས་བྱ་བ་ནི་འཁོར་ལོ་བཞི་པོ་རྣམས་ནི་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ཀྱི་གྲངས་
ཀྱིས་སོ། །རྩ་ནི་དྲུག་ཅུ་ལ་ཡང་བརྟེན། །ཞེས་བྱ་བ་ནི་རྟེན་དུ་གྱུར་པའི་འཁོར་ལོ་བཞི་པོ་རྣམས་སོ། །ཐུན་མཚམས་བཞི་པོ་རྣམ་པར་དག་པའི་ངོ་བོ་ནི་མཚམས་ཀྱི་རྩའོ། །རིམ་པ་ཡང་ཞེས་བྱ་བ་ནི་འཁོར་ལོ་བཞི་ལ་རྩ་བཞི་པོ་གོ་རིམས་ཀྱིས་སོ། །བཞི་ཞེས་བྱ་བ་ནི་མཚམས་ཀྱི་རྩའོ། །ཁྱབ་ཅེས་བྱ་བ་ནི་ལུས་
ཐམས་ཅད་ལ་ཁྱབ་པར་བྱས་ཏེ། གནས་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་འཆི་བའི་དུས་ཀྱི་བར་དུའོ། །དེ་རྣམས་ཞེས་བྱ་བ་ནི་དགའ་བ་དག་དང་ལྡན་ཞེས་བྱ་བ་ནི་དགའ་བ་བཞིའི་སྦྱོར་བས་སོ། །དེ་རྣམས་ལ་ནི་ཁྱབ་ཅེས་བྱ་བ་ནི་དགའ་བ་བཞི་ལ་སོགས་པ་རྣམས་སོ། །དེ་རྣམས་ཞེས་བྱ་བ་ནི་ཐུན་མཚམས་
ཀྱི་རྩ་བཞི་པོ་རྣམས་ཀྱིས་སོ། །པདྨའི་སྣལ་མ་ལྟ་བུ་ཡིས། །ཞེས་བྱ་བ་ནི་ཇི་ལྟར་པདྨ་སྣལ་མའི་རྒྱུས་པ་རྣམས་ཀྱིས་ཁྱབ་པར་བྱེད་པ་དེ་བཞིན་དུ་དགའ་བ་ལ་སོགས་པ་རྣམས་ཀྱི་མཚམས་ཀྱི་རྩ་དེ་རྣམས་ལ་ཁྱབ་པར་བྱེད་པའོ། །དེ་ལྟར་བརྟེན་པའི་ངོ་བོ་མཚམས་ཀྱི་རྩ་བཞི་པོ་ལ་དགའ་བ་བཞིའི་རྣམ་པར་གཞག་
པ་བརྟེན་ནས། དེ་རྣམས་ཉིད་ལ་འཁོར་ལོ་སོ་སོ་ལ་སྣལ་མ་རྣམ་པ་བཞིའི་ངོ་བོ་བསྟན་པའི་ཕྱིར། ཆུ་ཁམས་ཁོངས་སུ་ཆུད་པ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་ཁམས་ཁོངས་སུ་ཆུད་པ་ཅན། །དེ་ནི་དེ་ཡིས་ཁྱབ་པས་སོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་བདེ་བ་ཆེན་པོ་སྟེར་
བར་བྱེད་པས་སོ། །བདེ་བ་ཆེན་པོས་ཕན་པར་བྱེད། །ཅེས་བྱ་བ་ནི་བདེ་བ་ཆེན་པོ་ནི་རྣམ་པ་གཉིས་ཏེ། ཡང་དག་པར་གསོ་བར་བྱེད་པའི་ཕྱིར་རོ། །འཁོར་ལོ་སོ་སོའི་དབྱེ་བ་ནི། །ཞེས་བྱ་བ་ནི་དགའ་བ་ལ་སོགས་པ་བཞིའི་དབྱེ་བས་སོ། །དགའ་བ་རྣམ་པ་བཞི་པོ་ཇི་ལྟར་ཞེ་ན། དེའི་ཕྱིར་ལོངས་སྤྱོད་བཞི་པོ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞི་པོ་རྣམས་ཀྱི་ལོངས་སྤྱོད་དོ། །དགའ་བ་བཞི་པོ་ལ་སོགས་པའི་གནས་སྐབས་རྣམས་ལ་ཉེ་བར་ལོངས་སྤྱོད་པའོ། །ཡི་གེ་ཧ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་གནས་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་རྣམ་པའོ། །ཆ་ཤས་ཞེས་བྱ་བ་ནི་ཆ་ཤས་སོ། །
ཤིན་ཏུ་ཕྲ་བའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྣམ་པའོ། །གནས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རྟེན་གྱི་ཚུལ་དུ་ཁྱབ་པས་གནས། །ཞེས་གསུངས་ཏེ། ཁྱབ་པར་བྱེད་པ་སྟེ་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཇི་
ལྟར་ཞེ་ན། རིམ་པ་བཞི་ཡི་དབྱེ་བ་ལས། །ཞེས་གསུངས་ཏེ། དགའ་བའི་རིམ་པའི་དབྱེ་བའམ། །རིམ་གྱི་དབྱེ་བའི་ཕྱིར་རོ། །དེ་ལྟར་དེ་རྣམས་ཉིད་ལ་འཁོར་ལོ་རེ་རེར་རྣམ་པ་བཞིའི་དངོས་པོ་བསྟན་ནས། ད་ནི་དེའི་རབ་ཏུ་དབྱེ་བ་བརྗོད་པའི་ཕྱིར་རིམ་པ་ཞེས་བྱ་བ་གསུངས་ཏེ། འཁོར་ལོ་བཞིའི་རིམ་
པས་སོ། །ཡང་ན་དགའ་བ་རེ་རེ་ལ་ལུས་དང་ངག་དང་ཡིད་དང་ཡེ་ཤེས་བཞིའི་དབྱེ་བས་རྣམ་པ་བཅུ་དྲུག་པ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར་རིམ་པ་བཅུ་དྲུག་དབྱེ་བས་ཤེས་བྱ་བ་གསུངས་ཏེ། ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྤྲོ་བའི་བདག་ཉིད་ཅེས་བྱ་བ་གསུངས་ཏེ། རྒྱས་པའི་ངོ་བོ་ཉིད་ཀྱིས་སྤྲོས་པ་དང་བཅས་པའི་ཕྱིར་
རོ། །རྨད་འབྱུང་བའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་ཡང་རབ་ཏུ་དབྱེ་བའི་རྣམ་པར་བཞག་པས། ཤིན་ཏུ་ཡང་ངོ་མཚར་བ་དང་བཅས་པའོ། །རོ་གཅིག་པ་ཡི་གོ་འཕང་ཐོབ། །ཅེས་བྱ་བ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་མི་མཐུན་པའི་ཕྱོགས་བཅོམ་པ་གཉིས་སུ་མེད་པ་ཉིད་ཐོབ་པ་སྟེ། དོན་གྱི་ལྷན་ཅིག་སྐྱེས་པའི་དུས་
ཚོད་ལའོ། །རིམ་གྱིས་སོ་སོར་ཉམས་མྱོང་བས། །ཞེས་བྱ་བ་ནི་དགའ་བ་ལ་སོགས་པས་ཉམས་སུ་མྱོང་བའི་རིམ་པས་ཅུང་ཟད་ཙམ་གྱི་བདེ་བ་དང་དེ་ལས་ལྷག་པ་དང་། ཆགས་བྲལ་དང་། མཚན་ཉིད་ཐམས་ཅད་དང་བྲལ་བའི་བདེ་བའི་དབྱེ་བས་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རབ་ཏུ་དབྱེ་བ་བསྟན་
ནས། ད་ནི་དཔེའི་སྒོ་ནས་འབྲས་བུའི་ངོ་བོ་བརྗོད་པའི་ཕྱིར། སྣ་ཚོགས་ཆུ་ཡི་སྦྱོར་བ་ལས། །ཞེས་བྱ་བ་གསུངས་ཏེ། ཆུའི་སྦྱོར་བ་སྣ་ཚོགས་པའོ། །རྒྱ་མཚོའི་ཆུ་བཞིན་ནོ་ཞེས་བྱ་བ་ནི་རྒྱ་མཚོར་གནས་པའི་ཆུ་བཞིན་དུའོ། །རིམ་གྱིས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རིམ་པ་ལ་བརྟེན་ནས་སོ། །དུས་ཀྱི་འཁོར་ལོ་ཞེས་

བྱ་བ་ནི་ནང་གི་དུས་ཉེ་བར་མཚོན་པས་སོ། །སྦྱོར་བ་བཞི་ཞེས་བྱ་བ་ནི་དགའ་བ་བཞིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དགའ་བ་བཞིའི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལ་བརྗོད་ཅེས་བྱ་བ་ནི་བརྗོད་པར་བྱའོ། །དེ་ལྟར་དཔེའི་སྒོ་ནས་འབྲས་བུའི་ངོ་བོ་བསྟན་ནས། ད་ནི་དེ་ཉིད་ལ་གདམས་ངག་གི་སྒོ་ནས་
ཐོབ་པར་བྱ་བ་བརྗོད་པའི་ཕྱིར། རྣལ་འབྱོར་མ་ཞལ་བརྒྱུད་ལས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་མཁའ་འགྲོ་མའི་ཞལ་གྱིས་ཀུན་དུ་སྤྱོད་པ་ལས་སོ། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་
ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་ཉི་ཤུ་རྩ་དགུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་དགུ་པས་དགའ་བ་རྣམས་བསྐྱེད་པའི་མཚན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྩ་རྣམས་ཀྱིས་ངེས་པར་རབ་ཏུ་འབབ་པའི་
མཚན་ཉིད་བརྗོད་པའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་སུམ་ཅུ་པ་ཉེ་བར་འགོད་ཅིང་དང་པོར་རེ་ཞིག་དེ་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ལེའུ་ཉི་ཤུ་རྩ་དགུ་པ་བཤད་པའི་རྗེས་ལའོ། །རྩ་རྣམས་ཀྱི་རྒྱུད་བཤད་ཀྱིས་ཉོན། །ཞེས་བྱ་བ་དང་འབྲེལ་ཏོ། །དེས་ཞེས་བྱ་བ་ནི་ཁྲག་དང་ཁུ་བ་དང་།
རླུང་རྣམས་འབབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཐོས་པ་ལས་སྦྱོར་བ་སྟེ། ཇི་ལྟར་གནས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་གིས་ཤེ་ན། དེའི་ཕྱིར་རྡོ་རྗེ་བརྟན་པའི་ལུས་ཀྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བཞིན་དུ་བརྟན་པ་ནི་སྲ་བའོ། །དེ་ལྟ་བུའི་ལུས་གང་རྣམས་ལ་ཡོད་པ་དེ་རྣམས་ལ་དེ་
སྐད་ཅེས་བྱ་སྟེ། རྫོགས་པའི་རིམ་པ་ལ་གནས་པའི། །སྒོམ་པ་པོ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དེ་དངོས་སུ་བཤད་པ་བརྗོད་པའི་ཕྱིར། །དེའི་ཡན་ལག་སྡུད་པར་བྱེད་རྩ་རྣམས་བརྗོད་པ་སྔོན་དུ་འགྲོ་བས་ཁམས་འབབ་པའི་རིམ་པ་བསྟན་པའི་ཕྱིར། སྟོང་ཕྲག་ཉི་ཤུ་རྩ་
བཞི་ནི། །ཞེས་བྱ་བ་གསུངས་ཏེ། རྩ་རྣམས་ལུས་ཐམས་ཅད་ལ་གནས་པ་རྣམས་ཀྱིའོ། །རྟག་ཏུ་ཞེས་བྱ་བ་ནི་འཆི་བའི་དུས་ཀྱི་བར་དུ་དུས་ཐམས་ཅད་དུའོ། །རྨད་འབྱུང་བ་ཞེས་བྱ་བ་ནི་རང་དང་འོས་པའི་ཁམས་འབབ་པར་བྱེད་པས་ན་གནས་ངོ་མཚར་བ་དང་བཅས་པའོ། །བྱང་ཆུབ་སེམས་ནི་འབབ་ཅེས་བྱ་བ་ནི།

ཀུན་རྫོབ་པའི་སེམས་འབབ་པར་བྱེད་པ་རྣམས་སོ། །བདེ་བ་ཐམས་ཅད་རབ་ཏུ་འཕེལ། །ཞེས་བྱ་བ་ནི་རྗེས་སུ་འཇུག་པ་རྣམས་སོ། །བདེ་བ་ཐམས་ཅད་ནི་གཙོ་བོ་མ་ཡིན་པའི་ཁམས་ཀྱི་ངོ་བོ་རྣམས་ཀྱི་རྗེས་སུ་འཇུག་པ་ནི་འཇུག་པར་བྱེད་པའོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་
པར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཁྲག་འབབ་པ་ནི་ཞེས་བྱ་བ་ནི་ཉི་མ་འབབ་པའོ། །ཉི་མ་འབྱུང་བའི་བདག་ཉིད་ཅན། །ཞེས་བྱ་བ་ནི་རྡུལ་འབབ་པའོ། །རྟག་ཏུ་རྨད་དུ་འབྱུང་བའི་རྩ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་རླུང་འབབ་
པའོ། །རིམ་བཞིན་ཞེས་བྱ་བ་ནི་རླུང་རྒྱུ་བའི་རིམ་པས་སོ། །རྒྱ་ཆེན་རྒྱུད་ལས་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པ་འམ། རྡོ་རྗེ་ཕྲེང་བའི་རྒྱུད་ཆེན་པོའི་རྗེས་སུ་འབྲངས་ནས་སོ། །དེ་ལྟར་སྡུད་པར་བྱེད་པའི་རྩ་རྣམས་བརྗོད་པ་སྔོན་དུ་འགྲོ་བས་དེའི་ཁམས་འབབ་པ་བསྟན་ནས།
ད་ནི་སྡུད་པར་བྱེད་པའི་རྩ་བརྗོད་པའི་ཕྱིར། ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ཞེས་བྱ་བ་ནི་རང་དང་གཞན་གྱི་ལུས་ལའོ། །གནས་ཀྱི་དབྱེ་བ་ཡིས་ཞེས་བྱ་བ་ནི། གནས་དང་ཉེ་བའི་གནས་ལ་སོགས་པ་ཉི་ཤུ་རྩ་བཞིའི་དབྱེ་བས་སོ། །ཉི་ཤུ་རྩ་བཞི་ཞེས་བྱ་བ་ནི་མི་ཕྱེད་མ་ལ་སོགས་པའི་
མིང་ཅན་ནོ། །དེ་ནི་ཞེས་བྱ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་རྣམས་སོ། །བརྗོད་ཅེས་བྱ་བ་ནི་གསུངས་པའོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཅན་གྱི་རྩ་རྣམས་ནི་ཉི་ཤུ་རྩ་བཞི་པོ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །དེ་ལྟར་སྡུད་པར་བྱེད་པའི་རྩ་རྣམས་བསྟན་ནས། ད་ནི་རྒྱ་ཆེར་བརྗོད་པ་
ལ་ལུགས་བརྗོད་པའི་ཕྱིར། ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ཀྱི་ཟླ་བའི་ཀུན་དུ་སྤྱོད་པ་གསུམ་ལ་བརྟེན་ནས། དེ་རྣམས་ཉིད་སྡུད་པར་བྱེད་པ་ཉི་ཤུ་རྩ་བཞིའོ། །བདུན་ཅུ་རྩ་གཉིས་བརྗོད་ཅེས་བྱ་བ་ནི་ཐིམ་པ་དང་ལོངས་སྤྱོད་པ་དང་།
བདག་པོ་ཉིད་གསུམ་གྱི་ཉི་ཤུ་རྩ་བཞིའི་རྩ་རྣམས་ཀྱི་གྲངས་ཀྱིས་བདུན་ཅུ་རྩ་གཉིས་ཀྱི་གྲངས་འབྱུང་བ་ལས་སོ། །རེ་རེར་འང་འཁོར་ནི་སྟོང་སྟོང་ངོ་། །ཞེས་བྱ་བ་ནི་རྩ་རེ་རེ་ཡང་རྒྱས་པར་ནི་འཁོར་ནི་སྟོང་སྟེ་སྟོང་གི་གྲངས་སོ། །རིགས་བརྒྱའི་དབྱེ་བ་གནས་ལ་སོགས་པ་བཅུས་བསྒྱུར་ན། རེ་རེ་ལ་སྟོང་ཕྲག་

གི་གྲངས་སུ་ཤེས་པར་བྱའོ། །དེ་ལྟར་རྒྱ་ཆེར་བརྗོད་པའི་ལུགས་བསྟན་ནས། ད་ནི་ཉེ་བར་བསྡུ་བའི་ལུགས་བརྗོད་པར་བྱ་བའི་ཕྱིར། གཙོ་བོ་ཡང་ནི་བསྡུས་པ་ལས། །ཞེས་བྱ་བ་གསུངས་ཏེ། སླར་ཡང་བསྡུས་ནས་འགྲོ་བ་དང་། །ཞེས་བྱ་བ་དང་འབྲེལ་ཏོ། །ཐིམ་པ་ལོངས་སྤྱོད་བདག་པོར་དོར།
ཞེས་བྱ་བ་ནི་བདུན་ཅུ་རྩ་གཉིས་ཀྱི་གྲངས་རྣམས་ལ་སུམ་འགྱུར་གྱི་གྲངས་ཕྲི་བས་སོ། །གནས་རྣམས་ཀྱི་ནི་གྲངས་སུ་འགྱུར། །ཞེས་བྱ་བ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་ཉི་ཤུ་རྩ་བཞི་པའི་གྲངས་རྣམས་ཀྱིས་སོ། །སླར་ཡང་བསྡུས་ནས་འགྲོ་བ་ནི། །ཞེས་བྱ་བ་ནི་བདུན་ཅུ་རྩ་གཉིས་
པའི་ནང་དུ་འདུས་པར་འགྱུར་རོ། །གྲངས་རྣམས་ཇི་ཙམ་ཞེ་ན། དེའི་ཕྱིར། གསུམ་དང་རྣམ་བརྒྱད་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། ཉི་ཤུ་རྩ་བཞིའི་གྲངས་ཅན་གྱི་རྩ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །རྣམ་པ་བརྒྱད་པོ་ལ་རྣམ་པ་གསུམ་གྱིས་གྲངས་སུ་བྱས་ན་སྙམ་དུ་དགོངས་པའོ། །དེ་
རྣམས་ཀྱང་ཕྲ་མོ་ཕྲ་མོའི་ཆ་ཤས་ཀྱིས་བསྡུས་པས་ན། འདུས་པར་འགྱུར་རོ་སྙམ་དུ་བསྟན་པའི་ཕྱིར་རྩ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་ཤུ་རྩ་བཞིའི་གྲངས་སོ། །ཉིན་མཚན་དབྱེ་བ་ཡིས་ཞེས་བྱ་བ་ནི་ཉིན་མཚན་གཅིག་ལ་ཕལ་ཆེར་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ལ་འདུས་
པར་འགྱུར་རོ། །དེ་ཡང་ཐུན་བརྒྱད་པའོ། །དེ་ཡང་སྐད་ཅིག་ལ་ཞེས་བྱ་བའི་ཐ་ཚིག་གོ། །ནང་དུ་འགྲོ་བར་ཤེས་པར་བྱ། ཞེས་པ་ནི་ཤེས་པར་བྱ་བའོ། །བདུན་ཅུ་རྩ་གཉིས་དང་། ཉི་ཤུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ཐུན་བརྒྱད་དང་། སྐད་ཅིག་མ་གཅིག་གི་རབ་ཏུ་དབྱེ་བས་གོང་
ནས་གོང་དུ་བསྡུས་ནས་འགྲོ་བར་འགྱུར་རོ། །དེ་ལྟར་དོན་རྣམ་པ་བཞིས་རྩའི་མདོར་བསྟན་པ་བཤད་ནས། ད་ནི་དེ་རྒྱས་པར་བཤད་པའི་ཕྱིར། དེའི་ཡན་ལག་རྩ་གསུམ་གྱི་ཁམས་འབབ་པའི་རིམ་པ་བསྟན་པའི་ཕྱིར། གཡོན་པ་བྱང་ཆུབ་ཟླ་བ་འབབ། །ཅེས་གསུངས་ཏེ། གཡོན་པ་ཞེས་བྱ་བ་ནི་
གཡོན་པའི་ཆ་ལའོ། །ཀུན་རྫོབ་ཀྱི་སེམས་ཀྱི་ཟླ་བ་འབབ་པའོ། །གཡས་པ་ཁྲག་དང་ཉི་མ་འབབ། །ཅེས་བྱ་བ་ནི་གཡས་པའི་ཆ་ལ་ཉི་མའི་རང་བཞིན་གྱི་ཁྲག་འབབ་པའོ། །ཤེས་བྱ་དབུས་སུ་རླུང་རྒྱུ་བས། །ཞེས་བྱ་བ་ནི་དབུས་ཀྱི་གནས་སུ་རྣམ་པར་མི་རྟོག་པའི་རླུང་དང་དུས་ཀྱི་མེ་འབབ་པའོ། །

གདམས་ངག་ལས་ཀྱང་རྩ་གསུམ་པོ་དབུས་ཀྱི་མདུད་པ་བརྗོད་པར་འདོད་པས་དྲུག་ཏུ་འགྱུར་རོ། །དེ་རྣམས་ཀྱང་སྟེང་འོག་གི་དབྱེ་བས་ཁམས་དྲུག་འབབ་པར་བྱེད་པའོ། །ཇི་སྐད་དུ། བཤང་གཅི་ཟླ་བ་ཉི་མ་དང་། །སྒྲ་གཅན་དུས་ཀྱི་མེ་རྩ་རྣམས། །དྲུག་ཅེས་བྱ་བ་ལ་སོགས་
པའོ། །མིང་བསྟན་པའི་ཕྱིར། ལ་ལ་ནཱ་དང་ར་ས་ནཱ། ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་གསུངས་ཏེ། འདིར་ནི་མདོ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་རྩ་གསུམ་པོ་ལ་ཁམས་འབབ་པའི་རིམ་པ་བསྟན་ནས། ད་ནི་དེ་རྣམས་ཀྱི་སྤྲོ་བའི་རིམ་པ་བརྗོད་པའི་ཕྱིར། དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་གསུམ་
པོ་རྣམས་སོ། །སྤྲོ་བའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་རྒྱས་པའི་སྦྱོར་བས་སོ། །བརྒྱད་ཅེས་བྱ་བ་ནི་རྩ་བརྒྱད་ཀྱི་ངོ་བོའོ། །ཅིའི་ཕྱིར་ཞེ་ན། རིམ་གྱིས་ཐུན་བརྒྱད་ཅེས་བྱ་བ་གསུངས་ཏེ། ཐུན་བརྒྱད་ཀྱི་རིམ་པས་ཞེས་བྱ་བའི་དོན་ཏོ། །རེ་རེ་ཡང་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞིར་འགྲོ་ཞེས་བྱ་བ་དང་འབྲེལ་ཏོ། །རེ་རེ་
ཡང་ཐུན་བརྒྱད་ཀྱི་གྲངས་སོ། །ཇི་ལྟར་ཞེ་ན། དེའི་ཕྱིར་གསུམ་པོ་ཞེས་བྱ་བ་གསུངས་ཏེ། གསུམ་གྱིས་བསྒྱུར་བའོ། །ཇི་སྐད་སྟོན་པར་འགྱུར་ཏེ། གང་ཞིག་རྩ་གསུམ་པོ་འདི་ཐུན་བརྒྱད་པོའི་གྲངས་ཀྱིས་རྒྱུད་དུ་འགྲོ་བ་དེ་རྣམས་ཉིད་ལ་གསུམ་གྱིས་བསྒྱུར་བས་ཉི་ཤུ་རྩ་བཞིར་འགྱུར་རོ། །སླར་ཡང་ཞེས་
བྱ་བ་ནི་དེའི་རྗེས་ལ་སླར་ཡང་། ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །ཞེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའི་ཉི་ཤུ་རྩ་བཞི་བྱང་ཆུབ་སེམས་ཀྱི་ཀུན་དུ་སྤྱོད་པའི་རིམ་པ་གསུམ་གྱིས་བསྒྱུར་བས་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རིམ་གྱིས་གྲངས་ནི་བདུན་ཅུ་གཉིས། །ཞེས་
བྱ་བ་གསུངས་ཏེ། དེ་མ་ཐག་པར་བསྟན་པའི་གྲངས་ཀྱི་རིམ་པས་སོ། །སླར་ཡང་དེ་ཞེས་བྱ་བ་ནི་བདུན་ཅུ་རྩ་གཉིས་སོ། །དེ་སྤྲོ་བ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྒྱ་ཆེན་པོའི་སྦྱོར་བས་སོ། །རེ་རེ་སྟོང་སྟོང་དབྱེ་བ་ཡིས། །ཞེས་བྱ་བ་ནི་སྟོང་ཕྲག་གི་གྲངས་ཉིད་དུ་འགྱུར་བའོ། །ངེས་པར་གྲངས་ཉིད་
འགྱུར་བ་ནི། །ཞེས་བྱ་བ་ནི་སྟོང་སྟོང་གིས་བསྒྱུར་བས་བདུན་ཅུ་རྩ་གཉིས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་རོ། །དེ་ལྟར་དེ་རྣམས་ཉིད་ཀྱི་སྤྲོ་བའི་རིམ་པ་བསྟན་ནས། ད་ནི་གསུམ་པོ་སླར་ཡང་གཅིག་གི་ཁོངས་སུ་བསྡུ་བ་བརྗོད་པའི་ཕྱིར། གཙོ་བོ་ཞེས་བྱ་བ་གསུངས་ཏེ། གཙོ་

བོ་གསུམ་ནི། ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱིའོ། །སྦྱོར་བས་ཞེས་བྱ་བ་ནི་གཡས་པ་དང་གཡོན་པའི་རླུང་རྒྱུ་བ་དབུས་མར་འཇུག་པའི་སྦྱོར་བས་སོ། །གཅིག་པ་ཉིད་དུ་འགྲོ་ཞེས་བྱ་བ་ནི་རྩ་དབུས་མའི་ངོ་བོར་འགྲོ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གསུམ་པོ་གཅིག་གི་ཁོངས་སུ་བསྡུ་བ་
བསྟན་ནས། ད་ནི་རྩ་དབུས་མའི་ངོ་བོ་བརྗོད་པའི་ཕྱིར། ཤེས་པར་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་པོ་པའི་རྣལ་འབྱོར་པ་རྣམས་ལ་མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །ཕྲ་བ་དེ་ནི་ཞེས་བྱ་བ་ནི་སྐྲའི་རྩེ་མོའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །དང་པོ་ལས་ཀྱི་རྣལ་འབྱོར་པས། །ཞེས་བྱ་
བ་ནི་བསྐྱེད་པའི་རིམ་པ་སྒོམ་པ་པོའི་རྣལ་འབྱོར་པས་ཞེས་བྱ་བའི་དོན་ཏོ། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་སེམས་ཀྱི་སྤྱོད་ཡུལ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཞེས་བྱ་བ་ནི་རྫས་དང་བྲག་ཅའི་སྒྲ་སྤངས་པས་
སོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བ་ལ་བརྟེན་པའོ། །གསང་བ་ཞེས་བྱ་བ་ནི་ཟབ་མོའོ། །སྲོག་གི་རྟེན་གྱི་མཚན་ཉིད་དང་། །ཞེས་བྱ་བ་ནི་སྲོག་གི་རླུང་གི་རྟེན་ཉིད་ཀྱི་ཕྱིར་རོ། །ནག་པོའི་རྩར་ནི་རྣམ་པར་བཤད། །ཅེས་བྱ་བ་ནི་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་
དབྱིངས་ཀྱི་དབང་ཕྱུག་དང་། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྩ་དབུས་མའི་ངོ་བོ་བསྟན་ནས། ད་ནི་དེ་ལ་མན་ངག་གིས་རྟོགས་པར་བྱ་བ་ཉིད་བརྗོད་པའི་ཕྱིར། རྣལ་འབྱོར་མའི་ཞལ་ནས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་མཁའ་འགྲོ་མའི་ཞལ་གྱི་
གདམས་ངག་གིས་རྟོགས་པར་བྱའོ། །རོ་གཅིག་གོ་འཕང་བདག་ཉིད་ཅན། །ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་བཟློག་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་
མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་སུམ་ཅུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་པས་རྩ་རྣམས་ཀྱི་ངེས་པར་འབབ་པའི་མཚན་ཉིད་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་མཚམས་ཀྱི་རྩ་གསུམ་གྱི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་སུམ་ཅུ་རྩ་

གཅིག་པ་ཉེ་བར་འགོད་ཅིང་རེ་ཞིག་དང་པོར་དེའི་རྩོམ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མཚམས་ཀྱི་རྩ་ནི་གཙོ་བོ་ཉིད་བཤད་ཀྱིས་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །
དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་གསུམ་པོ་གང་ལས་སོ། །རྩ་རྣམས་སྡོམ་དང་འཆར་བ་དང་། །ཞེས་བྱ་བ་ལ་སྡོམ་པ་ནི་བསྡུས་པའོ། །འཆར་བ་ནི་སྐྱེ་བའོ། །སྡོམ་པ་ཡང་ཡིན་ལ་འཆར་བ་ཡང་ཡིན་པས་ན་སྡོམ་པ་དང་འཆར་བའོ། །རྟག་
ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དེ་ལྟར་དེའི་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བསྟན་པ་བཤད་པའི་ཕྱིར། སྡོམ་པ་མདོར་བསྟན་པའི་ཡན་ལག་རང་གི་ངོ་བོ་བསྟན་པ་ནི། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་རྣམས་ཀྱི་སྤྲོས་པ་བཟློག་པའི་བདག་ཉིད་ཅན་གྱིས་སོ། །མཆོག་
ཏུ་དགའ་བ་ཉམས་མྱོང་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉམས་སུ་མྱོང་བའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །ལྷ་ཡི་ཡེ་ཤེས་གསལ་བར་བྱེད། །ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལྷན་ཅིག་སྐྱེས་པ་གསལ་བའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅན་ནོ། །གསལ་བའི་སྔགས་སུ་ཡང་
དག་པར་སྦྱོར་ཞེས་བྱ་བ་ནི་གསལ་བ་ནི་ཐམས་ཅད་ཀྱི་གཙོ་བོ་ཧཱུཾ་ཡིག་ལ་ཡང་དག་པར་སྦྱར་བ་ནི། རླུང་གསུམ་པོ་ལ་ཆ་ཤས་སུ་ཡོངས་སུ་རྟོགས་པས་འབྲེལ་པའི་ཕྱིར་རོ། །ལྷ་ཡི་རྣལ་འབྱོར་དོན་ངེས་པ། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རླུང་འབྱེད་པས་ལྷ་ནི་འཇིག་རྟེན་ལས་འདས་པའོ། །རྣལ་
འབྱོར་གྱི་དོན་ནི་དོན་དམ་པའི་དེ་ཁོ་ན་ཉིད་ངེས་པར་འབྱེད་པའོ། །དེ་ཉིད་གསུམ་སྦྱོར་ཞེས་བྱ་བ་ནི་ལུས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་སོ། །དྲི་མ་མེད་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རླུང་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་གསུམ་དོན་གཅིག་ཏུ་སྡོམ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་
སོགས་པ་རྣམས་ཀྱི་དོན་གཅིག་པ་ནི་དོན་གཅིག་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ། །དེའི་སྡོམ་པ་ནི་སྡུད་པའི་རང་བཞིན་ནོ། །འཇིག་རྟེན་གསུམ་དུ་ཁྱབ་ཅིང་ཞེས་བྱ་བ་ནི་ཁམས་གསུམ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཕྲ་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་

རོ། །ལུས་ཀུན་ལ་ནི་ཡང་དག་བརྟེན། །ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་རྣལ་འབྱོར་པ་གཅིག་པུའི་སྤྱོད་ཡུལ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་སེམས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །
དམ་ཚིག་སེམས་དཔའ་སྟེ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་ཕྱིར་བདེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱིས་བདེ་བ་ཆེན་པོའི་རང་བཞིན་ནོ། །རྣལ་འབྱོར་མཆོག་ཏུ་ཤེས་པར་བྱ། །ཞེས་བྱ་བ་ནི་བླ་ན་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོའོ། །ཁྱབ་པའི་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་
དག་པ་ལ་ལྟོས་ནས་སོ། །དེ་ཉིད་ཅེས་བྱ་བ་ནི་དོན་དམ་པ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །རྨད་འབྱུང་བ་ཞེས་བྱ་བ་ནི་འབད་པ་མེད་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །མཆོག་དང་རབ་མཆོག་ཅེས་བྱ་བ་ནི་དགའ་བ་ལ་སོགས་པ་གསུམ་ལས་སོ། །རབ་མཆོག་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་
ཉིད་ཀྱི་ཕྱིར་རོ། །ཕྲ་ཞེས་བྱ་བ་ནི་སྐྲའི་རྩེ་མོ་བྱེ་བ་བརྒྱའི་ཆའི་ཚད་ཙམ་གྱི་ཕྱིར་རོ། །རང་འབྱུང་ཡེ་ཤེས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་འབྱུང་བ་མེད་པའི་ཕྱིར་རོ། །མི་ཟད་པ་ཞེས་བྱ་བ་ནི་སྐྱེ་འཇིག་དང་བྲལ་བའི་ཕྱིར་རོ། །དེ་ལྟར་སྡོམ་པ་མདོར་བསྟན་པའི་ངོ་བོ་བསྟན་ནས། ད་ནི་རྩ་བའི་རྩ་བསྟན་
པའི་ཕྱིར། སུམ་ཅུ་རྩ་གཉིས་བྱང་ཆུབ་འབབ། །ཅེས་བྱ་བ་གསུངས་ཏེ། སོ་དང་སེན་མོ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་པོ་རྣམས་ལའོ། །འབབ་ཅེས་བྱ་བ་ནི་འཛག་པར་བྱེད་པའོ། །རྩ་ནི་ཞེས་བྱ་བ་ནི་རྩའོ། །ཐམས་ཅད་མཆོག་ཏུ་ཞེས་བྱ་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་
གཉིས་ཀྱི་ངོ་བོ་རྣམས་སོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཤེས་པ་ལ་དེ་སྣང་བའི་ཕྱིར་རོ། །བདེ་བ་ཆེན་པོའི་འཁོར་ལོ་གནས། །ཞེས་བྱ་བ་ནི་མགོ་བོར་གནས་པའོ། །རྩ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྩ་རྣམས་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །གང་དུ་ཞེ་ན། དེའི་
ཕྱིར་ཆ་རྣམས་ཀུན་བདག་ཉིད། །ཅེས་བྱ་བ་གསུངས་ཏེ། རྩའི་ཚོགས་མ་ལུས་པ་ལུས་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་སྡོམ་པ་མདོར་བསྟན་པ་བཤད་ནས། ད་ནི་མཚམས་ཀྱི་རྩ་རྣམས་རྒྱས་པར་བསྟན་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་ནི། དེའི་དབུས་ན་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། རྩ་རྣམས་སུམ་ཅུ་རྩ་གཉིས་ཀྱི་གྲངས་ཅན་གྱི་དབུས་ནའོ། །རྩ་གསུམ་སྟེ་ཞེས་བྱ་བ་ནི་གསུམ་མོ། །གཙོ་བོར་ཡང་ནི་ཡང་དག་བཤད། །ཅེས་བྱ་བ་ནི་གཙོ་བོར་བརྗོད་དོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཟླ་བ་ཉི་མ་མེ་རྒྱུ་བ། །ཞེས་གསུངས་ཏེ།
ཁུ་བ་དང་ཁྲག་དང་དུས་ཀྱི་མེ་འབབ་པའོ། །འབྱུང་བ་ཐམས་ཅད་ལ་ནི་ཁྱབ། །ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞིའི་ངོ་བོ་འཁོར་ལོ་བཞི་ལ་ཁྱབ་པར་བྱེད་པ་སྟེ། དེ་རྣམས་མེད་པར་དེ་རྣམས་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། དེ་ཉིད་ལ་དཔེ་བསྟན་པའི་ཕྱིར། ཇི་ལྟར་
ཤིང་རྩ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ལས་སྐྱེས་པ་ལའོ། །ས་ལ་གནས་པ་ཞེས་བྱ་བ་ནི་སའི་ནང་དུ་གནས་པའི་རྩ་བ་རྣམས་སོ། །ཅུང་ཟད་ཅེས་བྱ་བ་ནི་ཅུང་ཟད་ཙམ་གྱི་ངོ་བོའོ། །གནས་ཞེས་བྱ་བ་ནི་བསྟན་པར་བྱས་ནས་སོ། །སྡོང་བུ་ཡལ་ག་ཁ་ཕྱེ་བ། །སོགས་པ་ཡིས་ནི་
ཀུན་ལ་ཁྱབ། །ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །དེ་ལྟར་དཔེ་བརྗོད་ནས། ད་ནི་དོན་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཞེས་བྱ་བ་ནི་ཤིང་གི་རྩ་བ་ལྟར་རོ། །སྐྱེས་བུ་ཞེས་བྱ་བ་ནི་མིའོ། །མགོར་གནས་པ། རྩ་གསུམ་ལ་ནི་ཞེས་བྱ་བ་ནི་
མགོ་བོ་ལ་གནས་པའི་ལ་ལ་ནཱ་ལ་སོགས་པ་གསུམ་མོ། །རྙོག་པ་མེད་ཅེས་བྱ་བ་ནི་ཕན་ཚུན་བརྒྱུད་པས་ཁམས་རྣམས་མ་འདྲེས་པའི་ཕྱིར་དང་། རླུང་གི་རྒྱུ་བ་ཡང་དུས་བཟང་པོའི་རིགས་པས་འབབ་པའི་ཕྱིར་རོ། །ཕུང་པོ་ཁམས་སོགས་ཚོགས་ལ་ཁྱབ། །ཅེས་བྱ་བ་ནི་ཕལ་ཆེར་
དེའི་བདག་ཉིད་ཅན་གྱི་ལུས་ལའོ། །མཆོག་དང་མཆོག་རབ་ཅེས་བྱ་བ་ནི་གཞན་དུ་གྱུར་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཅན་ལས་སོ། །མཆོག་ཅེས་བྱ་བ་ནི་རྩ་གསུམ་གྱི་ངོ་བོ་ཉིད་ཀྱི་མཆོག་ཏུ་གྱུར་པའོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་མཚམས་ཀྱི་རྩ་གསུམ་རྒྱས་
པར་བཤད་པ་བསྟན་ནས། དེ་ནི་དེའི་རྣམ་པར་དག་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་ནི། རྣམ་པར་ཐར་པའི་སྒོ་གསུམ་དངོས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མ་ཐག་པར་བསྟན་པའི་རྩ་གསུམ་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་

པའི་རང་བཞིན་ཏེ། རྩ་གསུམ་པའི་ངོ་བོ་ལ་དམིགས་ནས་རྣམ་པར་ཐར་པའི་སྒོ་གསུམ་འགྲུབ་པའི་ཕྱིར་རོ། །དེ་ཁོ་ན་ཉིད་གསུམ་སྡོམ་པ། །ཞེས་བྱ་བ་ལ་དེ་ཁོ་ན་ཉིད་གསུམ་གྱི་གནས་ཀྱི་གོ་འཕང་ནི། བསྡུས་པའི་ངོ་བོ་སྟེ། བདག་དང་སྔགས་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྱིར་དང་སྐུ་
ལ་སོགས་པ་དེ་ཁོ་ན་ཉིད་གསུམ་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། རང་གི་མཚན་ཉིད་དབྱེ་བ་གསུམ། །ཞེས་བྱ་བ་ནི་རང་བཞིན་དང་བཅས་པ་རྣམ་པར་མ་དག་པའི་ཤེས་པ་གསུམ་གྱིས་འགག་པའི་བདག་ཉིད་ཀྱི་ཕྱིར་རོ། །མཚམས་ཀྱང་ནི་ཞེས་བྱ་བ་ནི་
མཚན་མོ་དང་ཉིན་མོ་དང་། མཚམས་ཀྱི་དབྱེ་བས་སོ། །དམ་ཚིག་མཚན་ཉིད་རྣམ་པ་གསུམ། །ཞེས་བྱ་བ་ནི་དུས་ཀྱི་མཚན་ཉིད་དེ། མཚམས་ལ་སོགས་པ་རྣམས་ཇི་ལྟར་རིགས་པར་སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་གྱི་ངོ་བོར་ཤེས་པར་བྱའོ། །སངས་རྒྱས་དམ་ཆོས་དགེ་འདུན་ནི། །
ཞེས་བྱ་བ་ནི་མ་རིག་པའི་གཉིད་ལས་སད་པའི་ཕྱིར་དང་། བློ་ཁ་འབྱེད་པའི་ཕྱིར་དང་། ཆོས་རྣམས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པས་སངས་རྒྱས་སོ། །རང་གི་མཚན་ཉིད་འཛིན་པར་བྱེད་པས་ན་ཆོས་སོ། །དམ་པ་ནི་འཕགས་པ་རྣམས་ཀྱི་ཆོས་ཏེ། དམ་པའི་ཆོས་སོ། །དགེ་
འདུན་ནི་གང་ཟག་ཟུང་བཞི་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྡུད་པའི་རྣམ་པ་ཅན་ཉིད་ཀྱི་ཕྱིར་དགེ་འདུན་ནོ། །སྡོམ་པ་གསུམ་གྱི་མཚན་ཉིད་དོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ལ་སྡོམ་པའི་མཚན་ཉིད་དེ། དེ་ཡོངས་སུ་མ་དོར་བའི་ཕྱིར་རོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །
ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཡེ་ཤེས་ཞེས་བྱ་བ་ནི་ངོ་བོ་དེ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བས་བསྟན་པའི་ཕྱིར་རོ། །གསུམ་གྱི་དེ་ཉིད་མཚན་ཉིད་དོ། །
ཞེས་བྱ་བ་ནི་རྩ་གསུམ་གྱི་ངོ་བོའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །རྒྱུ་དང་འབྲས་བུ་ཉེར་མཁོ་ནི། །ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་གཞན་ལ་ཕན་འདོགས་པ་ཕུན་སུམ་ཚོགས་པའི་ངོ་བོས་རྣལ་འབྱོར་གསུམ་གྱི་རྣམ་པར་དག་པའི་མཚན་ཉིད་དེ། དེ་ལ་འབྲས་བུ་ནི་ཟུང་དུ་འཇུག་པའི་

རྣམ་པའོ། །རྒྱུ་ནི་བསྐྱེད་པའི་རིམ་པ་ལ་སོགས་པའོ། །དེ་དག་གིས་ལྷུན་གྱིས་གྲུབ་པའི་སེམས་ཅན་གྱི་དོན་དུ་གཞན་ལ་ཕན་པའི་ཕུན་སུམ་ཚོགས་པ་སྟེ། དེ་རྣམ་པར་དག་པའི་མཚན་ཉིད་དོ། །རླུང་དང་མཁྲིས་པ་ཞེས་བྱ་བ་ལ་སོགས་པ་ནི། མདོ་ཇི་ལྟ་བ་
བཞིན་ནོ། །ཁམས་བཏུས་པ་ཞེས་བྱ་བ་ནི་ཁམས་ཐམས་ཅད་བསྡུས་པའི་དོན་གྱིས་སོ། །འདོད་པ་ཞེས་བྱ་བ་ལ་སོགས་པ་ནི་གནས་ཉི་ཤུ་དང་། བཅུ་བདུན་དང་། སྙོམས་པར་འཇུག་པ་བཞིའི་ངོ་བོས་ཁམས་གསུམ་གྱི་མཚན་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར། འཇིག་རྟེན་གསུམ་
གྱི་མཚན་ཉིད་དོ། །ཞེས་གསུངས་ཏེ། འཁོར་བའི་འཇིག་རྟེན་པའི་མཚན་ཉིད་རྣམ་པར་དག་པའི་མཚན་ཉིད་ཅན་ནོ། །དེ་ལྟར་དེའི་རྣམ་པར་དག་པའི་ངོ་བོ་བསྟན་ནས། ད་ནི་དེ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའི་རིམ་པ་བརྗོད་པའི་ཕྱིར། རྩ་བ་གསུམ་དང་ཞེས་བྱ་བ་གསུངས་ཏེ། དེ་མ་
ཐག་པར་གསུངས་པའི་རྩ་གསུམ་པོ་རྩ་བ་སྟེ། གཙོ་བོར་གྱུར་པའི་ཕྱིར་རོ། །འབྲས་བུ་གཅིག་ཅེས་བྱ་བ་ནི་དེ་ལས་གཞན་པའི་རྩ་གཉིས་པོ་རྒྱུ་བ་ཉེ་བར་མཚོན་པས་གཅིག་ནི་དབུས་མ་ཨ་ཝ་དྷཱུ་ཏཱིའི་འབྲས་བུ་སྟེ། དེའི་རིམ་པས་དེ་ལ་ཉེ་བར་དམིགས་པའི་ཕྱིར་རོ། །རིམ་བཞིན་ཞེས་བྱ་
བ་ནི་རིམ་པ་ལ་བརྟེན་ནས་སོ། །ཆོས་ཀྱི་འཁོར་ལོར་སོན་ཞེས་བྱ་བ་ནི་སྙིང་གའི་པདྨ་ལ་གནས་པའི་སེམས་ཀྱི་གནས་ཉིད་ཀྱི་ཕྱིར་རོ། །སྤྲུལ་པ་ཞེས་བྱ་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའོ། །དེ་གསུམ་ཞེས་བྱ་བ་ནི་ལ་ལ་ནཱ་སོགས་གསུམ་མོ། །གསལ་ཞེས་བྱ་བ་ནི་གསུམ་པོ་ཉིད་ཀྱི་
རྣལ་འབྱོར་གྱི་མངོན་སུམ་ལ་སྣང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་འབབ་པ་ཉིད་དང་། ཁུ་བ་འབབ་པ་ཉིད་དང་མེ་འབབ་པ་ཉིད་ཀྱིས་རིམ་པ་ཇི་ལྟ་བར་ལུས་ལ་སོགས་པ་རྣམ་པར་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དེ་རྣམས་
ཉིད་ཀྱི་རྒྱུ་དང་འབྲས་བུའི་ངོ་བོའི་རིམ་པ་བསྟན་ནས། ད་ནི་དེའི་ཉེས་པ་འཆར་བ་ན། །འཆི་བ་འབྱུང་བ་བརྗོད་པའི་ཕྱིར། །གང་ཚེ་དེ་ལ་ནད་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད་ནི་འདུས་པ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་ལུས་ལའོ། །གང་ཚེ་ཞེས་བྱ་བ་ནི་དུས་

གང་ལའོ། །དེ་རྣམས་ལ་ཞེས་བྱ་བ་ནི་རྩ་གསུམ་པོ་ལའོ། །དེ་ཚེ་ཞེས་བྱ་བ་ནི་ལུས་དེ་ལའོ། །གཟས་འཛིན་མཚན་ཉིད་དོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཟླ་བ་ལ་སྒྲ་གཅན་གྱིས་འཛིན་པ་ལྟར་འཆི་ལྟས་ཀྱི་རྟགས་འབྱུང་བའི་ཕྱིར་རོ། །ཅུང་ཟད་ནད་ཅེས་བྱ་བ་ནི་ཡོངས་སུ་མ་རྫོགས་པའི་ངོ་བོའོ། །
གང་ཚེ་ཞེས་བྱ་བ་ནི་དུས་གང་ལའོ། །འགྲོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་འགྲོ་བའོ། །དེ་ཚེ་ཞེས་བྱ་བ་ནི་དུས་དེར་རོ། །ཕྱེད་འཛིན་མཚན་ཉིད་དོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཟླ་བ་ལ་སོགས་པ་ལ་སྒྲ་གཅན་གྱིས་ཕྱེད་བསྒྲིབས་པ་ལྟར་འཆི་རྟགས་ཡོངས་སུ་རྫོགས་པ་མི་སྐྱེད་པའི་ཕྱིར་རོ། །
སྲོག་གི་ཞེས་བྱ་བ་ནི་འཆི་བའི་དུས་སུ་འབྱུང་བའི་སྲོག་གི་རླུང་གིས་སོ། །བཅོམ་ན་ཞེས་བྱ་བ་ནི་ཀུན་ནས་གདུངས་པའོ། །གང་ཕྱིར་ཞེས་བྱ་བ་ནི་དུས་གང་གི་ཚེ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཉིད་ཚེ་ན་ཞེས་བྱ་བ་ནི་དུས་དེ་ཉིད་ཀྱི་ཚེ་ནའོ། །འཆི་བའི་མཚན་ཉིད་ཡིན་ཞེས་བྱ་བ་ནི་སྲོག་གི་
དབང་པོ་འགག་པར་བྱེད་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཉེས་པ་འཆར་བ་ལ་འཆི་བ་འབྱུང་བ་བསྟན་ནས། ད་ནི་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་མན་ངག་གིས་རྟོགས་པར་བྱ་བ་ཉིད་བསྟན་པའི་ཕྱིར། རྩའི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་དང་འཆི་བ་དང་
ཐར་པའི་གནས་སྐབས་སོ། །གསུམ་པ་ཞེས་བྱ་བ་ནི་རྩ་གསུམ་གྱིའོ། །གཙོ་བོ་ཉིད་དུ་ངེས་ཞེས་བྱ་བ་ནི་གཙོ་བོ་ཉིད་དུ་ཡོངས་སུ་ཤེས་པའོ། །རྒྱས་པར་ཞེས་བྱ་བ་ནི་རྒྱ་ཆེ་བར་རོ། །རྣལ་འབྱོར་མ་འཁོར་ལོ་ཞེས་བྱ་བ་ནི་གནས་ལ་སོགས་པ་ལས་སྐྱེས་པའི་རྣལ་འབྱོར་མའི་ཚོགས་
ཀྱི་དྲུང་ནས་སོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་སོ། །གསལ་པོར་ཞེས་བྱ་བ་ནི་གསལ་བར་བྱས་ནས་སོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་
ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་གཅིག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་གཅིག་པས་མཚམས་ཀྱི་རྩ་གསུམ་གྱི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་རླུང་ལ་སོགས་པའི་རྣམ་པར་

དབྱེ་བ་བསྟན་པའི་ཕྱིར་དང་། རླུང་སྐྱེད་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་སུམ་ཅུ་རྩ་གཉིས་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེ་ལ་རྩོམ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་གཅིག་པ་བཤད་པའི་རྗེས་ལའོ། །
གཞན་ཡང་ཞེས་བྱ་བ་སྔ་མ་བཞིན་ནོ། །རླུང་གི་མཚན་ཉིད་ནི་ཞེས་བྱ་བ་ནི་རླུང་རྣམས་ཀྱི་བསྐྱེད་པའི་མཚན་ཉིད་དེ་བཤད་ཀྱིས་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར། ཇི་ལྟར་དངོས་སུ་ཡང་དག་ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རླུང་རྣམས་བསྐྱེད་པས་
སོ། །དངོས་ཞེས་བྱ་བ་ནི་མངོན་སུམ་ཉིད་དུའོ། །དུས་ནི་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཟླ་བ་དང་ཉི་མ་ལ་སོགས་རྒྱུ་བའི་མཚན་ཉིད་ཅན་དང་། ནང་གི་བདག་ཉིད་ཅན་གྱི་དབུགས་དབྱུང་བ་དང་འཇུག་པའི་མཚན་ཉིད་ཅན་ལའོ། །ཡོངས་སུ་སླུ་བྱེད་ཡིན་ཞེས་བྱ་བ་ནི་དེ་ལས་བཟློག་པའི་རྣམ་པའོ། །
ཡང་དག་ཤེས་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དེ་དངོས་སུ་བསྟན་པའི་ཕྱིར། དེའི་ཡན་ལག་བར་དོའི་སྲིད་པའི་རྣམ་ཤེས་འཇུག་པ་ནི། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་ཀྱི་སྒྲས་
ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་གཉིས་སོ། །རླུང་གི་ངོ་བོས་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རླུང་དང་བཅས་པའོ། །གཟུགས་གཞན་བྱེད་ཅེས་བྱ་བ་ནི་དབང་པོ་ཚང་བ་ཉིད་ཀྱི་ཕྱིར་རོ། །དོན་ནི་ངེས་པར་ཡོད་མི་ཤེས། །ཞེས་བྱ་བ་ནི་རང་གི་ལས་
ཀྱི་དབང་གི་ངེས་པས་གང་དེ་དོན་ནི། སྔོན་པོ་ལ་སོགས་པ་རྣམས་ལ་སྟེ། ཡོངས་སུ་ཤེས་པ་ནི་ཤེས་པའོ། །དེས་མི་ཤེས་པ་ནི་ཁྱོགས་ཀྱི་བཞོན་པ་ལྟར་མྱ་ངན་ལ་སོགས་པས་བསྒྲིབས་པའི་ཕྱིར་རོ། །རླུང་ཙམ་ཞེས་བྱ་བ་ནི་གྲིབ་མ་ལྟ་བུ་ཉིད་ཀྱིས་མཚན་
ཉིད་ཀྱི་གཟུགས་དང་བྲལ་བའི་ཕྱིར་རོ། །བཀུག་ནས་ནི་ཞེས་བྱ་བ་ནི་ཡང་དག་པར་བཀུག་ནས་སོ། །ཀུན་གཞིའི་རྣམ་ཤེས་ཞེས་བྱ་བ་ནི་བག་ཆགས་ཀྱི་རྟེན་སྤྲུལ་པ་གཉིད་ལོག་པ་ལྟ་བུའོ། །བག་ཆགས་ནང་དུ་རྣམ་པར་སྤྱོད། །ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་བག་

ཆགས་རྣམས་ཀྱི་ནང་དུ་རྒྱུ་བའོ། །ཅིག་ཅར་ཞེས་བྱ་བ་ནི་དུས་མཉམ་པའོ། །རླུང་དང་རྣམ་ཤེས་གཉིས་ཞེས་བྱ་བ་ནི་སྲོག་རྩོལ་གྱི་རླུང་དང་ཀུན་གཞིའི་རྣམ་ཤེས་སོ། །བག་ཆགས་དང་འདྲེས་ཞེས་བྱ་བ་ནི་རང་གི་དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་དབང་གིས་སོ། །རིམ་པ་ལས་
ཞེས་བྱ་བ་ནི་འཆི་བའི་སྲིད་པ་འགོག་པའི་རིམ་པས་སོ། །རང་གི་བག་ཆགས་བསྒོམ་པ་ཡིས། །ཞེས་བྱ་བ་ནི་རང་གི་ལྷན་ཅིག་སྐྱེས་པའི་བག་ཆགས་རྣམ་སྨིན་ལས་སོ། །དེ་ནས་ཟླ་མཚན་དུས་སུ་ནི། །ཞེས་བྱ་བ་ནི་འབྱུང་བར་གྱུར་པའི་མངལ་རང་བྱུང་གི་མེ་ཏོག་འབྱུང་བའི་ཚེ་ནའོ། །
འཇུག་པ་ནི་ཞེས་བྱ་བ་ནི་རབ་ཏུ་འཇུག་པ་ནའོ། །དེ་དག་ན་ཞེས་བྱ་བ་ནི། རླུང་དང་རྣམ་པར་ཤེས་པ་དག །ཅེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན། དེའི་ཕྱིར་མངལ་གྱི་རྩ་ལ་ཞེས་བྱ་བ་གསུངས་ཏེ། ཆ་དང་འབྲེལ་པའི་མ་སྐྱེས་པ། །ཞེས་བྱ་བའི་མིང་ཅན་ལའོ། །དེ་ཞེས་བྱ་བ་ནི་དེའི་
རྗེས་ལའོ། །ཁུ་བ་ཁྲག་ཞུ་ཐིག་ལེས་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་གི་རང་བཞིན་ཞུ་བའི་ཐིག་ལེ་རྣམས་ཀྱིས་སོ། །འདྲེས་པ་ཡིས་ནི་རྣམ་ཤེས་སྐྱེ། །ཞེས་བྱ་བ་ནི་བར་དོའི་རྣམ་པར་ཤེས་པའོ། །དཔེ་བསྟན་པའི་ཕྱིར། ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་བྱ་བ་གསུངས་
ཏེ། ཇི་ལྟར་ཆང་གི་རོ་ལ་མྱང་བ་རྣམ་པར་མ་ཕྱེ་བར་གྱུར་པས་གནས་པ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་མངལ་གྱི་རྩ་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་སྔར་བསྟན་པ་ཉིད་ལས་ཉོན་མོངས་ཅན་ཡིད་ཅེས་བྱ་བ་དང་འབྲེལ་ཏོ། །
ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རྣམ་ཤེས་ཀྱིས་ནི་བག་ཆགས་འཛིན། །ཞེས་བྱ་བ་གསུངས་ཏེ། ས་བོན་གྱི་ངོ་བོ་འཛིན་པར་བྱེད་དོ། །དེ་རྣམས་ཀྱང་བདེ་བ་དང་སྡུག་བསྔལ་གྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །སྲོག་རླུང་ཉིད་ཅེས་བྱ་བ་ནི་སྲོག་གི་རླུང་དང་བཅས་པ་ལས་ཀྱི་ངོ་བོ་ཉིད་ནི་ངོ་བོ་
ཉིད་དོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཡང་དག་འགྲོ་བར་འགྱུར་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བར་མ་དོའི་སྲིད་པའི་རྣམ་པར་ཤེས་པ་འཇུག་པ་བསྟན་ནས། ད་ནི་སེམས་ཅན་གྱི་ཁམས་བསྐྱེད་པ་བསྟན་པའི་ཕྱིར་དེའི་ཡན་

ལག་ཟླ་བ་དང་པོའི་གནས་སྐབས་བརྗོད་པའི་ཕྱིར། ཉའི་རྣམ་པ་ལྟ་བུའོ་ཞེས་བྱ་བ་གསུངས་ཏེ། ལྟ་བ་གཞན་པའི་གྲུབ་མཐའ་བརྗོད་པར་འདོད་ནས་འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱིས་འདོད་པ་ལ་སྣ་ཚོགས་པའི་གཟུགས་ཀྱི་བདག་ཉིད་
གཅིག་པ་ཉིད་ལ་གནས་སྐབས་བཅུ་བརྗོད་པ་ཡིན་ཏེ། ཇི་སྐད་དུ། ཉ་དང་རུས་སྦལ་ཕག་པ་དང་། །མི་ཡི་སེང་གེ་མིའུ་ཐུང་དང་། །ར་མ་གཉིས་དང་ནག་པ་དང་། །སངས་རྒྱས་སྐལ་གྱི་ཞེས་པ་བཅུ། །ཞེས་བྱ་བ་སྟེ། འདིའི་འདོད་པས་ཉའི་རྣམ་པ་ལྟ་བུར་ཞེས་བྱ་བ་གསུངས་སོ། །ཕ་
མ་དག་གི་ཁུ་བ་ཁྲག་གི་ཐིག་ལེས་མནན་པ་གང་གི་ཚེ་བར་མ་དོའི་སྲིད་པ་དེའི་ཚེ་ཟླ་བ་དང་པོ་ལ་མེར་མེར་པོ་དང་ནུར་ནུར་པོའི་གནས་སྐབས་གྲུབ་པས་ཉའི་རྣམ་པ་ལྟ་བུར་འགྱུར་བ་ནི་ཐོག་མའི་གནས་སྐབས་ལའོ། །འཕོ་བའི་དུས་སུ་ནི་ཞེས་བྱ་བ་ནི་ཉི་མ་ཁྱིམ་དང་པོར་འཕོ་བའི་གནས་
སྐབས་ལྟར་རོ། །སྤྱོད་པ་ཞེས་བྱ་བ་ནི་དེའི་གནས་སྐབས་རྣམས་སོ། །གང་གི་ཕྱིར་ཕྱི་རོལ་དུ་ཉི་མ་ལ་ལོ་གཅིག་གི་ནང་དུ་ཟླ་བ་བཅུ་གཉིས་ལ་ཁྱིམ་བཅུ་གཉིས་ལ་ལོངས་སྤྱོད་པ་ཟླ་བ་རེ་རེ་ལ་མཐོང་བ་དེ་བཞིན་དུ་ནང་གི་དུས་ལ་ཡང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དང་པོའི་གནས་སྐབས་
བསྟན་ནས། ད་ནི་གཉིས་པའི་གནས་སྐབས་བརྗོད་པའི་ཕྱིར་འཕོ་བ་གཉིས་པའི་དུས་སུ་ཞེས་བྱ་བ་གསུངས་ཏེ། ཟླ་བ་གཉིས་པ་ལ་ཞེས་བྱ་བའི་དོན་ཏོ། སླར་ཡང་ཁྲག་དང་འདྲེས་ནས་ནི། །ཞེས་བྱ་བ་ནི་མའི་རང་བྱུང་གིས་བསྡུས་པའོ། །སླར་ཡང་སྲོག་ཅེས་བྱ་བ་ནི་སྲོག་གི་རླུང་ངོ་། །
དབྱེ་བ་གཉིས་སུ་འགྲོ་ཞེས་བྱ་བ་ནི་དབྱེ་བ་གཉིས་སུ་འགྲོ་སྟེ། ཇི་ལྟར་ཞེ་ན། དེའི་ཕྱིར། སྟེང་དང་འོག་གི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། སྙིང་གི་སྟེང་འོག་གི་དབྱེ་བས་སོ། །ཐུར་སེལ་རླུང་གི་འགྲོ་འོང་ལས། །ཞེས་བྱ་བ་ནི་ཐུར་སེལ་གྱི་མཚན་ཉིད་ཅན་གྱི་རླུང་ངོ་། །འགྲོ་
འོང་ལས་ཞེས་བྱ་བ་ནི་ཁྱད་པར་དུ་འབྲེལ་པ་ལས་སོ། །རུས་སྦལ་རྣམ་པར་འཛིན་པར་འགྱུར། །ཞེས་བྱ་བ་ནི་རུས་སྦལ་ལྟ་བུའི་དབྱིབས་འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་པའི་གནས་སྐབས་བསྟན་ནས། ད་ནི་གསུམ་པའི་གནས་སྐབས་བརྗོད་པའི་ཕྱིར། དེ་ནས་

འཕོ་བ་གསུམ་པ་ལ། །ཞེས་གསུངས་ཏེ། ཟླ་བ་གསུམ་པ་ལའོ། །ཁྲག་དང་ཁུ་བའི་གཟུགས་ཅན་ནོ། །ཞེས་བྱ་བ་ནི་ཁམས་གཉིས་འཕེལ་བར་འགྱུར་བས་སོ། །ཐུར་དུ་སེལ་བའི་རླུང་ཞེས་བྱ་བ་ནི་ཐུར་དུ་འབབ་པའི་ངོ་བོ་རྣམས་ཀྱིས་སོ། །སྐབས་ནས་ཞེས་བྱ་བ་ནི་དེ་རུས་སྦལ་གྱི་
རྣམ་པ་བསྐམས་པའི་གནས་སྐབས་སྒྲུབ་པར་བྱེད་པའོ། །མཉམ་པའི་ཞེས་བྱ་བ་ནི་དེའི་མིང་ཅན་གྱི་རླུང་ངོ་། །རླུང་ནི་འབྱུང་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །རིམ་པས་ཞེས་བྱ་བ་ནི་ཐུར་དུ་སེལ་བའི་རིམ་པས་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་ཞེས་བྱ་བ་ནི་མཉམ་པའི་རླུང་གིས་སོ། །
སྟེང་དུ་བལྟས་ནས་ནི་གནས་ཞེས་བྱ་བ་ནི་སྟེང་དུ་འཇུག་པའི་གདོང་ཅན་ནོ། ཕག་རྒོད་ཅེས་བྱ་བ་ནི་ཕག་རྒོད་ཀྱི་དབྱིབས་ཅན་ནོ། །དེར་ཞེས་བྱ་བ་ནི་མངལ་གྱི་རྩའི་ནང་དུའོ། །འཛིན་པར་འགྱུར་ཞེས་བྱ་བ་ནི་འཛིན་པར་བྱེད་པའོ། །དེ་ལྟར་གནས་སྐབས་གསུམ་པ་བསྟན་ནས། ད་
ནི་བཞི་པའི་གནས་སྐབས་བརྗོད་པའི་ཕྱིར། སླར་ཡང་འཕོ་བ་བཞི་པ་ལ། །ཞེས་བྱ་བ་གསུངས་ཏེ། ཟླ་བ་བཞི་པ་ལའོ། །ཁྲག་དང་ཁུ་བས་བསྒོས་པ་ནི། །ཞེས་བྱ་བ་ནི་སླར་ཡང་ཕ་དང་མ་ལས་བྱུང་བ་དག་གིས་སོ། །མཉམ་དུ་རྒྱུ་བའི་རླུང་འགྱུར་ནས། །ཞེས་བྱ་བ་ནི་དེའི་
མིང་ཅན་གྱིས་བཀུག་པའོ། །འོག་ཏུ་ཁ་བལྟས་ནས་ནི་འགྲོ། །ཞེས་བྱ་བ་ནི་སྟེང་དུ་གནས་པ་ཡོངས་སུ་དོར་ནས་འོག་ཏུ་ཁ་བལྟས་ནས་འགྲོ་བའོ། །རིམ་པས་ཞེས་བྱ་བ་ནི་གོང་ནས་གོང་དུ་ཡོངས་སུ་སྨིན་པ་ལ་བརྟེན་ནས་སོ། །སེང་གེའི་རྣམ་པ་ཡིས་ཀྱང་ནི། །ཞེས་བྱ་བ་ནི་
མི་ཡི་སེང་གེ་དེའི་དབྱིབས་ཅན་ནོ། །མཉམ་དུ་ཞེས་བྱ་བ་ནི་མཉམ་དུ་གནས་ཀྱི་རླུང་ངོ་། །གྱེན་དུ་རྒྱུ་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །རིམ་པས་ཞེས་བྱ་བ་ནི་ཡོངས་སུ་སྨིན་པ་ལ་བརྟེན་ནས་སོ། །དེ་ལྟར་གནས་སྐབས་བཞི་པ་བསྟན་ནས། ད་ནི་ལྔ་པའི་གནས་སྐབས་བརྗོད་
པའི་ཕྱིར། དེ་ནས་འཕོ་བ་ལྔ་པ་ལ། །ཞེས་བྱ་བ་གསུངས་ཏེ། ཟླ་བ་ལྔ་པ་ལའོ། །ཁྲག་དང་ཁུ་བས་འཕེལ་ནས་ནི། །ཞེས་བྱ་བ་ནི་ཁྲག་དང་ཁུ་བ་དག་གིས་མྱོས་པ་ལྟ་བུའོ། །གྱེན་དུ་རྒྱུ་བའི་རླུང་གིས་བཀུག་ནས་ནི། །ཞེས་བྱ་བ་ནི་གཞན་གྱིས་དབང་དུ་བྱས་པའོ། །

མིང་དང་གཟུགས་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་བཞིའི་གནས་སྐབས་སོ། །གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ངོ་བོ་ཉིད་འགྲོ་བར་གྱུར་པའོ། །གཞུང་ལ་ལ་དག་ལས། མིའུ་ཐུང་གི་རྣམ་པས་འགྲོ། །ཞེས་ཀྱང་འབྱུང་ངོ་། །དེའི་ཕྱོགས་ལ་མིའུ་ཐུང་གི་
དབྱིབས་ཉིད་དོ། །གྱེན་རྒྱུའི་རླུང་གིས་ཁྱབ་བྱེད་སྤྲོ། །ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གིས་ཁྱབ་བྱེད་སྤྲོ་བར་བྱེད་པའོ། །གང་གིས་འགུལ་དང་གཡོ་བར་འགྱུར། །ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གང་ལས་འགུལ་བ་དང་གཡོ་བར་འགྱུར་རོ། །ཕུང་པོ་ལྔ་ནི་རྫོགས་པ་ན། །ཞེས་བྱ་བ་ནི་
སྔོན་དུ་གསུངས་པའི་རླུང་ལྔའི་རིམ་པས་གཟུགས་ལ་སོགས་པ་ཕུང་པོ་ལྔའི་ངོ་བོ་ཉིད་དོ། །གསུངས་ཞེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་གནས་སྐབས་ལྔ་པ་བསྟན་ནས། ད་ནི་གནས་སྐབས་དྲུག་པ་བརྗོད་པའི་ཕྱིར། དེ་ལས་སླར། འཕོ་བ་དྲུག་པའི་དུས་ཚོད་ལ། །ཞེས་བྱ་བ་
གསུངས་ཏེ། ཟླ་བ་དྲུག་པ་ལའོ། །ས་ཡི་ཁམས་དང་མིག་གཉིས་དང་། །ཞེས་བྱ་བ་ནི་སའི་ཁམས་ཀྱིས་ནི་མིག་གཉིས་སྤྲོ་བར་བྱེད་དོ། །ཁྱབ་བྱེད་ཅེས་བྱ་བ་ནི་ཁྱབ་བྱེད་ཀྱི་རླུང་ངོ་། །རླུང་གིས་རླུང་སྤྲོ་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རྣམ་པ་མིག་གི་དབང་པོ་ལ་བརྟེན་པའོ། །སྤྲོ་བ་ཞེས་
བྱ་བ་ནི་སྐྱེད་པར་བྱེད་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དངོས་པོ་འཕེལ་བ་ཞེས་བྱ་བ་གསུངས་ཏེ། དངོས་པོ་ནི་གཟུགས་ལ་སོགས་པའི་ཡུལ་ལའོ། །འཕེལ་བར་བྱེད་པ་ནི་མངོན་པའི་ང་རྒྱལ་དང་བཅས་པའོ། །དེ་ལྟར་གནས་སྐབས་དྲུག་པ་བསྟན་ནས། ད་ནི་གནས་སྐབས་
བདུན་པ་བརྗོད་པར་བྱ་བའི་ཕྱིར། དེ་ནས་འཕོ་བ་བདུན་པ་ལ། །ཞེས་བྱ་བ་གསུངས་ཏེ། ཟླ་བ་བདུན་པ་ལའོ། །ཆུའི་ཁམས་དང་ཞེས་བྱ་བ་ནི་ལུས་སར་པ་ལ་གནས་པའོ། །ཀླུ་ཞེས་བྱ་བའི་རླུང་སྤྲོ་བར་བྱེད་པ་ཞེས་བྱ་བ་ནི་རུས་སྦལ་སྐྱེད་པར་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བུ་ཞེ་ན། དེའི་
ཕྱིར་རྣ་བུག་དོང་ཅེས་བྱ་བ་གསུངས་ཏེ། རྣ་བའི་སྒོ་ནས་སྒྲ་རིག་པར་བྱེད་པའོ། །རུས་སྦལ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གཉིས་སུ་མེད་པར་སྤྱོད་པ་ཞེས་བྱ་བ་གསུངས་ཏེ། བདག་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་སྤྱོད་པའོ། །དེ་ལྟར་གནས་སྐབས་བདུན་པ་བསྟན་ནས། ད་ནི་བརྒྱད་

པའི་གནས་སྐབས་བརྗོད་པར་བྱ་བའི་ཕྱིར། དེ་ནས་འཕོ་བ་བརྒྱད་པ་ལ། །ཞེས་བྱ་བ་གསུངས་ཏེ། ཟླ་བ་བརྒྱད་པ་ལའོ། །མེ་དང་ཞེས་བྱ་བ་ནི་ལུས་སར་པ་ལ་གནས་པའི་མེའི་ཁམས་སོ། །སྣའི་བུ་ག་རིག་བྱེད་ཅེས་བྱ་བ་ནི་སྣའི་སྒོ་ནས་དྲི་རིག་པའོ། །རྩངས་རླུང་ཞེས་བྱ་བ་ནི་
མཉམ་གནས་ཀྱི་རླུང་ངོ་། །རུས་སྦལ་རླུང་གིས་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་རླུང་གི་ངོ་བོའོ། །རང་གིས་རང་བཞིན་ཤེས་པར་བྱེད། །ཅེས་བྱ་བ་ནི་རང་གིས་རང་བཞིན་དྲིའི་མཚན་ཉིད་ཤེས་པར་བྱེད་པ་ནི་རྟོགས་པར་བྱེད་པའོ། །རུས་སྦལ་རླུང་གིས་སྤྲོ་བར་བྱེད། །ཅེས་བྱ་བ་
ནི་རྣམ་པར་རྒྱུ་བའི་རླུང་ངོ་། །དེ་ལྟར་གནས་སྐབས་བརྒྱད་པ་བསྟན་ནས། ད་ནི་གནས་སྐབས་དགུ་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕོ་བ་དགུ་པ་ལ་ཞེས་བྱ་བ་ལ། རིམ་པ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པའི་རིམ་པའོ། །རླུང་གི་ཁམས་ཀྱི་རོ་གང་དེ་
རྟོགས་པར་བྱེད་པའོ། །ལྷ་སྦྱིན་ཞེས་བྱ་བ་ནི་རབ་ཏུ་རྒྱུ་བའོ། །རླུང་ཞེས་བྱ་བ་ནི