Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 34

Văn bản gốc(Tây Tạng)

Trang 15 / 15 (50.000 ký tự/trang)
། །ཞེས་བྱ་བ་ནི་ཡེ་ཤེས་ནི་དཔེའི་ལྷན་ཅིག་སྐྱེས་པའི་མཚན་ཉིད་དོ། །རྣམ་ཤེས་ནི་དོན་གྱི་ལྷན་ཅིག་སྐྱེས་པའི་མཚན་ཉིད་དོ། །དེ་དག་དང་བྲལ་བ་ནི་རྣམ་པར་སྤངས་པའོ། །དུས་གཅིག་ཅེས་བྱ་བ་ནི་བསམ་
གྱིས་མི་ཁྱབ་པའི་དུས་ཀྱི་རང་བཞིན་ནོ། །ཞེས་ནི་བརྗོད་པ་ཡིན་ཞེས་བྱ་བ་ནི་གསུངས་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྗེས་སུ་འབྲངས་ནས། བསམ་གྱིས་མི་ཁྱབ་པའི་དུས་ཀྱི་ངོ་བོ་བསྟན་ནས། བཞི་པའི་འདོད་པས་དེའི་ངོ་བོ་བརྗོད་པའི་ཕྱིར། དངོས་དང་དངོས་
མེད་དགའ་བ་ལ་སོགས་པ་གསུངས་ཏེ། དངོས་དང་དངོས་མེད་ནི་དགའ་བ་དང་མཆོག་དགའ་གཉིས་ཏེ། ཅུང་ཟད་བདེ་བའི་རྣམ་པ་ཉིད་ཀྱིས་དངོས་པོའི་ཕྱིར་དང་། ལྷན་ཅིག་སྐྱེས་པའི་དུས་སུ་དངོས་མེད་ཉིད་དོ། །དེའི་ངོ་བོའི་ཆ་ལས་ནི། །རྣམ་པར་རྟོག་པའོ། །འདས་པ་ནི་བྲལ་བའོ། །བཞི་
པ་སྐད་ཅིག་མཚན་ཉིད་ནི། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣམ་པའོ། །བརྗོད་བྱ་རྗོད་བྱེད་ལས་གྲོལ་བ། །ཞེས་བྱ་བ་ནི་དགའ་བྲལ་དང་བྲལ་བའི་ཕྱིར་དང་། དགའ་བྲལ་ནི་རྟོག་པ་དང་བཅས་པའི་ཕྱིར་རོ། །དུས་གཅིག་ཅེས་བྱ་བ་ནི་སྔ་མ་བཞིན་དུ་བསམ་གྱིས་མི་ཁྱབ་
པའི་དུས་སོ། །དེ་ལྟར་བཞི་པའི་འདོད་པས་རང་གི་ངོ་བོ་བསྟན་ནས། ད་ནི་ཕྱག་རྒྱ་ཆེན་པོའི་ངོ་བོས་དེའི་ངོ་བོ་བརྗོད་པའི་ཕྱིར། ཆགས་དང་ཆགས་བྲལ་ངེས་གྲོལ་བ། །ཞེས་བྱ་བ་གསུངས་ཏེ། སྟོང་པ་དང་ཤིན་ཏུ་སྟོང་པ་དག་དང་བྲལ་བའི་ཕྱིར་རོ། །ཆགས་དང་ཆགས་
བྲལ་དག་ལས་ངེས་པར་གྲོལ་བ་སྙམ་དུ་དགོངས་ནས་སོ། །བདེ་བ་ཆེན་པོའི་གོ་འཕང་སྤངས། །ཞེས་བྱ་བ་ནི་སྟོང་པ་ཆེན་པོ་དང་བྲལ་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་གྱི་གཞི་ནི་རྟེན་ཏེ། ཐམས་ཅད་སྟོང་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དུས་གཅིག་ཅེས་ནི་

བརྗོད་པ་ཡིན། །ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་སོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་བརྗོད་ནས། ད་ནི་དེའི་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། མཚན་ཉིད་མེད་ཅེས་བྱ་བ་གསུངས་ཏེ། སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་
ཡིན་པའི་ཕྱིར་རོ། །མཚན་ཉིད་འདས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་པོ་མེད་པའི་ཕྱིར་རོ། །གྲངས་ཀྱི་རྣལ་འབྱོར་རྣམ་པར་སྤངས། །ཞེས་བྱ་བ་ནི་གཅིག་དང་མང་པོ་ཉིད་ཀྱིས་གྲངས་ནུས་པའི་ཕྱིར་དང་། རྣལ་འབྱོར་ནི་ཏིང་ངེ་འཛིན་གྱི་བྱེ་བྲག་གོ། །དེ་དག་གི་རྣམ་པར་སྤངས་པ་ནི་དོར་བའོ། །
དེ་ཉིད་དུས་སུ་ཞེས་བྱ་བ་ནི་དོན་དམ་པའི་ངོ་བོ་ངས་བཤད་དེ་ཞེས་བྱ་བ་ནི། དྲུག་པ་རྡོ་རྗེ་འཆང་གི་རྣམ་པའི་བཅོམ་ལྡན་འདས་ཀྱིས་སོ། །ཤེས་པར་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་སོ། །རྣལ་འབྱོར་ཆེན་པོ་དཔལ་རྡོ་རྗེ་ཕྲེང་
བའི་རྒྱ་ཆེར་འགྲེལ་པ་ལས། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པའི། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་སུམ་ཅུ་རྩ་དགུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་སུམ་ཅུ་རྩ་དགུ་པས་དུས་ཀྱི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་གསང་
བའི་འབྲས་བུའི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་བཞི་བཅུ་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེའི་རྩོམ་པ་བཤད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་སུམ་ཅུ་རྩ་དགུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་བསྟན་པ་བཞིན་
དུའོ། །གསང་བའི་འབྲས་བུ་ཞེས་བྱ་བ་ནི་ཟུང་དུ་འཇུག་པའི་རྣམ་པའོ། །མཆོག་ཉིད་ཅེས་བྱ་བ་ནི་བླ་ན་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་འབྲས་བུའོ། །དངོས་གྲུབ་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་
དངོས་གྲུབ་བོ། །མཆོག་ཏུ་ཞེས་བྱ་བ་ནི་གོང་ན་མེད་པའོ། །འགྲོ་ཞེས་བྱ་བ་ནི་འགྲོ་བར་འགྱུར་བའོ། །རྣལ་འབྱོར་པ་རྣམས་ཞེས་བྱ་བ་ནི་ལྷག་མའོ། །ཕྱག་རྒྱ་ཆེན་པོ་ཡང་དག་རྟེན། །ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་རྟེན་ནོ། །དེ་ལྟར་དེའི་རྩོམ་པ་

བསྟན་ནས། ད་ནི་དེའི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་གསང་བ་རང་གི་དངོས་གྲུབ་ནི། གསང་བ་སྦས་པ་ཞེས་ནི་བཤད། །ཅེས་བྱ་བ་གསུངས་ཏེ་ཟབ་མོའོ། །རྣལ་འབྱོར་པས་མི་ཤེས་ཤིང་ཞེས་བྱ་བ་ནི་ལས་དང་པོ་པའི་རྣལ་འབྱོར་པ་བསྐྱེད་པའི་རིམ་
པ་སྒོམ་པ་པོ་རྣམས་ཀྱི་ཡུལ་ལ་མ་ཡིན་པའོ། །བཞི་པའི་དབང་ཞེས་བྱ་བའི་མིང་། །ཞེས་བྱ་བ་ནི་ཞལ་ནས་ཞལ་དུ་བརྒྱུད་པའི་རིམ་པས་གནས་པའོ། །མཆོག་གི་ཡེ་ཤེས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་
སྒྲིབ་པའི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་ནི་བདག་དང་གཞན་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་གསང་བའི་ངོ་བོ་བསྟན་ནས། འབྲས་བུའི་ངོ་བོ་ཕྱག་རྒྱ་ཆེན་པོའི་ངོ་བོ་བརྗོད་པའི་ཕྱིར། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དགའ་བ་ཆེན་པོ་སྟེར་བར་བྱེད་པས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ། །དངོས་གྲུབ་ཆེ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཆེན་པོའི་དོན་བསྡུས་པ། །ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་
ཟུང་དུ་འཇུག་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པའི་དོན་རྒྱ་ཆེན་པོ་བསྡུས་པའི་ངོ་བོའོ། །རྣལ་འབྱོར་མ་ཡི་ཞལ་ལས་རྟོགས། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུད་ལས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་ཁྱད་དུ་འཕགས་པའི་ངོ་བོ་
ཉིད་ཀྱི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་རྨད་འབྱུང་ཞེས་བྱ་བ་ནི་གཞན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཆེན་པོའི་ཡོན་ཏན་ཞེས་བྱ་བ་ལ། ཆེན་པོ་ནི་ལྷའི་རྣམ་པ་སྟེ། དེར་ཡང་དག་འབེབས་པ་ནི་འབེབས་པའི་བདག་ཉིད་དོ། །
དེ་ཉིད་ཆེན་པོ་ཡོན་ཏན་ལྡན། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཆེན་པོ་མ་ནིང་གི་བཟླས་པའི་ངོ་བོའི་ཡོན་ཏན་གྱིས་ངག་འོད་གསལ་བའི་རྣམ་པས་སོ། །ལྡན་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །མཆོག་གི་ནམ་མཁའ་གནས་ཞེས་བྱ་བ་ནི་སེམས་རྣམ་པར་དག་

པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཕྲ་བའི་ཞེས་བྱ་བ་ནི་རང་བཞིན་བརྒྱ་དྲུག་ཅུ་པོ་ཞེས་བྱ་བ་འགགས་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་རང་ངོ་བོ། །ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཐམས་ཅད་འཕེལ་བར་བྱེད། །ཅེས་
བྱ་བ་ནི་བདེ་བ་ནི་འཇིག་རྟེན་ལས་འདས་པའོ། །འཕེལ་བར་བྱེད་ཅེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱེད་པ་སྟེ། མངོན་པར་བྱང་ཆུབ་པའི་ངོ་བོའི་རིམ་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་བྱ་བ་ནི་སྟོང་པ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་
དང་ཤེས་བྱ་རྣམ་པར་བྲལ། །ཞེས་བྱ་བ་ནི་རྟག་ཆད་གཉིས་རྣམ་པར་གྲོལ་བའི་ཕྱིར་རོ། །བསྒོམ་དང་བསྒོམ་བྱ་རྣམ་པར་སྤངས། །ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྔགས་དང་རྒྱུད་ཀྱི་བྱ་བས་སྟོང་། །ཞེས་བྱ་བ་ནི་སྔགས་ནི་ས་བོན་གྱི་
ཡི་གེ་རྣམས་སོ། །རྒྱུད་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་བསྒོམ་པའོ། །དེའི་ངོ་བོའི་བྱ་བས་སྟོང་པ་སྟེ། བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་ནི་ཀུན་དུ་རྟོག་པ་ཐམས་ཅད་རླུང་གི་རང་
བཞིན་གྱིས་སོ། །སྤངས་པ་ནི་རྣམ་པར་བྲལ་བ་སྟེ། རྡོ་རྗེའི་བཟླས་པའི་རིམ་པ་ལས་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་ཀུན་གྱི་གོ་འཕང་རྒལ། །ཞེས་བྱ་བ་ལ། དངོས་པོ་ཀུན་ནི་སྣང་བ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་གོ་འཕང་ནི་གནས་ཏེ་རང་བཞིན་
གྱི་ཚོགས་ཀྱི་ངོ་བོ་ལ་དེ་ལས་རྒལ་བ་ནི། བྲལ་བས་ཏེ་སེམས་རྣམ་པར་དག་པའི་རིམ་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འཇིག་རྟེན་གསུམ་གྱི་རྣམ་པར་སྤངས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ནི་སྒྱུ་མའི་རང་བཞིན་གྱིས་རྣམ་པར་རྟོག་པ་དང་བྲལ་བའོ། །བདག་བྱིན་གྱིས་
བརླབ་པའི་རིམ་པ་དང་བྲལ་བའི་ཕྱིར་རོ། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་བྱ་བ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཆགས་བྲལ་རྣམ་པར་སྤངས་པའོ། །དམ་ཚིག་ཆེན་པོ་ལ་གནས་པ། །ཞེས་བྱ་བ་ལ། དམ་ཚིག་ཆེན་པོ་ནི་ཟུང་དུ་

འཇུག་པའི་རྣམ་པ་སྟེ། དེ་ལ་གནས་པའོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པོ་རྣམས་སོ། །མ་ལུས་པ་ཞེས་བྱ་བ་ནི་ཐམས་ཅད་དོ། །གཅིག་ཅེས་བྱ་བ་ནི་ཐུན་མོང་མ་ཡིན་པ་སྟེ། དེའི་རྣམ་པར་རྟོག་པ་རྣམས་ཀྱིས་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་
རྒྱུའོ། །དངོས་གྲུབ་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་ཉིད་ཅན་ལའོ། །དེ་ལྟར་འབྲས་བུའི་ངོ་བོས་ཕྱག་རྒྱ་ཆེན་པོའི་ངོ་བོ་བསྟན་ནས། ད་ནི་གསང་བ་དང་འབྲས་བུ་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རིགས་པས་སོ། །གསང་བའི་འབྲས་བུ་ཞེས་བྱ་བ་ནི་ཟུང་དུ་འཇུག་པའི་རྣམ་པའོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་པའི་མངོན་སུམ་དུ་སྣང་བའི་ཕྱིར་རོ། །གང་དུ་ཡང་ཞེས་བྱ་བ་ནི་བྱ་བའི་རྒྱུད་ལ་སོགས་པའོ། །
མ་གསུངས་ཞེས་བྱ་བ་ནི་མ་བསྟན་པའོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་འབྲས་བུའི་ངོ་བོ་ཉིད་ཀྱི་མཆོག་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི་མཆོག་ཏུ་གྱུར་པའི་ཏིང་ངེ་འཛིན་གྱི་རྣམ་པའོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྣལ་འབྱོར་མའི་ཞེས་
བྱ་བ་ནི་ཡེ་ཤེས་མཁའ་འགྲོའི་མན་ངག་ལས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་བཞི་བཅུ་པའི་རྒྱ་ཆེར་བཤད་
པའོ།། །།དེ་ལྟར་ལེའུ་བཞི་བཅུ་པས་གསང་བའི་འབྲས་བུའི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་བཞི་བཅུ་རྩ་གཅིག་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེའི་རྩོམ་པ་བསྟན་པ་ནི། དེ་ནས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཞི་བཅུ་པ་བཤད་པའི་རྗེས་ལའོ། །བཅོམ་ལྡན་འདས་རྡོ་རྗེས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་ཀྱི་དབྱིངས་ཀྱི་མཆོག་ཅེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་ཅེས་བྱ་བ་གསུངས་ཏེ།

ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དེ་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་ཆོས་ཀྱི་དབྱིངས་ཀྱི་ཚིག་གི་ངེས་པའི་ཚིག་གསུངས་ཏེ། ཆོས་ཀུན་དབུས་ནས་ཁྱབ་པའི་ཁམས། །ཞེས་
བྱ་བ་ལ། ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའམ། ཤེས་པ་དང་ཤེས་བྱས་བསྡུས་པ་རྣམས་སོ། །དབུས་ནས་ཞེས་བྱ་བ་ནི་ནང་དུ་སོན་པ་སྟེ། ཇི་ལྟར་གནས་པའི་ངོ་བོ་གང་ཡིན་པ་དེ་ནི། ཆོས་ཀུན་དབུས་སུ་སོན་པའོ། །ཁམས་ཞེས་བྱ་བ་ནི་རང་གི་མཚན་
ཉིད་འཛིན་པས་སོ། །ཆོས་ཀྱི་དབྱིངས་ཞེས་དེ་ལ་བརྗོད། །ཅེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ཚིག་གི་ངེས་པའི་ཚིག་བརྗོད་ནས། ད་ནི་དེའི་དོན་མདོར་བསྟན་པའི་སྒོ་ནས། ཆོས་ཀྱི་ཚིག་བཤད་པ་ནི། ཀུན་ཁྱབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་
མ་ལུས་པ་ལ་ཁྱབ་པའི་ཕྱིར་རོ། །ཤིན་ཏུ་ཕྲ་བ་ཞེས་བྱ་བ་ནི་འཕགས་པའི་སྤྱོད་ཡུལ་ཉིད་ཀྱི་ཕྱིར་རོ། །ཀུན་ཁྱབ་ཅེས་བྱ་བ་ནི་ཁྱབ་བྱའི་ངོ་བོས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །ཀུན་དུ་འཆར་བ་དང་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པའི་ངོ་བོ་གནས་པའོ། །
ཕུང་པོ་ལྔ་ཉིད་ཅེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །འབྱུང་བ་བཞི་ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་བཞི་པོའོ། །ཡུལ་དང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་སོ། །སྐྱེ་མཆེད་ཅེས་བྱ་བ་ནི་ནང་གི་བདག་ཉིད་ཅན་མིག་ལ་སོགས་པ་རྣམས་
སོ། །རྣམ་ཤེས་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ཡང་དག་ལྡན་ཞེས་བྱ་བ་ནི་དེ་རྣམས་དང་ལྡན་པ་ཐམས་ཅད་ཆོས་ཀུན་ཞེས་བྱ་བར་བརྗོད་པའོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །གསང་བའི་དབང་ཕྱུག་གི་ཞེས་བྱ་བ་ནི་གསང་བ་ནི་གསང་བ་པ་
རྣམས་ཀྱིའོ། །དབང་ཕྱུག་ནི་གཙོ་བོ་སྟེ། གསང་བའི་བདག་པོའོ། །དེ་ཉིད་ནི། དེ་རྣམས་ལ་གཞན་དབང་བ་མེད་པས་ན་དབང་ཕྱུག་སྟེ། དེའི་བོད་པ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་དེའི་དོན་མདོར་བསྟན་པའི་སྒོ་ནས་ཆོས་ཀྱི་ཚིག་བཤད་པ་བརྗོད་ནས། ད་ནི་དབྱིངས་

ཀྱི་ཚིག་བསྟན་པའི་ཕྱིར། དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་དེ་མ་ཐག་པར་བསྟན་པའི་ཕུང་པོ་ལ་སོགས་པ་རྣམས་སོ། །དབུས་ན་གནས་ཞེས་བྱ་བ་ནི་ཁྱབ་བྱེད་ཉིད་ཀྱིས་དབུས་ན་གནས་པའོ། །ཁམས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པས་སོ། །
ཁྱབ་ཅིང་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་བདག་ཉིད་ཀྱིས་ཁྱབ་བྱ་རྣམས་ལ་གནས་པའི་ཕྱིར་རོ། །སྤྱོད་ཡུལ་མ་ཡིན་ཏེ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་བློའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དབྱིངས་ཀྱི་ཚིག་བཤད་པ་བསྟན་ནས། ད་ནི་དཔེའི་སྒོ་ནས་བཤད་པ་བརྗོད་པའི་
ཕྱིར། ཇི་ལྟར་ཏིལ་ལ་ཏིལ་མར་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཏིལ་འབྲུའི་ནང་ན་མར་ནག་གནས་པའོ། །ཇི་ལྟར་ཤིང་ལ་མེ་བཞིན་དུ། །ཞེས་བྱ་བ་ནི་གཙུབ་སྟན་དང་གཙུབ་ཤིང་གི་ནང་ན་མེ་གནས་པའོ། །དེ་བཞིན་ཞེས་བྱ་བ་ནི་ཏིལ་འབྲུ་
ལ་སོགས་པའི་ནང་དུ་གནས་པའི་ཏིལ་མར་ལ་སོགས་པ་བཞིན་དུའོ། །ཆོས་རྣམས་ཐམས་ཅད་ལ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་རྣམས་ལའོ། །ཁྱབ་བྱེད་བརྗོད་ཅེས་བྱ་བ་ནི་བརྗོད་ཅེས་བྱ་བའི་དོན་ཏོ། །ཀྱང་ཞེས་བྱ་བ་ནི་རྗེས་སུ་གནས་
པ་ལའོ། །དེ་ལྟར་དོན་རྣམ་པ་བཞིས་ཆོས་ཀྱི་དབྱིངས་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོའི་སྒོ་ནས། ཤེས་པར་བྱ་བ་མ་ཡིན་པ་ཉིད་ནི། ནམ་མཁའ་བཞིན་དུའོ། །དྲི་མ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་
ལས་དབེན་པའི་ཕྱིར་རོ། །ཆོས་ཀུན་གྱི་གཞི་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱས་བསྡུས་པའི་ཆོས་མ་ལུས་པ་རྣམས་ཀྱི་རྟེན་ཏོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན། ཅིའི་ཕྱིར་དེ་ལྟར་མི་སྣང་ཞེ་ན། དེའི་ཕྱིར་གཟུང་དང་འཛིན་པའི་ཞེས་བྱ་བ་
གསུངས་ཏེ། ཡུལ་དང་ཡུལ་ཅན་གྱི་ངོ་བོས་སོ། །ཀུན་རྟོག་གི་ཞེས་བྱ་བ་ནི་རྣམ་རྟོག་རྣམས་ཀྱིས་སོ། །ཁྱབ་ཀྱང་ཞེས་བྱ་བ་ནི་བྱེ་བྲག་ཏུ་ཁྱབ་པའོ། །མཐོང་བ་མ་ཡིན་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོས་ཤེས་པ་མ་ཡིན་ཏེ། གློ་བུར་བའི་དྲི་མས་གཡོགས་པའི་ཕྱིར་

རོ། །སྟོང་ཉིད་ཡེ་ཤེས་རྣལ་འབྱོར་གྱིས། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་གཉེན་པོར་གྱུར་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལུས་རྣམ་པར་དབེན་པའི་མཚན་ཉིད་དེ། དེའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་དེ་དང་འབྲེལ་པས་སོ། །རྣལ་འབྱོར་པ་ཡིས་ཞེས་
བྱ་བ་ནི་རིམ་པ་གཉིས་སྒོམ་པ་པོ་རྣམས་ཀྱིས་སོ། །མཐོང་ཞེས་བྱ་བ་ནི་བསྒོམ་པའི་རབ་མཐར་ཐུག་པ་འཇུག་པའི་ཤེས་རབ་ལ་གསལ་བར་སྣང་བའི་ཕྱིར་རོ། །དེ་ལྟར་རང་གི་ངོ་བོའི་སྒོ་ནས་ཤེས་པར་བྱ་བ་དང་ཤེས་པར་བྱ་བ་མ་ཡིན་པ་ཉིད་བསྟན་ནས། ད་ནི་དོན་དམ་པ་ཉིད་
ཀྱིས་དེ་བརྗོད་པར་བྱ་བའི་ཕྱིར། ཆོས་དབྱིངས་ཞེས་བྱ་བ་གསུངས་ཏེ། ཆོས་དབྱིངས་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །བྷ་ག་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །བཤད་ཅེས་བྱ་བ་ནི་བརྗོད་པའོ། །བྷ་ག་དེ་ཡང་རིན་ཆེན་ཟ་མ་ཏོག་སྟེ། མི་མཐུན་
པའི་ཕྱོགས་སྤངས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །རིན་ཆེན་རྣམས་ཀྱི་ཟ་མ་ཏོག་ནི་རྟེན་ནོ་སྙམ་དུ་བསམས་ནས་སོ། །དབང་ཕྱུག་ལ་སོགས་ཡོན་ཏན་ཞེས་བྱ་བ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་སྐལ་བ་
བཟང་། །ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་འདི་ལ་སྐལ་ཞེས་བརྗོད། །ཅེས་གསུངས་སོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་གྱིས་སོ། །ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའོ། །དེའི་ཕྱིར་བྷ་ག་ནི་བརྗོད་ཅེས་བྱ་བ་ནི་རྒྱུ་མཚན་དེས་ན་བྷ་གའི་སྒྲས་བརྗོད་
པའོ། །དེ་ལྟར་དོན་དམ་པ་ཉིད་ཀྱིས་དེའི་བཤད་པ་བརྗོད་ནས། ད་ནི་ཀུན་རྫོབ་པའི་ངོ་བོས་དེའི་བཤད་པ་བསྟན་པའི་ཕྱིར། བྷ་ག་ཆོས་རྣམས་ཀུན་ཞེས་བཤད། །ཅེས་གསུངས་ཏེ། ཆོས་ནི་ཕུང་པོ་ལ་སོགས་པའི་མཚན་ཉིད་ཅན་རྣམས་སྐྱེད་པའི་ཕྱིར་ཏེ། བྷ་ག་ནི་
ཆོས་འབྱུང་ངོ་། །དབྱིངས་ནི་སེམས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྫས་ཀྱི་རང་བཞིན་ནོ། །ཁམས་གསུམ་པོ་ནི་འགྲོ་བའོ། །ཞེས་བྱ་བ་ནི་ཇི་ལྟར་སྲིད་པའོ། །རྒྱུ་ནི་རྒྱུའོ། །བྷ་ག་ཞེས་བྱར་བཤད་ཅེས་བྱ་བ་ནི་ཆོས་འབྱུང་གི་སྒྲས་བརྗོད་པའོ། །དེ་ལྟར་ཀུན་རྫོབ་པའི་ངོ་

བོས་དེའི་བཤད་པ་བརྗོད་ནས། ད་ནི་ཉེ་བར་བསྡུ་བའི་སྒོ་ནས་བརྗོད་དུ་མེད་པ་ཉིད་བསྟན་པའི་ཕྱིར། ཆོས་དབྱིངས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མ་ཐག་པར་བསྟན་པ་རྣམས་སོ། །རྣམ་པར་དག་པ་གཉིས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འགྱུར་བ་མེད་པའི་ཞེས་
བྱ་བ་ནི་རྟག་ཏུ་དེ་ཉིད་དུ་ཡོད་པའི་ཕྱིར་རོ། །རང་བཞིན་ཅན་ཞེས་བྱ་བ་ནི་རང་གི་ངོ་བོ་མ་བཅོས་པས་ཞེས་བྱ་བའི་དོན་ཏོ། །ཡང་དག་སྦྱོར་དངོས་ཀྱིས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཡང་དག་པར་སྦྱོར་བའི་ངོ་བོ་ནི་འབྲེལ་པའི་ངོ་བོ་སྟེ། དེ་ཉིད་དང་གཞན་དག་གིས་བརྗོད་དུ་མེད་པའི་
མཚན་ཉིད་ཀྱིས་སོ། །ཆུ་ཟླ་བཞིན་དུ་ཞེས་བྱ་བ་ནི་ཆུ་བོ་ཆུ་ཀླུང་ལ་སོགས་པའི་ཆུ་ལའོ། །ཟླ་བ་ཞེས་བྱ་བ་ནི་ཟླ་བ་བཞིན་དུའོ། །གནས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །དེ་ལྟར་ཉེ་བར་བསྡུ་བའི་སྒོ་ནས་བརྗོད་དུ་མེད་པ་བསྟན་ནས། ད་ནི་དེ་ཉིད་ལ་རྣལ་འབྱོར་པ་
རྣམས་ཀྱིས་རྟོགས་པར་བྱ་བ་ཉིད་བརྗོད་པའི་ཕྱིར། དོན་དམ་གཅིག་པུ་དེ་ཉིད་ཤེས། །ཞེས་བྱ་བ་གསུངས་ཏེ། དོན་དམ་གཅིག་པུ་དེ་ཉིད་ཤེས། །ཞེས་པ་ནི་དེ་ལྟར་ཞེས་བྱ་བ་དང་འབྲེལ་ཏོ། །དོན་དམ་པའི་དེ་ཁོ་ན་ཉིད་ནི་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་སྟེ། དེ་
ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །དེ་ལྟར་སྣང་ཞེས་བྱ་བ་ནི་ལག་པའི་མཐིལ་དུ་གནས་པའི་སྐྱུ་རུ་ར་ལྟར་སྣང་བའོ། །མཆོག་གི་དེ་ཉིད་ཅེས་བྱ་བ་ནི་མཆོག་ཏུ་གྱུར་པའི་ཆོས་ཀྱི་དབྱིངས་སོ། །རང་རིག་ཅེས་བྱ་བ་ནི་སོ་
སོ་རང་གིས་རིག་པར་བྱ་བའོ། །ཤིན་ཏུ་དྲི་མ་མེད་ཅེས་བྱ་བ་ནི་རྣམ་པར་དག་པ་གཉིས་དང་ལྡན་པའི་ཕྱིར་རོ། །དངོས་དང་དངོས་མེད་ཟད་ནས་ནི། །ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་ལྟ་བ་སྤངས་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །མཐོང་ཞིང་ཞེས་བྱ་བ་
ནི་ཤིན་ཏུ་རྟོགས་པའོ། །དེ་ཉིད་མཐོང་ཞེས་བྱ་བ་ནི་སྔགས་ཀྱི་སྒོ་ནས་སྤྱོད་པ་ལ་གནས་པའི་འཕགས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་ལྔས་རྒྱས་པར་བཤད་པ་བསྟན་ནས། ད་ནི་ཉེ་བར་བསྡུ་བ་ནི། ཆོས་ཀྱི་དབྱིངས་ཀྱི་ཚིག་གསལ་བ། །ཞེས་བྱ་

བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཚིག་ཅེས་བྱ་བ་ནི་སྒྲའི་ངོ་བོའོ། །གསལ་ཞེས་བྱ་བ་ནི་དོན་གྱི་རྣམ་པར་དབྱེ་བས་གསལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བཤད་ཅེས་བྱ་བ་ནི་སྔར་བཤད་པའི་རིག་པས་བཤད་པའོ། །ཤིན་ཏུ་རྒྱས་པར་ཞེས་བྱ་བ་ནི། སྣ་ཚོགས་པའི་
ངོ་བོ་ཉིད་ཀྱིས་རྒྱས་པར་བཤད་པའི་ཕྱིར་རོ། །གཟུང་དང་འཛིན་པའི་འབྲེལ་པ་ནི། །ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་གྱི་ངོ་བོའི་མཚན་ཉིད་ཅན་དང་འབྲེལ་པ་བཟློག་པས་སོ། །ཤེས་པར་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྨད་དུ་བྱུང་ཞེས་བྱ་བ་ནི་འབད་པ་མེད་པར་སེམས་ཅན་
གྱི་དོན་ལ་འཇུག་པའི་རྒྱུ་ཉིད་ཀྱིས་སོ། །ངོ་མཚར་བ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་བཞི་བཅུ་རྩ་
གཅིག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཞི་བཅུ་རྩ་གཅིག་པས་ཆོས་ཀྱི་དབྱིངས་ཀྱི་ཚིག་གི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྡོ་རྗེའི་ཚིག་གི་བཤད་པའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་བཞི་བཅུ་རྩ་གཉིས་པ་ཉེ་བར་འགོད་པར་བྱེད་ཅིང་།
དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཞི་བཅུ་རྩ་གཅིག་པ་བཤད་པའི་རྗེས་ལའོ། །བཅོམ་ལྡན་རྡོ་རྗེས་རྡོ་རྗེའི་མཚན་ཉིད་གསུངས། །ཞེས་བྱ་བ་དང་འབྲེལ་ཏོ། །མཆོག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་
ཀྱི་ཕྱིར་དང་། ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་རྡོ་རྗེའི་མཚན་ཉིད་དོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །བསྡུས་ནས་ཞེས་བྱ་བ་ནི་མདོར་བསྡུས་ནས་སོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །བཤད་
པར་བྱ་ཞེས་བྱ་བ་ནི་འཆད་བཞིན་པའི་རིམ་པས་བསྟན་པའོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དེའི་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པའི་སྒོ་ནས། རང་གི་ངོ་བོ་ནི་རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པའི་

ཉོན་མོངས་པས་དབྱེ་བར་མི་ནུས་པའི་ཕྱིར་དང་། །ཕྱི་རོལ་གྱི་རྡོ་རྗེ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཞེས་ནི་གསུངས་ཞེས་བྱ་བ་ནི་རྡོ་རྗེ་སྒྲས་བསྟན་པའོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཉིད་དོ། །མཆོག་
ཅེས་བྱ་བ་ནི་རྣམ་པར་མ་དག་པའི་རྣམ་པར་གནས་འགྱུར་བའི་ཕྱིར་རོ། །རྩ་ལྔ་ནམ་མཁའ་ལ་ནི་ཐིམ། །ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱི་དང་ལྷ་སྦྱིན་དང་ནོར་རྒྱལ་གྱི་མཚན་ཉིད་ཅན་གྱི་རྩ་ལྔའི་ནམ་མཁའ་ལ་ཐིམ་པ་ནི་དེའི་བདག་ཉིད་ཅན་ནོ། །སྟོང་པ་ལྔའི་རང་བཞིན་
ཞེས་བྱ་བ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་ཆེན་པོ་ཐམས་ཅད་སྟོང་པ་དེ་དག་སྤངས་པའི་དངོས་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཆེན་པོ་ལྔའི་རྣམ་པར་རྟོག་པའི་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་ལྔ་ཡི་ཆ་ཡི་
གཟུགས། །ཞེས་བྱ་བ་ནི་རྩ་ལྔའི་ནམ་མཁའ་ལའོ། །ཆའི་གཟུགས་ཞེས་བྱ་བ་ནི་རྫས་ལྔའི་ངོ་བོའོ། །ཤེས་པར་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་ལས་སོ། །དེ་ལྟར་རྣམ་པར་དག་པའི་སྒོ་ནས། རང་གི་ངོ་
བོ་བསྟན་ནས། ད་ནི་དེ་སྐྱེད་པའི་ས་བོན་རྒྱས་པར་བཤད་པའི་ཕྱིར་བརྗོད་པ། ཡཾ་རཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འབྱུང་བ་ཆེན་པོ་ལྔ་སྐྱེད་པར་བྱེད་པའི་ས་བོན་ལྔས་སོ། །བརྗོད་པའི་ཞེས་བྱ་བ་ནི་བརྗོད་པར་བྱས་པ་རྣམས་ཀྱིས་སོ། །རྩ་ལྔ་ཡོངས་སུ་ཤེས་
ཞེས་བྱ་བ་ནི་རྡོ་རྗེའི་རྟེན་དུ་གྱུར་པར་ཤེས་པར་བྱའོ། །འབད་པ་ཡིས་ནི་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱིས་སོ། །རྡོ་རྗེ་སྐྱེད་པའི་མཚན་ཉིད་ནི། །ཞེས་བྱ་བ་ནི་སྐྱེད་པའི་ས་བོན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྐྱེད་པར་བྱེད་པའི་ས་བོན་བརྗོད་ནས། ད་ནི་བྱ་བའི་སྒོ་ནས་ཁམས་
ཀྱི་ངོ་བོ་ཉིད་ནི། ནོར་བུའི་ལྟེ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་དུ་ཆོས་འབྱུང་གི་རྣམ་པ་ལའོ། །ཕྱི་ནི་པདྨ་འདབ་མ་བརྒྱད་པའི་ངོ་བོ་རྡོ་རྗེའི་དབྱིབས་ཅན་ལའོ། །དབུས་གནས་པ་ཞེས་བྱ་བ་ནི་གསང་བའི་སྣ་རྩེའི་ནང་དུ་གནས་པའི་ཕྱིར་རོ། །ཐིག་

ལེར་བཤད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོ་འོ། །འགྲོ་བ་སྤངས་ཞེས་བྱ་བ་ནི་འཛིན་པའི་སྟོབས་ཀྱིས་འགྲོ་བ་དང་མི་འགྲོ་བ་དང་བྲལ་བའི་ཕྱིར་རོ། །དམ་ཚིག་གནས་སུ་རྟོགས་བྱ་བ། །ཞེས་བྱ་བ་ནི་དམ་ཚིག་ནི་ཕྱི་རོལ་པའི་ཕྱག་རྒྱ་དང་
རོ་མཉམ་པའི་རྟོག་པའི་མཚན་ཉིད་ལ་གནས་པས་ན་དམ་ཚིག་ལ་གནས་པ་རྣམས་སོ། །དེ་རྣམས་ཀྱིས་རྟོགས་པར་བྱ་བའི་ཡུལ་ལོ། །གཞན་ཡང་བདུད་རྩི་མཆོག་ནི། རབ་ཏུ་གང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་གང་བ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་མཆོག་གིས་
གང་བ་སྙམ་དུ་བསམས་ནས། རྣམ་པ་ཀུན་ལྡན་ཞེས་བྱ་བ་ནི་རྩ་ལྔའི་ངོ་བོ་ཉིད་ཀྱིས་དབྱིབས་ཀྱི་རྣམ་པ་ཡིན་པའི་ཕྱིར་རོ། །རྣམ་པ་མེད་ཅེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱི་རྣམ་པ་ལ་སོགས་པ་མི་འཐད་པའི་ཕྱིར་རོ། །དེ་ནི་རྡོ་རྗེ་རབ་ཏུ་གྲགས། །ཞེས་བྱ་བ་ནི་
བརྗོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་རྡོ་རྗེའི་མཚན་ཉིད་མདོར་བསྟན་ནས། དེ་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་ཏུ་ཡེ་ཤེས་ལྔའི་ངོ་བོ་ཉིད་ནི། མེ་ལོང་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་
གཟུགས་བརྙན་ལྟར་ཡོངས་སུ་ཤེས་པས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སེམས་ཅན་རྐང་མེད་དང་རྐང་གཉིས་ལ་སོགས་པ་རྣམས་མཉམ་པ་ཉིད་དུ་ཤེས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རང་བཞིན་མེད་པར་དཔྱོད་པས་ཆོས་རྣམས་ལས་སོ་སོར་རྟོག་པའི་ཡེ་ཤེས་སོ། །བྱ་བ་
ནན་ཏན་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། སེམས་ཅན་ཐམས་ཅད་ལ་འབད་པ་མེད་པར་བྱ་བ་འཇུག་པའི་ཕྱིར་རོ། །རྣམ་པར་དག་པ་ཆོས་ཀྱི་དབྱིངས། །ཞེས་བྱ་བ་ནི་རྣམ་པར་དག་པ་གཉིས་དང་ཡང་དག་པར་ལྡན་པའི་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པས་སོ། །
ཡེ་ཤེས་ལྔའི་རང་བཞིན་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རང་བཞིན་གྱིས་སོ། །དེའི་ངོ་བོར་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་ངོ་བོར་རོ། །ཡོངས་སུ་ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་ཕྱིར་རོ། །རང་གིས་ཉམས་མྱོང་ཞེས་བྱ་བ་ནི་རྣལ་འབྱོར་པའི་

སེམས་སོ། །མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རྣམ་པའོ། །དེ་ལྟར་ཡེ་ཤེས་ལྔའི་ངོ་བོ་བསྟན་ནས། ད་ནི་དོན་དམ་པའི་ངོ་བོ་ཉིད་བརྗོད་པའི་ཕྱིར། ནམ་མཁའ་ཆེ་ཞེས་བྱ་བ་གསུངས་ཏེ། མཆོག་གི་ནམ་མཁའི་རྟོགས་པ་སྟེ།
དྲི་མ་མེད་པའི་ཕྱིར་དང་། མཐའ་ཡས་པའི་ཕྱིར་དང་། གློ་བུར་བའི་ཉེས་པས་དབེན་པའི་ཕྱིར་རོ། །ཞི་བ་དང་ཞེས་བྱ་བ་ནི་སྒྲིབ་པ་གཉིས་དང་བྲལ་བའི་ཕྱིར་རོ། །རྟོག་པ་མེད་ཅིང་ཞེས་བྱ་བ་ནི་རིམ་པ་གཉིས་བསྒོམ་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་རོ། །ནད་
མེད་པ་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་ཡང་དག་གཞི། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་རྡོ་རྗེ་འཆང་ཆེན་པོའི་རྟེན་ནོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །ཤེས་པར་བྱ་
ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་ལས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས།
ལེའུ་བཞི་བཅུ་རྩ་གཉིས་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཞི་བཅུ་རྩ་གཉིས་པས་རྡོ་རྗེའི་ཚིག་བཤད་པའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རིགས་ཀྱི་དབྱེ་བ་ལ་སོགས་པའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་བཞི་བཅུ་རྩ་གསུམ་པ་ཉེ་བར་འགོད་
ཅིང་། །དང་པོར་རེ་ཞིག་དེའི་རྩོམ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཞི་བཅུ་རྩ་གཉིས་པ་བཤད་པའི་རྗེས་ལའོ། །བཅོམ་ལྡན་འདས་རྡོ་རྗེ་རིགས་ཀྱི་དབྱེ་བའི་དོན་བསྡུས་པ་གསུངས་ཞེས་བྱ་བ་དང་འབྲེལ་ཏོ། །རིགས་རྣམས་ཀྱི་དབྱེ་བ་ནི། རིགས་ཀྱི་
དབྱེ་བའོ། །དེའི་དོན་ནི་རིགས་ཀྱི་དབྱེ་བའི་དོན་ཏོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དེ་དངོས་སུ་བཤད་པ་བརྗོད་པའི་ཕྱིར། མདོར་བསྟན་པའི་ཡན་ལག་སྤྲོ་བའི་རིམ་པས་རིགས་ཀྱི་དབྱེ་བ་བརྗོད་པ་ནི། རིགས་ནི་རྣམ་པ་ལྔ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་

ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་སྦྱོར་བར་བྱེད་པའི་ཕྱིར། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་ངོ་བོའོ། །རྩ་བའི་རྒྱུད་དུ་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་རྒྱུད་ལའོ། །གསལ་བར་ཞེས་བྱ་བ་ནི་བདག་གིས་བཤད་པའོ། །སྤྲོ་བའི་ཞེས་བྱ་བ་ནི་རིགས་ལྔ་པོ་དེ་ཉིད་ལ་སྤྲོ་
བའི་སྦྱོར་བའི་དབྱེ་བའི་རྒྱུས་སོ། །གྲངས་ནི་དབྱེ་བ་ཡིས་ཞེས་བྱ་བ་ནི་མཐའ་ཡས་ཤིང་ནམ་མཁའ་ལྟར་ཁྱབ་པར་བྱེད་པ་སྟེ། རྩའི་གསང་བ་འདུས་པས་བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྤྲོ་བའི་རིམ་པས་རིགས་ཀྱི་དབྱེ་བ་མདོར་བསྟན་པ་བཤད་ནས། ད་ནི་བསྡུ་བའི་རིམ་པས་དེའི་དབྱེ་བ་
མདོར་བསྟན་པ་བརྗོད་པའི་ཕྱིར། རྣལ་འབྱོར་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེ་བའི་གྲངས་ཅན་གྱི་རིགས་སོ། །རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་གང་ལ་སྤོང་བ་དེ་ལ་དེ་སྐད་ཅེས་བྱ་བའོ། །རིམ་པ་གཉིས་སྟོན་པར་བྱེད་པའི་སྤྱོད་པ་གསུམ་གཙོ་
བོར་བྱེད་པ་ལའོ། །རྒྱུད་དུ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དང་ཐབས་ཀྱི་དབྱེ་བས་རྒྱུད་ཀྱི་རྣམ་པ་ལའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པས་སོ། །གསལ་བར་ཞེས་བྱ་བ་ནི་གསལ་བར་བྱས་ནས་སོ། །རིགས་ཀྱི་དབྱེ་བ་བརྒྱར་ནི་གསུངས། །ཞེས་བྱ་བ་ནི་རིགས་ཀྱི་དབྱེ་བ་བརྒྱའི་མཚན་
ཉིད་ཅན་ཏེ། ཇི་སྐད་དུ། ཕུང་པོ་ཁམས་དང་དབང་པོའི་དོན། །ཡིད་ནི་སོ་སོ་སོ་སོར་ཏེ། །རྣམ་པ་ལྔ་ཡི་དབྱེ་བ་ཡིས། །རིགས་ནི་རྣམ་པ་བརྒྱ་རུ་ཕྱེ། །ཞེས་གསུངས་སོ། །ཡང་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལའོ། །གསུངས་ཞེས་བྱ་བ་ནི་བརྗོད་པའོ། །དེ་ཉིད་ལས་ནི་བསྡུས་ནས་ཀྱང་། །ཞེས་བྱ་བ་ནི་གྲངས་ནི་དབྱེ་
བས་ཐ་དད་པ་ལ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། སྣ་ཚོགས་སྤྲོ་བའི་རྣལ་འབྱོར་གྱིས། །ཞེས་བྱ་བ་གསུངས་ཏེ། རྣམ་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་སོ། །སྤྲོ་བའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་སྦྱོར་བས་སོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པ་
རྡོ་རྗེ་འཆང་གི་རྣམ་པའོ། །བརྗོད་ཅེས་བྱ་བ་ནི་བསྒྲགས་པའོ། །གང་གིས་དེ་ཡི་རྣམ་པར་མཐོང་། །ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་གཟུགས་ཀྱིས་སོ། །འདིར་ཞེས་བྱ་བ་ནི་ཁམས་གསུམ་པ་འདིར་རོ། །དེ་ཉིད་ནི་རྡོ་རྗེ་སེམས་དཔའ་འོ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་བྱ་བ་ནི་ཇི་

ལྟར་ཤེལ་ལ་སོགས་པའི་ནོར་བུའི་ཁྱད་པར་དེ་དང་དེའི་རྣམ་པར་སྣང་བས་སྣ་ཚོགས་པར་མཐོང་ངོ་། །དེ་བཞིན་དུ་བཅོམ་ལྡན་འདས་འདིར་ཡང་སེམས་ཅན་དེ་དང་དེ་ལ་མོས་པའི་ཁྱད་པར་གྱིས། རང་བཞིན་གྱིས་རྣམ་པར་དག་ཀྱང་སྣ་ཚོགས་པའི་རྣམ་པ་ཉིད་ཀྱིས་གཞན་རྣམས་ལ་མཐོང་བའི་སྤྱོད་ཡུལ་དུ་གྱུར་
སྙམ་དུ་ཤེས་སོ། །དེ་ལྟར་རྣམ་པ་གཉིས་ཀྱི་དབྱེ་བ་མདོར་བསྟན་པ་བཤད་ནས། ད་ནི་དེའི་རྒྱས་པར་བརྗོད་པའི་ཕྱིར། དེའི་ཡན་ལག་གི་རྒྱུ་མཚན་བརྗོད་པ་སྔོན་དུ་འགྲོ་བས་སྤྲོ་བའི་རིམ་པ་རྒྱས་པར་བཤད་པ་ནི། སེམས་ཅན་མོས་པ་སྣ་ཚོགས་དང་། །ཞེས་བྱ་བ་གསུངས་ཏེ། བསམ་པ་སྣ་ཚོགས་པ་དང་ལྡན་པའི་
ཕྱིར་རོ། །སེམས་ཅན་ཞེས་བྱ་བ་ནི་ཁམས་གསུམ་ན་སྤྱོད་པ་རྣམས་སོ། །སྣ་ཚོགས་བསམ་པའི་བྱེ་བྲག་གིས། །ཞེས་བྱ་བ་ནི་ཆགས་པ་ལ་སོགས་པའི་དབྱེ་བས་ཐ་དད་པའོ། །སྣ་ཚོགས་པའི་རང་བཞིན་གྱི་བསམ་པ་སྣ་ཚོགས་སུ་བསམས་ནས་སོ། །སྣ་ཚོགས་ཉོན་མོངས་ཀྱིས་མནན་ནས། །ཞེས་བྱ་བ་ནི་སྣ་
ཚོགས་པའི་འདོད་ཆགས་ཞེ་སྡང་ལ་སོགས་པས་ཁྱབ་པའོ། །དེ་རྣམས་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པ་ཐོབ་པའི་དོན་དུའོ། །འགྲོ་བའི་བླ་མས་ཞེས་བྱ་བ་ནི་ཁམས་གསུམ་པའི་སློབ་དཔོན་དུ་གྱུར་པའི་བཅོམ་ལྡན་འདས་ཀྱིས་གྲོལ་བའི་ཕྱིར་འཇུག་པའོ། །གང་གིས་དེ་ཞེས་བྱ་བ་ནི་གཞན་
རྣམས་ཀྱི་རྗེས་སུ་མཐུན་པར་གྱུར་པའི་ཐབས་ཀྱི་བྱེ་བྲག་གིས་སོ། །དེ་ཡིས་ནི་ཞེས་བྱ་བ་ནི་རྒྱུ་དེ་ཡིས་ཏེ། སེམས་ཅན་རྣམས་ཀྱི་མོས་པ་ལ་སོགས་པ་མཐའ་ཡས་སོ། །སྣ་ཚོགས་སྤྲོ་བའི་ངོ་བོ་ཉིད། །ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་རིགས་ཀྱི་དབྱེ་བ་གསུངས་པས་སོ། །དེ་ཉིད་ཀྱི་ཕྱིར།
གྲངས་མེད་དབྱེ་བའི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། བགྲང་བ་ལས་འདས་པའི་ཕྱིར་རོ། །དོན་དམ་པ་ཞེས་བྱ་བ་ནི་དོན་དམ་པར་རོ། །རིགས་ཀྱི་དབྱེ་བ་ཉིད་ཅེས་བྱ་བ་ནི་མཐའ་ཡས་པའི་རིགས་ཀྱི་ངོ་བོ་ཉིད་དོ། །གསུངས་པའི་ཞེས་བྱ་བ་ནི་བསྟན་པའོ། །རྒྱུད་གཞན་རྣམས་སུ་ཞེས་བྱ་བ་ནི་དཔལ་རྣལ་འབྱོར་ཆེན་
པོ་ལ་སོགས་པ་རྣམས་ལའོ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །ཞེས་བྱ་བ་ནི་སེམས་ཅན་དེ་དང་དེའི་བསམ་པའི་དབང་གིས་སོ། །དེ་ལྟར་རྒྱུ་མཚན་བརྗོད་པ་སྔོན་དུ་འགྲོ་བས་སྤྲོ་བའི་རིམ་པས། དེ་རྒྱས་པར་བཤད་པ་བསྟན་ནས། ད་ནི་སྡུད་པའི་རིམ་པ་དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེ་ནི་བསྡུས་ནས་

ཞེས་བྱ་བ་གསུངས་ཏེ། བྱེ་བ་མཐའ་ཡས་པར་བསྡུས་པའོ། །བྱེ་བར་འགྱུར་ཞེས་བྱ་བ་ནི་བྱེ་བ་འབུམ་ཕྲག་གི་ཚད་ཀྱིས་ཏེ། དུ་མ་གཅིག་གིས་བསྡུས་པའི་ཕྱིར་རོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་ཡི་འཁོར་ལོའི་རིམ་པས་སོ། །ཞེས་བྱ་བ་ནི་བྱེ་བའི་གྲངས་ཀྱིས་རང་གི་ལུས་ལ་གནས་པའི་རྩའི་
འཁོར་ལོའི་རིམ་པའི་རྗེས་སུ་འབྲངས་ནས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབྱེ་བའི་རིམ་པ་བསྡུས་པར་འགྱུར་རོ། །དེ་ལས་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ངོ་བོའི་རིགས་ཀྱང་སྟོང་ཕྲག་སུམ་ཅུ་རྩ་དྲུག་ནི། སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་ནང་དུ་སྡུད་པར་
འགྱུར་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཕྱེད་ཡིན་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་སྟོང་ཕྲག་སུམ་ཅུ་རྩ་དྲུག་གི་རིགས་བསྡུས་པ་ལས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞིར་འགྱུར། །ཞེས་བྱ་བའི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། ལུས་ཀྱི་རྫས་དང་གནས་སོགས་ནི། །ཞེས་བྱ་བ་གསུངས་ཏེ། ལུས་ནི་རང་
གཞན་གྱི་རྒྱུད་ཀྱི་ལུས་ལའོ། །རྫས་དང་ཞེས་བྱ་བ་ནི་སོ་དང་སེན་མོ་ལ་སོགས་པའི་རང་བཞིན་ཅན་ནོ། །གནས་སོགས་ནི་ཞེས་བྱ་བ་ནི་པུ་ལླཱི་ར་མཱ་ལ་ཡ་ལ་སོགས་པ་རྣམས་ཀྱི་རིམ་པའི་དབྱེ་བ་སྟེ། རྫས་དང་གནས་སོགས་པ་རྣམས་ལ་གྲངས་ཉི་ཤུ་རྩ་བཞི་པོ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་སྟོང་ཕྲག་ཉི་ཤུ་
རྩ་བཞི་ལས་སོ། །བརྒྱ་ཡིས་མཆོག་ཏུ་གང་ཞེས་བྱ་བ་ནི་གཅིག་ཉིད་བརྒྱ་ཕྲག་སྟེ། སྔོན་དུ་གསུངས་པའི་རིགས་བརྒྱའི་དབྱེ་བས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་པོ་རིགས་བརྒྱའི་དབྱེ་བའི་ཁོངས་སུ་འདུས་པའི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་ཕྱིར་རོ། །བདུན་ཅུ་རྩ་གཉིས་ཞེས་བྱ་བ་ནི་བརྒྱ་ཕྲག་ལ་
ཡང་བདུན་ཅུ་རྩ་གཉིས་གཙོར་བྱས་པའི་རྩའི་གྲངས་ཀྱི་རིགས་བདུན་ཅུ་རྩ་གཉིས་སོ། །དེ་རྗེས་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ནི་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་རིགས་ལ་དྲུག་ཅུ་རྩ་བཞིའི་གྲངས་ཀྱི་དཀྱིལ་འཁོར་པ་རྣམ་པར་དག་པས་དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་ནས་སོ། །དྲུག་ཅུ་
རྩ་བཞི་པོ་དེ་ལས་ཀྱང་སུམ་ཅུ་རྩ་དྲུག་གི་ནང་དུ་འདུས་པར་འགྱུར་རོ། །འཁོར་ལོ་གསུམ་ལ་གནས་པའི་ཐབས་དང་ཤེས་རབ་གཅིག་ཏུ་བརྗོད་པར་འདོད་པས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །ཉི་ཤུ་རྩ་བཞི་དེ་ལས་ཀྱང་། །ཞེས་བྱ་བ་ནི་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་པ་རྣམས་བསྡུས་པ་ནི། ཉི་ཤུ་རྩ་བཞིའི་རྩ་

རྣམས་ལ་སྟེ། འཁོར་ལོ་གསུམ་གྱི་ངོ་བོ་ཉིད་ཀྱི་ཕྱིར་དང་། གནས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་ནི་བཅུ་གསུམ་དང་། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་དག་པས་སོ། །དགུ་ཡང་ངོ་ཞེས་བྱ་བ་ནི་བཅུ་གསུམ་གྱི་བདག་
ཉིད་ཅན་ལ་དགུས་བསྡུས་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་འཁོར་ལོ་བུམ་པ་དང་བཅས་པ་རྣམ་པར་དག་པས་སོ། །དེ་ལས་ལྔ་དང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོ་གཅིག་པུ་ལ་ལྟོས་ནས་སོ། །དེའི་ཕྱིར་གསུམ་ཞེས་བྱ་བ་ནི་ལྔ་པོ་དེ་ཡང་ལ་ལ་ནཱ་ལ་སོགས་པའི་ངོ་བོ་གསུམ་མོ། །གསུམ་ཡང་ཞེས་བྱ་བ་ནི་
གསུམ་པོ་དེ་ལ་ཡང་ཨ་ཝ་དྷཱུ་ཏཱིའི་གཅིག་པུ་ལ་བསྡུས་ནའོ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཤིན་ཏུ་ཟབ་མོའི་རང་བཞིན་གྱིས་སོ། །འགྲོ་ཞེས་བྱ་བ་ནི་འགྲོ་བའོ། །གཞན་དང་གཞན་དུ་བསྡུས་ནས་ཞེས་བྱ་བ་ནི་ཕན་ཚུན་དུ་བསྡུས་པས་སོ། །དེ་ཡང་ཞེས་བྱ་བ་ནི་དེ་ཡང་གཅིག་གི་རྣམ་པའོ། །འོད་
གསལ་གོ་འཕང་ལའོ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ཁོངས་སུ་འགྲོ་བའོ། །རྣམ་རྟོག་མེད་པའི་ཞེས་པ་ནི་ཐམས་ཅད་དུ་ངོ་བོ་གཅིག་པའི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་སྡུག་བསྔལ་མཐའ་དག་བཟློག་པའི་ཕྱིར་རོ། །གཉིས་མེད་ཡེ་ཤེས་ཞེས་བྱ་བ་ནི་གཟུང་འཛིན་དང་བྲལ་བའི་ཕྱིར་རོ། །དྲི་
མ་མེད་ཅེས་བྱ་བ་ནི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཆོག །ཅེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་གོང་ན་མེད་པའི་ཕྱིར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ།
ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་བཞི་བཅུ་རྩ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཞི་བཅུ་རྩ་གསུམ་པས། རིགས་ཀྱི་དབྱེ་བའི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་ཕྱག་རྒྱའི་དབྱེ་བའི་ངེས་པའི་ཚིག་གི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར།
ལེའུ་བཞི་བཅུ་རྩ་བཞི་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཞི་བཅུ་རྩ་གསུམ་པ་བཤད་པའི་རྗེས་ལའོ། །བཅོམ་ལྡན་འདས་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་རྒྱའི་དབྱེ་བ་མངོན་པར་བརྗོད། །ཅེས་བྱ་བ་དང་འབྲེལ་ཏོ། །

ཕྱག་རྒྱ་རྣམས་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རྣམས་སོ། །དབྱེ་བ་ནི་རབ་ཏུ་དབྱེ་བའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་ལྷན་ཅིག་སྐྱེས་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཆོས་དང་ཞེས་བྱ་བ་ལ་སོགས་པ་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ། །དེ་
ལྟར་དེ་རྩོམ་པ་བཤད་ནས། ད་ནི་དེ་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་ཕྱི་རོལ་གྱི་རྗེས་སུ་འབྲངས་ནས། ཕྱག་རྒྱའི་དབྱེ་བ་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི། ལས་དང་ཞེས་བྱ་བ་གསུངས་ཏེ། ལས་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་སོ། །རྣམ་སྨིན་ངེས་པ་ཡིས་
ཞེས་བྱ་བ་ནི་རང་དང་འོས་པའི་བདེ་འགྲོ་དང་ངན་འགྲོ་ལ་སོགས་པ་སྐྱེད་པར་བྱེད་པའོ། །འབྲས་བུས་ཞེས་བྱ་བ་ནི་བདེ་སྡུག་ལ་སོགས་པ་ཉམས་སུ་མྱོང་བའི་མཚན་ཉིད་དོ། །རྒྱས་བཏབ་ལྟ་བུར་གནས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚོགས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། སྤྱོད་
ཡུལ་ལས་འདས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གང་ཡང་འདིར་ནི་ལས་གང་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའོ། །འདིར་ནི་ཞེས་བྱ་བ་ནི་འཇིག་རྟེན་འདི་ལའོ། །ལས་ཞེས་བྱ་བ་ནི་བྱ་བའི་རང་བཞིན་ལའོ། །གང་ཡང་ཞེས་བྱ་བ་ནི་རྒྱུ་
དང་རྗེས་སུ་མཐུན་པ་དེ་ཡོན་ཏན་ནོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་དགེ་དང་མི་དགེའི་བདག་ཉིད་ཅན་ལའོ། །རྒྱས་བཏབ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བས་ན། ལས་ཀྱི་ཕྱག་རྒྱས་མངོན་པར་བརྗོད། །ཅེས་བྱ་བའི་དོན་ཏོ། །དེ་ལྟར་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་བསྟན་ནས། ད་ནི་ཆོས་ཀྱི་ཕྱག་རྒྱའི་
མཚན་ཉིད་བརྗོད་པའི་ཕྱིར། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་དང་གཞན་རྣམས་ཀྱི་བརྗོད་པ་ཤེས་པ་དང་། ཤེས་བྱས་བསྡུས་པ་རྣམས་ཀྱིའོ། །རང་བཞིན་མེད་པ་ཉིད། རང་བཞིན་གྱིས་ཞེས་བྱ་བ་ནི་རང་བཞིན་གྱིས་དབེན་པ་ཉིད་ཀྱི་མཚན་
ཉིད་དོ། །རྒྱས་བཏབ་ནས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གནས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །རྒྱུ་མཚན་དེས་ནི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་བརྗོད་པའི་ཕྱིར། དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་

ཏེ། དམ་ཚིག་ནི་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ། །རྒྱལ་སྲས་རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་རྒྱས་བཏབ་ནས་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རང་གི་ཡོན་ཏན་རྟེན། །ཞེས་བྱ་བ་གསུངས་
ཏེ། རང་གི་ཡོན་ཏན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཀྱི་རྟེན་རྣམས་ཀྱིས་སོ། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །ཞེས་བྱ་བ་ནི་མི་དམིགས་པའི་ངོ་བོ་ཤེས་རབ་སྙིང་རྗེའི་རང་བཞིན་གྱིས་སོ། །སངས་རྒྱས་ཞིང་ནི་རྣམ་སྦྱང་བ། །ཞེས་བྱ་བ་ནི་མཐོན་དམན་གྱི་སྣང་བ་ཟློག་པས་ཤེལ་དང་ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་ལ་སོགས་པའི་
ངོ་བོ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ། ཇི་ལྟར་འཁོར་བ་ལས་གཤེགས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའམ་དེ་བཞིན་ཉིད་དུ་འགྲོ་བས་ན། དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱིའོ། །དམ་
ཚིག་ཅེས་བྱ་བ་ནི་སྙིང་རྗེ་དང་ཤེས་རབ་ཀྱི་དབྱེ་བའོ། །ཡོངས་སུ་དག་པར་མཛད་པའི་ལས། །ཞེས་བྱ་བ་ལ། རྣམ་པར་དག་པ་རྣམ་གཉིས་ཀྱི་ཡོངས་སུའི་ལས་ཤེས་བྱ་བ་སྟེ། ཡོངས་སུ་ནི་ཀུན་ནས་ལས་སུ་རུང་བ་ཉིད་དུ་བྱེད་པའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱའི་ངོ་བོར་བསྟན་ནས། ད་ནི་
ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པའི་ཕྱིར། དེའི་རང་བཞིན་མེད་ཅེས་བྱ་བ་གསུངས་ཏེ། དེའི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དུས་ཐམས་ཅད་དུ་མ་བྱས་པའི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་ཏེ། དགའ་བ་ཆེན་མོ་སྟེར་བར་བྱེད་པས་ན་སྙམ་དུ་བསམས་ནས་སོ། །ད་ནི་བརྗོད་ཅེས་བྱ་བ་ནི་བཤད་ཅེས་
བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་ཕྱི་རོལ་གྱི་རྗེས་སུ་འབྲངས་ནས། ཕྱག་རྒྱའི་དབྱེ་བ་བསྟན་ནས་ད་ནི་གསང་བའི་རྗེས་སུ་འབྲངས་ནས། དེའི་དབྱེ་བ་བརྗོད་པའི་ཕྱིར། དེའི་ཡན་ལག་ཏུ་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི། ལས་ཀྱི་ཕྱག་རྒྱ་ཡོངས་སུ་ཤེས་ན་ཞེས་བྱ་བ་གསུངས་ཏེ།
ཕྱི་རོལ་གྱི་འབྲེལ་པ་ཙམ་ལ་ཉེ་བར་མཁོ་བ་ལས་ཀྱི་ཕྱག་རྒྱའི་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཀུན་ནས་རྣམ་པར་ཤེས་པའི་རྣམ་པའོ། །སྔགས་པ་ཞེས་བྱ་བ་ནི་སྒོམ་པ་པོའོ། །ལས་རུང་ཐོབ་པ་སྐྱེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡུལ་ལ་ལས་སུ་རུང་བ་ཉིད་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །

ཡང་ན། སྔགས་ཀྱིས་ལས་སུ་རུང་བའི་བློ། །ཞེས་འབྱུང་སྟེ། དེའི་ཕྱོགས་ལ་ནི་སྔགས་ནི་ཨོཾ་ཡིག་ལ་སོགས་པ་རྣམས་ཀྱིས་སོ། །ལས་རུང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བས་སོ། །བློ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཕྱིར་མི་འདོར་བའི་བློའོ། །གཞན་ཡང་
ཤེས་རབ་དབང་བསྐུར་ན། །ཞེས་བྱ་བ་ནི་དབང་གསུམ་པས་དབང་བསྐུར་བའི་དུས་ནའོ། །སློབ་དཔོན་ཞེས་བྱ་བ་ནི་དབང་བསྐུར་སྟེར་བ་པོ་རྣམས་ཀྱི་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྤྱད་པས་སོ། །ཇི་ལྟར་དཔེས་མཚོན་མཚན་ཉིད་ནི། །ཞེས་བྱ་བ་ནི་དོན་གྱིས་ལྷན་ཅིག་སྐྱེས་པ་མངོན་དུ་བྱ་བའི་
ཕྱིར། དཔེའི་མཚན་ཉིད་ནི་དཔེའི་མཚན་ཉིད་སྐྱེས་པ་ཉེ་བར་མཚོན་པའི་རྒྱུར་གྱུར་པའོ། །ཅིའི་དོན་དུ་ཡིན་ཞེ་ན། དེའི་ཕྱིར། རྡོ་རྗེ་སེམས་དཔའ་རབ་དངོས་དོན། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་སེམས་དཔའ་གང་ལ་ཡོད་པ་དེ་རྡོ་རྗེ་སེམས་དཔའ་འོ། །དེའི་ངོ་བོ་སྟེ་དེའི་དོན་གང་ཡིན་པ་ནི་ཐོག་མ་དང་ཐ་མ་
མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ཅན་ནོ། །དེ་གསལ་བའི་ཕྱིར་ནི་སེམས་ཅན་རྣམས་ལ་བསྟན་པའི་དོན་དུའོ། །སྙིང་རྗེའི་བསམ་པས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སེམས་ཀྱི་རྒྱུད་ལ་ཁྱབ་པ་རྣམས་ཀྱིས་ཏེ། གསལ་བར་མཛད་ཅེས་བྱ་བ་ནི་ལྷག་མའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་བསྟན་ནས། ད་ནི་ཆོས་ཀྱི་
ཕྱག་རྒྱའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་བསམ་པ་དང་ལྡན་པའི་བཅོམ་ལྡན་འདས་ལས་སོ། །དེ་ལས་ཤེས་པ་ཐོབ་ནས་ནི། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་རྣམ་པར་ངེས་པ་ཤེས་ནས་སོ། །ཆོས་ཉིད་ནམ་མཁའ་ཞེས་བྱ་བ་ནི་དེ་ཁོ་ཉིད་ཀྱི་ནམ་མཁའའོ། །ངེས་པ་ཞེས་བྱ་བ་ནི་
ངེས་པར་འབྱེད་པ་སྟེ། དེ་དང་ལྷན་ཅིག་སྙོམས་པར་ཞུགས་པ་ཆོས་ཉིད་ཉམས་སུ་མྱོང་བ་ཞེས་བྱ་བའི་ངེས་པའོ། །ཇི་ལྟར་ངེས་པར་བྱེད་ཅེ་ན། དེའི་ཕྱིར་དེ་ལྟར་དེ་ཉིད་ཅེས་བྱ་བ་གསུངས་ཏེ། དེ་ལྟ་བུར་གྱུར་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །དེ་ཉིད་ཡེ་ཤེས་ནི་ཞེས་བྱ་བ་ནི་དེ་ལ་དམིགས་པ་ཡོད་པས་
ཉམས་སུ་མྱོང་བའོ། །དེ་ལྟར་རྣལ་འབྱོར་མ་མཚན་ཉིད། །ཅེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་རྣལ་འབྱོར་མ་དེ་ཁོ་ན་ཉིད་གསལ་བར་བྱེད་པའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་བརྗོད་པའི་ཕྱིར། དམ་ཚིག་རྩེ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།

བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་ལ་དུས་རྟག་ཏུ་གནས་པར་དགའ་བའོ། །མཁས་ཞེས་བྱ་བ་ནི་སྔགས་དང་རྒྱུད་ལ་མཁས་པའོ། །རླུང་གི་དེ་ཉིད་ཕ་རོལ་སོན། །ཞེས་བྱ་བ་ནི་རླུང་གི་སྟོབས་ཀྱིས་སེམས་འཛིན་པ་ལ་སོགས་པ་ནུས་པའོ། །བསླབ་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པར་བྱས་པའོ། །
དཔལ་ལྡན་འདུས་པའི་དོན་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་སོགས་པ་རྣམས་ལའོ། །ངག་འཇམ་ཞེས་བྱ་བ་ནི་འཇམ་པའི་དབྱངས་སོ། །ཐུན་མོང་མ་ཡིན་མཚན་ཉིད་ཅེས་བྱ་བ་ནི་ཐུན་མོང་དུ་བུད་མེད་ཀྱི་སྐྱེ་བོའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །མིག་ཡངས་པ་ཡི་བུ་མོ་རྙེད། །ཅེས་བྱ་བ་ནི་རྗེས་
སུ་བསྟན་ནས་སོ། །མིག་ཡངས་མ་ཞེས་བྱ་བ་ནི་མིག་ཡངས་པ་གང་ལ་ཡོད་པའམ། ཡངས་པའི་མིག་གི་པདྨའི་སྤྱན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ལང་ཚོ་དང་ལོ་གྲངས་ཀྱི་ཡོན་ཏན་དང་ལྡན་པའོ། །ཇི་ལྟར་སྦྱོར་བ་མངོན་
རྟོགས་པར། །ཞེས་བྱ་བ་ནི་ཇི་ལྟ་བུའི་རྣལ་འབྱོར་གྱིས་སོ། །མངོན་པར་ཞེས་བྱ་བ་ནི་ཀུན་ནས་སོ། །རྟོགས་པ་ཞེས་བྱ་བ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའོ། །ཕྱག་རྒྱ་ཞེས་བྱ་བ་ནི་དེ་མ་ཐག་པར་བརྗོད་པ་རྣམས་སོ། །ལྷན་ཅིག་ཅེས་བྱ་བ་ནི་མཉམ་པར་རོ། །སྒྲུབ་པར་
བྱེད་ཅེས་བྱ་བ་ནི་གོམས་པར་བྱེད་པའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་བསྟན་ནས། ད་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བརྗོད་པའི་ཕྱིར། དེ་ཉིད་ཅེས་བྱ་བ་གསུངས་ཏེ། རྟོགས་པར་བྱེད་པའོ། །དེ་ཉིད་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་འོད་
གསལ་བའི་ངོ་བོའོ། །ཕྱག་རྒྱ་ཆེན་པོའི་དོན་མཚན་ཉིད། །ཅེས་བྱ་བ་ནི་བདེ་བ་ཐམས་ཅད་འཕེལ་བར་བྱེད་པའི་བདག་ཉིད་ཅན་ནོ། །དེ་ཉིད་ཅེས་བྱ་བ་ནི་རྟག་ཏུ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཡོད་པའི་ཕྱིར་རོ། །བདེ་ཆེན་གོ་འཕང་ནི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་
རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་ནི་དགའ་བ་ལ་སོགས་པ་གསུམ་གྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །སྟོང་ཉིད་ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཉིད་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དྲི་མ་མེད་ཅེས་བྱ་བ་ནི་སྒྲིབ་པ་གཉིས་དང་བྲལ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་ཞེས་

བྱ་བ་ནི་ཆོས་ཀྱི་དབྱིངས་རབ་ཀྱི་མཐར་ཐུག་པ་འགྲོ་བས་གནས་སོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་པའི་རྒྱུད་ལ་གསལ་བ་ཉིད་དུ་སྣང་བའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བཞིས་གསང་བའི་རྗེས་སུ་འབྲངས་ནས། དེའི་དབྱེ་བ་བརྗོད་པའོ། །དེ་ལྟར་རྣམ་པ་གཉིས་ཐུན་མོང་བའི་
ཕྱག་རྒྱའི་དབྱེ་བ་བསྟན་ནས། ད་ནི་རིམ་པ་གཞན་གྱིས་དེ་བརྗོད་པའི་ཕྱིར། དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་ལ་ལྟོས་པས་ཐ་དད་པའི་རིམ་པ་གཞན་གྱིས་སོ། །ཕྱག་རྒྱའི་དབྱེ་བ་ཞེས་བྱ་བ་ནི་འཆད་བཞིན་པའི་མཚན་ཉིད་དོ། །བཤད་
བྱ་བ་ཞེས་བྱ་བ་ནི་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟར་བཤད་པར་དམ་བཅའ་བ་བསྟན་ནས། གྲངས་ཀྱི་ཆོ་ག་བརྗོད་པའི་ཕྱིར། རིགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ནི་དྲུག་སྟེ། ཕ་རོལ་ཏུ་ཕྱིན་
པ་སྦྱིན་པ་ལ་སོགས་པ་ཡང་དེ་བཞིན་ནོ། །རིགས་ཀྱང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན། རིགས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་རྣམས་ཀྱི་དབྱེ་བ་ནི་ཁྱད་པར་རོ། །ཕྱག་རྒྱ་དྲུག་ཏུ་ཞེས་བྱ་བ་ནི་འཆད་བཞིན་པ་ལས་སོ། །ཡང་དག་བཤད་ཅེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་གྲངས་ཀྱི་ཆོ་ག་
བརྗོད་ནས། ད་ནི་དེ་རྣམས་སྔགས་ཀྱི་སྒོ་ནས་མཆོད་པར་བྱ་བ་ནི། ཡཾ་རཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་རྣམས་ཞེས་བྱ་བ་ནི་འཆད་བཞིན་པའི་གཏུམ་མོ་ལ་སོགས་པ་རྣམས་ལའོ། །རིམ་པ་ལས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་སོ། །བྱ་ཞེས་བྱ་བ་ནི་བྱ་བའོ། །མཆོད་པར་
བྱ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཉེ་བར་མཁོ་བ་ལ་སོགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལ་དུས་རྟག་ཏུའོ། །གང་དུ་ཞེ་ན། དེའི་ཕྱིར། མཆོད་པའི་རིམ་པ་རོ་གཅིག་པས། །ཞེས་བྱ་བ་གསུངས་ཏེ། མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་རྣམས་ལ་ཐ་
དད་པའི་བློ་དོར་བས་སོ། །མཆོད་པ་ལ་རོ་གཅིག་པའི་རིམ་པ་ནི། མཆོད་པའི་རིམ་པར་རོ། །གཅིག་པ་སྟེ་དེ་ལས་སོ། །དེ་ལྟར་དེ་རྣམས་ཀྱི་སྔགས་ཀྱི་སྒོ་ནས་མཆོད་པ་བསྟན་ནས། ད་ནི་ཕྱག་རྒྱའི་ངོ་བོ་ཉིད་བརྗོད་པའི་ཕྱིར། གདོལ་པ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲུས་མཁན་མོ་

ཞེས་བྱ་བ་ནི་ཁྲུས་བྱེད་པ་མོའོ། །སྨེ་ཤ་ཅན་ཞེས་བྱ་བ་ནི་རབ་ཏུ་གྲགས་པ་ཉིད་དོ། །གར་མཁན་མ་ཞེས་བྱ་བ་ནི་གར་གྱི་རིགས་ལས་བྱུང་བ། གར་གྱི་ལས་ལ་འཇུག་པའོ། །རོ་བསྲེག་མ་ཞེས་བྱ་བ་ནི་རོ་བསྲེག་མའོ། །གཉིས་སྐྱེས་མོ་ཞེས་བྱ་བ་ནི་བྲམ་ཟེའི་རིགས་ལས་བྱུང་བ་མའོ། །རྣལ་འབྱོར་
པས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྒོམ་པ་པོ་རྣམས་ཀྱིའོ། །བསྒྲུབ་རྒྱུའི་དོན་དུ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་གྱི་དངོས་གྲུབ་བསྒྲུབ་པའི་དོན་དུའོ། །གནས་པར་བྱ་བ་ནི་བཙུན་མོའི་གཟུགས་ཀྱིས་གཞན་དོན་བྱ་བའི་ཕྱིར་རོལ་པར་བྱེད་པའོ། །གང་དུ་ཞེ་ན། དེའི་ཕྱིར་བདག་ཉིད་རོལ་ཅིང་
ཞེས་བྱ་བ་གསུངས་ཏེ། རང་ཉིད་རོལ་པས་སོ། །དེ་ལྟར་ཕྱག་རྒྱའི་ངོ་བོ་བསྟན་ནས། ད་ནི་དེ་རྣམས་ཀྱི་དབྱེ་བ་བརྗོད་པའི་ཕྱིར། གཏུམ་མོ་རྡོ་རྗེའི་རིགས་ལས་སྐྱེས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་རིགས་ནི་མི་བསྐྱོད་པའི་རིགས་ཏེ། རེག་པར་བྱ་བ་མ་ཡིན་པའི་ཕྱིར་དང་། ཤིན་ཏུ་ཡང་རྩུབ་
པའི་ཕྱིར་རོ། །ཁྲུས་མཁན་རིན་ཆེན་རིགས་ལས་སྐྱེས། །ཞེས་བྱ་བ་ནི་ཁྲུས་མཁན་མ་ནི་དུས་རྟག་ཏུ་གོས་དྲི་མ་ཅན་འཁྲུ་བས། དཀར་པོའི་རིགས་ལ་དགའ་བ་སྟེ། རིན་ཆེན་འབྱུང་ལྡན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པས། དཀར་པོའི་ལས་ལ་འཇུག་ལ། དེ་དང་ཆོས་མཐུན་
པས་རིན་པོ་ཆེའི་རིགས་ལས་བྱུང་བར་ཤེས་པར་བྱའོ། །གདོལ་པ་པདྨའི་རིགས་ལས་སྐྱེས། །ཞེས་བྱ་བ་ནི་དེ་ནི་ང་རྒྱལ་མེད་པ་ཉིད་ཀྱིས་བཟོད་པའི་ངང་ཚུལ་ཉིད་ཀྱི་ཕྱིར་དུས་རྟག་ཏུ་བཟོད་པའི་ངང་ཚུལ་ཅན་ཡིན་ཏེ། དེ་བས་ན་པདྨ་བཞིན་དུ་པདྨ་འདམ་གྱི་སྐྱོན་གྱིས་མ་གོས་པ་དང་འདྲ་བ་ནི། པདྨའི་
རིགས་ལས་སྐྱེས་པའོ། །གར་མཁན་ལས་ཀྱི་རིགས་ཞེས་བྱ་བ་ནི་གར་ནི་ཡན་ལག་ཐམས་ཅད་ཀྱིས་བསྒྲུབ་པ་ཉིད་ཀྱི་ལས་ཐམས་ཅད་ཉིད་དང་ཆོས་མཐུན་པའི་ཕྱིར་རོ། །རོ་བསྲེག་མ་ནི་འཁོར་ལོའི་རིགས། །ཞེས་བྱ་བ་ནི་ལུས་ཀྱི་ཆོས་ཉིད་རྟོགས་པའི་རྒྱུར་གྱུར་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་
རིགས་སོ། །ཡེ་ཤེས་ཕྱག་རྒྱ་གཉིས་སྐྱེས་མོ། །ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཡེ་ཤེས་སྐྱེད་པར་བྱེད་པས་བྲམ་ཟེ་མོའོ། །རྡོ་རྗེ་སེམས་དཔའི་རིགས་སུ་ཤེས། །ཞེས་བྱ་བ་ནི་དེའི་དབང་གིས་རྡོ་རྗེ་ལྟར་སྲ་བའི་འོད་གསལ་གྱི་ཡེ་ཤེས་སྐྱེད་པར་བྱེད་པས་སོ། །འདི་ནི་ཞེས་བྱ་བ་ནི་དེ་མ་ཐག་

པར་བསྟན་པའོ། །འདི་ནི་རིགས་ནི་དྲུག་ཏུ་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་རིགས་དང་ལྷན་ཅིག་ཏུ་རིགས་ལྔ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་དེ་རྣམས་ཉིད་ཀྱི་རིགས་ཀྱི་དབྱེ་བ་བསྟན་ནས། དེ་རྣམས་ཉིད་ཀྱི་མ་ལ་སོགས་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར་རོ། །བྲམ་ཟེ་མོ་
ནི་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དབང་གིས་ལྷན་ཅིག་སྐྱེས་པའི་མཚན་ཉིད་མངོན་པར་འཕེལ་བས། རྣལ་འབྱོར་པ་ལ་ཕན་པར་འདོད་པའི་ཕྱིར་རོ། །ཁྲུས་མཁན་མོ་ནི་སྲིང་མོར་བརྗོད། །ཅེས་བྱ་བ་ནི་དཀར་པོའི་ཆོས་རྣམ་པར་འཕེལ་བས་དེ་ཉིད་ལ་རྗེས་སུ་མཐུན་པ་དང་བཅས་པའི་ཕྱིར་རོ། །གར་
མཁན་མོ་ནི་བུ་མོར་ཤེས། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་གཉེན་པོའི་རྒྱུའི་ཕྱིར་རོ། །སྨེ་ཤ་ཅན་ནི་ཆུང་མར་རབ་ཏུ་གྲགས། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བར་བྱེད་པ་ཉིད་ཀྱིས་ཐམས་ཅད་དུ་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །རོ་བསྲེག་མ་ནི་མནའ་མ་སྟེ། །ཞེས་
བྱ་བ་ནི་དེ་དང་སྙོམས་པར་ཞུགས་པས་ལུས་མི་དམིགས་པའི་ཆོས་ཉིད་ཉམས་སུ་མྱོང་བས་སོ། །སྒྱུག་མོ་གདོལ་པ་མོ་ཞེས་བྱ་བ་ནི་གཏུམ་མོའི་ལས་བྱེད་པས་སྐྱེད་བྱེད་མའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་
ཚིམ་པར་བྱ་བའོ། །དེ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གོ། །རྣམ་རྟོག་མེད་པས་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའམ། ཐ་དད་པའི་རྟོག་པ་སྤངས་པ་ཉིད་ཀྱིས་སོ། །རྒྱུ་མཚན་གང་གིས་མཆོད་པར་བྱེད་ཅེ་ན། དེའི་ཕྱིར་རྣམ་རྟོག་མེད་འགྱུར་ན། །ཞེས་བྱ་བ་གསུངས་ཏེ། རྒྱུ་གང་གི་ཕྱིར་དངོས་
གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམ་རྟོག་མེད་པར་འགྱུར་ན། དེ་རྣམས་ཀྱི་དྲིན་གྱིས་སོ། །དེའི་ཕྱིར་ཐམས་ཅད་དུ་མཆོད་པར་བྱ་སྙམ་དུ་དགོངས་པའོ། །དེ་ལྟར་དེ་རྣམས་ཉིད་མ་ལ་སོགས་པ་བརྡའི་ངོ་བོ་ཉིད་ཀྱིས་བསྟན་ནས། ད་ནི་མ་ལ་སོགས་པའི་རྣམ་པར་དག་པ་བརྗོད་པའི་ཕྱིར། སེམས་ནི་མ་ཉིད་གྱུར་ན་
ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཀྱི་དབང་ཉིད་ཀྱིས་ཡོངས་སུ་ཤེས་པ་དང་མ་ཤེས་པའི་གནས་སྐབས་སུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གྲུབ་པའི་ཕྱིར་རོ། །སྲིང་མོ་དག་ཏུ་ཡང་དག་བཤད། །ཅེས་བྱ་བ་ནི་དེ་ཁོ་ན་ཉིད་བསྟན་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ལུས་ནི་བུ་མོར་ཤེས་པར་བྱ། །

ཞེས་བྱ་བ་ནི་མངོན་པར་ཞེན་པའི་གཞི་ཡིན་པའི་ཕྱིར་རོ། །ཤེས་པར་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །སྲོག་ནི་ཆུང་མར་ཞེས་བྱ་བ་ནི་ཤིན་ཏུ་ཡང་མཛའ་བའི་ཕྱིར་རོ། །རབ་ཏུ་གསལ་ཞེས་བྱ་བ་ནི་བརྗོད་པའོ། །མནའ་མ་དེ་བཞིན་ཐུར་སེལ་རླུང་། །ཞེས་བྱ་བ་ནི་རང་གི་ཆུང་མ་ལ་ལྟོས་ནས། ཅུང་ཟད་ཕྱི་རོལ་དུ་གྱུར་
པའི་ཕྱིར་རོ། །དབུས་མའི་ཞེས་བྱ་བ་ནི་གནས་པའི་རླུང་གི་རྣམ་པའོ། །སྒྱུག་མོར་ཤེས་ཞེས་བྱ་བ་ནི་ཤིན་ཏུ་ཡང་ཕན་པ་སྐྱེད་པའི་ཕྱིར་རོ། །དེ་ལྟར་སེམས་ལ་སོགས་པའི་རྣམ་པར་དག་པ་བསྟན་ནས། ད་ནི་རྩའི་སྒོ་ནས་དེའི་རྣམ་པར་དག་པ་བརྗོད་པའི་ཕྱིར། མ་ནི་རྒྱགས་པའི་རྩ་ཡི་ཆ། །ཞེས་བྱ་བ་གསུངས་ཏེ།
མགོ་བོར་གནས་པའི་ཟླ་བའི་ཁམས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་ནི་དེའི་དབང་གིས་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །སྲིང་མོ་ཁུ་བ་འབབ་པའི་རྩ། །ཞེས་བྱ་བ་ནི་བྷ་ག་ལ་བརྟེན་ནས་དེ་སད་པའི་
ཕྱིར་རོ། །སྤྱི་བོའི་གནས་ན་ཡང་དག་གནས། །ཞེས་བྱ་བ་ནི་དེ་ནས་བརྩམས་ནས་ལུས་ཐམས་ཅད་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །བུ་མོ་ཁྲག་སྦྱིན་རྒྱུ་བའི་རྩ། །ཞེས་བྱ་བ་ནི་གང་ཞིག་ཁྲག་འབབ་པའི་རྩ་དེ་ནི་བུ་མོ་ཞེས་བྱ་བ་སྟེ། ཁྲག་འབབ་པའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་རོ། །སྤྱི་བོ་ཕྱེད་ཕྱེད་ལྷག་པར་གནས། །ཞེས་བྱ་
བ་ནི་སྟེང་དང་འོག་གི་དབྱེ་བས་བཤད་པ་དང་། ཁྲག་འབབ་པའི་ཕྱིར་རོ། །ཇི་སྐད་དུ། བཤང་གཅི་ཟླ་བ་ཉི་མ་དང་། །སྒྲ་གཅན་དུས་ཀྱི་མེ་ཡི་རྩ། །ཞེས་གསུངས་སོ། །མནའ་མ་མཆིལ་མ་འབབ་པའི་རྩ། །ཞེས་བྱ་བ་ནི་ཆུ་ངན་འབབ་པའི་རྡོ་རྗེ་དང་འབྲེལ་པའི་ཕྱིར་རོ། །གཉིས་ཀྱི་ཞེས་བྱ་བ་ནི་རྩ་གཡས་པ་དང་གཡོན་པ་
དག་ལའོ། །དབུས་ན་སྤྱོད་ཅེས་བྱ་བ་ནི་དབུས་ན་གནས་པའོ། །མནའ་མ་མཆིལ་མ་འབབ་པའི་རྩ། །ཞེས་བྱ་བ་ནི་རོ་དྲུག་ལ་སྤྱོད་པའི་རྣམ་པ་ཨོཾ་ཡིག་ལ་ཉེ་བར་གནས་པའི་ཕྱིར་རོ། །མགྲིན་པའི་གནས་སུ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་གནས་སུའོ། །ལྷག་པར་གནས་ཞེས་བྱ་བ་ནི་གནས་པའོ། །རྣལ་
འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་བཞི་བཅུ་རྩ་བཞི་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་རྩའི་སྒོ་ནས་དེའི་རྣམ་པར་དག་པ་བསྟན་ནས། ད་ནི་འབྱུང་བ་ཆེན་པོའི་སྒོ་ནས་དེའི་རྣམ་པར་

དག་པ་བརྗོད་པའི་ཕྱིར། མ་ནི་ས་ཉིད་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལུས་པའི་འབྱུང་བ་ཆེན་པོ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཆུ་ཡི་ཁམས་ནི་སྲིང་མོར་བརྗོད། །ཅེས་བྱ་བ་ནི་ཆུ་ནི་གཉེན་པོའི་ངོ་བོ་ཉིད་ཀྱིས་སྲིང་མོ་དང་ཆོས་མཐུན་པའི་ཕྱིར་རོ། །མ་ནི་བུ་མོར་ཤེས་པར་བྱ། །
ཞེས་བྱ་བ་ནི་སྲིང་མོས་གཟི་བརྗིད་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་དང་། ཤའི་དྲོད་ཀྱིས་དེ་འཕེལ་བའི་ཕྱིར་རོ། །ཆུ་ནི་ཆུང་མར་རབ་ཏུ་གྲགས། །ཞེས་བྱ་བ་ནི་དེའི་དབང་གིས་བྱང་ཆུབ་སེམས་ཀྱི་ཁམས་གཡོ་བའི་ཕྱིར་རོ། །མནའ་མ་ནམ་མཁའ་ཉིད་དུ་བཤད། །ཅེས་བྱ་བ་ནི་སྤུན་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་ནམ་
མཁའ་ལྟ་བུ་ཤེས་རབ་ཀྱི་སྟོབས་ཀྱིས་བསྒྲུབ་པའི་ཕྱིར་རོ། །སྒྱུག་མོ་ནམ་མཁའ་སྐབས་འབྱེད་ཅེས་བྱ་བ་ནི་མཆོག་གི་ནམ་མཁའི་ངོ་བོའོ། །དེ་ལྟར་འབྱུང་བ་ཆེན་པོའི་སྒོ་ནས། དེའི་རྣམ་པར་དག་པ་བསྟན་ནས། ད་ནི་རོ་དྲུག་གི་སྒོ་ནས་དེའི་རྣམ་པར་དག་པ་བརྗོད་པའི་ཕྱིར། མངར་བར་གྱུར་པས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། མངར་བའི་རོ་ནི་མ་མོར་བརྗོད་དེ། དལ་བུའི་ཡུལ་ལ་མཉེན་པས་འཇམ་པའི་ཕྱིར་རོ། །སྐྱུར་བ་སྲིང་མོ་ཉིད་དུ་བརྗོད། །ཅེས་བྱ་བ་ནི་བད་ཀན་ལ་སོགས་པ་སེལ་བར་བྱེད་པས་རྗེས་སུ་མཐུན་པའི་ཕྱིར་རོ། །ཁ་བ་རང་གི་བུ་མོ་དང་། །ཞེས་བྱ་བ་ནི་མཉེན་པ་འཕེལ་བའི་རྒྱུ་དང་འདྲ་བའི་ཕྱིར་རོ། །ལན་ཚྭ་ཆུང་
མར་ཡོངས་སུ་གྲགས། །ཞེས་བྱ་བ་ནི་ལན་ཚྭ་ཆུང་མ་བཞིན་དུ་ཤིན་ཏུ་མཛའ་བ་དང་། རྗེས་སུ་མཐུན་པ་འདྲ་བས་སོ། །བསྐ་བ་སྒྱུག་མོར་ཤེས་པར་བྱ། །ཞེས་བྱ་བ་ནི་དྲི་མའི་གཉེན་པོའི་ཕྱོགས་འདོད་པའི་ཕྱིར་རོ། །ཚྭ་བ་མནའ་མར་ཤེས་པར་བྱ། །ཞེས་བྱ་བ་ནི་རླུང་གི་གཉེན་པོ་ཉིད་ཀྱི་བདེ་བ་བསྐྱེད་པའི་
རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟར་རོ་དྲུག་གི་སྒོ་ནས། དེའི་རྣམ་པར་དག་པ་བསྟན་ནས། དེ་ནི་དེ་རྣམས་ཀྱི་ཁྱད་པར་ཅན་གྱི་མཆོད་པར་བརྗོད་པའི་ཕྱིར། འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལ་སོགས་པའི་བརྡ་འདི་རྣམས་ཀྱིས་བརྗོད་པའོ། །ཡང་ཇི་ལྟ་བ་བཞིན་མ་ལ་སོགས་པའི་
མཚན་ཉིད་ཀྱི་དོན་སྟོན་པར་བྱེད་པ་ནི་མ་ཡིན་ནོ། །དངོས་གྲུབ་འདོད་པས་བསྟེན་པར་བྱ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ལེའུ་བཞི་བཅུ་རྩ་ལྔ་པའི་ཕྱེད་བར་དུ་སྟེངས་པ་ལོ་ཙཱ་བས་བསྒྱུར་བའོ།། །།