Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 25

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
ེ་ཤེས་ཀྱི་སྣང་བ་འབྱུང་བར་འགྱུར་ཏེ། ཇི་སྐད་དུ། སྲོག་དང་རྩོལ་བ་བསྡམས་ནས་ནི། །བསྒོམས་ན་སྐད་ཅིག་དེ་ལ་འབར། །ཞེས་བཤད་པས་ན་སོམ་ཉི་མི་བྱའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར།
སྙིང་ལ་རྟག་ཏུ་གནས་པ་ཡིས། །ཐིག་ལེ་གཅིག་པུ་ཡི་གེ་མེད། །སྐྱེས་བུས་དེ་ནི་བསྒོམས་གྱུར་ན། །ཡེ་ཤེས་སྐྱེ་བར་འགྱུར་བའི་མཆོག །ཅེས་བྱ་བ་ལ་སྙིང་ལ་ཞེས་བྱ་བ་ནི་པདྨ་ཁ་སྦྱར་ལ་བྱ་བ་སྟེ། དེར་ཐིག་ལེ་ཞེས་བྱ་བ་ལ། རྡོ་རྗེ་ཕྲ་མོའི་ངོ་བོ་ཉིད་གནས་ཤིང་དུས་ཐམས་ཅད་དུ་འདུག་
པའོ། །ཅི་འདི་དངོས་པོ་ཡིན་ནམ། །འོན་ཏེ་མ་ཡིན་ཞེ་ན། ཡི་གེ་མེད་ཅེས་བྱ་བ་སྨོས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་ཁྱད་པར་སྣང་བའོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་སྒོམ་པ་ལས་ནི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཅི་ཉན་ཐོས་ལ་སོགས་པ་དང་འདྲའམ།

འོན་ཏེ་མ་ཡིན་ཞེ་ན། མཆོག་ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པའོ། །དེ་ལྟར་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་ཚིགས་སུ་བཅད་པ་ལྔས་དེ་ཁོ་ན་ཉིད་ཀྱི་མན་ངག་བཤད་ནས། དེ་ནི་ཕྱི་རོལ་གྱི་མཆོད་པ་གཡེང་བ་དགག་
པར་བྱ་བའི་ཕྱིར། །རྡོ་རྗེ་མཁའ་འགྲོ་ཐུགས་རྗེ་ཅན། །འདི་ཉིད་དུ་ནི་གནས་མཛད་ཅིང་། །རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། །འགྲོ་བ་གསུམ་པོ་འདི་ལ་གནས། །ཞེས་བྱ་བ་སྨོས་ཏེ། སྙིང་གའི་པདྨ་ཁ་སྦྱར་བའི་དབུས་འདི་ཉིད་དུ་བཅོམ་ལྡན་འདས་ཡུམ་རྡོ་རྗེ་མཁའ་འགྲོ་མ་རྣམ་
པར་རྟོག་པའི་དྲ་བ་རྣམ་པར་བསལ་བའི་ཐུགས་རྗེ་ཆེན་པོ་འཁྲིགས་པ་བཞུགས་ཏེ། དེ་རྣམས་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་ནམ་མཁའ་འགྲོ་མ་ཞེས་བྱ་བའི་རྡོ་རྗེའི་ཚིག་གིས་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་བཤད་དོ། །དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྫོགས་སངས་
རྒྱས་ཀུན་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པའོ། །བྱང་ཆུབ་ཅེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སེམས་དཔའ་སྟེ། དགོངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ། གཟུང་
དང་འཛིན་པའི་མཚན་ཉིད་ལ། །བྱང་ཆུབ་ཅེས་བྱ་འགའ་ཡང་མེད། །རྟོག་པའི་ཤེས་པ་ལས་གྲོལ་བའི། །སེམས་ནི་བྱང་ཆུབ་ཡིན་ཞེས་བཤད། །ཅེས་བཤད་པའི་ཕྱིར། དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི། འགྲོ་བ་གསུམ་པོ་དག་ཀྱང་གནས་པའོ། །འོ་ན་འདི་ལྟར་འགྲོ་བ་གསུམ་པོ་དག་
ཀྱང་འདི་ཉིད་དུ་གནས་སོ་ཞེས་བྱ་བ་ནི་ཚིག་འདི་ཇི་ལྟར་རིག་པ་ཡིན་ཞེ་ན། བཤད་པར་བྱ་སྟེ། གང་གི་ཕྱིར་ཁམས་གསུམ་པོ་འདི་དག་ཐམས་ཅད་ནི་སེམས་རྣམ་པ་ཡོངས་སུ་གྱུར་པ་ཡིན་གྱི། །ཕྱི་རོལ་ན་ཡོད་པ་མ་ཡིན་ཏེ། བེམས་པོའི་བདག་ཉིད་ཅན་རྣམས་ནི་སྣང་བར་མི་རིགས་པའི་ཕྱིར་
རོ་ཞེས་བྱ་བར་དགོངས་ཏེ། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཕྱི་རོལ་ལ་ལྟོས་པ་མེད་ན། གང་གིས་ཇི་ལྟར་མཆོད་ཅེ་ན། འདི་ཉིད་མཆོད་པ་ཉིད་ཀྱིས་ན། །མཆོད་འོས་ཐམས་ཅད་མཆོད་པ་ཡིན། །གང་ཞིག་འདི་ལ་

རྟག་ལྟ་བ། །དེ་ནི་རྒྱལ་བ་མཆོད་པར་བཞེད། །ཅེས་བྱ་བ་སྨོས་ཏེ། འདི་ཉིད་ཅེས་བྱ་བ་ནི་ཐིག་ལེའི་རྒྱལ་པོ་དངོས་པོ་མེད་པ་དེ་ལ་མཆོད་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དུས་ཐམས་ཅད་དུ་མཆོད་པ་ཡིན་ནོ། །གལ་ཏེ་དེ་རྣམས་ལ་མཆོད་པའི་ཕྱིར་ཕྱི་རོལ་གྱི་མཆོད་པ་ལྔ་ལ་ལྟོས་
ན་ནི། དེས་རྣལ་འབྱོར་པ་རྣམ་པར་གཡེང་བར་འགྱུར་རོ་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཕྲ་བའི་རྡོ་རྗེ་མགོན་པོ་འདི་ལ་རྟག་ཏུ་ལྟ་ཞིང་གཉིས་སུ་མེད་པ་ཉིད་ཀྱིས་སྐད་ཅིག་རེ་རེ་ལ་དེ་ཉིད་མཆོད་པ་ཡིན་ཏེ། ཕྱི་རོལ་གྱི་མཆོད་པ་རྣམ་པར་གཡེང་བར་བྱེད་པ་རྣམས་
ཀྱིས་ཅི་ཞིག་བྱ། །འོ་ན་དེ་ལྟར་ན་ནི་མཆོད་པ་ཞེས་བྱ་བ་མེད་དེ། དེས་ན་འདི་ནི་འགལ་བ་ཉིད་དུ་ཤེས་སོ་ཞེ་ན། ནང་གི་སྦྱོར་བའི་རྡོ་རྗེ་ཡིས། །རྣལ་འབྱོར་རྡོ་རྗེ་ཅན་དུ་འདོད། །དེ་བས་རྡོ་རྗེ་མཆོད་པ་ཡིས། །ཡིད་འདོད་རྣམས་ཀྱིས་ལུས་ལ་མཆོད། །ཅེས་བྱ་བ་སྨོས་ཏེ། བདག་ཉིད་ཀྱི་དབང་
དུ་བྱས་པའི་རྣལ་འབྱོར་ནི་ནང་གི་སྦྱོར་བའོ། །དེ་ཡང་རྣལ་འབྱོར་ནི་ལྡན་པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །དེ་སྐད་དུ། ཤེས་རབ་ཐབས་ཀྱིས་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར་དེ་ཉིད་ནི་མི་ཕྱེད་པའི་ཕྱིར་རྡོ་རྗེ་དང་འདྲ་བས་ན་རྡོ་
རྗེའོ། །རྒྱུ་དེའི་ཕྱིར་རྣལ་འབྱོར་པ་ཉིད་རྡོ་རྗེ་ཅན་ཡིན་པར་འདོད་ཅེས་གསུངས་པའོ། །དེ་བས་ཞེས་བྱ་བ་ནི་ཉེ་བར་བསྡུ་བ་བཤད་པ་ཡིན་ཏེ། རྒྱུ་དེའི་ཕྱིར་ན་རྡོ་རྗེའི་མཆོད་པ་ཡིས་ཞེས་བྱ་བ་ནི་མི་ཕྱེད་པའི་མཆོད་པའི་ཏིང་ངེ་འཛིན་བསྒོམས་པས་ཡིད་ལ་རྣལ་འབྱོར་འདོད་པ་རྣམས་ཀྱིས་
ལུས་མཆོད་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་ཐམས་ཅད་བཟློག་པར་མཛད་པ་ཡིན་ཏེ། རྒྱལ་བ་རྣམས་ཀྱིས་མཆོད་པ་འདི་དག་ཉིད་རྒྱུད་ལས་གསུངས་པ་ཅིའི་ཕྱིར་ཞེ་ན། མཆོད་པ་ལྔ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་པར། །གང་འདི་རྒྱུད་ལས་གསུངས་
པ་དག །དེ་ནི་ཕྱི་རོལ་གཞན་དུ་འདོད། །ཅེས་བྱ་བ་སྨོས་ཏེ། མཆོད་པ་ནི་དབུལ་བར་བྱ་སྟེ། མེ་ཏོག་ལ་སོགས་པ་ལྔ་པོ་འདི་དག་ཕྱི་ནང་གི་བདག་ཉིད་ཅན་རྣམས་ཡིན་ལ། དེས་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདི་ཉིད་ཡིན་ཏེ། དེ་ལྟར་ཡིན་དུ་ཟིན་ཀྱང་། གང་

འདི་རྒྱུད་རྣམས་ལས་གསུངས་པ། དེ་ནི་ཕྱི་རོལ་པ་ཉིད་ཡིན་ལ། །ཕྱིའི་རྩོམ་པའི་ཚོགས་ཀྱིས་རྣལ་འབྱོར་པ་ཐམས་ཅད་རྨོངས་པར་འགྱུར་རོ། །དེ་ལྟར་ཡིན་དུ་ཟིན་ན་ནི་མཆོད་པ་ཞེས་བྱ་བ་མེད་དེ་ཆད་པར་ལྟ་བ་དང་མཚུངས་སོ་ཞེ་ན། དངོས་མེད་གཞི་ལ་བཀོད་པ་
ཡིས། །ལྷ་ཡི་གཟུགས་སུ་བསྒོམ་པ་ནི། །མཉམ་ཉིད་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའོ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་མེད་པའི་གཞི་ནི་གཟུང་བ་དང་འཛིན་པའི་རྣམ་པ་དམིགས་པ་མེད་པ་ཞེས་བྱ་བའི་གནས་ཏེ་དངོས་པོ་དང་བཅས་པའོ། །དེ་མེད་ན་
དངོས་པོ་མེད་པ་སྟེ་དམིགས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་བཀོད་པ་ནི་ཡང་དག་པར་དམིགས་པ་མེད་པ་སྟེ། རྒྱུ་དེས་རང་གི་ལྷག་པའི་ལྷར་ངོ་བོ་ཉིད་ཀྱི་རྗེས་སུ་བྱེད་པའོ། །དེ་ཉིད་ནི་མཆོད་པ་ཆེན་པོར་འདོད་དེ། དེ་བཞིན་གཤེགས་པ་མ་ལུས་པ་དང་། རྡོ་རྗེའི་རྣལ་འབྱོར་
མ་རྣམས་མཉེས་པར་བྱེད་པར་འདོད་པ་ཡིན་ན། རྣམ་པར་གཡེང་བར་བྱེད་པའི་ཕྱིའི་མཆོད་པ་རྣམས་ཀྱིས་ཅི་ཞིག་བྱ། གལ་ཏེ་གཞུང་དུ་ཡང་དག་པར་དགོད་པའི་བདག་ཉིད་ཅན་གྱིས་དགོངས་པ་དང་འགལ་བར་འགྱུར་རོ་ཞེ་ན། བསྟན་པ་ཙམ་དུ་ལེགས་འབྱུང་བའི། །རྒྱུད་འདི་དོན་
དམ་མ་ཡིན་ཏེ། །དོན་དམ་ཡང་དག་སྐྱེས་པས་ན། །སྟོན་པ་མེད་ཅིང་བསྟན་པ་མེད། །ཅེས་བྱ་བ་སྨོས་ཏེ། བསྟན་པ་ཞེས་བྱ་བ་ནི། འཇིག་རྟེན་གདུལ་བར་བྱ་བའི་དོན་དུ་གསུངས་པ་ཡིན་ལ། ཡང་དག་སྐྱེས་པས་ན་ཞེས་བྱ་བ་ནི། སེམས་ལས་ཡེ་ཤེས་འབྱུང་བའོ། །སྟོན་པ་
མེད་ཅིང་ཞེས་བྱ་བ་ནི་སྟོན་པར་བྱེད་པ་མེད་པའོ། །བསྟན་པ་མེད་ཅེས་བྱ་བ་ནི་གཞུང་གི་ཚོགས་ཀྱང་མེད་པ་སྟེ། རྣམ་པར་མི་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །ཕྱི་རོལ་དུ་གཡེང་བའི་བློ་ཅན་རྣམས་ཀྱི་གནས་ལ་སོགས་པར་འཁོར་བར་བྱེད་པ་དང་ལྡན་པ་རྣམས་དགག་པར་བྱ་བའི་
ཕྱིར། ཉི་ཤུ་རྩ་བཞིར་ཕྱེ་བ་ཡི། །གནས་སོགས་དེ་ཉིད་ལ་གནས་ཏེ། །དེ་བས་དེ་ཀུན་འཁོར་བ་ཉིད། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །ཞེས་བྱ་བ་སྨོས་ཏེ། ཉི་ཤུ་རྩ་བཞིར་ཕྱེ་བ་ཡི། །ཞེས་པ་ནི། རྣམ་པ་ཉི་ཤུ་རྩ་བཞིར་བསྲེས་ཤིང་བགྲང་བ་སྟེ། དེ་ལ་གནས་དང་ཉེ་

བའི་གནས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ། །རྒྱུ་དེས་ན་གནས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་སེམས་ཀྱི་རྡོ་རྗེ་ལ་གནས་སོ། །དེ་བས་ཞེས་བྱ་བ་ནི་ཉེ་བར་བསྡུ་བ་སྨྲ་བ་ཡིན་ཏེ། དེ་རྣམས་སུ་འཁོར་བ་ཉིད་ཀྱིས་ཁམས་ཟད་པར་བྱེད་པ་ཡིན་པས་སྐྱོ་ཞིང་ཞུམ་པ་ཉིད་མི་བྱའོ། །གང་
གིས་ཤེ་ན། དེ་ཉིད་ཅན་གྱིས་མིན་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མི་བྱའོ། །འོ་ན་ཕྱི་རོལ་དུ་ཞེན་པ་སྐྱོན་ཡིན་ན། གཙོ་བོར་བྱ་བ་གང་ཡིན་ཞེ་ན། གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་ཡི་འཁྲུལ་པས་ཅི་ཞིག་བྱ། །ཡང་ན་དེ་ཉིད་ལྡན་གྱུར་ན། །དེ་ལ་འཁྲུལ་པ་ཅི་ཞིག་
ཡོད། །ཅེས་བྱ་བ་སྨོས་ཏེ་འདི་ནི་གོ་སླའོ། །འོན་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་གནས་ལ་སོགས་པ་བགྲོད་པས་དྲི་མ་མེད་པ་ཉིད་དུ་འགྱུར་ཏེ། དེ་བས་ན་རང་གི་གཞུང་ཉིད་དང་འགལ་བར་འགྱུར་རོ་ཞེ་ན། གནས་དང་ཉེ་བའི་གནས་སོགས་རྣམས། །བརྟེན་པས་དྲི་མ་མེད་པར་འགྱུར། །
ཡང་ན་མི་ནུས་བག་མེད་པའི། །མི་ཡིས་གནས་ནི་བསྒྲག་པར་བྱ། །ཞེས་བྱ་བ་སྨོས་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པ་ལ་བརྟེན་ཅིང་། བསྙེན་བཀུར་བྱ་བས་རྣལ་འབྱོར་པ་དྲི་མ་མེད་པར་འགྱུར་ཞེས་བྱ་བ་ནི་སྲིད་དེ། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། འགྲོན་པོ་དང་བཅས་
པའི་གནས་སུ་བགྲོད་ཅིང་མཆོད་པས་བསོད་ནམས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ངོ་མཚར་མེད་དེ། ཡང་ན་ལ་ལ་ཞིག་བགྲོད་པར་མི་ནུས་པའམ། བག་མེད་ཅིང་བྱ་བ་མང་པོས་གཡེངས་པ་སྟེ། དེ་གཉིས་ཀྱིས་ཀྱང་གནས་པ་ལ་སོགས་པའི་མིང་བསྒྲགས་པས་དག་པ་འཕེལ་
བར་འགྱུར་རོ། །དེ་ཡང་ཅི་དོན་དམ་པ་ཉིད་དུ་བརྟེན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ང་ཡིས་འདི་ལྟར་བཤད་པ་ནི། །སེམས་ཅན་བསམ་པའི་དབང་གིས་ཏེ། །བསམ་གཏན་ལས་གཞན་བདེ་མེད་ཕྱིར། །དེ་བས་བསམ་གཏན་མཆོག་གཞོལ་བྱ། །ཞེས་བྱ་བ་སྨོས་ཏེ། གང་བདག་ཅག་རྣམས་
ཀྱིས་དེ་སྐད་དུ་སྨྲས་པ་དེ་ནི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་དུ་བྱས་པ་ཡིན་ཏེ། གང་གནས་བགྲོད་པས་དྲི་མ་མེད་པ་ཉིད་དུ་འདོད་པ་དེའི་ཕྱིར་བསྟན་པ་ཡིན་གྱི། དེ་ཡང་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་བསམ་གཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་ཞེས་བྱ་བ་ནི་སེམས་

རྩེ་གཅིག་པའི་མཚན་ཉིད་ཅན་ཡིན་ལ་འདི་ཉིད་ལས་བདེ་བ་ཞེས་བྱ་བ་གཞན་མེད་དེ། དེ་བས་ན་ཉིན་མཚན་རྟག་ཏུ་བསམ་གཏན་ཁོ་ན་མཆོག་ཏུ་བསྟེན་ཅིང་དེ་ལ་གཞོལ་བར་བྱའོ། །འོ་ན་ཕྱི་རོལ་མངོན་པར་ཞེན་ཅིང་བཙལ་བ་ལ་སྐྱོན་ཅི་ཡོད་ཅེ་ན། རྣལ་འབྱོར་པ་ནི་ཕྱི་རོལ་
འཁོར། །དེ་ཡིས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །ཞེས་སྨོས་ཏེ། ཕྱི་རོལ་གྱི་སྦྱོར་བ་ལ་མངོན་པར་དགའ་བའི་རྣལ་འབྱོར་པ་དེ་རྣམས་ཀྱི་ཁམས་རྣམས་ཡོངས་སུ་སྐམས་པར་འགྱུར་ཏེ། དེ་བས་ན་ཕྱི་རོལ་གྱི་བྱ་བ་
རྣམས་ཡོངས་སུ་སྤངས་ལ། རྣལ་འབྱོར་རྣམ་པར་རྩེ་བས་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་གནས་པར་བྱའོ། །འོ་ན་ཁྱད་པར་ཅན་དག་བཞུགས་པའི་གནས་ལ་བགྲོད་པས་དགོས་པ་འགྲུབ་བམ་ཞེ་ན། དཔལ་ལྡན་རྡོ་རྗེའི་རྣལ་འབྱོར་ཅན། །རྣམ་དག་ཡེ་ཤེས་སྤྱན་གྱིས་ནི། །ཐུགས་རྗེ་ཐུགས་གདུང་རིང་བ་
ནས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་གཟིགས། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་དེ་རྣམས་ཀྱིས་ཡེ་ཤེས་དྲི་མ་མེད་པའི་སྤྱན་གྱིས་ཐུགས་རྗེའི་དབང་གིས་རིང་པོ་ཉིད་ནས་ཀྱང་བསམ་གཏན་ལ་རྣམ་པར་གཟིགས་ཏེ། དེ་བས་ན་གནས་བགྲོད་པ་ལ་སོགས་པ་མི་བྱའོ། །འོ་ན་དེ་དག་
གིས་གཟིགས་པས་ཅིར་འགྱུར་ཞེ་ན། དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཅི་འདོད་པར་ནི་སྩོལ་བར་འགྱུར། །དེས་ནི་རྗེ་བཙུན་ཡེ་ཤེས་ཀྱང་། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེའི་རྣལ་འབྱོར་ཅན་དགྱེས་པར་གྱུར་ནས་ཐུགས་རྗེའི་
དབང་གིས། དངོས་གྲུབ་ཀྱི་མཆོག་གི་ཡེ་ཤེས་སྩོལ་བར་འགྱུར་ཞིང་བསྟེན་པར་མཛད་པ་དང་། གཞན་ཡང་རལ་གྲིའི་དངོས་གྲུབ་ལ་སོགས་པ་ཇི་ལྟར་མངོན་པར་དགའ་བ་བཞིན་དུ། རྣལ་འབྱོར་པ་རྣམས་ལ་སྩོལ་བར་མཛད་དོ། །དེ་བས་ན་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྣམ་པ་ཐམས་
ཅད་དུ་འབད་པས་བསྒྲུབ་པར་བྱ་ཞིང་མཉེས་པར་བྱའོ། །ཅི་རྗེ་བཙུན་ཡེ་ཤེས་མཉེས་པར་བྱེད་པས་སྤྱོད་པ་དང་། བརྟུལ་ཞུགས་རྣམས་ལ་ལྟོས་པར་བྱའམ་ཞེ་ན། སྣ་ཚོགས་སྤྱོད་པར་ཡང་དག་ལྡན། །སྤྱོད་དང་བརྟུལ་ཞུགས་བཤད་པ་ཡི། །སྤྱོད་དང་བརྟུལ་ཞུགས་འདིར་

སྤངས་ལ། །དེ་ཉིད་བརྟུལ་ཞུགས་ལ་དགའ་བྱ། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་རྣམ་པ་དུ་མ་སྤྱོད་པ་དང་། བརྟུལ་ཞུགས་རྣམས་རྒྱུད་དེ་དང་དེ་ལས་གསུངས་པ་རྣམས་ཀྱིས་ལུས་སེམས་རྣམ་པར་གཡེང་བར་འགྱུར་ཏེ། དེ་བས་ན་དེ་སྤངས་ཤིང་དོར་ལ་རྣལ་འབྱོར་པ་རྣམས་ཀྱིས་
རྗེས་སུ་མཐུན་པའི་དེ་ཁོ་ན་ཉིད་ཀྱི་བརྟུལ་ཞུགས་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་པའི་དབང་གིས་སྤྱོད་པ་དང་བརྟུལ་ཞུགས་གསུངས་པ་ཡིན་ནོ་ཞེས་བྱ་བར་གསུངས་སོ། །ཅི་བྱ་བའི་རྒྱུད་རྣམས་ལས་ཁ་ཟས་ཇི་ལྟ་བུར་གནས་པར་གསུངས་པ་དེ་ལྟ་བུའི་ཁ་
ཟས་ཀྱིས་གནས་པར་བྱའམ། འོན་ཏེ་མ་ཡིན་ཞེ་ན། གང་ཡང་རུང་བའི་ཟས་གནས་པ། །རྣམ་པ་དེ་བྱས་བརྟུལ་ཞུགས་ཅན། །བསམ་གཏན་ཟས་མཆོག་གཞོལ་འགྱུར་བ། །སྨྱོན་པའི་སྤྱོད་པས་གནས་པར་གྱིས། །ཞེས་བྱ་བ་སྨོས་ཏེ། ཁ་ཟས་བསོད་པ་རྣམས་ཀྱང་། བསོད་
པ་མ་ཡིན་པའམ། བསླང་བའམ། བསླངས་པ་བརྟགས་པའམ། བརྟགས་པ་མ་ཡིན་པའམ། གང་ཡང་རུང་བའི་ཟས་ལ་ལོངས་སྤྱོད་ཅིང་གནས་པ་ནི་ཟས་ཀྱིས་གནས་པའོ། །བརྟུལ་ཞིང་ཞུགས་པའི་ཕྱིར་བརྟུལ་ཞུགས་ཏེ། ལུང་ལས་བཤད་པའི་སྡོམ་པའོ། །དེ་ལྟ་
བུའི་བརྟུལ་ཞུགས་དང་། ཟས་ལ་མ་ལྟོས་པར་བསམ་གཏན་ཉིད་ཟས་དང་འདྲ་བས་ན་ཟས་སོ། །ཟས་དེ་ལ་མཆོག་ཏུ་གཞོལ་བར་གྱུར་པས་ན་སུས་ཀྱང་རྗེས་སུ་རྟོག་པར་མི་འགྱུར་བར་སྨྱོན་པའི་སྤྱོད་པས་གནས་པར་གྱིས་ཤིག་ཅེས་བྱ་བ་སྟེ། གཞན་དུ་སྐྱེ་བོ་རྣམས་དང་ཉེ་བར་འདྲེས་པས་
ཀུན་དུ་གཙེས་པར་འགྱུར་རོ། །རྣལ་འབྱོར་པ་གོས་ལ་སོགས་པ་སློང་བ་ལ་སོགས་པས་བརྟུལ་ཞུགས་ཅན་གཡེང་བར་གྱུར་ན་དགེ་བ་ཇི་ལྟར་བྱེད་ཅེ་ན། གཅེར་བུའམ་ཡང་ན་གཅེར་བུ་མིན། །གང་དུ་ཇི་ལྟ་དེ་ལྟ་བུར། །རང་གི་ལྷག་པའི་ལྷར་དམིགས་ལ། །དེ་ཉིད་གཅིག་པུ་རྣམ་
པར་བསམ། །ཞེས་བྱ་བ་སྨོས་ཏེ། གཅེར་བུའམ་ཡང་ན་གཅེར་བུ་མིན། །ཞེས་བྱ་བ་ནི་གོ་སླའོ། །བྱ་བའི་རྒྱུད་ལ་སོགས་པ་ནས་གནས་ཀྱི་ངེས་པ་བཤད་པ་འདིར་ཡང་དེ་བཞིན་དུའམ་ཞེ་ན། གང་ཡང་རུང་བ་ཞེས་བྱ་བ་སྨོས་ཏེ། ལམ་གྱི་བཞི་མདོ་ལ་སོགས་པའི་ངེས་པ་མེད་དོ། །འོ་ན་

སྐྱིལ་མོ་ཀྲུང་བཅས་ནས་མཆན་ཐོག་ཐག་བཟླས་བརྗོད་བྱ་བའི་སྤྱོད་པས་ནི་ལུས་ལ་གནོད་པར་འགྱུར་རོ་ཞེ་ན། ཇི་ལྟ་དེ་ལྟ་བུར་ཞེས་བྱ་བ་སྨོས་ཏེ། གནས་སྐབས་གང་ཡང་རུང་བ་དག་ཏུ་སྟེ། སྤྱོད་ལམ་རྣམ་བཞིར་དེ་ཁོ་ན་ཉིད་རྣམ་པར་བསམ་ཞིང་བསྒོམ་པར་བྱའོ། །ཅི་རྟོག་པ་མང་
པོ་དག་གིས་འདིའི་ཡེ་ཤེས་འགྲུབ་པར་འགྱུར་རམ་ཞེ་ན། ཟླ་དྲུག་ཙམ་གྱིས་ངེས་པར་ནི། །ཞེས་བྱ་བ་སྨོས་ཏེ། ངེས་པར་ཟླ་བ་དྲུག་གིས་འདི་འཚང་རྒྱ་བ་ཉིད་ཀྱང་ངེས་པར་འགྲུབ་པ་ནི། ཅི་སྐྱེ་བོ་རྣམས་དང་འདྲེས་ཤིང་གཡེངས་པས་སམ་ཞེ་ན། ལྐུགས་པའི་དངོས་པོར་ཐལ་འགྱུར་བས། །ཟླ་
དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་ཅན་གྱིས་ཉེར་བརྟེན་ན། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཞེས་བྱ་བ་སྨོས་ཏེ། ལྐུགས་པའི་དངོས་པོར་ཐལ་འགྱུར་བས། །ཞེས་བྱ་བ་ནི་དགོངས་པའི་དབང་གིས་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པ་ཡང་ངེས་པ་མེད་དོ། །དེ་བས་ན་རྣལ་འབྱོར་
ཆེན་པོ་འདི་ཡང་གསལ་ཞིང་འབར་བར་འགྱུར་ཏེ། རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ཀྱིས་ཉེ་བར་བརྩེ་བར་འགྱུར་རོ། །འོ་ན་འདི་ཉིད་ཀུན་གྱིས་བཀུར་བ་དང་བསྙེན་པའི་འོས་སུ་འགྱུར་རམ་ཞེ་ན། ཡེ་ཤེས་སྒྲོན་མ་མཆོག་མཐོང་ན། །རྣལ་འབྱོར་མ་རྣམས་ལེགས་འདུས་ཏེ། །པདྨའི་འབྱུང་གནས་ཉམས་
དགའ་ལ། །ངང་པའི་ཚོགས་འདུས་ཇི་བཞིན་ནོ། །ཞེས་བྱ་བ་ལ། ཡེ་ཤེས་ནི་རྣམ་པར་རྟོག་པ་མ་ལུས་པ་བསལ་བའི་ངོ་བོ་ཉིད་དོ། །དེའི་སྒྲོན་མ་ནི་སྣང་བའོ། །དེས་མཆོག་ཏུ་གྱུར་པ་ནི་དམ་པ་སྟེ། དེ་ལྟ་བས་ན་ལྷ་མོ་རྣམས་ཡང་དག་པར་ཉེ་བར་སྡུད་དོ། །ཇི་ལྟ་བུ་ཞེ་ན། དཔེར་ན་པདྨའི་
འབྱུང་གནས་ཀྱི་མཚོ་པདྨས་ཁྱབ་པར་གནས་པ་ལ་ངང་པའི་ཚོགས་རྣམས་འབབ་པར་འགྱུར་བ་དང་འདྲའོ། །ཇི་ལྟར་འབྲས་བུ་བསྟན་པར་བྱ་བའི་ཕྱིར། མིག་འཕྲུལ་མཁན་ལྟར་འཇིག་རྟེན་དུ། །འགྲོ་ཀུན་དོན་ནི་བྱེད་པའོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ནི། །མངོན་འགྱུར་འདི་ལ་ཐེ་
ཚོམ་མེད། །ཅེས་སྨོས་ཏེ། འདི་དག་ནི་གོ་སླའོ། །གཞུང་རྩོམ་པར་བྱེད་པས་བསྐུལ་བར་བྱ་བའི་ཕྱིར། སྤྱོད་པ་འདིས་ནི་ངེས་པར་ནི། །ཇི་སྐད་བཤད་པར་དེར་འགྱུར་བས། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །ཞེས་བྱ་བ་སྨོས་ཏེ།

དེ་ནི་གོ་སླའོ། །གང་ཕྱིར་ཤིན་ཏུ་གསང་བས་ན། །དེ་ཉིད་བདག་གིས་གསལ་མ་བྱས། །དེས་ན་བླ་མ་ཡང་དག་པར། །མཉེས་བྱས་ཡང་དག་འདོད་པས་བླངས། །ཞེས་བྱ་བ་ལ་དེ་ཁོ་ན་ཉིད་ཤིན་ཏུ་གསང་ཞིང་གཅིག་ཏུ་སྦ་བར་བྱ་བ་ཉིད་ཡིན་པས་ངས་གསལ་བར་མ་བཤད་དེ། དེ་བས་ན་ཀྱེ་སེམས་
ཅན་རྣམས་བླ་མ་ཡང་དག་པར་མཉེས་ཤིང་མགུ་བར་བྱས་ནས་བླང་ཞིང་གཟུང་བར་བྱའོ། །ད་ནི་གཞུང་བྱེད་པས་བསྐུལ་བ། དགེ་ལ་དམིགས་པས་ཉེ་བར་བསགས་ཏེ་འཕེལ་བ་ཡིས། །བློ་གྲོས་བརྟན་རྣམས་མངོན་དགའི་དངོས་གྲུབ་གནས་སུ་འགྲོ། །འགྲོ་བའི་སྤྱོད་པ་དེ་ལྟར་སྙིང་ལ་ཡོངས་
བསྒོམས་ལ། །དགེ་ལ་མངོན་པར་དགའ་བར་སྐད་ཅིག་རེ་རེས་གྱིས། །ཞེས་བྱ་བ་སྨོས་ཏེ། དགེ་ལ་དམིགས་པ་ནི་དེ་ལ་བརྟེན་པའོ། །ཉེ་བར་བསགས་ཏེ་ནི་རྣལ་འབྱོར་གྱིས་ལས་ཀྱི་ལམ་ཡོངས་སུ་བསགས་པའོ། །འཕེལ་བ་ནི་དེ་ཉིད་ཁྱད་པར་དུ་གྱུར་པའོ། །ཇི་ལྟ་བུ་ཞེ་ན། བརྟན་པ་
ཞེས་བྱ་བ་ལ། བརྟན་པ་ནི་མི་འགྱུར་བ་ཅན་ནོ། །དེ་ཉིད་ཀྱི་ཕྱིར་མངོན་དགའི་གནས་སུ་འགྲོ་བར་འགྱུར་བས་ན། འགྲོ་བ་གཙོར་བྱས་བའི་སྤྱོད་པ་ཐམས་ཅད་དེ་ལྟར་ཡིད་ལ་བྱས་ཏེ། དུས་ཐམས་ཅད་དུ་དགེ་བ་རྒྱུན་མི་འཆད་པར་གྱིས་ཤིག་པའོ། །དེ་ཁོ་ན་ཉིད་ཀྱི་མན་ངག་བྲིས་པ་ལས། དགེ་
བ་གང་ཞིག་ཡང་དག་པར་ཐོབ་པའི་རྩ་བ་བསྔོ་བ་ནི། དེ་ཉིད་བསྟན་པ་ལེགས་བྲིས་ལས། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་སེམས་ཅན་མ་ལུས་ཀུན། །དེ་ཉིད་རིན་ཆེན་རབ་གསལ་ཤོག །ཅེས་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་མན་ངག་གི་འགྲེལ་པ། སློབ་
དཔོན་བློ་བཟང་སྙིང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་གུཔྟ་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མཱ་ཧཱ་མཱ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་
མོའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྒྱུ་མ་ཆེན་མོ་རྣམ་སྒེག་པས། །སྣ་ཚོགས་སྒྱུ་མ་བཞད་གད་ལྟར། །ཐུགས་རྗེའི་སྟོབས་ཅན་དགའ་བ་ཅན། །སྒྱུ་མས་རྣམ་རྒྱལ་ཕྱག་འཚལ་ལོ། །སྡུག་བསྔལ་གསུམ་གདུངས་བདག་ཉིད་ཁམས་གསུམ་པ། །

གང་ལས་བྱུང་བའི་བདེ་བ་ཆེན་པོ་ཡོད། །ཐུགས་རྗེ་ཆེན་པོའི་རིག་པ་རྟོག་ཆེན་པོའི། །དེ་ཉིད་རྣམ་བརྒྱན་བླ་མ་བཟང་ལ་འདུད། །སྒྱུ་མ་ཆེན་མོའི་རྗེས་འབྲངས་ནས། །སྙིང་རྗེའི་སྟོབས་ཅན་རྡོ་རྗེ་ཡི། །གང་ཞིག་བསྒྲུབ་པར་འདོད་པ་ཡིས། །བདག་གིས་སྒྲུབ་
ཐབས་འདི་བརྩམས་སོ། །སྙིང་གའི་ནང་དུ་ཟླ་བ་ལ། །ཟླ་དཀྱིལ་རང་གི་ས་བོན་བསམ། །དེ་ཡི་འོད་ཀྱིས་ལུས་རེག་པས། །ལུས་ཀྱི་དྲན་པ་ཉེར་གཞག་པ། །དེ་གྱུར་པ་ལས་ལུས་རྣམས་དང་། །འཇིག་རྟེན་སྲིད་པ་སྣང་བ་ལ། །མདུན་ན་ལྷ་དང་སངས་རྒྱས་རྣམས། །གུས་
པས་མ་ལུས་མཆོད་པར་བྱའོ། །དཀོན་མཆོག་གསུམ་ལ་སོགས་པ་ཡི། །ཚིགས་བཅད་གསུམ་ནི་བསྒྲག་པར་བྱ། །ཚངས་པའི་གནས་བཞི་བསྒོམ་བྱས་ལ། །སྟོང་པ་ཉིད་ནི་བསྒོམ་བྱས་ནས། །གསང་སྔགས་ཀྱང་ནི་བརྗོད་པར་བྱ། །བསྲུང་བའི་སྔགས་ཀྱང་དྲན་བྱས་ལ། །རྡོ་རྗེ་
ར་སོགས་རྣམ་པར་བསམ། །ཆོས་ཀྱི་དབྱིངས་སུ་ཆུད་པ་ཡི། །དེ་ནང་འབྱུང་བ་བསམ་པར་བྱ། །སྟེང་དུ་རི་རབ་བསྒོམ་བྱས་ཏེ། །འབྱུང་བའི་རི་རབ་གྱུར་པ་ལས། །གཞལ་ཡས་ཁང་པ་བསམ་བྱས་ཏེ། །ཟུར་བཞི་དང་ནི་ལྡན་པས་གནས། །རྒྱུད་རྣམས་ཀུན་ནས་འབྱུང་བ་བཞིན། །
ཕྱི་ཡི་ཕྱོགས་དང་མཚམས་རྣམས་སུ། །དུར་ཁྲོད་ཀྱིས་ནི་རྣམ་པར་བརྒྱན། །དེ་ཡི་མིང་དང་མཚན་ཉིད་ནི། །ཇི་བཞིན་ལུང་གིས་བཤད་པར་བྱ། །གཏུམ་དྲག་གཅིག་སྟེ་དབྱིབས་ཅན་ནི། །གཉིས་པ་ཚང་ཚིང་གསུམ་པ་ཡིན། །འབར་བ་ཞེས་བྱ་བཞི་པ་ཡིན། །མི་ཐོད་ཅེས་བྱ་ལྔ་པ་
ཡིན། །མི་བཟད་པ་དང་ཧ་ཧར་དགོད། །བརྒྱད་པ་གཡེང་ཀ་ཅན་དུ་འདོད། །དང་པོ་ཚིག་པ་ཞེས་བྱ་སྟེ། །གཉིས་པ་ཡང་ནི་མ་ཚིག་པ། །གསུམ་པ་དུམ་བུར་གྱུར་པ་སྟེ། །བཞི་པ་དུམ་བུར་མ་གྱུར་པ། །ལྔ་པ་འཇིགས་པ་ཞེས་བཤད་དེ། །དྲུག་པ་འཇིགས་པར་བྱེད་པ་ཡིན། །
བདུན་པ་མདུང་རྩེ་བསྐྱོན་པ་སྟེ། །བརྒྱད་པ་སྒེག་པ་ཞེས་བྱའོ། །ཁྲ་དང་ཅེ་སྤྱང་འུག་པ་དང་། །གཏུམ་པོའི་ཁྱི་དང་སྲིན་པོ་ཕག །རོ་ལངས་ཁྲོ་བ་དྲེགས་ཁྲོ་མ། །བརྒྱད་ཀྱིས་གཙོ་བོ་ཡང་དག་བསྐོར། །གཞལ་ཡས་ཁང་པའི་དབུས་སུ་ནི། །པདྨ་དམར་པོ་བསམ་བྱ་སྟེ། །དེ་ཡི་དབུས་

སུ་ཟླ་བ་ཡི། །དཀྱིལ་འཁོར་ཆེན་པོ་ངེས་འབྱུང་བའི། །དེ་ཡི་དབུས་སུ་ས་བོན་ནི། །རྣམ་པ་ལྔ་ནི་རིམ་བསྒོམས་པས། །དེ་ལས་སྤྲོས་དང་བསྡུ་བ་དག །བྱས་ནས་སྙིང་རྗེའི་སྟོབས་ཆེན་སོགས། །ས་བོན་ལྔ་ལས་བདག་ཉིད་ལྔ། །ཡེ་ཤེས་ལྔ་ལྡན་ཁྱབ་བདག་ཉིད། །ཞལ་བཞི་པ་ལ་ཕྱག་
བཞི་པ། །སྤྱན་གསུམ་སྐུ་མདོག་ནག་པོ་ལྗང་། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ལྷ་མོའི་ཚོགས་ཀྱིས་རྣམ་པར་བརྒྱན། །ཕྱག་རྒྱ་དྲུག་དང་ཡང་དག་ལྡན། །ཡན་ལག་ཐལ་བའི་རྡུལ་གྱིས་བྱུག །དུམ་བུའི་རྒྱན་གྱི་སྐ་རགས་ཅན། །ཐོད་རློན་ཕྲེང་བས་བརྒྱན་པ་སྟེ། །སྔོ་དང་
སེར་དང་དཀར་དང་ལྗང་། །ཞལ་བཞི་པོ་དང་ལྡན་པ་ལ། །ཐོད་པ་ཁ་ཊྭཱཾ་འཆང་བ་དང་། །དེ་བཞིན་མདའ་དང་གཞུ་འཛིན་པ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡི། །སྒེག་པ་ལ་སོགས་ཉམས་དང་ལྡན། །ཞལ་བཞིའི་མདོག་ཅན་ལྷ་མོ་བཞི། །འདབ་མ་བཞི་ལ་རྣམ་པར་བསམ། །
ཞལ་བཞི་པ་ལ་ཕྱག་བཞི་པ། །སྤྱན་གསུམ་གཙོ་བོའི་ཞལ་དང་མཚུངས། །ཤར་གྱི་ཞལ་ནི་ཐམས་ཅད་ཀྱང་། །རིགས་ཀྱི་གཙོ་བོ་དང་མཐུན་པ། །གཡོན་པ་དྲིལ་བུ་ཁ་ཊྭཱཾ་ག །སླར་ཡང་ལྷ་མོ་གཡས་པ་ལ། །རྡོ་རྗེ་དང་ནི་ཐོད་པ་བསྣམས། །གཉིས་པ་ལྷོ་ཡི་འདབ་མ་ལ། །སེར་མོ་ཞལ་
གྱི་ཁ་དོག་ནི། །སེར་དང་སྔོ་དང་དཀར་དང་ལྗང་། །ཁ་དོག་ལྡན་པས་རྣམ་པར་བཞུགས། །ཕྱག་ནི་གཡོན་པ་སྟེང་དག་ན། །ཐོད་དང་ཅེ་སྤྱང་བསྣམས་པ་སྟེ། །གཡས་ན་རིན་ཆེན་མདུང་དག་དང་། །ཆུ་ཁམས་རིན་ཆེན་མཁའ་འགྲོ་མ། །གསུམ་པ་ནུབ་ཀྱི་འདབ་མ་ལ། །མེ་ཡི་ཁམས་
ཀྱི་རང་བཞིན་ཅན། །དཀར་དམར་མདངས་ཀྱི་འོད་གསལ་བ། །རྣལ་འབྱོར་པདྨའི་མཁའ་འགྲོ་མའི། །དཀར་དང་སྔོ་དང་ཤིན་ཏུ་སེར། །ལྗང་གུའི་མདོག་སྟེ་ཞལ་བཞི་པ། །སྣ་ཚོགས་པདྨ་མདའ་དང་བཅས། །གཡོན་པ་ཐོད་པ་གཞུ་འཛིན་མའོ། །བྱང་གི་ཕྱོགས་ཀྱི་འདབ་མ་ལ། །རྣལ་
འབྱོར་སྣ་ཚོགས་མཁའ་འགྲོ་མ། །ལྗང་སྔོན་དེ་བཞིན་སེར་པོ་དང་། །དཀར་པོའི་ཞལ་ཅན་ཕྱག་བཞི་པ། །རལ་གྲི་དང་ནི་ཅང་ཏེའུ་དག །གཡས་ན་རྟག་ཏུ་འཛིན་པ་དང་། །གཡོན་ན་ཐོད་པ་ཞགས་པ་བསྣམས། །རླུང་གི་ཁམས་ཀྱི་མཁའ་འགྲོ་མ། །དེ་ལྟར་རྣམ་པར་བསྒོམ་པར་བྱ། །རང་

རང་ས་བོན་གང་ཡིན་དགོད། །སྔགས་ཀྱིས་སྐུར་ནི་བསྒོམ་བྱས་ལ། །ཡེ་ཤེས་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་ཆེན་པོ་བསམ་པར་བྱ། །གཙོ་བོའི་དབུ་ལ་མི་བསྐྱོད་པ། །མཆོད་ཅིང་བསྟོད་ལ་བདུད་རྩི་མྱང་། །བྱས་ནས་བཟླས་དང་བརྟུལ་ཞུགས་སྤྱད། །སྒྲ་མེད་
བཟླས་པ་བྱ་བ་དང་། །ཧྲཱིཿཡི་ཡི་གེ་བཟླས་པའི་གཟུགས། །ཨཾ་སོགས་རྣལ་འབྱོར་མ་སོགས་ལ། །དབུགས་རྔུབ་པ་ཡིས་རྒྱུན་དུ་ནི། །བརྒྱད་པའི་མཐའ་དང་ཡང་དག་ལྡན། །དྲུག་པ་དང་ནི་ཐིག་ལེར་བཅས། །དབུགས་དབྱུང་བ་ཡང་རྣལ་འབྱོར་པས། །བསྒོམ་དང་བསྒོམ་མིན་རྣམ་
པར་སྤང་། །སྔགས་དང་དབྱིབས་དང་ཆོས་བདག་ཉིད། །རྣལ་འབྱོར་འགྲོ་བའི་གཙོ་བོར་འགྱུར། །གཞན་ཡང་རྡོ་རྗེ་བཟླས་པ་དང་། །བཟླས་དང་རྡོ་རྗེ་འཆང་བ་བསྒོམ། །བཟླས་པ་གཉིས་པ་བྱས་ནས་ནི། །གྲངས་མེད་མཉམ་པར་གཞག་པ་ཡིས། །མཐར་ཡང་ཡི་གེ་གསུམ་གྱིས་ནི། །བརྒྱད་
པའི་མཐའ་ལས་རྣམ་པར་གནས། །ཨུ་ཡི་ཡི་གེ་ཐུང་ངུར་བཅས། །ཡི་གེ་མཆོག་ནི་དམ་པ་སྟེ། །ཨ་སོགས་ཡི་གེ་རྣལ་འབྱོར་མ། །ཧྲཱིཿཡི་ཡི་གེར་ཡང་དག་སྦྱོར། །ཨ་ཡི་མཐའ་དང་ཡང་དག་ལྡན། །ས་བོན་ལྔ་ཡིས་དགོས་པར་བཅས། །པདྨ་ཁ་བྱེ་བྱས་ནས་ནི། །ཡི་གེ་རྣམས་ནི་བསྒོམ་པར་བྱ། །
དེ་ལྟར་རྣལ་འབྱོར་རྟོག་བྱས་ནས། །འདོད་པའི་དོན་གྲུབ་རྡོ་རྗེ་ཅན། །སྔགས་ཀྱིས་བྱིན་བརླབས་དེ་ནས་ནི། །རྣལ་འབྱོར་ཆེན་པོ་དེ་མཉམ་གཞག །རང་བཞིན་ཤེས་རབ་ཡན་ལག་གིས། །གསང་བའི་ཟེའུ་འབྲུའི་སྤྱོད་ཡུལ་དུ། །ལྟེ་བར་གནས་པའི་རི་མོ་ལ། །དེ་ལ་གནས་པར་སྦྱར་བར་བྱ། །ཨཱ་
ལི་ཀཱ་ལི་མཉམ་བྱས་ནས། །འབར་བ་ལ་སོགས་སྔགས་པ་ཡི། །སེང་གེའི་རྣལ་འབྱོར་ཕྱག་རྒྱ་ནི། །བཅིངས་ཏེ་གཏུམ་མོ་གཞུག་པར་བྱ། །གཟུགས་མེད་ལྷ་ཡི་རྣལ་འབྱོར་བྱས། །རྟོག་པས་ཡང་དག་བསྒྱུར་ནས་ནི། །བརྒྱད་པའི་མཐར་ནི་ཐིག་ལེར་བཅས། །བདེ་བ་ཆེན་པོ་འཛག་པར་
འགྱུར། །ལན་གཉིས་ལན་གསུམ་གོམས་བྱས་ཏེ། །བདེ་བ་ཆེན་པོ་འཛག་པ་ན། །རྣལ་འབྱོར་ངལ་བསོ་གནས་བྱའོ། །གཞན་ཡང་རྣལ་འབྱོར་ལ་བོས་ནས། །རྣལ་འབྱོར་མ་ཡིས་སློང་བར་བྱེད། །ཀྱེ་མ་མཉམ་མཆོག་རྡོ་རྗེ་ཡི། །འོད་ཀྱི་པདྨ་ཁ་བྱེ་ཞིག །ཨ་ལ་ལ་ལ་ལ་ཧ། །བདེ་བ་ཆེན་པོ་

རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཉི་མའི་འོད་ཀྱིས་པདྨ་ཁ་རབ་འབྱེད་པ་བཞིན། །བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །དེ་ལྟར་ཐུགས་ནི་དགྱེས་གྱུར་ནས། །སྒེག་པ་ཆེན་པོ་རྣམ་པར་བསྒྱིངས། །ལྷ་མོའི་ཚོགས་ཀྱི་དབུས་ན་ནི། །དགྱེས་པའི་
དགའ་བས་རྣམ་པར་རོལ། །བདག་གིས་སྒྲུབ་ཐབས་འདི་བྱས་པའི། །བསོད་ནམས་འདི་ཡིས་འགྲོ་བ་ཀུན། །སྒྱུ་འཕྲུལ་ཆེན་མོ་ཁྱབ་བདག་གི །གཙོ་བོའི་བདག་ཉིད་ཐོབ་པར་ཤོག །སློབ་དཔོན་ཆེན་པོ་དཔལ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་
ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཌཱ་ཀི་ནཱི་སཱ་དྷ་ནཾ། བོད་སྐད་དུ། དཔལ་སངས་རྒྱས་མཁའ་འགྲོ་མའི་སྒྲུབ་
ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པས། དུར་ཁྲོད་ལ་སོགས་པར་གནས་ལ། སྔར་ལངས་ཏེ་ཕྱི་ནང་གི་ཁྲུས་བྱས་ལ་མཆོད་པ་ལ་སོགས་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་ཉི་མ་ལ་ཨཾ་བསམས་
ལ། དེའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྐུལ་ནས་བར་སྣང་ལ་བསམས་ལ། མཆོད་པ་རྣམས་ཀྱིས་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གིས་སྡིག་པ་ཐམས་ཅད་སོ་སོར་བཤགས་པ་དང་
བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་བསྟེན་པ་དང་། བདག་གི་དངོས་པོ་དབུལ་བ་དང་། བསྟོད་པ་ལ་སོགས་པ་བྱས་ཏེ་གཤེགས་སུ་གསོལ་
བར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པ་བསྒོམ་པར་བྱ་སྟེ། །དེར་པདྨ་དམར་པོ་འདབ་མ་བཞི་པ་བསམས་ལ། དེའི་ལྟེ་བར་ཨོཾ་དང་བཅས་པའི་ཐིག་ལེ་བལྟས་ལ།

དེ་ལས་ཕྱོགས་བཞིར་ཉི་མའི་སྟེང་དུ་ཐིག་ལེ་བཞི་སྤྲོས་པ་ལས་ལྷ་མོ་བཞི་བསྐྱེད་པར་བྱ་སྟེ། ཤར་ཕྱོགས་ཀྱི་ལྷ་མོ་ནི་སྐུ་མདོག་སྔོན་མོ་ཞལ་བཞི་པ་སྟེ། སྔོན་མོ་དང་སེར་བ་དང་། དཀར་བ་དང་། ལྗང་གུའོ། །ཕྱག་བཞི་པ་སྟེ་རྡོ་རྗེ་དང་ཁ་ཊྭཱཾ་ག །དྲིལ་བུ་དང་ཐོད་
པ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་ལྷ་མོ་ནི་སྐུ་མདོག་སེར་མོ། སེར་མོ་དང་། སྔོ་བ་དང་། དཀར་བ་དང་། ལྗང་གུའི་ཞལ་བཞི་པ་ཕྱག་བཞི་པ་སྟེ། རིན་པོ་ཆེ་དང་། ཏྲི་ཤཱུ་ལ་བ་དན་དང་བཅས་པ་དང་། ཐོད་པ་དང་ཅེ་སྤྱང་བསྣམས་པའོ། །ནུབ་ཀྱི་ལྷ་མོ་ནི་སྐུ་མདོག་དཀར་པོ། དཀར་བ་དང་།
སེར་བ་དང་། སྔོ་བ་དང་། ལྗང་གུའི་ཞལ་བཞི་པ་ཕྱག་བཞི་པ་སྟེ། སྣ་ཚོགས་པདྨ་དང་མདའ་དང་། ཐོད་པ་དང་། གཞུ་བསྣམས་པའོ། །བྱང་གི་ལྷ་མོ་ནི་སྐུ་མདོག་ལྗང་གུ། ལྗང་གུ་དང་། སེར་བ་དང་། དཀར་བ་དང་། སྔོན་པོའི་ཞལ་བཞི་པ་ཕྱག་བཞི་པ་སྟེ། རལ་གྲི་དང་། ཅང་
ཏེའུ་དང་། ཐོད་པ་དང་། ཞགས་པ་བསྣམས་པའོ། །ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་པ་མཆེ་བ་གཙིགས་པ། སྐྲ་ཁམ་པ་གྱེན་དུ་འབར་བ། ཕྱག་རྒྱ་ལྔ་དང་ལྡན་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། མི་མགོ་ལྔ་བཅུས་བརྒྱན་པ། ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པས་བརྒྱན་པ་བསམ་
པར་བྱའོ། །དེ་ནས་ལྷ་མོ་བཞིའི་གླུས་བསྐུལ་བར་བྱ་སྟེ། སངས་རྒྱས་མཁའ་འགྲོ་ལ་སྐུ་མདོག་དམར་མོ། དམར་བ་དང་། སེར་བ་དང་། དཀར་བ་དང་། ལྗང་གུའི་ཞལ་བཞི་ཕྱག་བཞི་པ་སྟེ། མདའ་དང་ཐོད་པ་དང་། གཞུ་དང་ཁ་ཊྭཱཾ་ག་བསྣམས་པའོ། །དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་
བརླབས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། བགེགས་བསྐྲད་ལ་མཆོད་པ་རྣམས་ཕུལ་ཏེ། ཛཿཧཱུཾ་བཾ་ཧོཿ། ཞེས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་དབྱེར་མེད་པར་བྱའོ། །དེ་ནས་ས་བོན་གྱིས་དེ་བཞིན་གཤེགས་པ་
རྣམས་སྤྱན་དྲངས་ལ། མཆོད་དེ་གསོལ་བ་བཏབ་པས་དབང་བསྐུར་ཏེ། རང་གི་རིགས་ཀྱི་བདག་པོ་བསམ་པར་བྱ་སྟེ། སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་པ་དང་། བསྟོད་

པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་གནས་བཞིར་འཁོར་ལོ་བཞི་བསྒོམ་པ་དང་། དེ་ལ་ཡི་གེ་རྣམས་དགོད་པ་དང་། གཏུམ་མོ་སྦར་བ་དང་། རང་གི་འཁོར་ལོ་བསྲེག་པ་དང་། དེ་བཞིན་གཤེགས་པའི་འཁོར་ལོ་བཞི་བཞུ་བཏུལ་བྱ་བ་དང་། རང་གི་གནས་བཞིར་བདེ་བ་འཕོ་བ་ལ་
སོགས་པ་བྱའོ། །དེ་ནས་བཟླས་པ་བྱ་སྟེ། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཞེས་བྱ་བ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་། དཀྱིལ་འཁོར་བསྡུ་བ་བྱ་ལ། སྤྱོད་ལམ་གྱི་ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་བྱའོ། །བཟའ་བ་ཐམས་ཅད་ལ་ས་བོན་ལྔས་སྦྱང་བ་
དང་། ཁྲུས་བྱེད་ན་ལྷ་དབང་བསྐུར་ལྟར་བྱའོ། །ཉི་མ་ཕྱེད་དང་དགོངས་ཀའི་དུས་སུ་དབང་བསྐུར་བ་ལ་སོགས་པ་ཆོ་ག་ཐམས་ཅད་བྱའོ། །དེ་ནས་ལངས་ནས་སྤྱོད་ལམ་གྱི་ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་བྱའོ། །ནམ་ཕྱེད་ཀྱི་དུས་སུ་ཡང་དག་པར་མཆོད་པ་དང་། ཡེ་ཤེས་ཀྱི་ལྷ་
གཤེགས་སུ་གསོལ་བ་དང་། དམ་ཚིག་གི་དཀྱིལ་འཁོར་རང་གི་ས་བོན་ལ་བསྡུས་ཏེ། སྣང་སྟོང་དབྱེར་མེད་བྱང་ཆུབ་ཀྱི་སེམས་སུ་མྱོས་པར་བྱས་ལ་མཉམ་པར་བྱའོ། །དེ་ལྟར་ཉིན་དང་མཚན་དུ་དངོས་གྲུབ་ཀྱི་མཚན་མ་ཉེ་བར་ཐོབ་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །སྒྱུ་འཕྲུལ་ཆེན་མོའི་
སྒྲུབ་གཞུང་གི །སངས་རྒྱས་མཁའ་འགྲོའི་སྒྲུབ་ཐབས་འདི། །བདག་གིས་དད་པས་བྱས་པ་ལ། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །སྒྱུ་འཕྲུལ་ཆེན་མོའི་སྒྲུབ་པའི་ཐབས། །བྱས་ལས་བསོད་ནམས་གང་སྐྱེས་ལས། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །རྡོ་རྗེ་
འཛིན་གྱི་ས་ཐོབ་ཤོག །སངས་རྒྱས་མཁའ་འགྲོ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ནག་པོ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་མཎྜ་ལ་ཀྲ་མ་པྲ་དྱཽ་ནཱ་མ་བི་དྷིཿ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ།
དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །རང་བཞིན་ཧེ་རུ་ཀ་དཔལ་གཙོ། །མཁའ་འགྲོ་མ་དང་བཅས་པ་དང་། །བླ་མ་དམ་པ་ལ་བཏུད་དེ། །གཅེས་པ་བསྡུས་པའི་རྒྱུད་དག་ལས། །རིམ་པ་གསལ་བ་མ་མཐོང་བས། །བླ་མ་དམ་པའི་དྲིན་གྱིས་ནི། །རིམ་པ་གསལ་

བ་བདག་གིས་བཤད། །སློབ་དཔོན་མཚན་ཉིད་བཟང་ལྡན་ཞིང་། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་དག་ཏུ། །དབང་བསྐུར་དམ་ཚིག་ལྡན་པ་ཡིས། །གཞན་དག་གུས་པས་གསོལ་འདེབས་སམ། །རང་གི་དོན་དུ་འདོད་པ་ཡིས། །སློབ་མ་མཚན་ཉིད་བཟང་ལྡན་ལ། །རྣལ་འབྱོར་
ནུས་པ་དྲི་བྱས་ལ། །ངེས་པར་ཚིག་ཏུ་སྨྲ་གྱུར་ན། །དེ་ལ་སྦྱར་བའི་ལས་བྱའོ། །དུར་ཁྲོད་ལ་སོགས་འཇིགས་གནས་སམ། །བས་མཐའི་གནས་སམ་ཉམས་དགའ་བར། །རྟོག་བྲལ་སེམས་ཅན་གདོན་པ་ཡི། །བསམ་པས་རྒྱུད་ལས་འབྱུང་བ་བཞིན། །བསྐྱེད་པའི་ཚུལ་གནས་སློབ་དཔོན་
གྱིས། །དེ་ཡི་བདག་པོ་འབུམ་བཟླས་ཤིང་། །ལྷག་མ་རྣམས་ལ་ཁྲི་ཁྲིའོ། །དེ་ནས་ལྷ་ཡིས་གནང་བའམ། །མཚན་མ་བཟང་དང་ལྡན་གྱུར་ན། །དེས་ནི་དཀྱིལ་འཁོར་བྲི་བའི་ཕྱིར། །དབེན་པའི་གནས་སམ་དུར་ཁྲོད་དམ། །སྔོན་བྱས་པའམ་ཡིད་འོང་སར། །དེ་དབུས་མཎྜལ་བྱས་
འོག་ཏུ། །ཆུ་ལ་སོགས་པའི་རྣམ་ལྔ་དང་། །དབུགས་དབྱུང་སོགས་པས་སྐྱོང་ནུལ་བྱ། །དེར་ནི་སིལ་མའི་ཕྱོགས་བཀྲམ་ལ། །ལྷག་གནས་འཁོར་ལོ་རྫོགས་བསྐྱེད་ལ། །དེ་ལ་ཁེ་ཡིག་སོགས་པ་དང་། །ཡེ་ཤེས་དགུག་ལ་ཀྱོ་སོགས་ཀྱིས། །དགུག་སོགས་བྱས་ཏེ་དབང་བསྐུར་ལ། །མཆོད་
བསྟོད་རྫོགས་བྱས་བདག་ཉིད་ཀྱིས། །དེ་ལ་གསོལ་བ་གདབ་པར་བྱ། །བདེ་གཤེགས་ཐམས་ཅད་བདག་ལ་དགོངས། །ཁྱེད་རྣམས་མཆོད་པའི་ཕྱིར་དང་ནི། །སློབ་མ་རྣམས་ལ་ཕན་ཕྱིར་དུ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་ཡི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་བརླབས་
གནང་བར་མཛོད། །དེ་སྐད་ལན་གསུམ་གསོལ་བཏབ་ལ། །དེ་ནས་བདག་ཉིད་ཧེ་རུ་ཀའི། །གཟུགས་སུ་བདག་ཉིད་གནས་ནས་སུ། །མཆོད་དང་གཏོར་མར་ལྡན་པ་ཡིས། །ལྷ་མོ་མཛེས་མ་བསྐུལ་བའི་ཕྱིར། །སྔོན་གྱི་རྒྱལ་བའི་མཛད་སྤྱོད་དང་། །ལག་པ་ས་ལ་ལན་གསུམ་བརྡབ། །རྡོ་རྗེ་
ས་ཡི་ལྷ་མོ་ནི། །བཙོ་མ་གསེར་གྱི་མདོག་འདྲ་ལ། །མཛེས་པའི་རྒྱན་དང་ལྡན་པ་ལ། །གསེར་གྱི་བུམ་ཐོགས་ཅི་བགྱི་སྨྲ། །དེ་ལ་མཆོད་ཡོན་སྔོན་འགྲོ་བས། །མཆོད་པ་ཀུན་གྱིས་མཆོད་བྱས་ལ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་

རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ལྟར་ལན་གསུམ་བརྗོད་རྗེས་ལ། །དགའ་བའི་མདངས་ཀྱིས་ལྷ་མོ་དེས། །ཁྱོད་ནི་
སློབ་དཔོན་མཆོག་ཡིན་གྱི། །དཀྱིལ་འཁོར་གྱི་ནི་ལས་གྱིས་ཤིག །ཟེར་ཞིང་ས་ལ་ཐིམ་པར་བསམ། །དེ་རྗེས་ཕྱོགས་སྐྱོང་རྣམ་དག་ལ། །གཏོར་མ་ཚུལ་བཞིན་བྱིན་ནས་ནི། །ས་ཕྱོགས་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་
པ། །རྡོ་རྗེའི་སྤྱན་དང་སྙན་མངའ་བ། །བདག་མིང་འདི་ཞེས་བྱ་བ་ཡིས། །བདེ་གཤེགས་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་འདི་ཉིད་དུ། །དཀྱིལ་འཁོར་དམ་པ་ཆེར་འགྱུར་ལ། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱལ། །དཀྱིལ་འཁོར་ཆེན་པོའི་ལས་བྱེད་པར། །ཁྱེད་ཀྱིས་
བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །དེ་ལྟར་ལན་གསུམ་གསོལ་འདེབས་པ། །ས་བསླང་བ་ཡི་ཆོ་གའོ། །དེ་ནས་ས་ཕྱོགས་དེ་ཉིད་དུ། །མེ་ཡི་ལས་ལས་བྱུང་བ་ལྟར། །ཚར་གཅོད་ཞི་བའི་ལས་བྱའོ། །དེ་ནས་དུས་ཀྱི་བྱེ་བྲག་གིས། །ལྟོ་འཕྱེའི་རིམ་པ་ཤེས་པ་
ཡིས། །གཡས་སྐོར་ལྟོ་ནས་བརྐོ་བར་བྱ། །དེ་ན་རོ་བསལ་མགལ་དུམ་དང་། །གྱོ་མོ་རུས་དང་རེ་བ་བསལ། །ས་དེ་མ་འཆི་བཅུ་ཕྱེད་དང་། །དྲི་ཞིམ་ཆུ་ལ་ཧཱུཾ་བཟླས་དགང་། །དེར་ནི་ཚད་ལྡན་དཀྱིལ་འཁོར་ལ། །ཤར་དང་བྱང་དུ་གཞོལ་སོགས་བྱ། །བ་ཡི་ལྕི་བས་བ་ཀོ་ཙམ། །བྱུགས་ཏེ་དྲི་མ་ཆུ་དང་ནི། །
ག་བུར་ཙནྡན་དམ་པ་དང་། །མེ་ཏོག་སྣ་ཚོགས་བཀྲམ་པ་དང་། །ཧཱུཾ་བཞི་ཡིས་ནི་ས་སྦྱང་བའོ། །དེ་ནས་ཐལ་གོས་ལ་སོགས་པའི། །རང་གི་རྒྱན་ལྡན་སློབ་དཔོན་གྱིས། །རྡོ་རྗེ་དྲིལ་བུ་དང་ལྡན་པས། །ཧཱུཾ་དང་ཁམས་ཞེས་བྱ་བ་ཡི། །རྣམ་དག་ནམ་མཁར་བསམས་ནས་ནི། །ཧཱུཾ་གི་སྔགས་
ཀྱིས་གསེར་གྱི་ནི། །ས་གཞི་རྡོ་རྗེ་དང་ལྡན་བསམ། །མེ་དཱིའི་སྔགས་ཀྱིས་བྱིན་བརླབ་པའོ། །དེ་ནས་བདག་ཉིད་ཧེ་རུ་ཀར། །བསྐྱེད་པའི་ཆོ་གའི་ཚུལ་རྫོགས་པས། །བསམ་པའམ་དངོས་སུ་མཁའ་འགྲོ་མ། །གཞིའི་གནས་ལ་གནས་པ་ཡི། །ཕྱི་ནང་མཆོད་པས་མཉེས་བྱས་ལ། །

རང་བཞིན་རྣམ་དག་ཅེས་བྱ་བ། །སོགས་པས་བསྟོད་དེ་གསོལ་བ་ནི། །དཀྱིལ་འཁོར་གཙོ་བོ་ཀུན་གྱི་དངོས། །སྡིག་པ་ཐམས་ཅད་ཟད་བྱེད་པ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ནི། །མགོན་པོ་ཆེན་པོ་བཤད་དུ་གསོལ། །གསོལ་བའི་ཚིག་དེ་མཁྱེན་ནས་སུ། །
སྡུག་བསྔལ་ཅན་ལ་གཟིགས་ནས་ནི། །ཁྲོ་བོའི་ང་རྒྱལ་ལྡན་པ་ཡིས། །མིག་ཏུ་མ་དང་ཊ་ཡིག་ལས། །ཉི་མ་ཟླ་བ་གསལ་བསམས་ལ། །མིག་འབྲས་ཧཱུཾ་ལས་གྱུར་བ་ཡི། །རྡོ་རྗེ་ནག་པོ་བསམ་པར་བྱ། །རྐང་པ་གཉིས་སུ་ཨཿལས་ནི། །སྣ་ཚོགས་རྡོ་རྗེ་འབར་བ་བསམ། །རྡོ་རྗེ་ལྟེ་བའི་
མིག་འབྲས་ལ། །ཁྲོ་ཚོགས་སྤྲོས་པས་བགེགས་བསྐྲད་ལ། །རྐང་པས་རྡོ་རྗེ་རབ་འབར་སྤྲུལ། །རྡོ་རྗེ་དྲིལ་ལྡན་འགྱིང་བག་གིས། །དབང་ལྡན་མཚམས་སུ་སོང་ནས་ནི། །ཧཱུཾ་སོང་ཤིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་པོ། །བགེགས་ཀྱི་ཚོགས་ཆེན་མ་ལུས་ཀུན། །
གནོད་པར་བྱེད་པའི་བགེགས་ཚོགས་རྣམས། །སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བའི། །ང་ནི་དཔལ་ལྡན་རྡོ་རྗེའི་དངོས། །བཀའ་ཡི་འཁོར་ལོར་རབ་སྦྱོར་བྱེད། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་བོ་ཚལ་པ་
བརྒྱར་འགས་ཤིང་། །ཞི་བར་འགྱུར་བར་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས། །ཞེས་པས་བགེགས་རྣམས་བསྐྲད་བྱ་བ། །རོལ་པའི་གོམ་སྟབས་བརྒྱད་པས་བསྐོར། །རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་མ་འདེགས་སོགས་གར་གྱིས་ནི། །གདུག་པའི་ཚོགས་ནི་
བསྐྲད་བྱས་ལ། །ཧཱུཾ་ལས་བསྐྱེད་པའི་ཕུར་བུ་ནི། །ཨོཾ་བཛྲ་ཀཱི་ལ་ཡ་ཞེས་པ་ནི། །དེ་ཡིས་བྱིན་བརླབས་བཟླས་རྫོགས་ནས། །གྷ་གྷ་ལ་སོགས་སྔགས་ཀྱིས་གདབ། །དེ་ནས་ར་བ་དྲ་བ་བྱ། །ས་སྲུང་བའི་ཆོ་གའོ། །དེ་ནས་དྲི་ཞིམ་ཆུ་དང་ནི། །མི་འཆི་བཅུ་ཕྱེད་བྱུགས་པའི་སར། །ཐིག་ལེའི་
སྟེང་དུ་མེ་ཏོག་བཞག །དེར་ནི་ཆུ་སྐྱེས་བསམས་སྟེང་དུ། །ཉི་མའི་དཀྱིལ་འཁོར་སྟེང་དུ་ནི། །རང་རང་ས་བོན་གྱུར་པ་ལས། །ལྷ་ཡི་འཁོར་ལོ་བསམ་པར་བྱ། །མགོན་པོ་དགུག་ལ་སོགས་བྱས་ནས། །ཊཀྐི་ཛཿ། ཊཀྐི་ཧཱུཾ། ཊཀྐི་བཾ། ཊཀྐི་ཧོཿརྣམ་བཞིས། །དཀྱིལ་འཁོར་རྣམ་གཉིས་བསྡུས་

པ་ལས། །པྲོཀྵ་ཎཱཾ་དང་ཨརྒྷཾ་སོགས། །གཞན་ཡང་རྡོ་རྗེ་མཁའ་འགྲོ་རྣམས། །མཆོད་ནས་བསྟོད་དེ་གསོལ་བ་ནི། །ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །སངས་རྒྱས་མཁའ་འགྲོ་མ་དང་ལྡན། །ཕྱོགས་བཞིའི་མཁའ་འགྲོ་མ་རྣམས་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་
སེམས་དཔའ་ལ་སོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་གདགས་དང་། །ཁྱེད་ལ་ཡང་ནི་མཆོད་པའི་ཕྱིར། །བདག་གིས་སྡིག་པ་འཇིག་བྱེད་པའི། །ནང་པར་དཀྱིལ་འཁོར་བྲི་ལགས་ན། །རྗེས་སུ་བརྩེ་བར་དགོངས་ནས་ནི། །བྱིན་གྱིས་བརླབ་
པར་མཛད་དུ་གསོལ། །དེར་ནི་ཕྱི་ནང་མཆོད་པས་མཆོད། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀུན། །ལྷག་པར་གནས་པའི་ཆོ་གའོ། །དེ་ནས་གསེར་ལ་སོགས་པ་ཡི། །རིན་ཆེན་རྒྱུ་ལས་བྱུང་བ་ཡི། །ལྟོ་ཆེ་མགྲིན་པ་རིང་བ་དང་། །མཆུ་འཕྱང་ནག་པོ་ར་རི་མེད། །དྲི་ཞིམ་ས་དཀར་གྱིས་
བྱུགས་ནས། །རང་དང་རང་གི་མཚན་མ་གདབ། །རྣམ་རྒྱལ་ལས་ནི་ཐམས་ཅད་དོ། །སྣ་ཚོགས་རྡོ་རྗེ་ལས་ཀྱི་ལྷ། །ཁ་དོག་མཐུན་པའི་རས་ཟུང་རེ། །བུམ་པའི་མགུལ་དུ་བཅིང་བར་བྱ། །ཙུ་ཏ་ལ་སོགས་ཤིང་དག་ནི། །ལོ་མ་མེ་ཏོག་དང་ལྡན་པས། །འདིས་ནི་བུམ་པའི་ཁ་བརྒྱན་ནོ། །
ཆུ་དང་ལྡན་པའི་བུམ་པ་རུ། །བྱང་ཆུབ་སེམས་ཀྱི་རྟགས་སུ་ནི། །ཤ་ཏ་བྲི་ཧ་ཏི་དང་ནི། །ཨ་པ་ར་དང་ཙནྡན་དང་། །ཨུཏྤལ་ཀཎྜ་ཀ་རི་དང་། །ཧ་ས་དེ་བ་དག་གཞུག་གོ། །སོ་བ་འབྲས་དང་མ་ཤ་སྲན། །ནས་དང་ཏིལ་དང་གྲོ་རྣམས་ནི། །ཐུགས་ཀྱི་རང་བཞིན་འདི་དག་གོ། །ཤེལ་དང་
དངུལ་དང་མུ་ཏིག་དང་། །བྱུ་རུ་དུང་དང་རྣམ་ལྔ་ཡི། །ལྷ་རྣམས་ཀུན་མདོག་རྟགས་སུའོ། །ཉི་མ་ཟླ་བ་ཆུ་དང་སྨན། །དྲི་དང་རྣམ་པ་ལྔ་གཞུག་གོ། །དེ་ནས་དཀར་བའི་རས་སྟེང་དུ། །མེ་ཏོག་བཀྲམ་ལ་བུམ་པ་དེར། །གཞག་སྟེ་བྱིན་གྱིས་བརླབས་པ་ནི། །བུམ་པའི་རང་བཞིན་དག་
བསམ་སྟེ། །བྲུཾ་ལས་མཚན་ཉིད་བཟང་ལྡན་བསྐྱེད། །དེ་ཡི་ནང་དུ་ཆུ་སྐྱེས་ནི། །ཉི་མ་དང་ལྡན་ས་བོན་ལས། །རྣམ་རྒྱལ་དག་ཏུ་ཐམས་ཅད་བསྐྱེད། །གཞན་ཡང་རང་རང་ས་བོན་ལས། །སྐུ་བསྐྱེད་ཆོ་ག་ཐམས་ཅད་ཀྱང་། །སྔོན་ལྟར་བྱས་ཏེ་བཟླས་པ་ཡི། །སྟོབས་ཀྱིས་བྱང་ཆུབ་སེམས་ཀྱི་ཆུས། །

གང་བ་ལྷག་པར་གནས་པའོ། །སློབ་མ་བསྲུང་དང་ལྡན་པ་ཡིས། །མེ་ཏོག་ཕྲེང་འཛིན་སློབ་མ་ནི། །ཡིད་གཞུངས་སྤྲོ་ཆེན་བྱས་པ་གཟོ། །རིགས་བཙུན་ང་རྒྱལ་མེད་པ་དང་། །གཟུགས་དང་ལང་ཚོ་ཁ་དོག་ལྡན། །གསང་པའི་དོན་ལ་མངོན་བརྩོན་ན། །གཟུགས་ངན་
ཡོན་ཏན་མེད་པ་དང་། །དེ་ལས་གཞན་པའང་གཞུག་པར་བྱ། །ལུས་བཀྲུས་གཙང་མའི་གོས་བགོས་ལ། །སྙིམ་པ་མེ་ཏོག་གིས་བཀང་ནས། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་
ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོ་བདག་འཇུག་མཛོད། །དེ་ལྟར་གསོལ་བ་
གསུམ་བཏབ་སྟེ། །འདི་སྐད་ཅེས་ནི་བརྗོད་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཅན་སྣོད་ཡིན་ཏེ། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སངས་རྒྱས་དུས་གསུམ་ལས་འདས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །
མཉམ་ཉིད་ཡེ་ཤེས་ཐོབ་པ་ནི། །རྡོ་རྗེ་སྔགས་རབ་བསྒོམ་པའོ། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཧེ་རུ་ཀ་དཔལ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་
སློབ་མ་ཆོ་ག་འདིས། །སྡིག་པ་བཤགས་སོགས་བྱ་བ་སྟེ། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་བདག་གིས་སུ། །མ་ལུས་སོ་སོར་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །
ཚོགས་ལ་བདག་ནི་ཡི་རང་ངོ་། །སྒྱུ་འཕྲུལ་གཙོ་བོ་ཡབ་ཡུམ་དང་། །མཁའ་འགྲོ་མ་དང་བཅས་པ་དང་། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར། །དེ་བཞིན་

བདག་གིས་སེམས་བསྐྱེད་དོ། །འགྲོ་བའི་མགོན་པོ་བདག་ལ་དགོངས། །མ་ལུས་བཞུགས་པའི་བདེ་གཤེགས་རྣམས། །འདི་ཉིད་ནས་བཟུང་སངས་རྒྱས་པར། །བླ་མེད་བདག་ལ་གཟིགས་པར་མཛོད། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །
དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །
རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་
སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །
མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང་། །རང་གི་དམ་ཚིག་བསྲུང་བར་བགྱི། །བདག་གིས་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་བསྒྲུབ་བྱ་སྟེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །ཞེས་
པ་གུས་པས་སྨྲ་བ་དང་། །དེ་ཉིད་གསུམ་ཟློས་སློབ་དཔོན་གྱིས། །རྡོ་རྗེ་ཁུ་ཚུར་དྲི་ཡི་ཆུས། །སྙིང་མགྲིན་སྤྱི་བོར་ཐིག་ལེ་ལ། །ཧཱུཾ་ལ་སོགས་པའི་ཡིག་གསུམ་ལས། །རྡོ་རྗེ་ལ་སོགས་རྣམ་གསུམ་ནི། །རང་རང་ཡི་གེས་མཚན་པ་ནི། །གོ་རིམས་བཞིན་དུ་བསམ་པར་བྱ། །ཡིག་གསུམ་
འོད་ཀྱིས་བཀུག་བསྟིམ་ནས། །མཆོད་པའི་ལས་སུ་བྱས་པ་ལ། །མེ་ཏོག་སྤྱི་བོར་མདུན་དུ་སྤོས། །དྲི་དང་མར་མེ་སྙིང་གར་རོ། །སྣ་ཚོགས་མཁའ་འགྲོ་རེག་པ་ཡིས། །བཏབ་སྟེ་རང་རང་སྔགས་ཀྱིས་སོ། །དེ་ནས་ཨ་ཤྭཏྠ་སོགས་ལས། །སོར་བཅུ་གཉིས་ཀྱི་ཚད་དག་ལས། །

སྐྱོན་མེད་མེ་ཏོག་རྩེ་ལྡན་སྦྱིན། །དེས་ཀྱང་ཤར་རམ་བྱང་བལྟས་པས། །མི་སྨྲ་བར་ནི་བཅའ་ཟིན་ནས། །བ་ཀོ་ཙམ་ནི་བྱུགས་པ་རུ། །སོ་ཤིང་མདུན་ནི་དྲང་པོར་དོར། །དེ་ཚེ་བདག་དང་སྟེང་ལྟ་ན། །དངོས་གྲུབ་མཆོག་ཏུ་དེ་བཤད་དེ། །ཕྱོགས་སུ་ཁ་བལྟས་དངོས་
གྲུབ་འབྲིང་། །མཚམས་སུ་བལྟས་ན་འཇིག་རྟེན་པའི། །ཞི་སོགས་ལས་བརྒྱད་དེ་ལས་འགྲུབ། །སོ་ཤིང་བརྒྱ་ལ་ཐུར་བལྟས་ན། །དས་པར་ས་འོག་དངོས་གྲུབ་ཐོབ། །དེ་ནས་སྐྱོར་ཆུ་བླུད་བྱ་བ། །ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿཔཱ་པཾ་ནི་ཤྩ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ། ཞེས་
གསུམ་བརྗོད་པས་ངག་སྦྱངས་ནས། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །སྔགས་ཀྱི་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་རྙེད་དཀའ་བ་སྟེ། །གང་གིས་མཉམ་མེད་སེམས་ཅན་
དོན། །བླ་ན་མེད་པ་བྱེད་ནུས་པ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདི། །སེམས་ཅན་སངས་རྒྱས་ཐོབ་བྱེད་པའི། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང་། །དེ་ཀུན་ཟད་པར་གྱུར་པ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དེ་ནས་ཨོཾ་ཨཱཿཧཱུཾ་
གིས་ནི། །ཀུ་ཤ་བྱིན་བརླབས་དེ་ལ་སྦྱིན། །དེས་ཀྱང་སྔས་དང་སྟན་བྱའོ། །དེ་ཉིད་སྔགས་ཀྱིས་སྲུང་སྐུད་ནི། །མདུད་པ་གསུམ་དང་ལྡན་པ་ནི། །བསྲུང་ཕྱིར་དཔུང་པ་གཡོན་པར་བཅིང་། །དེས་ཀྱང་སེང་གེའི་ཉལ་སྟབས་ཀྱིས། །ཀུ་ཤའི་སྟན་ལ་ཉལ་ནས་སུ། །ནང་པར་བཞིན་
བཟངས་རྣམས་ལོངས་ཤིག །སང་གི་ནང་པར་ཁྱོད་ཀྱིས་ནི། །ཐར་བ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་དམ་པ་མཐོང་ཞེས་བརྗོད། །དེ་ནས་ནང་པར་དུས་སུ་ནི། །རྨི་ལམ་མཚན་མ་དྲི་བར་བྱ། །དེས་ཀྱང་མཚན་མ་མཐོང་བ་རྣམས། །སློབ་དཔོན་མདུན་དུ་བརྗོད་པར་བྱ། །མཚན་
མ་བཟང་དང་ལྡན་སྨྲས་ན། །དེ་ཡི་དངོས་གྲུབ་བསྟན་པར་བྱ། །ངན་པ་མཐོང་ན་བསྲུང་བ་དང་། །མེ་ཡི་ལས་ཀྱིས་རྟོག་པ་བསལ། །ལྷག་པར་གནས་པ་བྱས་འོག་ཏུ། །སློབ་དཔོན་མཚན་ཉིད་དང་ལྡན་པས། །རྣལ་འབྱོར་བྱས་ཏེ་ནང་པར་སྔགས། །སྡིག་པ་ཐམས་ཅད་འཇིག་བྱེད་

པའི། །དཀྱིལ་འཁོར་དམ་པ་བྲི་བའི་ཕྱིར། །དཀྱིལ་འཁོར་ནམ་མཁར་བཏེག་ནས་ནི། །དེ་ནས་ཐིག་ལེའི་ལས་བྱའོ། །ན་རའི་སྐྲའམ་བ་སུ་ཏས། །བྱའམ་ཡང་ན་རས་བལ་ལས། །ཁྲག་ཆེན་དུ་ནི་སྤགས་པ་ལ། །ཤེས་ནས་དཀྱིལ་འཁོར་དེ་ཉིས་འགྱུར། །ཚད་བྱས་ཁ་དོག་
ལྔར་བྱས་ཏེ། །པདྨའི་སྣོད་བཞག་དང་མོས་པས། །རྒྱུ་ལས་བྱུང་བའི་བདེ་གཤེགས་ལྔ། །བསྐྱེད་དེ་ཡེ་ཤེས་སྤྱན་དྲངས་པས། །ཛཿལས་ཉི་ཟླ་གཉིས་བསམ་པ། །རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་དམ་པ་སྟེ། །འདིས་ནི་ཡེ་ཤེས་
ཐིག་དགུག་གོ། །དཀྱིལ་འཁོར་ཆེན་པོའི་ཐིག་གདབ་ཕྱིར། །རྡོ་རྗེ་ཐིག་ནི་བདག་ལ་སྩོལ། །མཆོད་པ་རྣམས་ནི་བྱས་ནས་སུ། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨཱཿཔ་ར་སླར་ཨ་ནུ་ག་ཏ་སརྦ་དྷརྨཱཿཨ་ཏྱནྟ་ཨ་ནུ་པྲ་བིཥྛ་སརྦྦ་དྷརྨཱཿ། ཞེས་བརྗོད་ཐིག་དེ་བསྒྲིལ་ནས་སུ། །མི་འཆི་ལྔ་ལ་སྤངས་
པ་དང་། །ཆོ་ག་ཤེས་ཤིང་བློ་ལྡན་པས། །ཡེ་ཤེས་ཐིག་ནི་དེ་གདབ་བོ། །ཛྫཿཛྫཿའི་སྒྲ་ནི་བཏང་ནས་སུ། །དེས་ཀྱང་རྒྱབ་ནས་འགྲོ་བར་བྱ། །ལྟེ་བར་རྡོ་རྗེ་ཁུ་ཚུར་གྱིས། །ནུབ་དང་ཤར་ནས་དང་པོ་སྟེ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ལྷོ་དང་བྱང་ནས་དེ་བཞིན་ཏེ། །ནམ་མཁའ་ཡི་ནི་
ཐིག་གདབ་པོ། །འོག་གི་ཐིག་ཀྱང་དེ་བཞིན་ཏེ། །དེ་ཚེ་འཇིག་རྟེན་ཁམས་ཀུན་གྱི། །སངས་རྒྱས་ལ་སོགས་འགྲོ་དོན་དུ། །ཁྱེད་ཀྱིས་དོན་ནི་བྱ་དུས་ཡིན། །སློབ་དཔོན་མེ་དང་རླུང་གནས་ཏེ། །སློབ་མ་དབང་ལྡན་བདེན་བྲལ་དུ། །འདུག་ལ་ཤར་དང་ནུབ་གདབ་པོ། །དེ་ཉིད་གནས་
དང་བྱང་གི་ཐིག །བྱིན་ཟ་སྲིན་པོར་གནས་པས་ལྷོ། །དེ་ཉིད་གནས་དང་བདེན་བྲལ་དང་། །སློབ་མ་རླུང་དང་དབང་ལྡན་དུ། །གནས་པས་མཚམས་ཀྱི་ཐིག་གཉིས་སོ། །བསྟན་བཅོས་མཐོང་དང་བློ་ལྡན་པས། །དེ་ལྟར་གསལ་བར་དབྱེ་ཤེས་ན། །སློབ་དཔོན་དེས་ནི་ཐིག་གདབ་པོ། །
གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བརྒྱན། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །དྲིལ་བུ་གཡེར་ཀའི་སྒྲ་སྒྲོགས་པའོ། །ཁྱམས་ཀྱི་ནང་དང་སྒོ་ཁྱུད་དུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པའི། །ནང་དུ་ཆུ་སྐྱེས་བརྒྱད་པ་ལ། །རྡོ་རྗེ་ཕྲེང་བ་དང་ལྡན་པའོ། །འཁོར་ལོའི་བརྒྱད་ཆ་སྒོ་

ཡིན་ཏེ། །སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ། །དེ་ཡི་ཁྱམས་ཀྱི་ཚད་ཡིན་ཏེ། །ཚོན་སྣ་ལྔ་ཡང་དེ་བཞིན་ཕྱེད། །རྟ་བབས་དེ་ལ་མཛེས་པ་དང་། །རིན་ཆེན་ཕ་གུ་ཚོན་གྱི་ཚང་། །ཉིས་འགྱུར་དྲ་བ་དྲ་ཕྱེད་ཚད། །རྟ་བབས་གདུགས་སོགས་མཛེས་པ་ལ། །དུར་ཁྲོད་བརྒྱད་
དང་ལྡན་པའོ། །ཕྱོགས་བཅུར་རྡོ་རྗེ་རྒྱ་གྲམ་མཛེས། །དེ་ལྟར་ཐིག་གདབ་ཉེས་པ་ནི། །ཆད་ན་བླ་མ་འཆི་བར་འགྱུར། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ངེས་པར་ཕྱོགས་འཁྲུལ་སློབ་མ་མྱོས། །དེ་བས་འབད་པ་ཐམས་ཅད་དུ། །ཐིག་གི་ལས་ལ་བརྩོན་པར་བྱ། །དེ་ནས་རིན་ཆེན་སྣ་ལྔའམ། །
འབྲས་ཀྱི་ཕྱེ་མ་ཞིབ་མོའམ། །ཡང་ན་རུས་ཕྱེ་སོ་ཕག་དང་། །འདབ་མ་ལྗང་གུ་སོགས་པ་ལ། །བྱས་པ་པདྨའི་སྣོད་བཞག་སྟེ། །ཡེ་ཤེས་ཐིག་བཞིན་དག་པའོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །སྒྱུ་འཕྲུལ་ཞེས་བྱ་རྒྱལ་པོ་ཆེ། །ཚོན་གྱི་ལས་ནི་ཡང་
དག་བརྩམས། །བརྟན་པའི་སེམས་ཀྱིས་མཉམ་གཞག་སྟེ། །གཡོན་པ་རྡོ་རྗེ་ཁུ་ཚུར་བྱ། །དང་པོར་རྡོ་རྗེ་སློབ་དཔོན་གྱིས། །དབང་ལྡན་མཚམས་ནས་བྲི་བར་བྱ། །དཀར་དང་སེར་དང་དམར་དང་ལྗང་། །སྔོན་པོ་འདི་ནི་ནང་དུ་འདོད། །གཡས་སྐོར་རྒྱུན་མི་འཆད་པར་བྲི། །མི་ཡོ་བར་ནི་
ཚོན་བྲི་ཞིང་། །ནས་གང་བར་ལ་མཐེ་ཆུང་ཚད། །སྦོམ་ན་ནང་འདེབས་ནོར་འཇིག་ཕྲད། །ཆད་ན་སློབ་དཔོན་བླ་མ་འཆི། །དེ་བས་འབད་པར་རི་མོ་བྲི། །ནན་ཏན་དུ་ནི་བྲི་བར་བྱ། །ཆུ་སྐྱེས་ཤར་གྱི་འདབ་མ་སྔོ། །ལྷོ་དང་ནུབ་ནི་སེར་དང་དམར། །བྱང་ལྗང་མཚམས་བཞི་དཀར་བ་ལ། །
ཀ་པཱ་ལ་བཞི་མཛེས་པར་བྲི། །ཕྱོགས་ཀྱི་འདབ་མ་བཞི་པོ་ལ། །རིགས་ཀྱི་མཚན་མ་ཉི་མ་བྲི། །དེ་རྒྱབ་རྡོ་རྗེའི་ཕྲེང་བ་གནག །དེ་བཞིན་ཤར་སོགས་རིགས་ཀྱི་ནི། །སྒོ་ཡི་རིམ་པ་ཤེས་པར་བྱ། །དེ་ནི་ཚོན་གྱི་ཆོ་གའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །སློབ་དཔོན་
མཆོག་གིས་ལུས་བཀྲུས་ཏེ། །དྲི་ཞིམ་པ་ཡིས་ལུས་བྱུགས་ཏེ། །རྒྱན་ཆ་མཆོག་དང་ལྡན་པ་ཡིས། །བུམ་པ་རྣམས་ལ་སོགས་པ་ཡི། །རྫས་རྣམས་ཐོགས་ཏེ་ལན་གསུམ་བསྐོར། །དེ་ནས་སློབ་དཔོན་ཧེ་རུ་ཀའི། །ང་རྒྱལ་མཆོག་གིས་ཧཱུཾ་སྒྲོགས་ཤིང་། །ཕྱག་གཉིས་

རྡོ་རྗེ་དྲིལ་ལྡན་པས། །སློབ་དཔོན་ནང་དུ་བཞུགས་ནས་ནི། །དབུས་སུ་གནས་ལ་མཉམ་གཞག་པས། །ཡིད་ཀྱིས་སྒོ་བཞི་དབྱེ་བར་བྱ། །ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། དེ་ནས་རྣམ་རྒྱལ་ལ་སོགས་པ། །གནས་དང་གོ་རིམས་བཞིན་དུ་དགོད། །བླ་རེ་དམ་
པ་བྲེ་བ་དང་། །སྣ་ཚོགས་གོས་དང་རྒྱན་རྣམས་བྲེ། །སྤོས་དང་མེ་ཏོག་མར་མེ་ནི། །མཆོག་གི་དཀྱིལ་འཁོར་མཛེས་པར་བརྒྱན། །དེ་ནས་རྒྱན་ལྡན་བླ་མ་ཡིས། །ཆོ་གའི་ཚུལ་གྱིས་དཀྱིལ་འཁོར་གྱི། །འཁོར་ལོ་རྫོགས་པར་བསྐྱེད་བྱས་ལ། །སེ་གོལ་སྒྲ་ཡི་སྦྱོར་
པ་ཡིས། །བདེ་གཤེགས་ཐམས་ཅད་བསྡུ་བར་བྱ། །མདུན་དུ་ཞལ་བསིལ་མཆོད་ཡོན་སོགས། །ཕུལ་ཏེ་དགུག་གཞུག་བྱས་ནས་སུ། །དེ་ལ་མེ་ཏོག་སྤོས་སོགས་དང་། །མཆོད་པའི་ཚོགས་ཀྱིས་མཆོད་པ་དང་། །བཀྲ་ཤིས་གླུ་ཡིས་མཆོད་པ་དང་། །ཚོགས་ཀྱི་དགའ་སྟོན་
བསྐོར་ནས་ནི། །སློབ་དཔོན་རྡོ་རྗེ་དྲིལ་འཛིན་པས། །དཀྱིལ་འཁོར་དམ་པ་དེ་དག་ལ། །བསྐོར་བ་བྱས་ལ་ཕྱག་འཚལ་ཏེ། །དེས་ནི་སྦྱིན་སྲེག་ལས་བྱ་བ། །དཀྱིལ་འཁོར་དེ་ཡི་ཤར་ཕྱོགས་སུ། །དཀར་ལ་ཟླུམ་པའི་ཐབ་དག་ཏུ། །འོ་མ་ཅན་གྱི་ཤིང་དག་ལས། །པཱ་པ་ཀ་
དེ་རབ་བསྐྱེད་དེ། །མེ་ཡི་ཆོ་ག་རྫོགས་པ་དང་། །དཀྱིལ་འཁོར་ཆེན་པོ་ཚུལ་བཞིན་བསྐྱེད། །མཐར་ནི་དགང་བླུགས་དབུལ་བྱས་ཏེ། །མཆོད་བསྟོད་རང་གནས་གཤེགས་སུ་གསོལ། །སློབ་དཔོན་དེས་ནི་རྫས་ལྷག་མས། །བྱིན་ཟ་མཆོད་དེ་གཤེགས་སུ་གསོལ། །ཟན་དྲོན་
ཤ་དང་བཟར་བཅས་དང་། །མི་འཆི་བཅུ་ཕྱེད་ལྡན་པ་ཡིས། །གཏོར་མ་བཟང་པོ་མཚན་ཕྱེད་སྦྱིན། །དེ་ནས་མཆོད་པ་རྫོགས་པ་དང་། །སློབ་མ་འཇུག་པའི་ཚུལ་དུ་ནི། །དང་པོ་སློབ་དཔོན་འཇུག་པར་བྱ། །དེ་ནས་སློབ་མ་གཞུག་པར་བྱའོ། །མཛེས་པའི་རྒྱན་དང་གོས་བགོས་ཏེ། །
གདོང་པ་རས་ཀྱིས་བཀབ་ནས་སུ། །འདི་སྐད་ཅེས་ནི་བརྗོད་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་

གསོལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བྱ། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །སྒོ་
གསུམ་དད་པས་ཕྱག་འཚལ་ཏེ། །ཨོཾ་ན་མོ་ཏེ་ཧཱུཾ། ན་མཿམེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱ་ཧཱ། དེ་ནས་ཀྱང་ནི་ཤར་སྒོ་རུ། །ཐལ་སྦྱར་སྔགས་འདིས་ཕྱག་འཚལ་ཏེ། ཨོཾ་བཛྲ་ཌཱ་ཀི་ནཱི་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ཡིས་
སྙིང་གར་མི་བསྐྱོད་པ། །དེ་ཡི་སྙིང་གར་བཅུག་བསམ་བྱ། །རཏྣ་ཌཱ་ཀི་ནཱི་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་ཨ་དྷི་ཏིཥྛ་སྭ་མཱཾ། དཔྲལ་བར་ཐལ་སྦྱར་ལྷོ་ཕྱོགས་སུ། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ནོ། །དེ་ལྟར་ནུབ་དང་བྱང་དང་ནི། །མགྲིན་པ་སྤྱི་
བོར་ཕྱག་བྱས་པ། །སྣང་བ་མཐའ་ཡས་དོན་གྲུབ་ལའོ། །ཨོཾ་པདྨ་ཌཱ་ཀི་ནཱི་པཱུ་ཛ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་པདྨ་དྷ་ར་ཨ་དྷི་ཏིཥྛ་སྭ་མཱཾ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ཨདྷི་ཏིཥྛ་སྭ་མཱཾ། དེ་ལྟར་ཕྱག་བཞི་བྱས་
འོག་ཏུ། །སློབ་མ་དེ་ལ་ཐམས་ཅད་པའི། །ལས་ཀྱི་བུམ་པའི་ཆུ་ཡིས་བཀྲུ། །དེ་ནས་ཤར་ཕྱོགས་སྒོར་ཕྱོགས་ལ། །ལག་ན་མེ་ཏོག་དང་བཅས་པས། །སློབ་དཔོན་ལ་ནི་ཕྱག་བྱས་ཏེ། །དམ་ཚིག་སྡོམ་པ་འདོད་པའི་ཕྱིར། །དེ་ལ་གསོལ་བ་གདབ་པར་བྱ། །དམ་ཚིག་དེ་ཉིད་
བདག་ལ་སྩོལ། །བདག་ལ་སྡོམ་པ་རྣམས་ཀྱང་སྩོལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་དེ་ལ་དམ་ཚིག་དབབ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་
སྐྱབས་སུ་གསོལ། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །བླ་མ་སངས་རྒྱས་དང་མཉམ་པས། །སློབ་

དཔོན་དག་ཀྱང་གཟུང་བར་གྱིས། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བརྗོད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟད་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་
གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་དང་ནི་སྡོམ་པ་མཆོག །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཁྱོད་ཀྱིས་ཡང་དག་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལྟའི་
ཡོན་ཏན་སློབ་མ་ལ། །དམ་ཚིག་སྡོམ་པ་བྱིན་པ་ལ། །སློབ་མས་ཕྱག་བྱས་སྡོམ་པ་གཟུང་། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་མཁའ་འགྲོར་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །ཆེ་གེ་ཞེས་བྱ་དེ་རིང་ནས། །བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི། །
སྙིང་པོ་ལ་ནི་མཆིས་ཀྱི་བར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པས་སྡོམ་པ་བཟུང་ནས་ནི། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། དེ་ལྟར་རྣལ་འབྱོར་སེམས་བསྐྱེད་ལ། །མེ་ཏོག་ཕྲེང་དང་བཅས་
པ་ཡིས། །རྡོ་རྗེ་སྙིང་གར་བཞག་ནས་སུ། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ལྟར་རྣལ་འབྱོར་སེམས་བསྐྱེད་ནས། །མེ་ཏོག་ཕྲེང་ལྡན་སློབ་མ་དེ། །ཨོཾ་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པས། སློབ་མ་དཀྱིལ་འཁོར་གཞུག་བྱས་ནས། །སློབ་དཔོན་གྱིས་ནི་ཚིག་འདི་བརྗོད། །
དེང་ཁྱོད་ཧེ་རུ་ཀ་དང་མཁའ་འགྲོ་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་དེས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཧེ་རུ་ཀ་དང་མཁའ་འགྲོ་མའི། །དངོས་གྲུབ་དག་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་
སྨོས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་བརྗོད་པར་མི་བྱ་སྟེ། །དམ་ཚིག་ཉམས་པར་གྱུར་ཏ་རེ། །དེ་ནི་འཁོར་ལོར་གཞུག་བྱས་ནས། །ལག་གི་རྡོ་རྗེ་སྤྱིར་གཞག་ལ། །ཁྱོད་ཀྱིས་སུ་ཡང་རུང་བ་ལ། །གལ་ཏེ་འདི་ནི་སྨྲས་གྱུར་ན། །ཁྱོད་ཀྱིས་དམ་ཚིག་རྡོ་རྗེ་ཡིས། །རང་

གི་མགོ་བོ་འགས་པར་འགྱུར། །དེ་ནས་བདུད་རྩི་ལྔ་ལྡན་པའི། །པདྨའི་སྣོད་ཀྱི་དྲི་ཡི་ཆུས། །སྙིང་པོ་བཟླས་ཏེ་འཐུང་ངུ་གཞུག །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་དེ་རིང་གཞུག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ཡི་མོད་ལ་དྲལ་ཏེ་གཤེགས། །
བཛྲ་ཨུ་ད་ཀ་ཨོཾ་ཨཱཿཧཱུཾ། དེ་ནས་འདི་ཡང་བརྗོད་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །དེང་ནས་བརྩམས་ཏེ་ཁྱོད་ཀྱིས་ནི། །ཧེ་རུ་ཀ་དཔལ་ང་ཡིན་གྱི། །ང་ཡིས་བསྒོ་བ་
ཁྱོད་ཀྱིས་གྱིས། །ཁྱོད་ཀྱིས་ང་ལ་བརྙས་བྱས་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་གྱུར་ཏ་རེ། །དེ་ནས་སློབ་མའི་གཙོ་བོ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབ་མཛོད་ལ། །རྡོ་རྗེའི་ཡེ་ཤེས་དབབ་ཏུ་གསོལ། །སློབ་དཔོན་རྒྱན་ཆ་
བགོས་བྱས་ཏེ། །འགྱིངས་དང་བཅས་པས་སློབ་མ་ལ། །བལྟས་ཏེ་རྫས་ཀྱིས་བདུགས་པ་དང་། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱཿ། ཞེས་བྱ་བརྒྱ་རྩ་བརྒྱད་དུ་བཟླས། །དྲིལ་བུའི་སྒྲ་བསྒྲགས་རང་སྙིང་བཟླས། །འོད་ཀྱིས་བདེ་གཤེགས་བཀུག་སྟེ་གཞུག །དེས་ཀྱང་བབས་པར་མ་གྱུར་ན། །
སློབ་མའི་སྙིང་གའི་ཟླ་བ་ལ། །ཧེ་རུ་ཀ་དཔལ་ཡུམ་བཅས་བསམ། །དེ་ཡི་རྡོ་རྗེ་དཔལ་བསྐྱོད་པས། །འོད་ཟེར་དམར་པོས་ཡན་ལག་ཀུན། །གང་སྟེ་གཅིག་གྱུར་སྔགས་བཟླས་ན། །གདོན་མི་ཟ་བར་འབབ་པར་འགྱུར། །བབས་ནས་ལྕེ་ལ་ཡི་གེ་ཨཱཿ། །ཁ་དོག་དམར་པོ་བསམས་
ནས་ནི། །སྨྲོས་ཤིག་འདོད་ཆགས་ཆེས་ཆེན་པོ། །དཔག་ཏུ་མེད་པ་བདེ་བ་ཆེ། །དགེ་དང་མི་དགེ་འདི་འདྲི་བས། །བབས་ན་དགེ་དང་མི་དགེ་སྟོན། །འདས་དང་མ་འོངས་སྟོན་གྱུར་ན། །བརྒྱ་པའི་སྔགས་ཀྱིས་བརྟན་བྱས་ནས། །དེ་ནས་སློབ་དཔོན་འདི་སྐད་བརྗོད། །འདིར་ནི་བསོད་
ནམས་ཇི་ལྟ་བར། །རིགས་ཀྱི་རིམ་བཞིན་འདི་ཡི་ལྷ། །འདིས་ནི་དངོས་གྲུབ་གང་ཡིན་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་གང་ཡིན་ལས། །དཀྱིལ་འཁོར་དུ་ནི་དེ་བཞིན་འགྱུར། །སློབ་མས་མེ་ཏོག་ཕྲེང་བ་དེ། །པྲ་ཏཱིཙྪ་བཛྲ་ཧོཿཞེས་པས། །

དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །ལྷ་དེ་རང་ལ་འགྲུབ་པའི་ཕྱིར། །མེ་ཏོག་དེ་ཡིས་མགོ་ལ་བཅིངས། །དེ་ནས་སློབ་མའི་ལག་པ་ལ། །བཟུང་ནས་དེ་ཡི་མིག་དབྱེ་བྱ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །མིག་དབྱེ་བར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་དབྱེ་མཇད་
དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲཱ་ཡ་ཧོ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཞེས་པས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་
བའི་ཕུན་སུམ་ཚོགས་པ་ཀུན། །དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་མེ་ཏོག་ལྷུང་བའི་ལྷ། །གཙོ་བོ་དེ་ལ་བསྟན་པར་བྱ། །དཀྱིལ་འཁོར་དེ་ཡི་ལྷ་ཉིད་ཀྱང་། །ནན་ཏན་དུ་ནི་དེ་ལ་བསྟན། །
དེ་ནས་སློབ་མ་དང་ལྡན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །མཆོད་ཡོན་དམ་པ་ཕུལ་ནས་སུ། །དབང་བསྐུར་དོན་དུ་གསོལ་བཏབ་བྱ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་རྡོ་རྗེ་ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེང་སྩོལ་
ཅིག །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱི། །དེ་སྐད་གཙོ་ལ་གསོལ་བཏབ་ནས། །དེ་ནས་འཇུག་པའི་སྒོ་རུ་ནི། །པདྨ་འདབ་མ་བརྒྱད་བྲིས་ལ། །སྟེང་དུ་སེང་གེའི་ཁྲི་བཤམས་ཏེ། །
སྣ་ཚོགས་མཛེས་པའི་གདན་བཏིང་ནས། །གཉིས་མེད་བློ་ལྡན་དེར་བཞག་སྟེ། །ཧེ་རུ་ཀ་དཔལ་དེར་སྤྲུལ་པ། །གདུགས་དཀར་སློབ་མའི་སྟེང་བཟུང་ནས། །འབད་དེ་མཆོད་པ་ཅི་ནུས་མཆོད། །དེ་ནས་མེ་ཏོག་ཆུ་སོགས་པའི། །དབང་ནི་དམ་པ་བླང་བའི་ཕྱིར། །དབང་བསྐུར་བར་ཆོད་ཞི་
བའི་ཕྱིར། །ཡུངས་ཀར་བསྔགས་ཏེ་བགེགས་བཟློག་ལ། །སློབ་མས་ཁྲུས་བྱས་རྒྱན་བཟང་བགོ །ཁྲིར་གཞག་སྙིམ་པའི་མེ་ཏོག་ནི། །དཀྱིལ་འཁོར་ལ་ནི་གཏོར་བར་བྱ། །ཨོཾ་པྲ་ཏཱིཙྪ་ཧོཿཞེས་བརྗོད་ལ། །མེ་ཏོག་བླངས་ཏེ་སློབ་མ་ཡི། །མགོ་ལ་བཅིངས་ཏེ་སྔགས་འདི་

བརྗོད། །ཨོཾ་དྷརྨཱ་ཀུཎྜ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། །དེ་ནས་དང་པོ་སློབ་དཔོན་གྱིས། །རྣམ་རྒྱལ་བུམ་པ་ལ་སོགས་ནས། །ཆུ་རྣམས་ཐོད་པར་བསྡུས་ནས་ནི། །གླུ་བླང་དྲིལ་བུ་སོགས་སྒྲ་བསྒྲགས། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས། །བཟླས་ཏེ་རང་ཉིད་འོད་ཀྱིས་ནི། །རིག་པའི་ལྷ་མོ་དམ་པ་རྣམས། །
བདུད་རྩིའི་ཆུ་ཡིས་བག་ཆགས་བཀྲུ། །ཆུ་ཡི་དབང་བསྐུར་དམ་པའོ། །ལུགས་བླུགས་ཐང་ཀ་འབུམ་བྲིས་པ། །གསེར་སོགས་བྱས་པའི་དབུ་རྒྱན་ལ། །རིན་ཆེན་འབྱུང་ལྡན་དེར་བཅུག་ནས། །དབུ་རྒྱན་དམ་པ་དེ་བསྐོན་ཏེ། །དར་དཔྱངས་བཅིངས་ལ་འདི་བརྗོད་དོ། །ཐོར་གཙུག་ཅོད་
པན་གྱིས་བརྒྱན་པ། །བདེ་གཤེགས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དབུ་རྒྱན་དམ་པ་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་པ་ད་ཀ་བཛྲ་ཨཱ་ར་ལི་ཧོ། །དབུ་རྒྱན་དབང་མཆོག་དམ་པའོ། །རིན་ཆེན་རྒྱུ་ཡི་རྡོ་རྗེ་ལ། །སྣང་བ་མཐའ་ཡས་དེར་བཅུག་ལ། །
ལག་ཏུ་གཏོད་ཚེ་འདི་སྐད་བརྗོད། །སངས་རྒྱས་རྡོ་རྗེའི་དབང་བསྐུར་པས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤིན་ཏུ་བསྒྲུབ་ཕྱིར་རྡོ་རྗེ་གཟུང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ལག་ཏུ་རྡོ་རྗེའི་དབང་བསྐུར་རོ། །དྲིལ་བུ་དོན་
ཡོད་དཔལ་བཅུག་སྟེ། །ལག་གཡོན་གཏོད་ཚེ་འདི་སྐད་བརྗོད། །འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་ཚེ་དྲིལ་བུའི་སྒྲ་སྒྲོགས་སོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །
ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །མཆོག་གི་སྲིད་པ་བྱེད་པར་འགྱུར། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཏིཥྛ་པཱི་ར་ས་མ་ཡ། ཞེས་བརྗོད་གཡོན་དུ་དྲིལ་བུའོ། །ཕྱག་རྒྱ་ཆེ་དང་ལྡན་པ་ལ། །སྔགས་ཀྱིས་དབང་བསྐུར་མིང་གདགས་
ཏེ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ། ཨ་བྷི་ཥེ་ཀ་ཏ་ཀྱེ་དེང་དཔལ་ལྡན་མིང་དབང་ངོ་། །དེ་ནས་རྡོ་རྗེ་བརྟུལ་ཞུགས་ཏེ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་

བརྟུལ་ཞུགས་བརྟན། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་པ་ནི་དྲིལ་བུ་དང་འབྲེལ་བའི་བརྟུལ་ཞུགས་སྦྱིན་པའོ། །དེ་ལྟར་རྫོགས་པས་གསང་བ་ཡི། །དབང་མཆོག་སྣོད་གྱུར་སློབ་མ་ལ། །སློབ་དཔོན་མདུན་དུ་སློབ་མ་དེ། །པདྨ་ཟླ་བར་བཞུགས་
བསམས་ལ། །གསང་བའི་དབང་ཕྱིར་གསོལ་བ་གདབ། །གསང་བའི་དབང་བསྐུར་ཆེན་པོ་ལ། །གཙོ་བོ་གསང་བ་བདག་ལ་སྩོལ། །དེ་ལྟར་བརྗོད་རྗེས་སློབ་དཔོན་གྱིས། །ལྷ་ཡི་རྣལ་འབྱོར་དང་ལྡན་པས། །སྔོན་བཞིན་ཆུ་ལ་སོགས་པ་ཡི། །དབང་རྣམས་རྫོགས་ནས་སློབ་དཔོན་
གྱིས། །གསང་བའི་གོ་འཕང་འདི་བརྗོད་དོ། །དམ་ཚིག་ཕྱག་རྒྱ་རབ་གསུངས་པ། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །གང་གི་ལུས་ཀུན་བརྟན་བྱེད་པ། །ས་ཡི་ཕྱག་རྒྱར་རབ་ཏུ་གྲགས། །དེ་སྐད་སློབ་མ་ལ་སྨྲས་ནས། །རང་དང་རིག་མ་ལྷན་ཅིག་ཏུ། །ཡིད་དང་རྗེས་མཐུན་བཟའ་
དང་བཅའ། །བཏུང་བ་ལ་སོགས་རྗེས་སུ་བྱ། །ཁ་ལ་སོགས་པ་ག་པུར་གྱིས། །དྲི་ཞིམ་མཆོག་ཏུ་བསྒོས་པ་དང་། །ཡིད་འཕྲོག་པ་ཡི་དགའ་བ་དང་། །སྒེག་དང་རོལ་སོགས་སྔར་བྱས་ཏེ། །ཀྱེ་མ་གཉེན་མཆོག་སོགས་པ་ཡིས། །ལྷ་མོས་བདག་ལ་བསྐུལ་བ་དང་། །དབང་པོ་གཉིས་
ནི་སྙོམས་འཇུག་བྱ། །དགའ་བའི་བདེ་བ་འབྱུང་བ་དང་། །ནམ་མཁར་གནས་པའི་བདེ་གཤེགས་རྣམས། །བཀྲ་ཤིས་གླུ་ལ་སོགས་པ་ཡིས། །ཡིད་ལ་ཡང་དག་བསྐུལ་བསམས་ཏེ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་
ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །དེ་སྐད་བརྗོད་ནས་ནོར་བུ་དབྱུང་། །མཐེ་བོང་སྲིན་ལག་གཉིས་ཀྱིས་ཁར། །བདེ་གཤེགས་ཞུ་བའི་རང་བཞིན་གྱི། །བྱང་ཆུབ་སེམས་དེ་སློབ་དཔོན་གྱིས། །དྲི་དང་བཅས་པས་སློབ་མར་སྦྱིན། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས། །
བརྗོད་དེ་དགའ་བས་དེ་བཏུང་ངོ་། །ཁམས་གསུམ་ཐབས་དང་ཤེས་རབ་གཅིག །བདེ་ཆེན་གཉིས་མེད་ཡེ་ཤེས་གསལ། །གསལ་བྱས་སློབ་མ་ནུས་ལྡན་འགྱུར། །གསང་བའི་སློབ་དཔོན་དབང་བསྐུར་རོ། །དེ་ནས་ཆོ་གའི་རིམ་པ་འདིས། །རྗེས་གནང་དབང་བསྐུར་སྦྱིན་བྱ་སྟེ། །

རྩ་བའི་དཀྱིལ་འཁོར་ཕྱི་རོལ་དུ། །སྔོན་བཞིན་དཀྱིལ་འཁོར་རྫོགས་བྱས་ཏེ། །དེ་དབུས་སློབ་དཔོན་རང་ཉིད་ནི། །སྒྱུ་འཕྲུལ་ཆེན་པོའི་ཏིང་འཛིན་གནས། །སློབ་མ་བཟང་པོས་སློབ་དཔོན་ལ། །གུས་པས་ཡོན་ཕུལ་མཆོད་བྱས་ལ། །ཕྱག་རྒྱས་དབང་པོ་གཉིས་སྦྱོར་
བས། །དཀྱིལ་འཁོར་གྱི་ནི་འཁོར་ལོ་ཀུན། །སྤྲོ་དང་བསྡུ་བའི་ཚུལ་བསྟན་པ། །དབང་བསྐུར་འདོད་ཕྱིར་གསོལ་བ་གདབ། །རང་བཞིན་སློབ་དཔོན་གོ་འཕང་ཆེ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །དེ་ནི་སེམས་
ཅན་དཔག་མེད་དོན། །བརྟུལ་ཞུགས་མཆོག་ནི་ཁྱོད་དྲིན་གྱིས། །ཇི་ལྟར་འདུལ་བཞིན་བདག་བགྱིད་དོ། །དེ་ལྟར་གསོལ་བ་བཏབ་རྗེས་ལ། །རྡོ་རྗེ་སློབ་དཔོན་དམ་པ་ལ། །སྙོམས་འཇུག་ཏིང་འཛིན་བཏང་ནས་ནི། །སློབ་མ་འདོད་ལྷའི་ངོ་བོར་བསྐྱེད། །རང་ལུས་འཁོར་ལོ་རྣམ་སྤྲོས་ནས།
རྡོ་རྗེ་མཁའ་འགྲོ་ལ་སོགས་པ། །ལག་པའི་ལོ་མས་བུམ་པ་ནི། །བདུད་རྩིའི་ཆུ་དང་བཀྲ་ཤིས་གླུས། །དབང་ནི་བསྐུར་བར་བསམ་པར་བྱ། །རྣམ་རྒྱལ་བུམ་པ་ལ་སོགས་པས། །སྔོན་བཞིན་ཆུ་ལ་སོགས་པ་ནས། །གསང་བའི་དབང་གི་བར་དག་གིས། །ཆོ་ག་རྫོགས་རྗེས་ཤེས་རབ་ལ། །བརྟེན་པའི་
ཡེ་ཤེས་སྦྱིན་བྱ་སྟེ། །སྔོན་བཞིན་སློབ་མ་རང་སྟན་ལ། །བཞག་སྟེ་གུས་བཅས་འདི་བརྗོད་དོ། །མཛེས་པ་འདི་ནི་གཟུང་བ་དང་། །བརྟེན་པར་བདེ་གཤེགས་ཀུན་གྱིས་བརྟག །འདི་ནི་གཟུངས་མ་ཡིད་དགའ་མ། །ཁྱོད་ཀྱིས་རྟག་ཏུ་བརྗོད་པར་བྱ། །དེ་སྐད་སྨྲས་ལ་སློབ་དཔོན་གྱིས། །ཕྱག་
རྒྱ་དམ་པ་བྱིན་བརླབས་ཏེ། །སློབ་མ་དེ་ལ་གཏད་པར་བྱ། །དེས་ནི་དངོས་པོ་ཐམས་ཅད་ཀྱི། །སློབ་དཔོན་ཉིད་དུ་དེ་འགྱུར་རོ། །དེ་ནས་སློབ་མ་སྟན་བདེ་ལ། །ཐབས་དང་ཤེས་རབ་སྙོམས་འཇུག་པའི། །བསམ་གཏན་གནས་དང་ཕྱི་དང་ནང་། །གསང་ལ་སོགས་པས་མཆོད་བྱ་སྟེ། །མཆོད་
པ་གཟུགས་དང་སྒྲ་སོགས་ཀུན། །དམིགས་མེད་སྦྱོར་བ་རང་བཞིན་ནོ། །མཉམ་པ་ཉིད་དུ་མོས་པར་བྱའོ། །དེ་ནས་གསེར་གྱི་ཐུར་མ་ཡིས། །མིག་སྨན་བྱུག་པའི་ཚུལ་དུ་ནི། །མིག་ནི་དབྱེ་བར་བྱ་བའོ། །ཨོཾ་བཛྲ་ནི་ཏྲཱ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་

རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བསྟན་རྗེས་ལ། །ཆོས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་དག་དང་མཚ