Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 25

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
ྲིལ་བུ་བསྣམས་པ་དམིགས་ཏེ། འོག་ཏུ་མཆོད་པར་བྱའོ། །

རྡོ་རྗེ་བཅིང་བས་བཅིངས་ནས་སུ་མཛུབ་མོ་གཉིས་བརྐྱང་ཏེ་བཀུག་ནས་རྩེ་དང་རྩེ་མོར་སྦྱོར་ཏེ་སྙིང་གར་གཞག་པར་བྱའོ། །ཨོཾ་ཨཱཿསྭཱ་ཧཱ་དེ་ནི་སྙིང་པོའི་སྔགས་དང་ཕྱག་རྒྱའོ། །གཡས་ཀྱིས་རྡོ་རྗེ་འདིས་བུམ་པ་ལ་རེག་སྟེ། ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་སངས་རྒྱས་
ལྔའི་བདག་ཉིད་ཀྱི་ས་བོན་ཨོཾ་ཧཱུྃ་ཧྲི་སྭཱ་ཧཱ་ཞེས་ཚོན་ལྔ་ལ་མངོན་པར་བསྔགས་ཏེ་གདབ་པར་བྱའོ། །སེང་གེ་མའི་ས་བོན་ཨོཾ་སྨྼྻུྃ་སྭཱ་ཧཱ་ཞེས་པས་རྡུལ་ཚོན་ལྔ་ལ་བཟླ་བར་བྱའོ། །དེ་ནས་འབྱུང་པོའི་གཏོར་མ་བྱིན་ནས་ས་གཟུང་བའི་དོན་དུ་ཇི་སྙེད་པའི་ཉེ་བར་སྤྱད་པ་ལྔས་མཆོད་པར་བྱས་
ཏེ། དཔུང་པ་ལ་སོགས་པ་གཡས་ཀྱི་མཚམས་ལ་གཞག་པར་བྱའོ། །དཀྱིལ་འཁོར་བྲི་བའི་ལས་ལ་སོགས་པ་བཅོལ་བ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྦྱོར་ཏེ། ཡང་དྲི་ཞིམ་པོའི་ཆུས་བསྐུས་ཏེ་ཐིག་གདབ་པར་བྱའོ། །དེ་དག་ནི་ས་སྲུང་བའི་ཆོ་གའོ། །དེ་ནས་ཐིག་
གདབ་པར་བྱ་བ་ནི། དེ་ལྟར་ཉེ་བར་སྦྱོར་བའི་སྐུད་པ་རྒྱུ་ལྔ་ལས་བྱས་ཏེ་ཚོན་ལྔས་བཙོ་བར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་སའི་དབུས་སུ་ཕྱོགས་མཚམས་བརྒྱད་ལ་ཐིག་ལེ་བྱས་ནས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་བསྐྱེད་དེ་ཐལ་མོའི་ཕྱག་གཉིས་ཀྱིས་ཚོན་ལྔའི་ཐིག་རྣམས་
བཟུང་ནས་མཁའ་འགྲོ་མ་ལྔའི་ས་བོན་གྱིས་སྔགས་གདབ་པར་བྱའོ། །སྔགས་ནི་ཨོཾ་ཨ་ཨ་ཨ་ཨོཾ་ཨཱཿའོ། །སློབ་དཔོན་གྱིས་སྣ་གཅིག་ལ་གཟུང་སྟེ། སློབ་མས་སྣ་ཕར་སྣ་བཟུང་ནས་ཐིག་གདབ་པར་བྱའོ། །དེ་ལ་རིམ་པ་འདི་ལྟ་སྟེ། བདེན་བྲལ་གྱི་མཚམས་ན་སློབ་
དཔོན་བཞུགས་ན་སློབ་མ་དབང་ལྡན་གྱི་མཚམས་ན་གནས་པར་བྱའོ། །ཡང་སློབ་དཔོན་གཡས་སུ་བསྐོར་ནས་འོང་བ་རླུང་གི་མཚམས་ན་བཞུགས་ན། དེ་ཁོ་ན་བཞིན་སློབ་མས་མེའི་མཚམས་སུའོ། །སློབ་དཔོན་ནུབ་ཕྱོགས་སུ་གནས་ན་སློབ་མ་ཤར་ཕྱོགས་སུའོ། །དེ་ནས་སློབ་
དཔོན་ལྷོ་ཕྱོགས་སུ་གནས་ན་སློབ་མ་ཡང་དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སུའོ། །ཕྱི་མ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྲུ་བཞི་པ་ཆ་ལྔ་བྱ་སྟེ། དབུས་ཀྱི་རེའུ་མིག་ནས་རེའུ་མིག་གསུམ་གྱི་ཕྱེད་ཆ་ཡིས་དཀྲི་བར་བྱའོ། །དཀྱིལ་འཁོར་སྙིང་པོ་རེའུ་མིག་དགུ་

པ་ལ་རྡོ་རྗེ་ཀ་བས་བརྒྱན་པར་བྱའོ། །གྲྭ་དང་གྲྭ་ཐམས་ཅད་ལ་རྡོ་རྗེ་རྒྱ་གྲམ་ཁོ་ནས་བརྒྱན་པར་བྱའོ། །འཁོར་རྣམས་ཀྱི་ཆ་ཡིས་སྒོ་རྣམས་ཏེ་གྲྭ་བཞིའོ། །དེའི་ཕྱེད་ཀྱི་ཆ་དེ་ཁོ་ནས་འབྲིང་ངོ་། །འབྲིང་གི་ཕྱེད་ཀྱིས་མུ་ཁྱུད་དོ། །མུ་ཁྱུད་ཀྱི་ཕྱེད་ཀྱིས་
ཚོན་ལྔའི་སའོ། །ནང་གི་ཤར་དང་། བྱང་དང་། ནུབ་དང་། ལྷོའི་རེའུ་མིག་ལ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་རྡུལ་ཚོན་གདབ་པར་བྱའོ། །དབུས་སུ་ནི་སྔོན་པོ་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་ཕྱིའི་རྣལ་འབྱོར་མའི་གདན་ལ་དམར་པོ་
ཆེན་པོའི་མདོག་གོ། །ལྷ་མོ་པུཀྐ་སཱི་ལ་སོགས་པའི་ཕྱི་རོལ་དུ་ར་བ་ལྔས་བསྐོར་བར་བྱའོ། །དེའི་ཕྱི་རོལ་གྱི་ཚོན་ནག་པོའི་གནས་ནམ་མཁའ་སྔོན་པོ་བཞིན་ནོ། །ལྷའི་སྣམ་བུ་ལ་ནི་གསེར་བཙོ་མའི་མདོག་གདབ་པར་བྱའོ། །ཕྱི་རོལ་ན་ཏྭ་ར་ན་བཞི་དང་བཅས་པའོ། །
དེ་ལྟར་གསུངས་པ། གྲུ་བཞི་དང་ནི་སྒོ་བཞི་དང་། །ཏྭ་ར་ན་བཞིས་བརྒྱན་པ་སྟེ། །དྲིལ་བུ་དྲ་འཕྱང་འབར་བ་ཕྲེང་། དྲ་བ་དྲ་ཕྱེད་ལ་སོགས་དཀྲིས། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཡི་ཁྱམས་དང་མཚམས་དག་ལ། །རྡོ་རྗེ་རིན་ཆེན་བཀོད་པ་ནི། །ཕྱི་ཡི་དཀྱིལ་འཁོར་
བརྟག་པ་ཡིན། །ཞེས་སོ། །སྒོ་བཞི་གློ་རུ་བུམ་པའི་སྟེང་ན་ཤར་དང་། བྱང་དང་། ནུབ་དང་། ལྷོ་རུ་རྡུལ་ཚོན་གྱི་སེང་གེ་དང་། རྨ་བྱ་དང་། ངང་པ་དང་། ཆུ་སྲིན་གྱིས་མཚོན་པའི་རྒྱལ་མཚན་བཀོད་པའོ། །དེ་ཁོ་ནའི་རྩ་ན་བུམ་པ་བརྒྱད་བཞག་པའོ། །གྲྭ་བཞི་ལ་ཡང་བུམ་
པ་བཞི་དགོད་པར་བྱའོ། །དེ་འདྲ་བའི་དཀྱིལ་འཁོར་ཁྲུ་གང་ནས་བརྩམས་ནས་ཇི་སྙེད་དུ་སྟོང་གི་བར་དུ་བྲི་བར་བྱའོ། །དཀྱིལ་འཁོར་ལ་ཡང་ཧོམ་ཁུང་བཞིན་དུ་ཚད་དམ་བཅས་པ་གདོན་མི་ཟ་བར་བྱའོ། །དེ་ནས་འཕེན་པའི་ཆོ་ག་གསུངས་ཏེ། །རྡོ་རྗེ་མཁའ་འགྲོ་མའི་ང་རྒྱལ་གྱིས་
ཧཱུྃ་སྒྲ་དང་ལྡན་པར་བྱས་ཏེ། །རྡོ་རྗེ་དང་དྲིལ་བུར་བཅས་པས་བགེགས་རྣམས་བསྐྲད་པར་བྱའོ། །བསྐོར་བའི་ཐབས་དང་། འཕེན་པའི་ཐབས་བྱ་བ་དང་། མཉམ་པའི་ཐབས་དང་། དབྱེ་བའི་ཐབས་དང་། རྐང་གཅིག་པ་དང་། གཡོན་གཅོད་པ་རྣམས་ཀྱིས་ཤར་ཀྱི་སྒོར་གནས་ཏེ།

རྡོ་རྗེ་མཁའ་འགྲོ་མ་བདག་ཅེས་བརྗོད་ནས་སྔགས་འདིས་བགེགས་རྣམས་གཞོམ་པར་བྱའོ། །ཨོཾ་ཧཱུྃ་ཧ་ན་མཱ་ར་ཡ་དུ་ཥྚཱྃ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་ཧྲཱིཿཕཊ་ཅེས་སོ། །དེ་ཁོ་ན་བཞིན་དུ་བྱང་དུ་དྲག་པོའི་མཁའ་འགྲོ་མའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་བཅིང་བ་བཅིངས་ནས། སྙིང་གར་བཞག་
སྟེ། གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། ས་ག་དང་། ཟླུམ་པོའི་སྟབས་ཀྱིས་གནས་ནས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ། །ཨོཾ་ཧཱུྃཿཨཿཕཊ་ཅེས་སོ། །དེ་ནས་ནུབ་ཀྱི་སྒོ་ནས་སྒེག་མོའི་ཕྱག་རྒྱ་བཅིངས་ནས་པུས་མོ་དང་སྦྱར་བ་གཡོན་གྱི་རྐང་པ་བཞག་
ནས་འཁོར་བའི་སེང་གེའི་སྟབས་ཀྱིས་གནས་པས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ། །ཨོཾ་ཧཱུྃ་ཨཱྃ་ཕཊ་ཅེས་སོ། །དེའི་འོག་ཏུ་ལྷོ་རུ་གདོལ་པ་མོའི་ང་རྒྱལ་གྱིས་རྡོ་རྗེ་བཅིངས་པ་སྤྱི་བོར་བཞག་སྟེ་པུས་མོའི་སྟབས་དང་། ཙོག་པུའི་སྟབས་དང་། བསྐོར་བའི་ཐབས་
དང་། བཟློག་པའི་ཐབས་ཀྱིས་གནས་ནས། སྔགས་འདིས་བགེགས་གཞོམ་པར་བྱའོ། །ཨོཾ་ཧཱུྃཿཨྃ་ཕཊ་ཅེས་སོ། །ཡང་གར་གྱི་ཕྱོགས་ལ་གནས་པས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་ཁོ་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། གཡས་བརྐྱང་བ་དང་། འདུག་
པ་དང་། འདུས་པ་དང་། གནས་པས་རྣམ་པ་དུ་མར་ཡི་གེ་ཧཱུྃ་བརྗོད་པར་བྱའོ། །དེ་ནས་ས་སྦྱང་བའི་སྔགས་དང་། ཕྱག་རྒྱ་ཁོ་ནས་ཕུར་བུ་གདབ་པར་བྱའོ། །སྤྱི་བོར་རྡོ་རྗེ་ཐལ་མོ་ཕྱེ་ནས་རྡོ་རྗེ་དྲ་བའི་སྔགས་འདིས་གདབ་པར་བྱའོ། །ཨོཾ་ཧཱུྃ་ཕཊ་ཅེས་སོ། །རྡོ་རྗེ་བཅིང་བ་བཅིངས་ནས་
མཐེའུ་ཆུང་དང་མཐེ་བོང་བསྒྲེང་སྟེ། ཕྱོགས་སུ་བསྐོར་ནས་སྔགས་འདིས་ར་བ་སྨིན་པར་བྱའོ། །ཨོཾ་ཛེ་པ་ནི་ཧཱུྃ་ཕཊ་ཅེས་སོ། །སྔོན་གྱི་བུམ་པ་ཇི་ལྟར་བརྒྱན་པ་བཞག་སྟེ། གཡོན་གྱི་ལག་པ་མཐེའུ་ཆུང་གིས་མཐེ་བོང་མནན་པར་རེག་སྟེ། བུམ་པ་ལ་བརྒྱ་རྩ་བརྒྱད་སྔགས་འདིས་
བཟླ་བར་བྱའོ། །ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ་ཞེས་སོ། །རོལ་མཚོའི་ཆུས་དགང་བའི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཁོ་ན་དང་སྔགས་འོག་ནས་འབྱུང་བ་ཁོ་ནས་བདུད་རྩི་ལྔར་བཅུག་སྟེ། ལན་ཅིག་ཇི་ལྟར་གསུངས་པ་བཞིན་དུ་སྔགས་འདི་བཟླ་བར་བྱའོ། །ཨོཾ་སྲུྃ་ཀྵུྃ་ཧཱུྃ་ཕཊ་

སྭཱ་ཧཱ་ཞེས་སོ། །དེ་དག་ནི་བུམ་པ་ས་བོན་ལ་གནས་པའི་སྔགས་སོ། །དེ་ནས་ཇི་ལྟར་གསུངས་པའི་གོས་དང་རྒྱན་གྱིས་བརྒྱན་ཏེ། བྱམས་པ་ལ་སོགས་པ་དང་ལྡན་ནས་གོ་ཆ་ཁོ་ནས་བསྐོར་བར་བྱས་སོ། །ལག་པ་གཉིས་ནི་རབ་ཕྱེ་སྟེ། །མཐེ་བོ་གཉིས་ཀྱང་དཀྲིས་
བྱས་ནས། །ངང་པའི་གཤོག་པའི་ཚུལ་བྱས་ཏེ། །ཕྱིར་བཟློག་ནས་ནི་སྙིང་གར་གཞག །ཕྱག་རྒྱ་དེ་བཅིངས་ནས་སྔགས་འདིས་གོ་བསྐོན་པར་བྱའོ། །ཨོཾ་ཧཱུྃ་ཧོཿཕཊ་ཅེས་སོ། །འདིར་ཡང་བསྒོམ་པ་བརྩམས་ནས་སོ་སོར་བསྐྱེད་དེ། སྔོན་དུ་ཡན་ལག་བརྒྱད་ལ་བཀོད་པ་བྱས་ནས།
མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། མེ་ཏོག་ཕྲེང་བ་དང་། ཉེ་བར་སྤྱོད་པ་ལྔས་མཆོད་ནས་སྐུ་གསུམ་གྱི་བདག་ཉིད་སྔགས་འདིས་བྱས་སོ། །ཨོཾ་བཛྲ་ཀཱ་ཡ་ཧོ་ཨོཾ་བཛྲ་བཱཀྐ་ཨཱཿཨོཾ་བཛྲ་ཙིཏྟ་ཡ་ཧཱུཾ་ཞེས་སོ། །སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། བཛྲ་ཤུདྡྷཿསརྦ་
དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་པས་སྐུ་གསུམ་རྣམ་པར་དག་པར་བྱ་སྟེ། ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཨོཾ་བཛྲོ་ཧཾ་གིས་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱས་ཏེ། དེ་ནས་དགུག་པར་བྱའོ། །ས་གཙང་མའི་ཡེ་ཤེས་ཀྱི་དཀྱིལ་
འཁོར་ནི་རང་གི་སྙིང་གའི་དཀྱིལ་འཁོར་ལ་བཀུག་ནས་མདུད་དེ་བཅིངས་ནས་དབང་དུ་བྱས་ནས་བསྒྲུབ་པར་བྱའོ། །དེ་ལ་སྔགས་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྤོ་ཊ་བྃ། ཨོཾ་བཛྲ་གྷཎྚེ་ཧོཿ། ཁྲོ་བོ་ལྕགས་ཀྱུ་བཅིངས་བྱས་ཏེ། མཐེའུ་ཆུང་ལ་ཡང་ལྕགས་ཀྱུ་
ཆེ། དཔུང་པར་མདུད་པར་མཛུབ་གཉིས་ནི། །གདུ་བུ་རྒྱབ་སྦྱོར་གཟིར་བར་བྱ། །ཞེས་གསུངས་སོ། །དགུག་པའི་སྔགས་དང་ཕྱག་རྒྱའོ། །དེ་དག་ནི་ཉེ་བར་བསྟན་པའི་སྦྱོར་བ་དང་པོའོ། །དེ་དག་མ་ལུས་པར་བསྐྱེད་ནས་ལྷའི་ང་རྒྱལ་ཅན་རྣལ་འབྱོར་པས་རི་རབ་ཀྱི་རྩེ་མོ་ན་རྣམ་
པར་བསྒོམ་མོ་ཞེས་གསུངས་པ། ཕྱག་རྒྱ་ཀུན་གྱི་ཐོག་མ་རུ། །དམ་ཚིག་ཕྱག་རྒྱ་བཅིང་བར་བྱ། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །གཡོན་པ་སྙིང་གར་བཞག་ནས་སུ། །གཡས་པའི་ཁུ་ཚུར་གཡོན་གྱི་མཆན་ཁུང་དུ་བཅུག་པ་དེ་ནི་དམ་ཚིག་གི་ཕྱག་རྒྱའོ། །

ཇི་ལྟར་ས་བོན་རྡོ་རྗེ་དངོས། །ཞེས་པ་ནི་ཡི་གེ་ཧཱུྃ་ངོ་། །ཕྱག་འཚལ་བསྲེགས་པ་མཐར་གཞག་པའི། །ཞེས་པ་ནི་གོ་སླའོ། །ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་ནི་དམ་ཚིག་གི་སྔགས་དང་ཕྱག་རྒྱའོ། །ནང་གི་དཀྱིལ་འཁོར་རེའུ་མིག་ལྔ་ལ་སེང་གེའི་གདན་ཡོངས་སུ་བརྟག་པར་བྱའོ་ཞེས་གསུངས་པ།
སེང་གེའི་གདན་ནི་ལྔ་དག་གིས། །གདན་ལྔ་རུ་ནི་སྦྱོར་བར་བྱ། །ཞེས་སོ། །གདུགས་དཀར་པོ་ཡིས་བརྒྱན་པ་ཡི། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །ཞེས་པ་ནི་དེ་ལྟ་བུ་ལ་སོགས་པས་མངོན་པར་བརྒྱན་པར་བྱའོ་ཞེས་ཇི་སྙེད་པའོ། །བདག་གི་དབུགས་ལས་བྱུང་ནས་ནི།
དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །ཞེས་པ་ནི་རང་གི་ས་བོན་ལས་བསྐྱེད་པ་སྣ་ནས་ཕྱུང་སྟེ། གདན་ལ་ཡེ་ཤེས་མཁའ་འགྲོ་མ་གཞག་པར་བྱའོ་ཞེས་པའི་དོན་ཏོ། །ཞལ་གསུམ་ཕྱག་ནི་དྲུག་པ་ལ། །ཞེས་པའི་དོན་ནི་གསལ་ལོ། །དེ་ལྟར་ཀུན་དུ་ཡང་ཤེས་པར་བྱའོ། །བདག་གི་
ཆུ་ལས་བྱུང་བ་ཞེས་པ་ནི་ཆུའི་རྩ་ལས་ཞེས་པའོ། །བདག་གི་མེ་ལས་བྱུང་བ་ཞེས་པ་ནི་མེའི་རྩ་ལས་ཞེས་པའོ། །བདག་གི་རླུང་ལས་བྱུང་བ་ཞེས་པ་ནི་རླུང་གི་རྩ་ལས་ཞེས་པའོ། །རང་གི་ས་ལས་བྱུང་བྱ་བ། །ཞེས་པ་ནི། སའི་རྩ་ལས་ཞེས་པའོ། །དེའི་ཕྱི་རོལ་བཞི་པ་ནི། །ཞེས་པ་ནི།
ཕྱི་རོལ་གྱི་མཁའ་འགྲོ་མ་ལ་སོགས་པ་བཞི་ཡང་ནང་གི་སྒོ་བཞི་ལ་གཞག་པར་བྱའོ་ཞེས་པའི་དོན་ཏོ། །དེ་དག་གཟུགས་སོགས་མདུན་ན་ནི། །དམ་ཚིག་ཀྱང་ནི་བསྟན་པར་བྱ། །ཞེས་པ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་མདུན་དུ་དམ་ཚིག་བསྟན་པར་བྱའོ་ཞེས་པ་སྟེ།
ཡེ་ཤེས་མཁའ་འགྲོ་མའི་མདུན་དུ་དེའི་དམ་ཚིག་བསྟན་པར་བྱའོ་ཞེས་པའོ། །ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་སོ། །ས་བོན་དེ་ཉིད་ལ་ལྡན་པ། །ཞེས་པ་ནི། དང་པོ་ཀུན་ལ་ཡང་གོང་ནས་གསུངས་པ་ཁོ་ནས་གཟུང་བར་བྱའོ། །དབྱུག་པ་གློ་རུ་གཞག་ནས་སུ། །ཞེས་པ་ནི་གུག་སྐྱེད་གསུམ་པའོ། །
དེས་སྦྱོར་བ་ནི་འདི་ལྟ་སྟེ། ཨོཾ་ཨ་སྭཱ་ཧཱ། ཨོཾ་ཨཱ་སྭཱ་ཧཱ། ཨོཾ་ཨཱྃ་སྭཱ་ཧཱ་ཞེས་སོ། །གྲྭ་ཡི་ལྷ་མོ་བཞི་ཡི་ནི། ཨོཾ་རྀ་སྭཱ་ཧཱ། ཨོཾ་རཱྀ་སྭཱ་ཧཱ། ཨོཾ་ལྀ་སྭཱ་ཧཱ། ཨོཾ་ལཱྀ་སྭཱ་ཧཱ་ཞེས་སོ། །ནང་གི་སྒོ་སྲུང་མ་ལྷ་མོ་རྣམས་ཀྱིས་ནི། ཨོཾ་ཕུྃ་སྭཱ་ཧཱ། ཨོཾ་ཕེཾ་སྭཱ་ཧཱ། ཨོཾ་ཕྲོཾ་སྭཱ་ཧཱ། ཨོཾ་ཕྲིཾ་སྭཱ་ཧཱ་ཞེས་སོ། །བདུད་

རྩི་ཐིག་ལེར་ཡི་གེ་ཞེས་པ་ནི་ཡི་གེ་སྲུྃ་ངོ་། །དགུ་ཐ་མའི་ས་བོན་བཟུང་ནས་ནི། །ཞེས་པ་ནི་ཡི་གེ་ཡ་དང་པོ་བཟུང་ནས་དགུ་ཐ་མ་ནི་ཡི་གེ་ཀྵའོ། །དང་པོའི་ཚན་ལས་གསུམ་པ་དང་། །ང་རོའི་ཐིག་པ་སྦྱར་བ་ཡི། །ཞེས་པ་ནི་ཡི་གེ་གུྃ་ངོ་། །གཉིས་མིན་གཏོར་མ་གང་
བ་ཡིས། །དེ་དེ་ཉིད་ཀྱིས་མཆོད་པར་བྱ། །ཞེས་པ་ནི་འོག་ནས་འབྱུང་བ་གསུངས་ཏེ། བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དང་། བཟའ་བཏུང་ལ་སོགས་པ་དང་ལྡན་པར་འབྱུང་པོའི་གཏོར་མ་སྦྱིན་པར་བྱའོ། །པདྨོ་བསྐོར་བས་བསྐོར་བྱ་ཞིང་། །གཡས་སུ་པདྨ་བསམ་པར་བྱ། །གཡོན་པ་རྡོ་རྗེ་
བསྒྲེང་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ། །ཞེས་པ་ནི་ལག་པ་གཡས་པ་ལ་པདྨའི་བྷནྡྷ་བསམ་སྟེ། གཡོན་པས་རྡོ་རྗེ་བསྒོམས་ནས་ལན་གསུམ་གྱིས་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ་ཞེས་བརྗོད་ནས་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །མཆོད་པའི་ཁྱད་པར་བྱེད་པ་ལ་གསུངས་པ། ཡེ་ཤེས་
ཅན་གྱིས་འཇིག་རྟེན་པའི། །ཕྱི་ཡི་དཀྱིལ་འཁོར་བཏགས་པ་ཡིན། །ཞེས་གསུངས་ཏེ། དོན་དེ་ལྟར་འགྱུར་བར་གསུངས་ཏེ། ཤིན་ཏུ་རྣམ་པར་བཟླས་པའི་མཆོད་པ་རྣམས་འོས་པ་ཉིད་ཀྱི་ཕྱིར་ན། འཇིག་རྟེན་ལས་འདས་པའི་ལྷ་མོ་དགོད་པར་བྱ་སྟེ། དེའི་དེ་མ་ཐག་ཏུ་ཁོ་ན་ཡང་
འཇིག་རྟེན་ལ་སོགས་པའི་ལྷ་མོ་རྣམས་ཕྱིའི་དཀྱིལ་འཁོར་ལ་བཀོད་པར་བྱའོ་ཞེས་པའོ། །དེ་ལ་བཀོད་པའི་རིམ་པ་ནི་འདི་ལྟ་སྟེ། ནང་གི་དཀྱིལ་འཁོར་གྱི་རྡོ་རྗེ་ཕྲེང་པའི་ཕྱི་རོལ་ཤར་ཕྱོགས་སུ་པུཀྐ་སཱི་དང་། ཁྲོ་གཉེར་མ་དང་། གཏུམ་མོ་རྣམས་བདུད་རྩིའི་ཆུའི་སྣོད་ཕྱག་གིས་འཛིན་
པ་དམར་པོ་དང་། སེར་པོ་དང་། ནག་པོའི་སྐུ་མདོག་ཏུ་དགོད་དོ། །བྱང་ན་དྲག་མོ་དང་། ཁྲག་འཐུང་མ་དང་། ཤ་ཟ་མ་རྣམ་པ་གསུམ་ལྕགས་ཀྱུ་ལྔ་ལ་སོགས་པས་གང་བའི་སྣོད་ཕྱག་གིས་འཛིན་པ་སེར་པོ་དང་། དཀར་པོ་དང་། དམར་པོའི་སྐུ་མདོག་གོ། །ནུབ་ཏུ་ཁྲོ་མོ་དང་། འབར་
མ་དང་། འཇིགས་བྱེད་མ་རྣམས་གཏོར་མའི་སྣོད་ཕྱག་གིས་འཛིན་པ་དམར་པོ་དང་། སེར་པོ་དང་། ནག་པོའི་སྐུ་མདོག་གོ། །ལྷོར་ཐོད་ཕྲེང་མ་དང་རྡོ་རྗེ་མ་དང་། བུམ་པ་རྣམས་བཟའ་བ་དང་། བཏུང་བ་ལ་སོགས་པའི་སྣོད་འཛིན་པ། ནག་པོ་དང་། དམར་པོ་དང་། དཀར་པོའི་སྐུ་

མདོག་གོ། །དབང་ལྡན་ན་སྒེག་མོ་དང་དྲི་ཆབ་མ་སྟེ་དཀར་པོ་དང་། སེར་པོའི་མདོག་གོ། །མེའི་མཚམས་ན་པི་ཝང་མ་འཁྲུགས་ཤིང་འབར་བ། སྐྲ་སིལ་བུར་བཏང་བ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། སྣ་ཚོགས་ཀྱི་ན་བཟའ་དང་། རྒྱན་གྱིས་ཀླུབས་པ། དབང་པོའི་སྐྱིལ་
མོ་ཀྲུང་གིས་གནས་པའོ། །དེའི་ཕྱི་རོལ་དུ་འཁོར་བའི་ས་ལ་ཕྱི་ན་འབྱུང་པོའི་གཏོར་མའི་སྔགས་ཀྱི་རིམ་པས་ཕྱོགས་བརྒྱད་ལ་ཡོངས་སུ་བརྟགས་པའི་དུར་ཁྲོད་བརྒྱད་ལ་ནག་པོ་དྲག་པོ་ལ་སོགས་པའི་དུར་ཁྲོད་ཀྱི་བདག་པོ་རྣམས་དགོད་པར་བྱའོ། །དེ་ལ་རིམ་པ་ནི་འདི་ལྟ་
སྟེ། ཤར་དུ་ནག་པོ་དྲག་པོའོ། །བྱང་དུ་དྲག་ཆེན་པོའོ། །ནུབ་ཏུ་ལྷ་སྦྱིན་ནོ། །ལྷོར་ནག་པོའོ། །དབང་ལྡན་ན་གཙིགས་བྱེད་དོ། །མེའི་མཚམས་ན་འཇིགས་བྱེད་དོ། །བདེན་བྲལ་ན་དགའ་བ་ལས་འདས་སོ། །རླུང་གི་མཚམས་ན་བགེགས་ཀྱི་རྒྱལ་པོའོ། །དེ་དག་ཐམས་
ཅད་ཀྱང་མིག་གསུམ་པ་ལག་པ་བཞི་པ། ཇི་ལྟར་གསུངས་པའི་ལག་ཆ་དང་། གོས་དང་རྒྱན་གྱིས་བརྒྱན་པ་ནག་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོའི་གཟུགས་ཀྱི་མདོག་གོ། །དབང་ལྡན་ལ་སོགས་པའི་གྲྭ་བཞི་ལ་གནས་པ་ནི། དཀར་སེར་དང་། དཀར་ནག་
དང་། དམར་ནག་དང་། སེར་དམར་གྱི་གཟུགས་ཀྱི་མདོག་གོ། །དེ་དག་གི་འཁོར་གསུངས་པ། རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མས་བསྟོད། །ཅེས་པ་སྟེ་ནག་པོ་དྲག་པོའི་མདུན་དུ་རྒན་བྱེད་མ་དང་། གཡོན་དུ་དྲག་མོ་དང་། རྒྱབ་ཏུ་འཇིགས་བྱེད་མ་
དང་། གཡས་སུ་ཨུ་མའོ། །བསྟོད་ཅེས་པ་ནི། ལྷ་མོ་དེ་དག་མཁའ་འགྲོ་མ་ལ་སོགས་པའི་མདོག་སྟེ། ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་ལག་པ་བྲེལ་བ། ཉེ་བར་སྤྱད་པ་ལྔ་ཡིས་ཡང་དག་པར་མཆོད་པའོ། །དེ་བཞིན་དུ་བྱང་དུ་ཡང་། རྒྱལ་མོ་རྣམ་པར་རྒྱལ་མོ་དང་། ཐུབ་
མེད་གཞན་གྱིས་མི་ཐུབ་མ། །ཞེས་པ་སྟེ་དྲག་ཆེན་པོའི་འཁོར་རྣམས་མར་མེ་ལ་སོགས་པའི་སྐུ་མདོག་དང་མཐུན་ནོ། །དེ་བཞིན་དུ་ནུབ་ཏུ་ཡང་། ནག་མོ་བཟང་མོ་ནག་ཆེན་མོ། །ནག་དྲག་མོ་དང་རྣལ་འབྱོར་མ། །ཞེས་པ་སྟེ་ལྷ་སྦྱིན་གྱི་བྱན་མོ་བཞི་པ་ནི་འཇིགས་བྱེད་མ་ལ་སོགས་

པའི་མདོག་གོ། །དེ་བཞིན་དུ་ལྷོ་ན་ཡང་། དབང་བྱེད་མ་དང་ཟླ་བ་མོ། །དྲག་མོ་སྡང་པ་ལམ་པ་ནི། །ཞེས་པ་སྟེ་ནག་མོའི་ལྷ་མོ་སྟེ། འཕྲོག་བྱེད་མ་ལ་སོགས་པའི་མདོག་གོ། །དབང་ལྡན་ན་ནི། འཕྲོག་བྱེད་མ་དང་མེ་མར་མ། །འཇིགས་བྱེད་ཡུལ་གནས་རྣལ་
འབྱོར་མ། །ཞེས་པ་སྟེ་གཙིགས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཏེ། རྒན་བྱེད་མ་ལ་སོགས་པའི་མདོག་གོ། །མེ་མཚམས་ན། དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་མ་ཐོད་ཅན་མ། །ཞེས་པ་སྟེ་འཇིགས་བྱེད་ཀྱི་མཁའ་འགྲོ་མ་སྟེ། དབང་བྱེད་མ་ལ་སོགས་
པའི་མདོག་གོ། །བདེན་བྲལ་ན། ཐོད་ཕྲེང་ཕྲེང་བ་ཁ་ཊྭཱཾ་མ། །སྦྲུལ་ཆེན་ཞེས་པ་སྟེ། དགའ་བ་ལས་འདས་ཀྱི་བྱན་མོ་སྟེ། ནག་མོ་བཟང་མོ་ལ་སོགས་པའི་མདོག་གོ། །རླུང་གི་མཚམས་ན་རལ་གྲི་སྐྲ་ཅན་དང་། རྡོ་རྗེ་དེ་བཞིན་གཞུ་ལག་དང་། །ཞེས་པ་སྟེ་བགེགས་རྒྱལ་གྱི་བྱན་མོ་རྣམས་ཏེ། རྒྱལ་མོ་ལ་སོགས་
པའི་མདོག་གོ། །དེ་ནས་ཤར་གྱི་སྒོ་ན་ཁྱབ་འཇུག་སྟེ། དབྱུག་ཏོ་འཛིན་པའོ། །བྱང་ན་ཚངས་པ་སྟེ་སྦྲང་ཡབ་འཛིན་པའོ། །ནུབ་ན་འཛིན་པ་སྟེ། མཚན་ཉིད་ཀྱི་སྒྲ་བརྗོད་པ་ལ་བརྩོན་པའོ། །ལྷོ་ལ་བརྒྱ་བྱིན་ཏེ་གདུགས་འཛིན་པའོ། །དེ་བཞིན་དུ་ལྷོའི་སྣམ་བུའི་གྲྭ་ལ་དབང་ལྡན་གྱི་མཚམས་
ན་དབང་ལྡན་ནོ། །མེ་མཚམས་ན་ནོར་ལྷ་ཀུ་བེ་རའོ། །བདེན་བྲལ་ན་འབྱུང་པོའི་བདག་པོའོ། །རླུང་གི་མཚམས་ན་རླུང་གི་བདག་པོ་ཞེས་པའོ། །དེ་དག་ཀྱང་བུ་དང་བུད་མེད་འཁོར་དང་བཅས་པ། མདོག་དང་ལག་ཆ་དང་ལྡན་པ་རིམ་པར་བྲིའོ་ཞེས་ཤེས་པར་བྱའོ། །དེའི་ཚོམ་བུའི་གློ་ལ་ཤར་
ཕྱོགས་ན་ཀེང་རུས་འཇིགས་བྱེད་དང་། ཁྭ་དང་། སྲིན་པོ་དང་། ཚོགས་ཀྱི་དབང་ཕྱུག་དང་། དྲིལ་སྣའོ། །དེ་དག་མཁའ་འགྲོ་མ་ལ་སོགས་པའི་མདོག་གོ། །དེ་བཞིན་དུ་བྱང་ཕྱོགས་ན་གཏུམ་མོའི་དབང་ཕྱུག་དང་། བདུན་པའི་ལྷ་དང་། ཚ་བའི་དབང་ཕྱུག་དང་། ཧཱུྃ་སྒྲ་འཇིགས་བྱེད་དོ། །དེ་
དག་ནི་མར་མེ་ལ་སོགས་པའི་མདོག་གོ། །དེ་བཞིན་དུ་ནུབ་ཕྱོགས་ན་འདོད་པའི་དྲག་པོ་དང་། ཐ་འདེལ་དབང་ཕྱུག་དང་། ཅང་ཏེའུ་ཕྱི་གཞག་དང་། རྔ་ཆེན་འཇིགས་བྱེད་དོ། །དེ་དག་ནི་འཇིགས་བྱེད་མ་ལ་སོགས་པའི་མདོག་གོ། །དེ་བཞིན་དུ་ལྷོ་ཕྱོགས་ན་པི་ཝང་དབང་ཕྱུག་དང་། ང་རོ་

ཆེན་པོ་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་པའོ། །དེ་དག་ནི་འཕྲོག་བྱེད་མ་ལ་སོགས་པའི་མདོག་གོ། །དེ་དག་ཀྱང་ཕྱག་བཞི་པ་ཁ་ཊྭཱཾ་ག་དང་། བྷནྡྷ་དང་། ལྷ་མོ་འཁྱུད་པ་དང་། ཏྲི་ཤཱུ་ལ་འཛིན་པ་དང་། སྤྱན་གསུམ་པ་དང་། སྟག་ལྤགས་ཀྱིས་སྨད་གཡོགས་པ་
དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐོད་ཕྲེང་གིས་བཅིངས་པ་རྣམས་སོ། །དེའི་ཕྱི་རོལ་ནང་གི་མུ་ཁྱུད་ཀྱི་ས་ལ་འབྱུང་པོ་དང་། ཤ་ཟ་ལ་སོགས་པ་རོལ་ཅིང་རོལ་པར་བྱེད་པར་དེའི་འཁོར་རྣམས་ཤེས་པར་བྱའོ་ཞེས་པའོ། །དྲག་པོ་ནག་པོ་དང་། ཀེང་རུས་འཇིགས་བྱེད་
ལ་སོགས་པའི་རང་རང་གི་མིང་གི་དང་པོ་ཡིག་འབྲུ་ཁོ་ནས་ཆོས་ཀྱི་ཡི་གེའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །སྡིགས་མཛུབ་དབུ་མ་བརྐྱང་པར་བྱ། །དབུ་མའི་ཚིག་གསུམ་ལ་སྡིགས་མཛུབ་ལྕགས་ཀྱུའི་ཚུལ་གྱིས་སྦྱོར། །ཨོཾ་ཨཱ་ཀཱཪྵ་ཡ་ཧཱུྃ་ཕཊ་ཅེས་སོ། །འཇིགས་པའི་ལྷ་
རྣམས་དགུག་པའི་ཕྱག་རྒྱ་དང་སྔགས་སོ། །གང་ནས་གསུངས་པའི་བདུད་རྩི་འོད་ཟེར་ཀྱི་ཕྱག་རྒྱ་དང་། སྔགས་ཁོ་ན་པུཀྐ་སཱི་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ། །སྙིམ་པའི་ཐལ་མོ་བྱས་ནས་དེ་ཁོ་ན་གཡས་སུ་གཡོ་བར་འཛིན་པའོ། །ཨོཾ་གྷྲྃ་སྭཱ་ཧཱ་ཞེས་པ་
དྲག་མོ་ལ་སོགས་པའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། །རྒྱབ་དང་རྒྱབ་གཉིས་སྦྱར་བར་བྱ། །སོ་སོར་རེ་རེ་ནི་སོར་མོའི་རྩེ་མོ་དཀྲི་བར་བྱའོ། །ཨོཾ་བེ་ཏཱ་ལཱི་ཧཱུྃ་ཞེས་པ་ནི་དྲག་མོ་ལ་སོགས་པ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྟ་ཟུར་གཉིས་སུ་གཞག་པར་
བྱ། ཨོཾ་ཧཱུྃ་སྭཱ་ཧཱ། སྒེག་མོའིའོ། །གཡོན་པའི་ལག་པ་ཕྱེ་ནས་སུ། །མཐེ་བོ་སྲིན་ལག་བསྒྲེང་བར་བྱ། །གཡས་པ་ཡིས་ནི་བཟུང་ནས་སུ། །དུང་གི་ཕྱག་རྒྱ་དྲི་སྦྱིན་ནོ། །ཨོཾ་དྷཱུ་པ་པྲྀ་གནྡྷེ་ཧཱུྃ་དྲི་ཆབ་མའིའོ། །པི་ཝང་གིས་ནི་པི་ཝང་སྟེ། ཨོཾ་ཧཱུྃ་ཧོ་སྭཱ་ཧཱ་པི་ཝང་མའིའོ། །སྙིམ་པ་གཉིས་
ཀྱི་ཐལ་མོ་ནི། བསྐོར་ཞིང་གྱེན་དུ་གཏོར་བར་བྱ། །ཨོཾ་སྲཾ་སྭཱ་ཧཱ། གཏོར་མའིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཛུབ་མོ་བསྒྲེངས་ནས་ཁ་ལ་བསྒུལ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། དབྱངས་མཁན་མའིའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཁྲིག་མ་གཡོན་པས་གཟུང་བར་བྱའོ། །

ཨོཾ་ཨི་སྭཱ་ཧཱ། སྤོས་མེའིའོ། །གཡས་ཀྱི་སྟ་ཟུར་གྱི་ཕྱོགས་སུ་ལག་པ་འགྱིང་བག་གིས་བཏང་ནས་གཡས་པ་དཔུང་པ་ལ་ཡང་བསྒྲེངས་ནས། ཨོཾ་སྲུ་ནྲི་ཏྲ་སྭཱ་ཧཱ། གར་མཁན་མའིའོ། །ཐལ་མོ་སྦྱར་ནས་སྤྱི་བོར་གཞག་སྟེ། ཨོཾ་ཀྵུྃ་སྭཱ་ཧཱ། མར་མེ་མའིའོ། །
རྡོ་རྗེ་ཁུ་ཚུར་གཡས་བཅིངས་ཏེ། སྡིགས་མཛུབ་དབུ་མ་བསྒྲེངས་ནས་སུ། །དཔྲལ་བ་ལ་ནི་རེག་པར་བྱ། །ཨོཾ་མུ་མུ་ཧཱུྃ་སྭཱ་ཧཱ། དབང་ལྡན་གྱིའོ། །རྡོ་རྗེ་བཅིངས་ནས་སྡིགས་མཛུབ་གཉིས་བསྒྲེངས་ལ་རིན་ཆེན་གྱི་ཚུལ་དུ་སྦྱར་བར་བྱའོ། །ཨོཾ་ད་ན་གྷྃ་ཧཱུྃ་སྭཱ་ཧཱ། ནོར་གྱི་ལྷའིའོ། །གཡས་
པ་རྡོ་རྗེ་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་བསྒྲེང་བར་བྱའོ། །ཨོཾ་ཁྲ་ཏེ་ནི་ཧཱུྃ་ཕཊ་སྭཱ་ཧཱ། འབྱུང་པོའི་བདག་པོའོ། །གཡས་པ་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་ཤིན་ཏུ་བརྐྱང་བར་བྱའོ། །ཨོཾ་བྷུར་བྷུ་བཿསྭཱ་ཧཱ། ཀླུའི་རྒྱལ་པོའིའོ། །རྡོ་རྗེ་ཁུ་ཚུར་ཡར་བསྒྲེངས་ནས། ཨོཾ་ཁྲེས་སྭཱ་ཧཱ།
ཁྱབ་འཇུག་གིའོ། །གཡས་པ་འཕན་གསུམ་གྱི་ཕྱག་རྒྱ་ཡར་བསྒྲེངས་ནས། ཨོཾ་ཧཱུྃ་སྭཱ་ཧཱ། དྲག་པོའིའོ། །གཡས་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྐུར་བར་བྱ་སྟེ། ཨོཾ་ཨོཾ་སྭཱ་ཧཱ་ཚངས་པའིའོ། །ལག་པ་གཡས་ཕྱེ་ནས་ཁ་མར་སྦུབ་པར་བྱ་སྟེ། གཡོན་པའི་ཁུ་ཚུར་ལས་ཁྲོ་བོ་སོར་མོ་བསྒྲེངས་
ནས་གདུགས་ཀྱི་ཚུལ་གྱིས་དཀྱིལ་དུ་རིག་པར་བྱའོ། །ཨོཾ་ཨྃ་མུ་མུ་སྭཱ་ཧཱ། བརྒྱ་བྱིན་གྱིའོ། །ལག་པ་ཏྲི་ཤཱུ་ལ་དམ་ཚིག་གི་ཕྱག་རྒྱའི་སྔགས་ཁོ་ན་ནག་པོ་དྲག་པོ་ལ་སོགས་པ་དང་། ཀེང་རུས་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་སྤྱིའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ལྷ་རྣམས་
བཀོད་པའི་དེ་མ་ཐག་ཏུ་མཆོད་པ་ཉི་ཤུ་པས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་མཆོད་པར་བྱའོ་ཞེས་གསུངས་པའོ། །དེ་ནས་མཆོད་པ་ཉི་ཤུ་པས། མཁས་པ་ཡིས་ནི་མཆོད་པར་བྱ། །ཞེས་པ་ལ་སོགས་པ་སྟེ། སྒེག་མོའི་ཕྱག་རྒྱ་བཅིངས་ནས་ཡི་གེ་ཧཱུྃ་གི་དབྱངས་བླངས་
པས། ཡི་གེ་ཧཱུྃ་གི་སྒྲས་གང་སྟེ། མཉེས་པ་ཆེན་པོ་འདིས་བྱའོ། །ཧཱུྃ་ཧཱུྃ་ཧཱུྃ་གྷུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་གྷོཾ། ཨོཾ་གོ། །ཨོཾ་གྷོ་ཧཱུྃ། ག་ཏྲུྃ་ག་ཏྲུྃ། ག་ཏྲུྃ་ཧཱུྃ་སྭཱ་ཧཱ་ཞེས་སོ། །དེ་ནས་རྡོ་རྗེ་དེ་བཞིན་ཉིད་ཀྱིས་བཟུང་ནས། དྲིལ་བུའི་ཆོས་ཀྱིས་དེ་རྣམས་བརྗོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །

རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །མཐེའུ་ཆུང་གཉིས་ནི་དཀྲིས་བྱས་ནས། །བག་ཙམ་འགུལ་བར་བྱེད་པ་ཡིན། །ཨོཾ་བཛྲ་གྷཎྚ་ཧོ། །ཨོཾ་བཛྲ་ཏ་ར་མེ། ཨོཾ་བཛྲ་གྷཎྚེ་ར་ཎི་ཏ་པྲ་ར་ཎི་ཏ་སརྦ་བུདྡྷ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་སྭ་བྷཱ་ཝེ་བཛྲ་སརྦ་ཧྲྀ་ད་ཡ་ཨ་བ་ཏོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ་ཞེས་སོ། །རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་
དོ། །དེ་ནས་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། སེམས་དཔའ་ཆེན་པོ་དང་པོའི་མཆོག །ཅེས་པ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ། །དེའི་འོག་ཏུ་ཡང་། ཧཱུྃ་ཧཱུྃ་ཧཱུྃ། འཁོར་བ་ལས་བསྒྲལ་སྐུ་འཛིན་པ། །ཕན་ཚུན་འཁྱུད་པའི་སྦྱོར་འཆང་བ། །ཀྱེ་རྡོ་རྗེ་ཁྱོད་
ཧཱུྃ་ལ་ལ་ཧཱུྃ་ཧཱུྃ་ལ་ལ་ལོ་གཅིག་ཧཱུྃཿ ལྷ་མིས་ཕྱག་འཚལ་ཞབས་ཀྱིས་མཆོད། །དྲི་མེད་མེ་ཏོག་དགའ་འཆང་བ། །ཀྱེ་རྡོ་རྗེ་ཁྱོད་ལ་ལ་ཧཱུྃ་ལ་ལ་ཧཱུྃ་ལ་ལ་ལོ་གཅིག་ཧཱུྃ། དངོས་པོ་དང་བྲལ་བསྙེན་མཛད་པ། །གསང་བ་ལས་གསང་ཆེན་པོ་འདི། །རོལ་ཅིག་རོལ་ཅིག་རྡོ་རྗེ་ཁྱོད། །གསང་
བར་གཟིར་བ་ཁྱོད་ཀྱི་དོན། །བདུད་རྩི་མཐའ་ཡས་གསོལ་མཛད་པ་ཧཱུྃ། སེམས་ཅན་རྣམ་པར་བསམ་མཛད་འདི། །འཁོར་བ་འདི་ལས་རྣམ་བརྒལ་བ། །མཆོག་འགྱུར་གང་དེ་ཕྱག་འཚལ་ལོ། །ཀླུ་དབང་མཆོག་གིས་དབུ་བརྒྱན་པ། །རི་བོང་འཛིན་དཀར་བརྒྱན་པའི་སྐུ། །གྲངས་
མེད་སྣ་ཚོགས་མཛེས་པའི་གཟུགས། །སངས་རྒྱས་རྡོ་རྗེ་མ་ཕྱག་འཚལ། །གསེར་གྱི་མདོག་ཅན་སྐུ་ཡི་མཆོག །ཤིན་ཏུ་དྲག་པོའི་སྦྲུལ་གྱིས་བརྒྱན། །ཐོད་པ་གསར་པར་ཁྲག་འཐུང་པ། །བརྒྱན་ཅིང་བྱང་གི་ལྷ་མོའི་ཞབས། །མཱ་ར་ཀ་ཏ་དམར་ཞིང་མཛེས། །སྒྲ་སོགས་ཧཱུྃ་
མཛད་ང་རོ་འཇིགས། །དྲག་པོའི་དབྱུག་པ་ཐོད་པ་འཛིན། །ནུབ་ཀྱི་ལྷ་མོའི་ཞབས་ཕྱག་འཚལ། །མཛེས་པའི་སྔོན་པོའི་རྣམ་བཀོད་མཛོད། །ལྷ་ཆེན་ཁྱབ་འཇུག་མགོ་བླའི་ཞབས། །བདུད་རྣམས་འཇོམས་པའི་ཁྲོ་འཛིན་པ། །ཕྱག་འཚལ་ཧཱུྃ་མཛད་ལྷ་ཆེན་མོ། །དེ་དག་ལ་སོགས་པ་རྣམ་པ་སྣ་
ཚོགས་རྡོ་རྗེ་དབྱངས་ཀྱིས་བསྟོད་པ་མཛད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་གར་གཞག་ནས། ཨོཾ་ཤུདྡྷ་དྷ་ར་མེ་ཧཱུྃ། ཨ་ཨ་ཨ་ཨ་སྭཱ་ཧཱ་ཞེས་སོ། །ལྷའི་ང་རྒྱལ་བྱེད་པ་བརྟན་པོར་བྱས་ནས། ཕྱིའི་གཏོར་མ་སྦྱིན་པར་བྱའོ། །དེ་ལ་རེ་ཞིག་བརྒྱ་བྱིན་ལ་སོགས་པའི་

འཁོར་ལ་གཏོར་མ་སྦྱིན་པ་ནི། ཇི་ལྟར་གསུངས་པའི་གོས་དང་རྒྱན་གྱིས་བརྒྱན་ནས། རྡོ་རྗེ་དྲིལ་བུ་དང་ལྡན་པས་རྐང་པ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་། གཡོན་པ་རབ་ཏུ་བརྐྱང་ནས་རོལ་པའི་སྐྱིལ་མོ་ཀྲུང་ལ་གནས་ཏེ། དྲིའི་དཀྱིལ་འཁོར་གྲུ་བཞི་པ་བྱས་
ཏེ། མེ་ཏོག་དཀར་པོ་ལ་སོགས་པས་མཆོད་ནས། དྲི་ཞིམ་པོའི་སཱ་ལུ་འབྲས་ཆན་དང་། ཞོ་དང་། འདམ་བུ་ཀ་ར་དང་། སྦྲང་རྩི་དང་། མར་དང་ལྡན་པ་ཤར་གྱི་སྒོ་རུ་གཏོར་མའི་ཟས་ཕུལ་ཏེ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ནས་ལྷ་རྣམས་སྔགས་འདིས་དགུག་པར་བྱའོ། །
ཨོཾ་བ་ཏ་ལི་མ་ཧཱ་པ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ་ཞེས་སོ། །ཨོཾ་རྒྱུད་མ་དང་ནི་རྒྱུད་ཆེན་མོ། །ཉིན་དང་ཟླ་བ་རྔ་གྲུབ་བཞིན། །རྟ་རྒྱལ་མོ་དང་ཟླ་རྒྱལ་མོ། །ལྷ་མོ་ཨུ་མ་གངྒཱ་དང་། །གཟུགས་མཛེས་སྐར་མ་འདུས་པ་དང་། །གཟའ་ཚོགས་ཀུན་དང་ཚོགས་ཀྱི་གཙོ། །ཀརྟི་ཀ་དང་དཔལ་ལྡན་
མ། །ལྷ་མོ་རི་བོང་འཛིན་ཅན་མ། །ཨ་ག་ལ་དང་ཨུ་པ་གལ། །ལྷ་མིན་ལྷ་ཡི་རྒྱལ་པོ་རྣམས། །པུཀྐ་སཱི་དང་པུས་ཀིས་ཆེ། །ཧཱུྃ་ཧེ་ཧོ་ཨཱ་ཀཱཪྵ་ཡ་ཨཱ་ཀཱཪྵ་ཡ་ས་མ་ཡ་དེ་བཱི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿསྭཱ་ཧཱ། ཞེས་དགུག་པའི་ཕྱག་རྒྱ་དང་སྔགས་སོ། །དགུག་པའི་ཕྱག་རྒྱ་ཉིད་ལ་སྡིགས་
མཛུབ་གཉིས་དཀྲིས་ཏེ། ཨོཾ་བྷཀྵ་ས་མ་ཡ་ཏིཥྛ་ཛུཾ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་སོ། །ཚིམ་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ། །སེ་གོལ་གསུམ་བརྡབས་ནས་གཏང་བར་བྱའོ། །དེ་དག་ནི་ལྷའི་གཏོར་མའི་ཆོ་གའོ། །གང་མ་གསུངས་པའི་རིམ་པ་ཁོ་ནས་རྣམ་པར་བཀོད་པའི་དཀྱིལ་འཁོར་
ལ། འོ་མ་ལ་སོགས་པས་ལྷ་བཤོས་བྱས་ཏེ་དབུལ་བར་བྱའོ། །མངར་གསུམ་དང་། ཁྲག་གིས་བསྲེས་པའི་འོ་མ་དང་། འོ་མས་བཀང་བའི་གསེར་གྱི་སྣོད་ལ་སོགས་པ་གཞག་པར་བྱའོ། །གོང་མའི་སྔགས་དང་ཕྱག་རྒྱ་དེ་ཁོ་ནས་དགུག་སྟེ། ཀླུའི་རྒྱལ་པོ་མཐའ་ཡས་
དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་རྣམས། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་བེ་ཅོན་དང་། །བེ་ཅོན་ཆེན་པོ་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་

དང་། དཔལ་གྱི་འོད་དང་འོད་ཆེན་པོ། །རྗེས་སུ་འདོད་དང་མཛེས་པ་དང་། །མཛེས་ཆེན་པོ་དང་སྦྲུལ་བཟང་དང་། །སྟོབས་པོ་ཆེ་དང་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམ་དག་ནི། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་གཱ་དྷི་པ་ཏི་སརྦེ་བྷུར་བྷུ་བཿཕྲུཾ་ཕུ་སྭཱ་ཧཱ། དགུག་པའི་སྔགས་དང་ཕྱག་རྒྱའོ། །
རྡོ་རྗེ་ལྕགས་ཀྱུ་དམ་བཅིངས་ཏེ། །མཐེ་བོང་མཐེའུ་ཆུང་བསྒྲེང་བར་བྱ། །ལག་པ་གཡས་ནི་རབ་ཕྱེ་སྟེ། །སྦྱོར་གྱིས་གདུགས་ཀྱི་ཚུལ་དུ་སྦྱོར། །ཞེས་པའི་ཕྱག་རྒྱ་དེ་དང་། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཛུཾ་ཧཱུཾ་ཕཊ་སྭཱ་ཧཱ་བྱ་བའི་སྔགས་ཀྱིས་ཀླུ་རྣམས་དགའ་བར་བྱ་སྟེ།
གོང་མ་བཞིན་དུ་གཏོར་བར་བྱའོ། །དེ་དག་ནི་ཀླུའི་གཏོར་མའི་ཆོ་གའོ། །དེ་ནས་ནུབ་ཏུ་ཁ་བལྟས་ནས་ཟླུམ་པོའི་སྟང་སྟབས་ལ་གནས་ཏེ། ཙནྡན་དམར་པོ་ལ་སོགས་པས་དཀྱིལ་འཁོར་ཟུར་གསུམ་བྱས་ནས། མེ་ཏོག་དམར་པོ་ལ་སོགས་པས་ཉེ་བར་བརྒྱན་ནས། གོང་མ་བཞིན་
དུ་ཞོ་དང་སྦྲང་རྩི་དང་ལྡན་པའི་སཱ་ལུ་ཅན་བདུད་རྩི་ལྔ་དང་ལྡན་པ་བྱས་ཏེ། མདུན་དུ་སྣོད་བཞག་ནས་གོང་མ་བཞིན་དུ་ཊཀྐི་རཱ་ཛའི་ཕྱག་རྒྱ་དང་སྔགས་འདིས་དགུག་པར་བྱའོ། །ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀ་ལི་མཱ་ལི་ན་ཡེ་སྭཱ་ཧཱ།
ཨོཾ་ཛི་བི་ཀུཎྜ་ལི་ནེ་སྭཱ་ཧཱ། ཨོཾ་མུ་ཁེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཙ་རེནྡྲཱ་ཡ་སྭཱ་ཧཱ། ནོར་བུ་བཟང་དང་གང་བ་བཟང་། །ནོར་སྦྱིན་བདག་དང་རྣམ་ཐོས་སྲས། །རྒྱལ་བ་བཟང་པོ་རོལ་པའི་ཕྲེང་། །བཞིན་གྱི་དབང་པོ་འགྲོ་བའི་དབང་། །དེ་དག་ལ་སོགས་འཁོར་དང་བཅས། །ཨོཾ་ཨེ་ཧོ་ཨཱ་ཀཱཪྵ་ཡ་
ས་མ་ཡ་དི་བ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དེ་རྣམས་དགུག་པར་བྱ་བའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་བཅིངས་ཏེ་བསྐོར་ནས་སྙིང་གར་གཞག་པར་བྱ་བའི་ཕྱག་རྒྱ་དེ་དང་སྔགས་འདིས་ཨོཾ་ད་ནི་དི་བ་བ་ཏ་ལི་ཧཱུྃ་སྭཱ་ཧཱ་ཞེས་པས་མཉེས་པར་བྱས་ཏེ། གོང་ཁོ་ན་བཞིན་དུ་གཏང་བར་
བྱའོ། །དེ་དག་ནི་གནོད་སྦྱིན་གྱི་གཏོར་མའི་ཆོ་གའོ། །ཡང་དེ་ཁོ་ན་ལྷོ་རུ་ཁ་བལྟས་ཏེ། རྡོ་རྗེའི་སྟབས་ཀྱིས་གནས་ཏེ། ཙནྡན་དམར་པོ་ལ་སོགས་པས་ཕྱི་རོལ་དུ་དཀྱིལ་འཁོར་ཟུར་གསུམ་པ་བྱས་ཏེ། མེ་ཏོག་དམར་པོ་ཆེར་བཀྲམ་སྟེ། ལྷ་བཤོས་ལ་སོགས་པས་འདྲེན་ནས།

ཉ་ཤ་སྐོམ་པོ་དང་ཤ་སྐོམ་པོ་དང་། སྒོག་པ་བྱི་ཀུན་ཁྲག་གི་སྣོད་རྣམས་ཏིལ་གྱི་ཚ་མིག་དང་ཁུ་བ་རྣམས་དང་། ཁྱད་པར་དུ་བདུད་རྩི་རྣམ་པ་ལྔ་དང་། རྣམ་པ་སྣ་ཚོགས་བཟའ་བའི་ཟས་དང་། སྲན་མ་ཤ་དང་ལྡན་པ། སྲན་མ་བཙོས་པ་དང་། གང་བའི་སྣོད་
མདུན་དུ་བཞག་སྟེ། གོང་མའི་སྔགས་པ་ཏ་ལི་ལ་སོགས་པ་དང་། ཊཀྐི་རཱ་ཛའི་ཕྱག་རྒྱ་གཉིས་ཀྱིས་དགུག་པར་བྱ་སྟ། སྣོད་ལ་གཡོན་པས་རེག་ནས་སྔགས་འདི་བཟླའོ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབ་དང་ལམ་
དང་ཞིང་། །ཁྱད་པར་དུ་ནི་ཁྱིམ་སྟོང་ལ། །སྣོད་དང་ཐང་དང་ས་སྟེང་དང་། །ཁྱད་པར་གདོལ་པའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཙིགས་བྱེད་འཇིགས་བྱེད་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་
བྱེད་མ་དང་ཨུ་མར་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང་། །ཐུབ་མེད་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་མོ་སྡང་བ་ལམྦ་ཀི། །འཕྲོག་བྱེད་མ་དང་མེ་མར་མ། །འཇིབ་བྱེད་ཡུལ་གནས་
རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཙིགས་མ་ཐོད་ཆེན་མ། །ཐོད་ཕྲེང་ཕྲེང་མ་ཁ་ཊྭཱཾ་མ། །སྤྲུལ་ཆེན་རབ་ཀྱི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ལག་དང་། །ལྷ་ཡི་དབང་ཕྱུག་མ་རྣམས་དང་། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང་། །ལས་ཀུན་རྗེས་སྒྲུབ་བྱེད་
པ་ཡི། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་སྦྱོར་བ་སྐྱེ་མེད་པ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་དགུག་འགྱུར་ཏེ། །ཨོཾ་ཀཀྐ་ཌྷ་ན། བབྦ་ན་དྷ་ན། ཁཁྑཱ་ད་ན།
སརྦ་དུ་ཥྚཱ་ན། ཧ་ན་ཧ་ན། ཀ་ཏ་ཡ་ཆེ་གེ་མོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཛཿསྭཱ་ཧཱ་ཞེས་སོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་བྱས་པའི་ཕྱག་རྒྱ་དེ་དང་། ཨོཾ་ཏིཥྛ་ཧཱུཾ་བྷཀྵ་བྷཀྵ་ཕཊ། ཛྫཿསྭཱ་ཧཱ་ཞེས་དགའ་བར་བྱའོ། །དགའ་བར་བྱ་བའི་

སྔགས་དང་ཕྱག་རྒྱའོ། །དེ་ལྟར་དགའ་བར་བྱས་ནས། སེ་གོལ་གསུམ་གྱིས་གཏང་བར་བྱའོ། །དེ་དག་ནི་འབྱུང་པོའི་གཏོར་མའི་ཆོ་གའོ། །རྔ་ལ་སོགས་པ་བརྡུངས་པ་དང་ལྡན་པ་དང་། དྲིལ་བུའི་སྒྲས་ཡོངས་སུ་གང་བས་འབྱུང་པོའི་གཏོར་མ་ཉེ་བར་སྤྱོད་པའི་སྔགས་དང་ཕྱག་རྒྱ་ཁོ་ནས་བྱིན་
ནས་དཀྱིལ་འཁོར་བྱེད་པའི་ས་དགང་། དེའི་ཕྱི་རོལ་དུ་ཉེ་བ་ན། སློབ་མ་རྣམ་པར་བརྟག་པའི་དོན་དུ་ཨོཾ་ཨ་ཛི་ཧྭ་སྃ་བརྟ་ནི་ཧཱུྃ་ཕཊ། ཅེས་པའི་སྔགས་དེས་ལན་བདུན་མངོན་པར་བསྔགས་གདབ་སྟེ། སོ་ཤིང་དང་ཆུ་སྦྱིན་ནས། དམ་ཚིག་གི་སྡོམ་པ་སྦྱིན་པར་བྱའོ། །དེ་ལ་རེ་ཞིག་སློབ་མས་ཞུ་
བའི་ཚིག་ནི། བདག་ལ་དགོངས་ཤིག་ཐམས་ཅད་ཀྱི་རྟག་པ་དང་མི་བསྐྱོད་པ་དང་། རིན་ཆེན་ཞེས་བྱ་བ་དང་། འཇིག་རྟེན་དབང་ཕྱུག་དང་། དོན་ཡོད་གྲུབ་པ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ཆེ་གེ་མོ་ཞེས་བྱ་བས་དུས་འདི་ནས་ཉེ་བར་བཟུང་ནས། ཇི་སྙེད་བྱང་ཆུབ་
ལ་གནས་པའི་བར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མཆོག་བསྐྱེད་པར་བྱའོ། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཉིད་དུ་ངེས་བྱས་ཏེ། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་ཏེ། །སོ་སོར་བདག་གིས་བརྟན་པོར་
གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག །སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོར་རེ་ཞིག་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །སོ་སོར་དེ་བཞིན་ཉིད་དུ་གཟུང་། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་
བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡིས། །པདྨ་ཆེན་པོའི་རིགས་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །
སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པ་མཆོད་པའི་ལས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་གཟུང་། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་

པ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་སེམས་ཅན་དགོད་པར་བགྱི། ཞེས་སོ། །སློབ་མས་ཞུས་པའི་ཚིག་གོ། །སློབ་དཔོན་གྱིས་ལན་བཏབ་པ། ཐེག་པ་ཆེན་པོའི་
འབྲས་འབྱུང་བའི། །དཔལ་ལྡན་མཆོག་གི་ལན་འདི་ཡིན། །གང་གིས་ཁྱེད་རྣམས་འགྲོལ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། ཞེས་པའོ། །ལན་བཏབ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་མོའི་ཆོས་བསྟན་པར་བྱས་ཏེ། ཕྱི་ནས་དཀྱིལ་འཁོར་དུ་
གཞག་པར་བྱའོ། །དེ་དག་ནི་སློབ་མ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས། མཆོད་པ་ཉི་ཤུ་པ་མདུན་དུ་བྱས་ནས་དྲིལ་བུ་དཀྲོལ་ཏེ། རྡོ་རྗེའི་དབྱངས་འདིས་བསྟོད་པར་བྱའོ། །ལྷ་ཆེན་མགོ་ཡི་མགོ་རྒྱན་ཅོད་པན་ནོར་བུའི་འོད་
ཀྱིས་འཕྲོག་པའི་ཞབས་གཉིས་པ། །རྟག་པར་གདན་ལ་ཤིན་ཏུ་བརྟན་པར་བཞུགས་པར་མགུལ་བར་འཁྱུད་པའི་སྐུ་འཆང་བའི། །འོད་ཟེར་འཕྲོ་བའི་དྲ་བ་བསྐྱོད་པར་མཛད་པ་གསང་བ་ལས་བྱུང་སྐུ་འཛིན་པ། །དབང་ཕྱུག་དམ་པ་གོ་འཕང་མཆོག་འགྱུར་རྡོ་རྗེ་སེམས་ལ་བདག་གིས་
ཕྱག་འཚལ་ལོ། །དེ་ནས་གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་བླངས་ལ་དཀྱིལ་འཁོར་གྱི་ཁང་པར་བཞུགས་ཏེ། མཆོད་པ་ཉི་ཤུ་པ་ལ་སོགས་པས་མངོན་དུ་མཆོད་ནས། མཚན་བརྒྱ་རྩ་བརྒྱད་དང་། སྣ་ཚོགས་པའི་རྡོ་རྗེའི་དབྱངས་བླངས་ནས་བསྟོད། །དེ་ནས་
དམ་ཚིག་ལ་སོགས་པ་སྦྱིན་པར་བྱའོ་ཞེས་གསུངས་པ། བདུད་རྩི་ལྔ་ནི་བསྲེས་ནས་སུ། །ཉི་ཕྱིས་ལ་སོགས་བསྒོམ་པར་བྱ། །ཞེས་པའི་དོན་ནི་འདི་ལྟ་སྟེ། བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དང་བསྲེས་པའི་བདུད་རྩིའི་འོད་ནས་གསུངས་པའི་རྣམ་པས་ཡང་དག་པར་སྦྱང་སྟེ། དམ་
ཚིག་ཡོངས་སུ་བརྟག་པར་བྱའོ་ཞེས་སོ། །དེ་གསལ་བར་བྱས་པ་གསུངས་པ། །ཧ་ཞེས་པ་ཡིས་ཁོ་དོག་འཕྲོག །ཧོཿཞེས་པས་ནི་དྲི་མེད་ཅིང་། །ཧྲཱིཿཡིས་དཔའ་བོ་བཅོམ་པ་ཡིས། །དེ་དག་རིམ་པ་བསྟན་པའོ། །ཞེས་པ་སྟེ་བདུད་རྩིའི་འོད་སྦྱང་བར་བྱ་བ་གསལ་བར་བྱས་

པའོ། །རྣམ་གསུམ་ལན་གསུམ་བརྗོད་ནས་སུ། ཞེས་པ་ནི། ལན་གསུམ་བརྗོད་པར་བྱའོ་ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། རང་བཞིན་གསུམ་གྱིས་སྔགས་བཟླས་ཏེ། འོག་ནས་འབྱུང་བའི་ས་བོན་གྱིས་བསྐྱེད་པ་རི་རབ་ཀྱིས་ལན་གསུམ་བསྲུབས་ཏེ། ལྷག་པར་སྔགས་
བཏབ་ཟིན་མ་ཐག་ཏུ་བདུད་རྩིའི་འོད་ཀྱང་རང་བཞིན་གསུམ་ཁོ་ན་བསྒོམ་པར་འགྱུར་རོ་ཞེས་པའོ། །གཟུགས་དང་མཛེས་པའི་མདོག་ནི་པདྨའི་དབང་ཕྱུག་ཅེས་པ་སྣང་བ་མཐའ་ཡས་སོ། །དྲི་ཆུའི་ངོ་བོ། །ཤིན་ཏུ་མཛེས་པ་སྣང་མཛད་དང་། །ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དྲི་ནི།
རྡོ་རྗེའི་དབང་ཕྱུག་རྡོ་རྗེའི་ཕྱག །ཅེས་པ་ནི་མི་བསྐྱོད་པའོ། །ལྷ་དག་གསུང་གི་རྣམས་ཀྱིས་ནི། །ཆོ་ག་གསུམ་གྱིས་ཤེས་པར་བྱ། །ཞེས་པ་ནི་ལྷ་གསུམ་གྱི་རང་བཞིན་གྱིས་བདུད་རྩིའི་འོད་ནི་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །གཡོན་པ་ཟླ་བའི་ལག་པ་ལ། །ཟླ་བའི་དབུས་སུ་ཡི་
གེ་ནི། །ཞེས་པ་ནི་གཡོན་པའི་ལག་པའི་མཐིལ་བདུད་རྩིའི་ཡི་གེས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡང་བདུད་རྩིའི་ཡི་གེ་རྣམ་པར་བཀོད་པའོ། །བདུད་རྩི་ཀུན་རིག་རི་མོ་ཅན། །ཞེས་པ་ནི་དེ་ལ་ཀུན་རིག་ནི་རྣམ་པར་སྣང་མཛད་དོ། །དེའི་རི་མོ་ནི་ཡི་གེ་ཨོཾ་མོ། །དེས་བདུད་རྩི་ཡི་གེ་ལ་
བཏགས་ནས་ཡི་གེ་ཨོཾ་དུ་འགྱུར་རོ། །ཡི་གེ་ཨོཾ་དེ་ཁོ་ན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་བཞིན་མཐེ་བོ་ས་དང་ནི། །ཞེས་པ་ནི་ཡི་གེ་ཧཱུཾ་གིས་གཡོན་པའི་མཐེ་བོ་བསྒོམ་པར་བྱའོ་ཞེས་པའོ། །སྲིན་ལག་གིས་ཀྱང་རི་རབ་སྟེ། །བདུད་རྩི་བསྲུབས་
པའི་སྟོབས་དག་ནི། །ཞེས་པ་ནི་གཡོན་པའི་སྲིན་ལག་བདུད་རྩིའི་རང་བཞིན་རི་རབ་ཏུ་བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་སུྃ་བཀོད་ནས་བསྲུབ་པར་བྱའོ་ཞེས་པའོ། །ཆུ་ནི་རྣམ་གསུམ་ཤེས་པར་བྱ། །ཞེས་པ་ནི་དེ་ལ་ཆུ་ནི་བདུད་རྩིའི་འོད་དོ། །རྣམ་གསུམ་ཤེས་པར་བྱ་ཞེས་པ་ནི་
བསྲུབས་མ་ཐག་ཏུ་ལན་གསུམ་གྱི་ཚུལ་གྱིས་བསམ་པར་བྱའོ་ཞེས་པའོ། །རྣལ་འབྱོར་མ་ཀུན་སོ་སོ་རུ། །མཐེ་བོང་ཐིགས་གཏོར་དབུལ་བར་བྱ། །ཞེས་པ་ནི་སོ་སོར་རྣལ་འབྱོར་མ་ཐམས་ཅད་ལ་མཐེ་བོང་དང་སྲིན་ལག་ལ་འཐོར་ནས་བདུད་རྩིའི་ཐིགས་པ་དབུལ་བར་བྱའོ་ཞེས་

པའོ། །དེ་ནས་བདག་གི་ངོ་བོ་ཡིས། །རང་སེམས་ཀྱི་ནི་བྱ་བ་ནི། །ཞེས་པ་ནི་ཕྱིས་ནི་རང་གི་ལུས་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་པའོ། །སྒྲོགས་པ་ལྔ་ཡི་མཆོད་རྟེན་ལ། །རྣམ་པ་གསུམ་གྱིས་བཀྲུ་པར་བྱ། །ཞེས་པ་ནི་རང་གི་ཕུང་པོའི་གྲེ་བར་ཡི་གེ་ཧྲི་ལས་
ཡོངས་སུ་བསྐྱེད་པའི་པདྨའི་སྟེང་ན། ཡི་གེ་ཧཱུྃ་གིས་བསྐྱེད་པའི་ཡེ་ཤེས་མཁའ་འགྲོ་མ་མཆོད་རྟེན་གྱི་ཚུལ་དུ་སྒྲོགས་པ་ལྔའི་གནས་སུ་བསྒོམས་ཏེ། ཉོན་མོངས་པ་བཀྲུ་བར་འདོད་པའི་ཕྱིར་བདུད་རྩིའི་ཐིག་ལེ་ཕབ་པས་ལན་གསུམ་བཀྲུ་བར་བྱའོ། །ལྕེའི་རྩེར་ཐིགས་པ་དེ་རྣམས་
ཀྱིས། །བློ་དང་ལྡན་པར་གནས་གསུམ་པའོ། །ཞེས་པ་ནི་ལྕེ་དང་དཔྲལ་བ་དང་། སྤྱི་གཙུག་དང་། དེ་ཁོ་ནར་བདུད་རྩིའི་ཐིགས་པ་དབུལ་བར་བྱའོ། །དེ་ནས་སྟ་གོན་ལ་གནས་ཟིན་པའི་སློབ་མ་རྣམས་ལ་དབྱངས་ཚིག་འདིས་དམ་ཚིག་སྦྱིན་པར་བྱ་སྟེ། གཟིགས་ཤིག་མཛེས་པ་དམ་
པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དང་། །རང་བཞིན་གཅིག་ཏུ་དགོངས་ནས་གསོལ། །ཞེས་པའོ། །སློབ་མ་རྣམས་ཀྱིས་ཀྱང་ཕྱག་རྒྱས་པདྨ་བསྐོར་བ་མདུན་དུ་བྱས་པའི་ལན་གསུམ་གྱིས་ཕྱག་རྒྱ་བཅིངས་ཏེ། དབྱངས་ཚིག་འདིས་བླང་བར་བྱའོ། །བདེ་
བར་གཤེགས་ཤིག་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ནི་བདག་ཕྱག་འཚལ། །ཞེས་པའོ། །དེ་ནས་སློབ་མ་གཞུག་པ་རྣམས་ནི་དྲི་ཆུས་མངོན་དུ་བསང་གཏོར་བྱས་ཏེ་མེ་ཏོག་གི་ཐལ་མོ་ཡང་དག་པར་འཆིང་དུ་བཅུག་ནས་དར་
གྱིས་གདོང་གཡོགས་ཏེ་དཀྱིལ་འཁོར་གྱི་སྒོར་བཞག་ནས་སྡོམ་པ་སྦྱིན་པར་བྱའོ། །དེ་ལ་རེ་ཞིག་སློབ་མས་ཞུ་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་ཡིད་ལ་བཀོད། །ཅེས་
པའོ། །དེ་ནས་གོང་དུ་གསུངས་པའི་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པ་ལ་སོགས་པས། སྐུ་གསུམ་སྦྱར་བ་བརྗོད་པར་བྱ་སྟེ་བྱམས་པ་ཆེན་པོ་ལ་སོགས་པ་སོ་སོར་བཞག་ནས། ཕྱག་འཚལ་བ་གསུམ་བྱ་སྟེ། ཨོཾ་པཉྩ་ཌཱ་ཀཱི་ནི་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི། ཨོཾ་ཨཱ་

ཙརྱ་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནཱིརྱ་ཏ་ཡཱ་མི། ཨོཾ་ས་ཀ་ལ་སཏྭ་པ་རི་ཏྲ་ནཱ་ཡ། ཨཱཏྨ་ནཾ་ནཱིརྱ་ཏ་ཡཱ་མི་ཞེས་བརྗོད་ནས། ཕྱག་འཚལ་བ་གསུམ་བྱ་བའོ། །སློབ་དཔོན་གྱིས་སྡོམ་པ་བྱིན་ནས་ས་མ་ཡ་སྟྭཾ་ས་མ་ཡ་ཧོ་ཞེས་ལན་གསུམ་བརྗོད་ནས། ལུས་ཀྱང་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པ་
འདི་བྱའོ། །ཨཱཿནི་ཡེ་ཤེས་ཀུན་གྱི་མཆོག །ངག་ནི་རྡོ་རྗེར་བྱིན་བརླབས་ཏེ། །ཧཱུྃ་གིས་ཉོན་མོངས་བསྲེག་བྱས་ནས། །སྙིང་གར་རྡོ་རྗེས་བྱིན་གྱིས་བརླབས། །ཡེ་ཤེས་འདྲེན་པའི་ཨོཾ་གྱིས་ནི། །ལུས་ཀྱང་རྡོ་རྗེར་བྱིན་གྱིས་བརླབས། །ཞེས་པ་དང་ཨོཾ་ཧི་ཧི་མ་ན་གུར་ནི་ཏ་བཛྲ་ཙ་ལེ་ཡུྃ་
ཡུྃ་ཧཱུྃ་སྭཱ་ཧཱ། ཡེ་ཤེས་ཅན་གྱི་ཡེ་ཤེས་འདི། །དེ་རིང་བདུད་རྩི་མྱང་བར་གྱིས། །ཞེས་པ་བརྗོད་ནས། ཨོཾ་ཨ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་གསུམ་སྔགས་བཏབ་སྟེ། བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བསྔགས་པའི་བདུད་རྩིའི་འོད་ཁ་ལ་སྦྱིན་པར་བྱའོ་ཞེས་པའོ། །དེ་ནས་སློབ་མ་དབབ་
པར་བྱ་བ་ནི་སློབ་མའི་སྙིང་གར་ཡི་གེ་ཡུྃ་ལས་གྱུར་པ་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ། ཡི་གེ་ཡུྃ་ཁོ་ན་བསམས་ཏེ། དེ་བཞིན་དུ་རྐང་མཐིལ་གཉིས་ལ་ཡོཾ་བཀོད་ནས་སློབ་དཔོན་གྱིས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་གྱིས་རྡོ་རྗེའི་དྲིལ་བུ་དང་། ང་རོས་འཇིགས་པར་བྱས་ཏེ། དེ་
བཞིན་དུ་རང་གི་སྙིང་ག་ནས་གཏུམ་མོ་ཆེན་པོའི་རླུང་ཕྱུང་ནས་སྔགས་འདིས་བསྒུལ་བར་བྱའོ། །ཨོཾ་ལེ་ལཻ་ཧཱུྃ་ཨ་སྭཱ་ཧཱ་ཞེས་པའོ། །གལ་ཏེ་འདིས་འགུལ་བར་མ་གྱུར་ན། དེའི་ཚེ་གོང་དུ་གསུངས་པའི་རིམ་པས་ཡང་དབབ་པར་བྱའོ། །དབབ་པ་ཟིན་མ་ཐག་ཏུ་སྣ་ཚོགས་རྡོ་རྗེའི་དབྱངས་
སྒྲས་བཀང་སྟེ། དེའི་འོག་ཏུ་དབབ་པ་དེ་ཞི་བར་བྱ་བ་སྔགས་འདིས་བྱའོ། །ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་བ་ལེ་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ་ཞེས་སོ། །དེ་ནས་མེ་ཏོག་གཏོར་དུ་བཅུག་སྟེ། གར་ལྷུང་བའི་ལྷའི་དངོས་གྲུབ་ཐོབ་པ་ཡིན་པའོ། །དེ་ནས་ཛྙཱ་ན་ཙ་ཀྲ་ཧཱུྃ་ཞེས་པའི་སྔགས་ཀྱིས་གདོང་
གཡོགས་བཤུ་བར་བྱས་ཏེ། ལྷའི་དེ་ཁོ་ན་ཉིད་བསྟན་ནས་སོ་སོར་ཀེང་རུས་འཇིགས་བྱེད་དང་པོ་བཟུང་ནས་ཡེ་ཤེས་མཁའ་འགྲོ་མའི་མཐར་ཐུག་པའི་བར་བསྟན་པར་བྱའོ། །དེ་ནས་བླ་མའི་ཞབས་དྲུང་དུ་མགོ་བོས་གཏུགས། ཡོན་དབུལ་ཏེ། ཅི་འདོད་པའི་དངོས་གྲུབ་ཞུ་བར་བྱའོ།

གོང་མ་བཞིན་དུ་སྙིང་གར་ཐལ་མོ་གཞག་པའི་སློབ་མས། ཨོཾ་བཛྲ་མཎྜལ་པྲ་བེ་སོ་ཨ་ཧཾ། ཨོཾ་ཡོ་ག་མཎྜལ་པྲ་དཪྴ་ན་ཨ་ཧཾ། ཨོཾ་གུཧྱ་མཎྜལ་མ་ཧཱ་མཎྜལ་དྲྀ་ཥྚི་ཧི་ཨ་ཧཾ། ས་མ་ཡ་ཧོ་ཞེས་ལན་གསུམ་བརྗོད་དུ་བཅུག་ནས། གོང་མ་བཞིན་ཡན་
ལག་བརྒྱད་པ་བཀོད་པར་བྱའོ། །དེ་ནས་ས་མ་ཡ་ཨ་ཧཾ། ཧཱུྃ་བཛྲ་ཨ་ཧཾ། ཨོཾ་ཧུད། ག་ཏོ་ཨ་ཧཾ། ཨ་ཨཿཨྃ་ཨྃ་ཧཱུྃ་སྭཱ་ཧཱ་ཞེས་པས། ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ། ཛྙཱ་ན་ཀཱ་ཡ་ཨ་ཧཾ་ཞེས་ཀྱང་བརྗོད་དུ་གཞུག་གོ། །དེ་ལྟར་ཆེར་གནས་པ་ལ་དབང་བསྐུར་བར་བྱ་སྟེ། ལྷོའི་
སྒོའི་བུམ་པས་ནི་སློབ་མ་དབང་བསྐུར་བའོ། །ནུབ་ཀྱིས་ནི་སྔགས་ཀྱི་དབང་བསྐུར་བའོ། །བྱང་གིས་ནི་རྒྱུད་ཀྱི་དབང་བསྐུར་བའོ། །འཁོར་ལོས་སྒྱུར་བའི་འགྱིང་བག་གིས་ཤར་ཕྱོགས་སུ་ཁ་བསྟན་ནས་གདན་ལ་གནས་པས་སློབ་མ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱས་པ་ལས། ཨོཾ་
ཡེ་ཤེས་ཆུ་ཡི་བུམ་པ་ཡིས། །རྡོ་རྗེ་ལྕགས་ཀྱུའི་རྒྱུན་གྱིས་ནི། །དབང་བསྐུར་ནས་ནི་བྱང་ཆུབ་ཐོབ། །དེ་རིང་འཁོར་བ་ལས་གྲོལ་ལོ། །ཨོཾ་ཨཿཕྲུྃ་ཕྲེཾ་ཕཊ་ཧཱུྃ་སྭཱ་ཧཱ་ཞེས་པས་དབང་བསྐུར་བར་བྱའོ། །དེ་ནས་གནས་བརྒྱད་ལ་བསྲུང་བར་བྱ་སྟེ། རྡོ་རྗེ་སྒྲོག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་ཀ་
ཡ་ཧཱུྃ་ཨཿསྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། གོང་ནས་གསུངས་པའི་ཨོཾ་བཛྲ་གྷཎྚེ་ར་ཎི་ཏ་བྲ་ར་ཎི་ཏ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་རྡོ་རྗེ་དྲིལ་བུའི་དབང་བསྐུར་བར་བྱའོ། །སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས། མཛུབ་མོ་གཉིས་བཀུག་ནས་ཁ་སྤྲད་པར་བྱ་སྟེ།
ཨོཾ་ཧཱུྃ་ཨ་སྭཱ་ཧཱ་ཞེས་པས། སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་བྱའོ། །དེ་ནས་ལུང་སྟོན་པ་སྦྱིན་པར་བྱ་སྟེ། དེ་ནས་ཤར་དུ་གོམ་པ་བདུན་སོང་ནས་གོས་གྱོན་ཏེ། དེ་ཁོ་ན་ལས་ཕྱིར་ལོག་ནས། ཐེག་པ་གསུམ་མཆོག་ཏུ་གྱུར་པ་སྟོན་པར་བྱ་སྟེ། བྱིན་རླབས་ཀྱི་རིམ་པ་
ཡང་བསྟན་པར་བྱའོ། །དེ་ལྟར་རིམ་པས་གཞན་ཡང་གཞུག་པར་བྱའོ། །དེ་ནས་སློབ་མས་གང་གཏོང་དཀའ་བའི་རྫས་དེ་དང་། འདོད་ཆགས་པའི་རྫས་དེ་ནི་བླ་མ་ལ་ཡོན་དུ་དབུལ་བར་བྱའོ། །དེ་ལྟར་ཡང་གསུངས་པ། གང་དག་ཡོངས་སུ་གཏོང་དགའི་རྫས། །ཡང་ན་ཤིན་ཏུ་

ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་ཟད་འདོད་པས་དབུལ། །ཞེས་སོ། །དེ་ནས་དཔའ་བོའི་འཁོར་ལོའི་མཆོད་པ་བརྩམས་པའོ། །དེ་ལ་རིམ་པ་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཕྱོགས་བརྒྱད་ཀྱི་ཆ་རུ་བོར་ནས། སྣ་ཚོགས་རྣམ་པར་བཀོད་པའི་གདན་བཏིང་སྟེ། དེ་ལ་ལྷ་མོ་དང་
བཅས་པའི་ཚོགས་ཀྱི་འཁོར་ལོར་གནས་པས་སྣ་ཚོགས་པའི་མེ་ཏོག་དང་། སྤོས་དང་། དྲི་དང་། མེ་ཏོག་གི་ཕྲེང་བ་དང་། བཀྲུས་པ་དང་། སྣ་ཚོགས་ཀྱི་ཟས་དང་། བཏུང་བ་དང་། གོས་དང་། རྒྱན་ལ་སོགས་པ་རྣམས་ཇི་ལྟར་རྣལ་འབྱོར་པ་བཞིན་དུ་འདུ་བར་བྱའོ། །
དེ་ལ་དང་པོ་ནི་དཔའ་བོའི་འཁོར་ལོ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་ན། རྫས་བཅུ་དང་ལྡན་པའི་བདུད་རྩིའི་འོད་གོང་དུ་གསུངས་པའི་རིམ་པས་སྦྱངས་ཏེ། སྔགས་བཏབ་ནས་ཕྱག་རྒྱ་དེ་ཁོ་ནས་དམ་ཚིག་སོ་སོར་རེ་རེ་དབྱངས་ཚིག་འདིས་དབུལ་བར་བྱའོ། །གཟིགས་
ཤིག་མཛེས་པ་དམ་པའི་ཆོས། །ཞེས་པ་ལ་སོགས་པས་སོ། །གཞན་རྣམས་ཀྱིས་ཀྱང་། བདེ་བར་གཤེགས་ཤིག་ཆོས་ཀྱི་མཆོག །ཅེས་པ་ལ་སོགས་པས་བླང་བར་བྱ་སྟེ། དབྱངས་ཚིག་བརྗོད་ནས་ཕྱག་འཚལ་བ་དང་། ལག་སྐོར་སྔོན་དུ་བྱས་ཏེ་ལན་གསུམ་གྱིས་ཕྱག་
རྒྱ་དང་ལྡན་པའི་དབྱངས་ཚིག་གིས་ཤིན་ཏུ་མཉམ་གཞག་དག་པའི་སེམས་ཀྱིས་སྔགས་རྒྱུད་ལ་མཁས་པས་དབང་པོ་བཏུལ་ནས་སེམས་ཅན་གྱི་ཁམས་ཀུན་ལ་སྙིང་རྗེ་བསྐྱེད་ནས་དམ་ཚིག་གི་ཕྱག་རྒྱའི་སྔགས་བརྩམ་པར་བྱའོ། །གཞན་དུ་ནི་མ་ཡིན་ནོ། །དེ་གསུངས་པ། ཇི་ལྟར་དེ་
བཞིན་ཉིད་སྤྱོད་ལ། ཐམས་ཅད་གཙང་བའི་རྣལ་འབྱོར་པས། །ཞེས་སོ། །རང་གི་རིག་པའི་ལྷ་སྦྱོར་ནས། །མཐེ་བོང་སྲིན་ལག་ཁ་གཉིས་ཀྱིས། །བཟའ་བའི་བཏུང་བ་མྱང་བྱས་ནས། །རྟག་ཏུ་བ་ཡི་དངོས་གྲུབ་ཐོབ། །ཅེས་པའོ། །དེ་ཁོ་ན་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་པས།
ཇི་ལྟར་བདེ་བར་སྤྱོད་ཅིག་སྨྲས། །ཞེས་པ་ལ་སོགས་པའོ། །དེ་ལ་ཇི་ལྟར་བདེ་བ་ཞེས་པ་ནི་རྣམ་པ་གང་གིས་བདེ་བར་གྱུར་བ་ཞེས་པའི་དོན་ཏོ། །འདིར་ཡང་བདེ་བའི་སྒྲས་ནི་ཆེན་པོར་བརྗོད་པའོ། །དེ་བཞིན་ཉིད་ཀྱིས་དགའ་བའི་དངོས་པོ་ཉིད་ཀྱི་མཆོག །ཚངས་པ་མྱ་ངན་འདས་པར་

གྲོལ་བ་ཡིན། །ཞེས་ཇི་སྙེད་པའོ། །འདི་ལ་ནི་རྡོ་རྗེ་རབ་ཏུ་བསྒོམ་པས་ཐོབ་པ་སེམས་རྩེ་གཅིག་པ་དེ་ཉིད་དོ། །དེ་བས་ན་བསམ་པ་ནི་འདི་ལྟ་སྟེ། རྩེ་གཅིག་ཏུ་གྱུར་པའི་དེ་ཁོ་ན་གཞན་མི་འགྱུར་བ་དེ་ལྟར་བརྩམ་པར་བྱའོ། །ཁ་རན་གྭ་གསུམ་བརྩམས་པ་ཡི། །
དམར་བའི་དཀྱིལ་འཁོར་ཕྱི་རོལ་དུ། །ཞེས་པ་ནི་འཁོར་ལོའི་ཕྱི་རོལ་ཏུ་ཙནྡན་དམར་པོ་ལ་སོགས་པས་གྲུ་གསུམ་པའི་དཀྱིལ་འཁོར་བྱས་ཏེ། ཤར་གྱི་སྒོ་ནས་དགུག་པར་བྱའོ། །མེ་ཏོག་དམར་པོ་སྤོས་མེ་དང་། །ཞེས་པ་ལ་སོགས་པ་ནི་དོན་གོ་སླའོ། །ཨོཾ་ཤིང་གཅིག་དང་ནི་དུར་
ཁྲོད་དང་། །ཞེས་པ་ལ་སོགས་པས་གོང་དུ་གསུངས་པའི་རིམ་པས་འབྱུང་པོའི་གཏོར་མ་ཡོངས་སུ་བརྟག་པར་བྱ་སྟེ། །བདུད་རྩི་ཡིས་ནི་ཁ་བཀང་སྟེ། །གང་དེ་ལ་སོགས་བརྩམས་པ་ནི། །ཞེས་པ་ནི་རྫས་བཅུ་དང་ལྡན་པ་བདུད་རྩིའི་འོད་རང་གི་ཁ་བཀང་བར་བྱ་སྟེ། ཇི་ལྟར་འདོད་
པའི་ལས་བསམ་པ་སྔོན་དུ་བྱས་ནས་ཡི་གེ་ཕྲུྃ་གིས་གཏོར་མའི་སྟེང་དུ་གཏོར་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་ཏུ་སྦྱོར་ནས་སུ། །སྲིན་ལག་གཉིས་ཀྱིས་དཀྲི་བྱས་ནས། །ཁྲོ་བོ་ལུ་གུ་རྒྱུད་ཀྱི་ཚུལ། །ཞེས་པ་དང་། ཨོཾ་བྷཀྵ་ཡ་བྷཀྵ་ཡ། སརྦ་ཡོ་ག་
ཡོ་གཱི་ཤྭ་རི་ཧཱུྃ་ཧཱུྃ་ཧཱུྃ་ཛྫ་སྭཱ་ཧཱ་ཞེས་བརྗོད་ནས། ཞི་བ་ལ་སོགས་པའི་དོན་དུ་འབྱུང་པོའི་གཏོར་མ་སྦྱིན་པར་བྱའོ་ཞེས་པའོ། །དེ་ནས་མཆོད་པ་བྱེ་བྲག་ཏུ། །རྟོག་དང་མི་རྟོག་རབ་ཏུ་སྤང་། །ཞེས་པ་ནི་བཟའ་བ་དང་མི་བཟའ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པས། དག་
པའི་རང་བཞིན་གྱི་ཁྱད་པར་དུ་དམ་ཚིག་གིས་མཆོད་པར་བྱའོ་ཞེས་པའོ། །ལྕགས་ཀྱུ་ལ་སོགས་ལྔ་དག་ནི། །དེ་ཁོ་ན་ལྔར་བརྟག་པར་བྱ། །ཞེས་པ་ནི་ལྕགས་ཀྱུ་ལྔ་དང་སོགས་པའི་སྒྲ་ལས་བདུད་རྩི་ལ་ཡང་འོག་ནས་འབྱུང་བའི་མཚན་ཉིད་ཀྱིས་དེ་བཞིན་ཉིད་ལྔར་བྱའོ་ཞེས་
པ་སྟེ། སངས་རྒྱས་ལྔའི་བདག་ཉིད་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ། །ཞེས་པ་ནི་མིའི་ཤའོ། །ཡེ་ཤེས་ལྔའི་ཞེས་པ་ནི། །དེའི་རང་བཞིན་ཉིད་དུ་འདོད་པའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུ་མི་འཁྲུགས་པ། །ཞེས་པ་ནི་གླང་པོ་ཆེའི་ཤའོ། །མི་

བསྐྱོད་པའི་རང་བཞིན་ཞེས་པའོ། །ཡུམ་གྱི་ལྕགས་ཀྱུ་རིན་ཆེན་ལྡན། །ཞེས་པ་ནི་ཁྱི་ཤ་སྟེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །རྒྱལ་བའི་ལྕགས་ཀྱུ་དོན་ཡོད་པ། །ཞེས་པ་ནི་གླང་གི་ཤ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ནོ། །གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། །ཅེས་
པ་ནི་རྟའི་ཤ་སྟེ་འོད་དཔག་མེད་ཀྱི་རང་བཞིན་ནོ། །ལྕགས་ཀྱུ་ལྔ་ལ་སོགས་པ་ཡི། །ཐམས་ཅད་དེ་ཉིད་རབ་ཏུ་སྦྱར། །ཞེས་པ་ནི་དེ་ལ་ཐམས་ཅད་དེ་ཉིད་ཅེས་པ་ནི། མྱ་ངན་ལས་འདས་པ་སྟེ། དེ་སྦྱོར་བ་ནི་རྐྱེན་ཞེས་པའི་དོན་ཏོ། །དེ་དག་ཡང་རྣམ་པར་སྣང་མཛད་དང་། །མི་
བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་རང་བཞིན་དུ་གསུངས་པ། གང་ཞིག་འདོད་པའི་ལྷ་ཀུན་དང་། །ཞེས་པ་སྟེ་སངས་རྒྱས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར་འདོད་པ་སྒྲུབ་པོ། །དེ་དག་ཐམས་
ཅད་ཁོ་ནས་ནི་རྣལ་འབྱོར་མ་རྣམས་ཚིམ་པར་བྱའོ། །གཞན་ནི་མ་ཡིན་ནོ་ཞེས་གསུངས་པ། རྣལ་འབྱོར་མ་ཀུན་མཉེས་པར་བྱ། །དེ་བཞིན་འདོད་དགའ་མ་ཡིན་ཞིང་། །ཞེས་པ་ལ་སོགས་པའོ། །རང་འདོད་ཅེས་པ་ལ་སོགས་པ་ནི་གསལ་བར་བཤད་ཟིན་ཏོ། །དེ་དབུས་སུ་
ནི་དཔའ་བོ་རྣམས། །ཨཱ་ལི་ཀཱ་ལི་རབ་ཏུ་སྦྱར། །ཞེས་པ་ནི་འོག་ནས་འབྱུང་བའི་ཨཱ་ལི་ཀཱ་ལི་སྦྱར་པས་ཤིན་ཏུ་ཡོངས་སུ་དག་པའི་དཔའ་བོའི་ཚོགས་ཀྱི་འཁོར་ལོའོ། །ཟིན་མ་ཐག་ཏུ་གཉིས་སུ་མེད་པའི་སྙོམས་པར་ཞུགས་པའི་སྦྱོར་བ་བྱའོ་ཞེས་མངོན་ཏོ། །ཨཱ་ལི་ཀཱ་ལི་རབ་
སྦྱར་བས། །ཐམས་ཅད་ལྷ་ནི་མཉེས་པར་བྱ། །ཞེས་པ་ནི་དེ་ལ་རབ་ཏུ་སྦྱར་བ་ཁོ་ནས་སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པ་གསང་བའི་མཆོད་པ་བྱས་ཏེ་ཚིམ་པར་བྱའོ་ཞེས་པའོ། །དེ་ཡི་དབུས་ནས་འབྱུང་བ་ཡི། །བདུད་རྩིའི་རོ་ཀུན་མྱང་བར་བྱ། །ཞེས་པ་ནི་སྦྱོར་བའི་
བདག་ཉིད་དེ་ལས་བྱུང་བའི་བདུད་རྩི་ནི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་ཐམས་ཅད་ཀྱིས་མྱངས་ནས་ཚིམ་པར་བྱའོ་ཞེས་པའི་དོན་ཏོ། །ལྷག་མའི་དངོས་པོ་ཐམས་ཅད་ནི། །ཞེས་པ་དེ་དཔའ་བོའི་འཁོར་ལོས་ཟོས་པ་དང་། །འཐུངས་པའི་ལྷག་མ་ཞེས་པ་ཇི་སྙེད་པའོ། །

ཕྱི་ཡི་དཀྱིལ་འཁོར་དུ་ནི་སྦྱར། །ཞེས་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ལམ་བཞི་མདོ་ལ་སོགས་པར་ལྷག་མའི་གཏོར་མ་བསྐྱལ་བར་བྱའོ། །དེ་ལ་ཡང་རིམ་པ་ནི་འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །
རྩེ་མོ་བཀུག་ནས་ཁ་རུ་ནི། །མཆེ་བའི་ཚུལ་དུ་སྦྱར་བར་བྱ། །ཞེས་པའི་ཕྱག་རྒྱ་དང་། ཨོཾ་བྱ་བ་བཏྟཱ་ལི་བཏྟཱ་ལི་ཚེ། །དུར་ཁྲོད་གནས་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་ཡི་དགས་ཁ། །དམ་ཚིག་སྲུང་མོ་ཁྲག་དགའ་མ། །ཀི་ལི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་
དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །བཞེས་ཤིག་གསོལ་ཞིག་དམ་ཚིག་ལ། །གནས་དང་དབང་དུ་མཛད་དུ་གསོལ། །ཨོཾ་གྲྀཧྞ་གྲྀཧྞ་སརྦ་དུཥྚཱ་ན་པྲ་དུཥྚཱ་ན་བྷཀྵ་བྷཀྵ་ཕྲུྃ་ཕྲུྃ་ཕྲུྃ་ཕཊ་སྭཱ་ཧཱ། ཞེས་པའི་ལྷག་མའི་གཏོར་མ་བྱིན་གྱིས་བརླབ་
པའི་ཕྱག་རྒྱ་དང་སྔགས་སོ། །ཉེ་བར་སྤྱོད་པ་ལྔས་མཆོད་ནས། སེ་གོལ་གསུམ་གདབ་སྟེ་གཏོང་བར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་ནས། མ་ལུས་པའི་དཔའ་བོའི་འཁོར་ལ་བསྟོད་པ་གསུངས་པ། ཧཱུྃ་ཞེས་པ་ཡི་དབྱངས་བླངས་ཏེ། །བཀྲ་ཤིས་སྒྲོགས་ནི་དགའ་བར་བྱ། །ཞེས་པའོ། །
རིམ་པ་ནི་འདི་ལྟ་སྟེ། ཕན་ཚུན་འཁྱུད་པའི་སྦྱོར་ལྡན་པའི། །ཞེས་པ་ལ་སོགས་པའོ། །སྣ་ཚོགས་པའི་རྡོ་རྗེའི་དབྱངས་ཀྱིས་བསྟོད་པ་བརྗོད་པས་བསྟོད་ནས། མཆོད་པ་ཉི་ཤུ་པས་ཀྱང་མཆོད་པར་བྱ་སྟེ། སེམས་དཔའ་ཆེན་པོའི་དང་པོ་མཆོག །ཅེས་པ་ལ་སོགས་པས་མཚན་བརྒྱ་རྩ་
བརྒྱད་ཀྱིས་ཀྱང་བསྟོད་ནས་ཡོན་དབུལ་ཏེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱ་བ་གསུངས་པ། བདག་གིས་གོ་ཆའི་ཆོ་ག་གང་། །བཅོམ་ལྡན་འདས་ཀྱིས་བཟོད་པར་གསོལ། །ཞེས་པ་ཞུས་ནས། རྡོ་རྗེ་ཐལ་མོ་བཅིངས་པ་སྙིང་གར་བཞག་སྟེ། མ་ལུས་མི་ལུས་པའི་སེམས་ཅན་གྱི་
ཁམས་ཡོངས་སུ་གྲོལ་བར་བྱ་བའི་དོན་དུ་ཚིག་འདིས་བསྲུང་བར་བྱའོ། །སེམས་ཅན་ཐམས་ཅད་ནད་མེད་ཅིང་། །ཞེས་པ་ལ་སོགས་པའོ། །བསྔོ་བ་བྱས་ནས་གཤེགས་པའི་དོན་དུ་ཚིགས་བཅད་འདིས་བསྐུལ་བར་བྱ་སྟེ། ཁྱེད་ཀྱིས་སེམས་ཅན་ཀུན་དོན་མཛད། །སངས་རྒྱས་ཡུལ་དུ་གཤེགས་

ནས་ཀྱང་། །སླར་ཡང་འདི་རུ་གཤེགས་སུ་གསོལ། །ཞེས་སོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པ་སྙིང་གར་བཞག་ནས་སུ། །ལག་པ་གཡས་པ་བརྐྱང་བྱས་ནས། །ས་ལ་གཞག་སྟེ་གཤེགས་སུ་གསོལ། །ཞེས་པ་དང་སྔགས་འདིས་གཏང་བར་བྱ་སྟེ། ཨོཾ་
ཨཱཏྨ་ཏིཥྛ་ཧཱུྃ་སྭཱ་ཧཱ་ཞེས་སོ། །དེ་ནས་རང་གི་དབུགས་ལས་ནི། །རང་གི་ལུས་ལ་ཐིམ་པར་བྱ། །ཞེས་པ་ནི་ཕྱི་ནས་བདག་གི་དབུགས་ཁ་ནས་རང་གི་སྙིང་གར་ཆུད་ནས་ཐིམ་པར་བྱས་ཏེ། འོ་མ་དང་ཆུ་འདྲེས་པ་ལྟར་གཅིག་ཏུ་གྱུར་པའི་ངོ་བོར་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་
པ། འདུས་པ་ཡིས་བསམ་འདྲེས་པ་ཡིས། །དཀྱིལ་འཁོར་ཇི་ལྟར་དེ་བཞིན་གཤེགས། །སྔ་དྲོ་ཕྱི་དྲོ་བཟླ་བྱས་ཏེ། །གང་དང་དེ་ལ་ཆེར་གནས་སོ། །གང་གང་དབང་པོའི་ལམ་ཉིད་ནི། །གང་གང་དེ་ཉིད་རང་བཞིན་དུ། །མཉམ་པ་མེད་པའི་སྦྱོར་བ་ཡིས། །སངས་རྒྱས་
ཐམས་ཅད་མཉམ་པར་འདྲེན། །ཞེས་སོ། །ཡུད་ཙམ་གྱི་ནི་སྦྱོར་བ་ཡིས། །བདག་ཉིད་ངོ་བོ་མཆོད་པར་བྱ། །ཞེས་པ་ནི་དེ་ལ་ཡུད་ཙམ་ཡུད་ཙམ་ཞེས་པ་ནི། །ཡེ་ཤེས་མཁའ་འགྲོ་མའི་བདག་ཉིད་བདག་ལ་བསམས་ཏེ། ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་ནས་ཡན་ལག་
བརྒྱད་པ་བཀོད་པར་བྱ་སྟེ། སྔོན་བཞིན་དུ་དམ་ཚིག་ཀྱང་བསྟན་ནས། དེ་ནས་ཕྱིའི་ལྷ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་མཆོད་ནས་སྔགས་འདིས་གཏང་བར་བྱའོ། །ཨོཾ་དུཥྚཱ་པྲ་དུཥྚཱ་ན་ཧ་ཎ་གྲིཧྣ་གྲིཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་གཙྪ་གཙྪ་ཧཱུྃ་ཕཊ། ཅེས་སེ་གོལ་གསུམ་བརྡབས་ནས་གཏང་བར་
བྱའོ། །ཨོཾ་ཀི་ལི་ཀི་ན་ཏྱ་ཧཱུྃ། ཛཿཞེས་པས་རྡུལ་ཚོན་བསྡུས་ཏེ་གཙང་པོ་ལ་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ལ་སོགས་པས་བྱུགས་ནས་རྡུལ་ཚོན་སེར་པོས་པདྨ་འདབ་བརྒྱད་བྲིས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པ་དང་མཆོད་པ་ལ་སོགས་པ་བྱའོ། །
དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གཞན་གྱི་གདན་དཀྱིལ་འཁོར་གྱི་ཆོ་ག་ལེའུ་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དང་། ཨཱ་ལི་དང་། ཀཱ་ལི་དང་། བདུད་རྩིའི་འོད་དང་། ཕྱིའི་ཕྱག་རྒྱ་ལ་སོགས་པ་རྣམས་ཁྱད་

པར་གྱི་ངོ་བོ་ཉིད་མངོན་དུ་གྱུར་འདོད་པ་ཕྱག་ན་རྡོ་རྗེས། །བདུད་རྩི་ལྔའི་བྱེ་བྲག་དང་། །ཞེས་པ་ལ་སོགས་པས་གཞན་གྱི་གདན་ལེའུ་བཞི་བ་བརྩམས་སོ། །ཐོག་མ་བདུད་རྩི་རྡོ་རྗེ་ཆུ། །ལྔ་ནི་བདག་ཉིད་འབྱུང་བ་སྟེ། །ཞེས་པ་ནི། དེ་ལ་ཐོག་མ་ཞེས་པ་ནི། །
དང་པོ་བྱང་ཆུབ་སེམས་བཤད་པར་བྱའོ་ཞེས་པའི་དོན་ཏོ། །བདུད་རྩི་རྡོ་རྗེ་ཆུ་ཞེས་པ་ནི། བྱང་ཆུབ་སེམས་སོ། །ལྔའི་ཞེས་པ་ནི། ངོ་བོ་ཉིད་ལྔ་ཞེས་པའོ། །བདག་ཉིད་འབྱུང་བ་ཞེས་པ་ནི། བདག་ལས་སྐྱེས་པ་ཞེས་པའི་དོན་ནི་འདི་ལྟ་སྟེ། བདག་གི་ས་ནས་འབྱུང་བའི་བྱང་ཆུབ་
སེམས་དཔའི་ཁམས་ལྔའི་བདག་ཉིད་ཅེས་པའོ། །དེ་ཁོ་ན་འགྲེལ་པས་གསུངས་པ། རེག་ན་དྲོ་བ་མེ་ཡིན་ནོ། །ཞེས་པ་སྟེ། དྲོ་བ་ཉིད་དུ་རེག་པའི་རང་བཞིན་ནི་མེའི་ཁམས་ཞེས་སོ། །དུ་བར་སྣང་བ་རླུང་ཡིན་ཏེ། །ཞེས་པ་ནི་རླུང་གི་གཟུགས་ཀྱིས་ཡར་གྲོལ་བར་མཐོང་
སྟེ། དེ་བས་ན་རྟག་པར་འགྲོ་བའི་མཚན་ཉིད་དོ། །གཤེར་བའི་དངོས་པོ་ཆུ་ཡིན་ཏེ། །ཞེས་པ་ནི་གཤེར་བ་ཉིད་ཀྱང་ཡོད་པ་དེ་བས་ན་ཆུའི་ཁམས་སོ། །གཟུགས་སུ་སྣང་བ་ས་ཡིན་པས། །ཞེས་པ་ནི། །རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་དམིགས་པ་ཉིད་ཀྱི་ཕྱིར་ན་རྩུབ་པ་ཉིད་ཀྱང་ཡོད་དེ། དེ་
བས་ན་སའི་ཁམས་སོ། །ཡེ་ཤེས་རྡོ་རྗེར་བྱིན་བརླབས་ནས། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རོ་མཉམ་པ་ཉིད་ཀྱི་ཕྱིར་ན་ནམ་མཁའི་ཁམས་སོ། །ལྷ་ཉིད་ལྔ་ནི་བསྒོམ་པར་བྱ། །ཞེས་པ་ནི་ཁམས་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ་ཞེས་
པའི་དོན་ཏོ། །ཐམས་ཅད་ཆུ་ཡི་དབྱིངས་དང་ནི། །ཟད་པར་ཞེས་པ་ནི། དེ་ཡང་མ་ལུས་པར་གཙོར་ནི་ཆུའི་དངོས་གནས་ཏེ། རྟེན་ཅིང་འབྲེལ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ན་སྟོང་པ་ཉིད་དུ་ཆེར་དམིགས་པར་བྱའོ། །མེ་ཡང་དེ་བཞིན་ཏེ་ཞེས་པ་ནི་མེའི་དབྱིངས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་
བའི་རང་བཞིན་ཉིད་ཀྱི་ཕྱིར་ན་སྟོང་པའོ། །ཡང་ཞེས་པའི་སྒྲས་ནི། ས་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ནན་ཏན་གྱིས་རང་བཞིན་ཤེས་པར་བྱའོ། །ད་ནི་དེ་ཁོ་ན་ལ་བཀོད་པར་བྱ་བའི་ས་བོན་གསུངས་པ། ཇི་ལྟར་དག་པ་རླུང་དག་དང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་

དག་པ་ཞེས་པ་ནི། ཡི་གེ་ཧའོ། །རླུང་དག་དང་ཞེས་པ་ནི་ཡི་གེ་ཡའོ། །དད་པའི་དོན་དང་ཞེས་པ་ནི་ཡི་གེ་སའོ། །སའི་ཞེས་པ་ནི་ཡི་གེ་ཧའོ། །དབང་ཞེས་པ་ནི་ཡི་གེ་ཀཱའོ། །ཡེ་ཤེས་ཡི་གེ་ལྔ་རྣམས་ལ། །ཐིག་པ་འདྲེས་པས་ཀུན་སྦྱར་ཞིང་། །ཞེས་པ་ནི་ཆོས་ཀྱི་ཡི་གེ་དེ་དག་ལྔ་རྣམས་
ལ་ཐིག་ལེ་སྟེ། སྟེང་གི་ཐིག་ལེ་ང་རོའོ། །ཞབས་སྐྱེད་ཡི་གེ་ཨུ་དང་ཡང་དག་པར་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཡི་དབུས་སུ་ཟླ་བ་ལ། །བདུད་རྩི་ཡི་གེ་དབུས་སུའོ། །ཞེས་པ་ནི་དེ་ལ་དེའི་ཞེས་པ་ནི། དེ་དག་གི་ཞེས་པའི་དོན་ཏོ། །དབུས་སུ་ཟླ་བ་ཞེས་པ་ནི། མགོའི་དབུས་སུ་གནས་
པའི་ཟླ་ཚེས་སོ། །བདུད་རྩི་ཡི་གེ་དབུས་སུའོ། །ཞེས་པ་ནི་ཡི་གེ་ས་གནས་གྱུར་པ་ཐིག་ལེ་ཟླ་ཚེས་དེའི་དབུས་སུ་བསམ་པར་བྱའོ་ཞེས་པའོ། །ལྔ་པ་ལྔ་ཡི་བསྟན་པ་ལ། །བདག་ཉིད་དག་པའི་རྡོ་རྗེ་ཆུ། །ཞེས་པ་ནི་དེ་ལ་ལྔ་པ་ཞེས་པ་ནི་སངས་རྒྱས་ལྔའི་རང་བཞིན་ནོ། །ཡང་
ལྔའི་ཞེས་པ་ནི་ས་བོན་ལྔའོ། །བསྟན་པ་ཞེས་པ་ནི་བཟླས་པའོ། །བདག་ཉིད་དག་པ་ཞེས་པ་ནི་རང་གི་ལུས་དག་པར་བྱའོ་ཞེས་སོ། །རྡོ་རྗེ་ཆུ་ཞེས་པ་ནི་བྱང་ཆུབ་སེམས་སོ། །དེས་ཅིར་འགྱུར་ཞེ་ན། ཁམས་ལྔའི་བདག་ཉིད་བྱང་ཆུབ་སེམས་ཞེས་པའོ། །ཕྱིར་གསུངས་པའི་བདུད་རྩི་
ལྔའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་དང་། ལྷན་ཅིག་ཏུ་གོང་ནས་གསུངས་པའི་ས་བོན་ལྔ་དང་། འདོད་ཆགས་ལ་སོགས་པའི་བྱིན་གྱིས་བརླབས་པའི་ལུས་རྣམ་པར་ཤེས་པས། ཤེས་པར་བྱ་བ་ཉེ་བར་སྦྱོར་བས་འདིར་ཡང་བདུད་རྩིའི་ཡི་གེ་བྱང་ཆུབ་སེམས་ཁོ་ནས་མ་འདྲེས་པའི་
སྦྱོར་བ་གསུངས་ཏེ། བཤང་གཅི་ལ་སོགས་པ་རྣམས་བཀོད་པའི་ཕྱིར་ན་སྙིང་པོར་གསུངས་པའོ། །ས་གསུམ་བསྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་སེམས་གཙོར་རྣམ་པར་དག་པ་གསུངས་ཏེ་གཞན་རྣམས་མ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། བདུད་རྩི་བྱང་ཆུབ་སེམས་
ཞེས་གསུངས་ཏེ། དེ་ལས་བསྐྱེད་དེ་འགྲོ་བ་གསུམ། །ཞེས་སོ། །བཤད་པའི་དོན་ཁོ་ནས་གསལ་བར་བྱེད་པ་གསུངས་པ། དངོས་དང་དངོས་མེད་ངེས་འབྲེལ་བས། །དེས་ན་རྨོངས་པ་རིང་དུ་སྤངས། །ཞེས་པ་སྟེ་དེ་ལ་དངོས་པོའི་སྒྲས་ནི། ཆོས་ཐམས་ཅད་ཡོད་པ་ཉིད་ཀྱིས་དམིགས་པའོ། །

དངོས་མེད་ཅེས་པའི་སྒྲས་ཀྱང་། དེ་རྣམས་ཁོ་ན་ལ་མེད་པ་ཉིད་ཀྱིས་དམིགས་པའོ། །ངེས་བྲལ་ཞེས་པ་ནི། དེ་གཉིས་ཡོངས་སུ་སྤངས་ནས་གནས་པ་ཇི་སྙེད་པའོ། །དེ་ནས་རྨོངས་པ་ལ་སོགས་པ་དེ་དག་རིང་དུ་སྤངས་པར་འགྱུར་རོ་ཞེས་པའི་དོན་ཏོ། །
དེ་ལྟར་ཡང་གསུངས་པ། ཇི་ལྟར་མིའི་ཟས་ལ་ཐུན་མོང་སྤྱོད་པ་བཞིན། །ཉི་མ་ཇི་ལྟར་མཐོང་ལ་ཐུན་མོང་མཐོང་བཞིན་དུ། །རླུང་ཡང་ཇི་ལྟར་དྲིལ་བུ་ཐུན་མོང་བ་རྣམས་བཞིན། །རྣམ་རྟོག་རྨོངས་པའི་རྒྱ་མཚོ་རིང་དུ་སྤང་བར་བྱ། །ཞེས་སོ། །དེ་ལྟར་རྣམ་པར་སྦྱང་པའི་རྫས་ཟས་དང་།
ཟས་མ་ཡིན་པའི་རྣམ་པར་རྟོག་པ་མེད་པས་འོག་ནས་བྱུང་བའི་མཚན་ཉིད་ཀྱིས་གསུངས་པའི་ཧོམ་ཁུང་སྦྱིན་སྲེག་བྱ་ཞེས་གསུངས་པ། ཕྱི་ཡི་བདུད་རྩི་ཟས་བཟང་པོ། །འཁྲུགས་པའི་མེ་ཡིས་བཙོས་པ་བཞིན། །ཞེས་པ་སྟེ་དེ་ལ་ཕྱིའི་བདུད་རྩི་ཞེས་པ་ནི། མར་དང་སྦྲང་རྩི་དང་། འོ་མ་
དང་འདམ་བུ་ཀ་ར་ལ་སོགས་པའོ། །འཁྲུགས་པ་ཞེས་པ་ནི་འཇུ་བའོ། །མེ་ཡིས་བཙོས་པ་ཞེས་པ་ནི་ཕྱིའི་མེ་ཁོ་ནའོ་ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། ཇི་ལྟར་ཕྱིའི་མེས་སྨིན་ཞིང་བསྐྱེད་པར་བྱས་པའི་འབྲས་བུ་ལ་སོགས་པ་དང་། བུ་རམ་ལ་སོགས་པའི་དོན་ལྷག་པར་དག་པའི་
དེ་ཉིད་མངོན་པར་འདོད་ནས་ཁས་བླངས་པ་བཞིན། འདིར་ཡང་ཡེ་ཤེས་ཀྱི་མེས་སྨིན་ཞིང་བསྐྱེད་པར་བྱས་པའི་བཤང་གཅི་ལ་སོགས་པའི་དོན་ཉེ་བར་དང་དུ་བླངས་ནས་དམ་པ་རྣམས་ཀྱིས་ཁས་བླངས་པ་ནི་འགལ་བ་མེད་དོ་ཞེས་པ་སྟེ། དངོས་པོ་ཐམས་ཅད་མ་བརྟགས་པ་གཅིག་པུ་ཁོ་ནས་རུང་བ་
ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། །དངོས་གཅིག་དེ་ཉིད་སུས་མཐོང་ན། །དངོས་ཀུན་དེ་ཉིད་མཐོང་བ་ཡིན། །དངོས་ཀུན་རང་བཞིན་གང་ཡིན་པ། །དངོས་གཅིག་རང་བཞིན་དེ་ཡིན་ནོ། །ཞེས་སོ། །གཞན་ཡང་གསུངས་པ། ཐབས་དང་ཤེས་རབ་སྟོབས་ཀྱིས་ནི། །མི་བྱ་བ་ནི་འགའ་
ཡང་མེད། །ཅེས་པའོ། །གསུངས་པའི་དོན་ཁོ་ན་གསལ་བར་གསུངས་པ། ལྟོ་བ་ལ་སོགས་ཡེ་ཤེས་མེས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ལྟོ་ཞེས་པ་ནི་ཁོང་པའི་ནང་ངོ་། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དོ། །ཡེ་ཤེས་མེ་ཡིས་ཞེས་པ་ནི་ལྷ་ལ་སོགས་པའི་མེ་ཞེས་པའོ། །

བསྲེགས་པ་ཞེས་པ་ནི་སྨིན་པར་བྱས་པའོ། །བཤང་བ་དང་གཅི་ཞེས་པ་ནི་དྲི་ཆེན་ལ་སོགས་པའོ། །དེས་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ལྟོ་ལ་སོགས་པའི་ཡེ་ཤེས་མེས་ཡོངས་སུ་སྨིན་པར་བྱས་པའི་བཤང་གཅི་ལ་སོགས་པ་ཤིན་ཏུ་ཁྱད་པར་ཅན་དུ་འགྱུར་ཏེ། དེ་བས་ན་བཤང་
གཅི་ལ་སོགས་པ་ནི་ལྷ་བཤོས་མཁས་པས་ཤིན་ཏུ་འགལ་ལོ་ཞེས་རྟོག་པ་ནི་མི་བྱའོ། །མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་འཇོམས་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། འབྱུང་བ་ཆེན་པོས་འབྱུང་ཉིད་ཕྱིར། །ཇི་ལྟར་མི་གཙང་
ཉིད་དུ་གསུངས། །ཞེས་སོ། །མེ་ཡིས་སྨིན་པར་བྱས་པ་དེ། །མེ་ཡི་དབུས་སུ་བཙོས་བྱས་པའི། །མེ་ཡི་དབུས་སུ་བསྲེག་བྱ་བ། །ཞེས་པ་ནི་དེ་ལ་མེ་ཡིས་སྨིན་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །མེ་ཡི་ཞེས་པ་ནི་ཡེ་ཤེས་ཀྱི་མེའོ། །དེའི་དབུས་སུ་ཞེས་པ་ནི། ཡེ་ཤེས་ཀྱི་མེའི་
དབུས་སུ་བསྲེག་བྱ་བ་ཞེས་པ་ནི་སྦྱིན་སྲེག་བྱ་བའོ། །དོན་ནི་འདི་ལྟ་སྟེ། ཇི་ལྟར་ཕྱི་མེ་ལྷན་ཅིག་འབྱུང་བའི་རྐྱེན་དྲི་ཞིམ་པའི་འབྲས་སཱ་ལུ་ལ་སོགས་པ་བསྐྱེད་པར་བྱ་བ་འབྲས་ཆན་ལ་སོགས་པ་ཁྱད་པར་གྱི་རྐྱེན་ཁྱད་པར་བསྐྱེད་པ་ཤིན་ཏུ་ཁྱད་པར་གྱུར་པ་བཞིན། དེ་བཞིན་འདིར་ཡང་
བཤང་གཅི་ལ་སོགས་པའི་དོན་ཡང་ཡེ་ཤེས་མེ་ལྷན་ཅིག་འབྱུང་བའི་རྐྱེན་གྱིས་བསྐྱེད་པར་བྱ་བ་འབྲས་སཱ་ལུ་ལ་སོགས་པའི་ཆན་ཞེས་སོ། །རྣམ་པར་དག་པ་དེ་མེ་ལ་སྦྱིན་སྲེག་བྱའོ། །དེས་ན་ཡེ་ཤེས་ཀྱི་མེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་གཙང་དང་མི་གཙང་ལ་སོགས་པ་
རྣམ་པར་རྟོག་པ་མེད་པས་སྦྱིན་སྲེག་དབུལ་བར་བྱའོ་ཞེས་པའོ། །གང་གི་རྡོ་རྗེ་ཆུ་ས་བོན། །ས་བོན་དེ་བཞིན་བཟླ་བར་བྱ། །ཞེས་པ་ནི་དེ་ལ་རྡོ་རྗེ་ཞེས་པ་ནི། ནང་གི་ཧོམ་ཁུང་ལ་བསམ་པའི་རྡོ་རྗེ་ཞེས་པའི་དོན་ཏོ། །རྡོ་རྗེ་ས་བོན་ཞེས་པ་ནི་ད་ལྟར་ཡི་གེ་ཧཱུྃ་བཟླས་པའོ། །ས་བོན་དེ་བཞིན་
ཞེས་པ་ནི་རྡོ་རྗེའི་བུམ་པའི་དབུས་སུ་ཡི་གེ་ཧཱུྃ་བསམ་པར་བྱས་ནས།དེའི་ཚེ་ས་བོན་དང་བཅས་པར་འགྱུར་རོ་ཞེས་པ་ཇི་སྙེད་པའོ། །དེ་དབུས་འབར་བའི་ཉི་མ་ཡི། །མེ་ཡི་ཡི་གེ་རྣམ་པར་བསམ། །ཞེས་པ་ནི་མེའི་ཡི་གེ་ཀྵུྃ་འབར་བའི་རང་བཞིན་དུ་འདུག་པའི་མཁའ་འགྲོ་མ་བསམས་ཏེ།

དེ་འབར་བའི་ཉི་མའི་དབུས་སུ་སྦྱིན་པར་བྱའོ་ཞེས་པའོ། །གཟུགས་དང་མཛེས་པའི་མདོག་ནི་པདྨོའི་དབང་ཕྱུག་སྟེ། ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ད་ནི་བྱང་ཆུབ་སེམས་ཁོ་ན་ཐབས་དང་ཤེས་རབ་ལས་བྱུང་བ་ཉིད་ཀྱིས་ཆོས་ཀྱི་དབྱིངས་
ཀྱི་རང་བཞིན་གྱི་ཕྱིར་ན། རྡོ་རྗེ་སྒྲས་མངོན་པར་བརྗོད་དོ་ཞེས་གསུངས་པ། ཨཱ་ལི་ཞེས་བྱ་བུང་བ་སྟེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨཱ་ལི་ནི་བུང་བ་དང་། རྡོ་རྗེ་དང་འཇིགས་བྱེད་ཅེས་རྣམ་གྲངས་སོ། །དེ་ཁོ་ན་ནམ་མཁའ་མཐར་ཐུག་པ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་
གྱིས་ཐམས་ཅད་ཁྱབ་པ་ཉིད་དུ་གསུངས་པ། ཨཱ་ལི་ནམ་མཁའ་མཐའ་ཀླས་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །རྒྱུ་དང་མི་རྒྱུ་གསང་འཛིན་པ། །ལུས་རྣམས་ཐམས་ཅད་དེ་ལས་འབྱུང་། །ཞེས་པ་སྟེ། ཐམས་ཅད་གསང་བའི་རང་བཞིན་གསང་བའི་གཟུགས་ཀྱིས་
འཛིན་པའི་ཕྱིར་གསང་འཛིན་ནོ། །བདུད་རྩི་དེ་ཡང་གང་ལ་གནས་ཤེ་ན། གསུངས་པ། ལུས་ཀྱི་ཡན་ལག་བཅོ་བརྒྱད་ལ། །ཞེས་པ་སྟེ་ནུ་མ་ལ་སོགས་པའི་གནས་བཅོ་བརྒྱད་ཆེར་གནས་སོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ལ་གསུངས་པ། དབང་པོ་ཀུན་གྱི་བདུད་རྩི་ལྔ་དག་ཅེས་པ་སྟེ། དབང་
པོ་ཐམས་ཅད་ལ་གནས་པ་ཉིད་ཀྱི་ཕྱིར་ན་དེ་དག་གི་རང་བཞིན་ཞེས་པའི་དོན་ཏོ། །དེ་ནི་དབུས་ནས་དྲངས་བྱས་ཏེ། །ཨཱ་ལི་དབུས་སུ་ཐིམ་པར་བྱ། །ཞེས་པ་ནི་དབང་པོ་དེ་དག་ལས་དྲངས་ཏེ། ཨཱ་ལི་དབུས་སུ་གསང་བའི་རྡོ་རྗེ་ལ་གནས་པར་བྱའོ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། གནས་བཅོ་བརྒྱད་ནས་
ཉེ་བར་བསྡུས་ནས་མཚན་མ་བརྒྱད་བྱའོ་ཞེས་པའོ། །འཇིགས་བྱེད་ཅེས་པ་ནི། རྡོ་རྗེ་བདུད་རྩི་ལ་བརྗོད་དེ། །དེའི་རང་བཞིན་ཡིན་ནོ། །འཇིགས་བྱེད་ནི་བཀང་བ་ཞེས་ཏེ། བདུད་རྩིའི་རང་བཞིན་སེམས་ཅན་ཐམས་ཅད་བཀང་ནས་ཤིན་ཏུ་རོལ་ཞིང་ཐམས་ཅད་རིག་གོ། །ཁམས་
གསུམ་ལ་ཁྱབ་ཅིང་གནས་པར་གྱུར་པས་ན། འཇིགས་བྱེད་ཅེས་པའོ། །དེ་ལྟར་ཡང་གསུངས་པ། ཐམས་ཅད་ལ་ནི་བཀང་བྱས་ཏེ། །ཐམས་ཅད་དུས་ལ་རོལ་པར་བྱེད། །ཐམས་ཅད་དུ་ཡང་གནས་བྱེད་པས། །དེ་བས་འཇིགས་བྱེད་ཅེས་སུ་བཤད། །རྡོ་རྗེ་ང་རོ་ཡིས་ཞེས་པ་ནི་ཡི་གེ་

ཧཱུྃ་ངོ་། །སྦྱོར་བའི་རྫས་ནི་འབྱུང་བར་འགྱུར། །ཞེས་པ་ནི་ཡི་གེ་ཧཱུྃ་གི་སྒྲས་བཏང་ནས་དབྱུང་བར་བྱའོ། །རྣལ་འབྱོར་པའི་རྫས་རིག་པའི་རིམ་པས་སྐྱེས་མ་ཐག་ཏུ་དམ་པའི་ཚངས་པའི་ངོ་བོ་ཉིད་སྐྱེ་བར་འགྱུར་རོ་ཞེས་པའོ། །དེ་ལྟར་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་
བས། །རྡོ་རྗེ་སེམས་དཔའ་བདག་མཉམ་ཞེས་སོ། །དེ་ནས་རྡོ་རྗེའི་ང་རོ་ངོ་བོ་ཉིད་ཀྱིས་བཤད་འདོད་པས་གསུངས་པ། མེ་དང་རླུང་གི་བདུན་པ་ཡིས། །ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །སྒྲ་སོགས་གོང་མའི་ས་བོན་ནི། །ཞེས་པ་ནི་ཡི་གེ་ཨའོ། །དེའི་
དབུས་སུ་གཟུང་བར་བྱ། །ཞེས་པ་ནི་རྡོ་རྗེའི་དབུས་སུ་ཡི་གེ་ཨ་ཞུ་བ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཧཱུྃ་བསམ་པར་བྱའོ་ཞེས་པའོ། །དེ་ལྟར་ཨཱ་ལིའི་ངོ་བོ་བཤད་ནས། ད་ནི་ཀཱ་ལིའི་དེ་བཞིན་ཉིད་བཤད་པར་འདོད་པས་གསུངས་པ། ཀཱ་ལིའི་མེ་ཏོག་ཀུན་དུ་ཤེས། །
ཞེས་པ་སྟེ། དེ་ལ་ཀཱ་ལི་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སོ། །མེ་ཏོག་ཀུན་དུ་ཤེས་ཞེས་པ་ནི། །དེ་ཁོ་ན་མེ་ཏོག་ཅེས་པ་དང་། ཀུན་དུ་ཤེས་པ་ཞེས་པ་ཇི་སྙེད་པའོ། །མེ་ཏོག་ཐུག་པ་རྡོ་རྗེ་ཅན། །ཞེས་པ་ནི་པདྨའི་རང་བཞིན་ཉིད་ཀྱི་ཕྱིར་ན་དེ་ལ་ཐུག་པར་བྱེད་པ་རྡོ་རྗེ་ཐུག་པར་བྱས་ནས་རྡོ་རྗེའོ། །
དེ་ཁོ་ནས་མེ་ཏོག་ལ་ཐུག་པའི་ཕྱིར་བུང་བའི་སྒྲ་ཡིས་གོང་དུ་བཤད་ཟིན་ཏོ། །འཁོར་བ་ལས་བྱུང་ཐམས་ཅད་དུ། །མེ་ཏོག་ཐམས་ཅད་ས་ཡིན་ནོ། །ཞེས་པ་ནི་འཁོར་བ་ལ་སྐྱེ་བ་ཅན་ཐམས་ཅད་དེ་ཁོ་ནའི་སྐྱེད་པ་པོ་ཉིད་ཀྱི་ཕྱིར་ན་མའོ། །དེ་ཁོ་ནའི་ཐམས་ཅད་སའི་རྣམས་ཞེས་པས་ཁྱད་
པར་བྱས་ཏེ། ཐམས་ཅད་ཁོ་ན་སྐྱེ་བའི་གནས། །ཞེས་པའོ། །ཡང་ནས་ཡང་དུ་ཁྱད་པར་གསུངས་པ། །ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདི། །ཤེས་རབ་ཆུ་སྲིན་ཉ་དག་དང་། །ཞེས་པ་སྟེ། དེ་ལ། ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདི། །ཞེས་པ་ནི། བདུད་རྩི་ཆུས་བཀང་བའི་རྒྱ་མཚོ་ཞེས་པའི་དོན་ཏོ། །ཡང་ན་
རྡོ་རྗེ་འཛིན་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པ། སྣ་ཚོགས་ཐབས་དང་ལྡན་པའི་བྱང་ཆུབ་སེམས་རིན་ཆེན་གྱི་གཞི་ཉིད་ཀྱི་ཕྱིར་ན་རྒྱ་མཚོའོ། །ཤེས་རབ