Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 25
Văn bản gốc(Tây Tạng)
Trang 10 / 21 (50.000 ký tự/trang)
ནས། །དབང་དུ་གནས་པའི་ནང་གི་གང་། ། གྲོང་གི་འདབ་ཅེས་བྱ་བར་བཤད། །གྲོང་ཁྱེར་གང་ལ་གནས་པ་ནི། །སྐྱེ་བའི་བྱིན་གྱི་རླབས་ལས་བྱུང་། །ཤེས་རབ་དབྱིངས་ཀྱི་དངོས་པོ་ནི། །གྲོང་ཁྱེར་བྱ་བའི་མིང་དུ་གསུངས། །རྩེ་གཅིག་པ་དང་རྩེ་གཉིས་པ། །གསུམ་པོ་དག་ནི་བཞི་མདོ་རུ། །ལྷ་ཡི་མཆོད་པ་སྔར་ བཤམས་ཏེ། །ལམ་དུ་གནས་ཏེ་མཆོད་པར་བྱ། །ལས་བཅུ་ལ་ནི་གནས་པ་ནི། །ལམ་ཞེས་པ་ནི་ལུས་ལ་གནས། །གཅིག་པ་རྟོག་པ་ལས་བྱུང་བ། །གཉིས་པོ་གཉིས་ཀྱིས་ཁྱད་པར་གྱི། །སུམ་མདོ་ཐེག་པའི་ཁྱད་པར་དུ། །རྣལ་འབྱོར་པས་ནི་རྟག་ཅེས་བྱ། ། སྲོག་ནི་སུམ་མདོ་ཞེས་སུ་གསུངས། །གཤེར་དང་དམར་སེར་སྐམ་པ་ཡི། །བཞི་མདོ་རུ་ནི་ཤེས་པར་བྱ། །སྐྱོར་བ་ལ་སོགས་རྣམ་པ་བཞི། །སྟེང་དང་འོག་གི་ཁྱད་པར་གྱི། །སུམ་མདོ་ཞེས་ནི་ཡོངས་སུ་གྲགས། །སྟེང་དུ་ཚངས་པའི་ལམ་ཞེས་བྱ། །དེ་བཞིན་འོག་ཏུ་ ཁྱབ་འཇུག་དྲན། །དྲག་པོ་དབུས་སུ་རྣམ་པར་ཤེས། །ལམ་ནི་སུམ་མདོ་དག་ཏུ་བཤད། །གྲུ་བཞི་ཡོན་ཏན་ཀུན་ལྡན་པ། །གསང་བ་ཡི་ནི་པདྨར་གནས། །གྲུ་གསུམ་ལམ་གསུམ་དུ་ཤེས་བྱ། །གཉིས་ཀྱིས་གཟུགས་སུ་གཉིས་སུ་འགྲོ། །གང་ཚེ་དངོས་པོ་གཅིག་གྱུར་ པ། །འགྲོ་བ་རྣམས་ཀྱིས་གནས་ཀྱི་དངོས། །དེ་ལྟར་ལམ་གཅིག་ཤེས་བྱ་སྟེ། །ཐར་པ་ཡི་ནི་གཟུགས་སུ་གནས། །བཏབ་པའི་ལམ་ནི་ཡོངས་ཐོབ་པའི། །ཞིང་བརྒྱད་དུ་ནི་གནས་པར་བྱ། །ཤིན་ཏུ་དགོད་དང་སྤྱོད་པའི་གནས། །དེ་བཞིན་དུ་ནི་རིགས་ཀྱི་རི། །རྒྱལ་བ་དང་ནི་ ཉེ་རྒྱལ་དང་། །དེ་བཞིན་རབ་མཆོག་ཆུ་ཡི་གནས། །ཆར་པའི་རྩེ་དང་དེ་བརྒྱད་དང་། །དེ་དག་ཞིང་ཞེས་བྱ་བར་གྲགས། །གནས་དེ་དག་ཏུ་འདུག་ནས་ཀྱང་། །གཏོར་མ་ཨ་ཡིས་མཆོད་པར་བྱ། །ཞིང་གི་འགྲམ་ན་གནས་པ་ནི། །ཉེ་བ་ཡི་ནི་ཞིང་དུ་བསྟན། །ཞིང་བརྒྱད་དག་ནི་ གནས་རྣམས་ནི། །ལུས་ལ་གནས་པའི་བདག་གིས་བཤད། །བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །རིམ་པ་ཅི་བཞིན་བདག་གིས་དགྲོལ། །ཤིན་ཏུ་དགོད་པ་ཁ་ལ་གནས། །སྤྱོད་མའི་གནས་ནི་སྨིན་མའི་མཚམས། །རིགས་ཅན་རྣ་བ་དག་ཏུ་བརྗོད། །རྒྱལ་བ་སུམ་མདོ་ཡི་ནི་ མདུན། །ཉེ་རྒྱལ་དེ་བཞིན་སྙིང་གར་གསུངས། །རབ་མཆོག་སྣ་ཡི་རྩེ་མོ་ལ། །ཆུ་ཡི་གནས་ནི་མིག་ཏུ་ཤེས། །ཆར་བའི་རྩེ་མོ་སྤྱི་བོར་གནས། །ཚནྡོ་ཧ་ནི་སྡོམ་པར་གསུངས། །གསང་བ་ཡི་ནི་པདྨར་གནས། །ཟེ་འབྲུ་དང་ནི་ཟེ་བར་ལྡན། །འདབ་མ་བརྒྱད་ ཀྱིས་རྣམ་པར་བརྒྱན། །དེ་ལྟ་བས་ན་བརྒྱད་དུ་ཤེས། །ཡེ་ཤེས་དབང་ཕྱུག་མ་དང་ལྡན། །ལུས་ནི་ཞིང་ཞེས་བྱ་བར་གསུངས། །ཞིང་མ་ཤེས་རབ་ཏུ་ཤེས་བྱ། །རྣམ་པ་ཀུན་གྱིས་སྟོང་པས་ན། །ཁྱིམ་སྟོང་དུ་ནི་རབ་ཏུ་བཤད། །དེ་ན་གནས་པའི་ལྷ་རྣམས་ནི། །ཆོ་ག་སྔ་མས་མཆོད་ པར་བྱ། །དངོས་པོ་ཐམས་ཅད་རྣམ་སྤངས་པས། །ལུས་ཀྱང་སྟོང་པ་ཉིད་དུ་བརྗོད། །ཁྱིམ་སྟོང་ཞེས་པ་ལུས་ལ་གཟུང་། །བསྒོམ་པས་ལྷ་རྣམས་བསྒོམས་ནས་ནི། །སྣ་ཚོགས་མཆོད་པ་དྲུག་ཆོ་གས། །རྟག་ཏུ་རྣལ་འབྱོར་པ་ཡིས་མཆོད། །གཟུགས་ཀྱི་སྟོང་པ་དེ་ཉིད་ལྟར། །ན་དི་ བཅུ་པོའང་དེ་བཞིན་ནོ། །དེ་ལ་གནས་པའི་ཡེ་ཤེས་ནི། །ཡིད་ཀྱི་སྦྱོར་བས་མཆོད་པར་བྱ། །སྟོང་པའི་ཡེ་ཤེས་རྡོ་རྗེ་ཡིས། །གནས་གང་ལ་ནི་རབ་གནས་པ། །ཆོས་འབྱུང་ཞེས་བྱ་བ་ཡི་ཁྱིམ། །ཡེ་ཤེས་རྣམ་ཤེས་དག་དང་ལྡན། །དེ་ལ་གནས་པའི་ལྷ་མོ་རྣམས། །མེ་ཏོག་ཆུ་ཡིས་མཆོད་ པར་བྱ། །སྒྲུབ་པོས་དངོས་གྲུབ་ཐོབ་པའི་ཕྱིར། །གསང་བ་ལས་ཀྱང་གསང་བ་སྟེ། །གང་དང་གང་དུ་གང་བསྙེན་པས། །དེ་ཕྱིར་བསྙེན་པ་ཞེས་སུ་གསུངས། །དེ་དག་ལས་ཀྱང་གནས་རྒྱུ་རུ། །གནས་ནས་ཀྱང་ནི་མཆོག་ཏུ་འགྲོ། །འཁོར་བའི་རྒྱ་མཚོ་ལས་བརྒལ་བའོ། །འགྲམ་དུ་ཕྱིན་ པས་ཆུ་འགྲམ་གནས། །རབ་དགའ་ལ་སོགས་ས་བརྒྱད་དང་། །ལགས་པའི་བློ་གྲོས་དང་བཅས་དགུ། །ཞིང་བརྒྱད་ཁྱད་པར་དུ་བརྗོད་པ། །ཞིང་དགུའི་བདག་པོར་ཤེས་པར་བྱ། །འདོད་པ་སྲོག་ཅེས་བྱ་བར་ཤེས། །ས་བོན་ཞེས་བྱ་དབང་ཕྱུག་གོ། །འདོད་པ་ལས་བྱུང་ང་རྒྱལ་ ནི། །དེ་ནི་རྡོ་རྗེ་འཛིན་པ་ཆེ། །འདོད་པའི་སྤྱི་བོར་ཡོངས་གནས་ཏེ། །རྐང་པ་ནས་ནི་སྤྱི་བོར་ཁྱབ། །འདོད་པ་གསུམ་དོར་བབ་པས་ནི། །དེར་ནི་འགྲོ་བ་གསུམ་པོ་རྨོངས། །ས་ལ་སོགས་པ་དེ་བཞིན་དྲུག །འདོད་པ་ཡི་ནི་གཟུགས་སུ་གནས། །གཞན་དུ་བདུད་རྩི་ལྔ་ཡང་བརྗོད། ། དབང་ཕྱུག་དང་སོགས་དངོས་གྲུབ་བརྒྱད། །མི་རྣམས་གང་གིས་སྒྲུབ་བྱེད་པ། །ཆུང་ངུ་ལ་སོགས་སྒྲུབ་པར་ལྡན། །འདོད་པ་ལུས་ཀྱི་ཡན་ལག་སྟེ། །དེ་ནས་གླང་ཆེན་ཞེས་སུ་བཤད། །གནས་དེ་དག་ལ་གནས་པ་ཡི། །ལྷ་རྣམས་སུ་ནི་རབ་གྲགས་པ། །ལྔ་པོ་ལྔ་པོའི་བདག་ཉིད་ ཀྱིས། །སྔགས་པས་རྟག་ཏུ་མཆོད་པར་བྱ། །དབང་པོ་ཕྱོགས་ནས་བརྩམས་ནས་ནི། །ཇི་སྲིད་དབང་ལྡན་མཚམས་བར་དུ། །གཡས་དང་གཡོན་དུ་བསྐོར་བ་ཡི། །རིམ་པ་བརྒྱད་པ་ཤེས་པར་བྱ། །དང་པོ་དྲག་ནག་ཅེས་བྱ་བ། །རྐང་པ་ཡི་ནི་མཐེ་བོང་བར། །དུས་མེད་དྲག་ པོ་ཞེས་གྲགས་པ། །ལྷ་མོ་ཡི་ནི་འཁོར་གྱིས་བསྐོར། །གསང་བའི་གནས་སུ་དྲག་ཆེན་དང་། །ལུས་ཀྱི་ཡན་ལག་ཀུན་ལ་ཁྱབ། །ལྟེ་བའི་གནས་ལ་ལྷ་བྱིན་ཏེ། །སྒྱུ་མ་ཡི་ནི་གཟུགས་ཀྱི་ཚུལ། །སྙིང་གར་གནས་པའི་ནག་པོ་ཆེ། །སྒྱུ་མ་ཆེན་པོ་མཆོག་གི་མཆོག །གཙིགས་པ་ ཁ་ཡི་ཕྱོགས་གནས་ཏེ། །རྡོ་རྗེ་མཚོན་ནི་མཚོན་ཆེན་པོ། །འཇིགས་བྱེད་མཆུ་ལ་རྟག་ཏུ་གནས། །འབར་བའི་མེ་དང་མཉམ་པའི་འོད། །མགོ་བོར་གནས་པ་དག་པ་ཆེ། །ཚངས་པའི་བུག་ལས་རྣམ་པར་བྱུང་། །སྣ་ཡི་བར་དུ་རྟག་གནས་པ། །བགེགས་ཀྱི་རྒྱལ་པོ་གཙོ་བོ་ཆེ། ། དེ་དག་མཚམས་སུ་གནས་པ་ནི། །དབང་ལྡན་ལ་སོགས་རིམ་པ་བཞིན། །ཙ་མུ་ཎྜི་ནི་མགོ་བོའི་གནས། །བེ་ཏཱ་ལཱི་ནི་ཤིང་ལ་བརྟེན། །ཨཱ་གྷོ་ཙིར་ནི་སུམ་མདོར་གནས། །དེ་ཉིད་གསུམ་པོ་ལམ་གསུམ་བཞི། །མགོ་ཞེས་བྱ་བར་སྒྲ་ཆེན་པོ། །བཅུ་གཉིས་ཀྱི་ནི་མཚམས་སུ་ གནས། །ཤིན་ཏུ་དགོད་པ་དགོད་ཆེན་པོ། །བགེགས་མེད་ཀྱི་ས་ནི་རྣམ་པར་འཇོམས། །བི་བད་ཚ་ཡིས་འཇོམས་པ་སྟེ། །སྙིང་ག་ཡི་ནི་པདྨར་གནས། །ལྷ་མོ་སྒྱུ་མ་ཞེས་སུ་གྲགས། །འགྲོ་རྣམས་སྨོས་པས་རྨོངས་པར་བཤད། །ལྷ་མོ་ཨུ་མ་ཀླད་པར་གནས། །ཀླད་པས་ ནི་ཚུགས་འདོད་པ་མ། །རྒྱལ་མོ་ལྷ་སོགས་ལྷ་མོ་ཆེ། །ན་ལི་ཡི་ནི་གཟུགས་སུ་གནས། །པུས་མོ་བྱིན་པ་ནག་པོ་སོགས། །བཞི་པོ་དག་ནི་ཆེན་པོ་ཡིན། །དབང་མོ་ལ་སོགས་ལྷ་མོའི་ཚོགས། །སྙིང་ག་ཡི་ནི་པདྨར་གནས། །གཟུགས་ལ་སོགས་པའི་བྱེ་བྲག་དྲུག །རེག་ བྱ་ཡི་ནི་གཟུགས་སུ་གནས། །ཟེའུ་འབྲུ་ལ་ནི་ཨ་ཡི་གཟུགས། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །ངག་འཕྲོག་ལ་སོགས་ལྷ་མོ་ཆེ། །ཉེ་བའི་ན་ལི་བཞི་པོར་འདོད། །ངག་འཕྲོག་མ་ནི་གསང་བར་གནས། །འབར་བྱེད་མ་ནི་སྤྱིར་གནས་ཏེ། །སྲེག་མ་དང་ ནི་མཆེད་མར་བྱེད། །དབང་ཕྱུག་ཆེན་མོ་མེ་ཡི་གཟུགས། །འཇིབ་བྱེད་མ་ནི་རྐན་ལ་གནས། །རླུང་གི་གཟུགས་ཅན་དབང་ཕྱུག་ངག །འཇིགས་པའི་གཟུགས་ཀྱི་ལྷ་མོ་ནི། །མཁའ་འགྲོ་མ་དང་འདུས་པའི་ཚུལ། །ལྕེ་ཡི་རྩ་བར་གནས་པ་ཡི། །དེ་ནི་ཆུ་ཡི་གཟུགས་སུ་གནས། ། འཇིགས་བྱེད་ལ་སོགས་ལྷ་མོ་བཞི། །ལམ་བཞི་རུ་ནི་གནས་པ་ཡིན། །རྣལ་འབྱོར་རྣལ་འབྱོར་མ་ཡི་ཚོགས། །དེ་ནི་སྒྲ་ཡི་གཟུགས་སུ་གནས། །ཐོད་པའི་ཕྲེང་གིས་ཕྲེང་བཅིངས་པའི། །ལྷ་མོ་བཞི་ནི་ཆེན་མོ་ཡིན། །ཐིག་ལེ་གནས་ན་རྟགས་འབྱུང་བ། །ཤཀྟི་ཡི་ནི་གཟུགས་སུ་ གནས། །རལ་གྲི་ལ་སོགས་འཛིན་པས་བརྒྱན། །ལག་པ་དང་ནི་རྐང་པར་གཞག །འདོད་པ་ལ་སོགས་ཉོན་མོངས་གཅོད། །རྒོལ་བ་ཐམས་ཅད་ཕྱི་མཐར་བྱེད། །བགེགས་རྣམས་ཐམས་ཅད་འཇོམས་པའི་ལྟ། །པདྨ་དབྱིངས་ཀྱི་རྗེས་སུ་འགྲོ། །ཞི་སོགས་ལས་ཀྱི་དངོས་གྲུབ་ དང་། །མཁའ་འགྲོ་མ་ལ་སྒྲུབ་པ་ལ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །རྡོ་རྗེ་སེམས་དཔའ་ཁྱབ་པའི་གཙོ། །བདག་ཉིད་དེ་ལྟར་བསྒོམས་ནས་ནི། །ཀུན་ཏུ་སྔགས་པ་ཡིས་ནི་མཆོད། །བཟའ་དང་བཏུང་བ་གོས་དག་ཀྱང་། །ཕྲེང་བ་དྲི་དང་གོས་ལ་སོགས། །ལུས་ཀྱི་དེ་ཉིད་ལ་ གནས་ཏེ། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཇི་ལྟར་དེ་ཉིད་རྗེས་འབྲང་སྟེ། །དེ་ཡི་གཏོར་ལས་ཆོ་ག་བཤད། །ཁྲག་ནི་རབ་ཏུ་མཆོད་སྦྱིན་ཏེ། །ཆུ་ཡི་གནས་ནི་དེ་བཞིན་ཉ། །ཏིལ་གྱི་ཁུར་བ་ཆར་བའི་རྩེ། །ཤིན་ཏུ་དགོད་པ་མཁུར་སྐྱ་བ། །ཁ་དོག་ལྔ་པ་སྤྱོད་པའི་གནས། །ཤ་ ནི་རིགས་ཀྱི་རིའུ་གསུངས། །ཨཱ་ལི་དེ་བཞིན་རྒྱལ་བའི་གནས། །ཉེ་བར་རྒྱལ་བའི་བ་དན་གསུངས། །ཞི་བརྒྱད་ཀྱིས་ནི་མཚན་པའོ། །དེ་ནས་ཞིང་གི་བདག་པོ་རྣམས་བཤད་པར་བྱ་སྟེ། །ཤར་ཕྱོགས་སུ་ནི་ཤིན་ཏུ་དགོད་པ་ལ། །ཞི་བའི་མིག་ཅན་གསེར་བསྲེག་པའི་མདོག་ལྟ་ བུ་ཕྱག་ན་རྡོ་རྗེ་བསྣམས་ཤིང་ཀ་དམྦ་ལ་གནས་པའོ། །མེའི་ཕྱོགས་སུ་ནི་སྤྱོད་པ་ནག་མོའི་ལྷ་མོ་ཁ་དོག་དམར་མོ། །ཕྱག་ན་ཤཀྟི་བསྣམས་ཤིང་ཀ་རཉྫ་ལ་གནས་པའོ། །ལྷོ་ཕྱོགས་སུ་ནི་ཀི་ལི་གི་རིས་མཚན་པའི་ལྷ་ཆེན་པོ་ཁ་དོག་ནག་པོ་དབྱུག་པ་བསྣམས་པའོ། །བདེན་བྲལ་ དུ་ནི་རྒྱལ་བ་ཅན་ཏེ། ཤིང་ནིམ་པ་ལ་གནས་པ། ཕྱག་ན་རལ་གྲི་བསྣམས་པ་དུ་བའི་མདོག་ཅན་ཞལ་འབར་བ་དང་། ནུབ་ཕྱོགས་སུ་ནི་ཉེ་རྒྱལ་ཏེ་སྒྱུ་འཕྲུལ་ཆེན་པོ་དང་། ཤིང་ཨ་ཤྭཏྠ་ལ་གནས་པའི་ཞགས་པ་བསྣམས་པའོ། །རླུང་གི་ཕྱོགས་སུ་ནི་མཆོད་སྦྱིན་ལ་ རླུང་གི་ཤུགས་ཅན་ཏེ། བ་དན་བསྣམས་ཤིང་རླུང་གི་མདོག་ཅན་ཤིང་ཨུ་དུམ་བཱ་ར་ལ་གནས་པའོ། །བྱང་གི་ཕྱོགས་སུ་ནི་ཤིང་ཀ་རི་དབྱུག་པ་བསྣམས་པ་ལ། ཁ་དོག་སེར་པོ་ཤིང་ཏ་ལ་ལ་གནས་པའོ། །དབང་ལྡན་གྱི་ཕྱོགས་སུ་ནི་ཆར་པའི་རྩེ་ལ་རྣ་བོ་ཆེ། མདོག་ དམར་པོ་རྩེ་གསུམ་པ་བསྣམས་པ། ཤིང་ཝ་ཏ་ལ་གནས་པའོ། །དེ་དག་ནི་ཤིང་གི་བདག་པོར་ཤེས་པར་བྱ་ཞིང་མཁའ་འགྲོ་མ་ལྔའི་རང་བཞིན་ཉིད་དོ། །ཀརྐཌ་དང་རོ་ཧི་ཏ་ནི་སྣའི་སྟེང་དུའོ། །ཆུ་སྲིན་དང་མོ་ཧི་ཏ་ནི་སྣའི་འོག་ཏུའོ། །བི་བཱ་དང་ཙ་བ་ན་དང་། ཀྵུཾ་དང་དུ་བ་དང་ མེའོ། །སེང་གེ་དང་མི་ཀི་རི་དང་། ཧཱུཾ་དང་པདྨ་དང་སའོ། །གཞོན་ནུ་མ་དང་། བི་ཏྲི་དང་། དཀར་མོ་དང་། སུཾ་དང་ཆུའོ། །འདོད་པ་དང་གཞུ་དང་། ཡུཾ་དང་རླུང་སྟེ། དེ་དག་སྣ་བུག་གཡས་པ་ལའོ། །གླང་དང་ཀུཾ་མ་དང་ཀྵྨྼྻུཾ་དང་རོ་ཙ་ན་དང་མེའོ། །བུམ་པ་དང་མོ་ཧི་ཏ་དང་། ཧྨྼྻུཾ་དང་དྲི་མེད་ གསུམ་དང་སའོ། །ཉ་དང་བྷ་ཏྲ་དང་སྨྼྻུཾ་དང་ཆུ་དང་སའི་གདུགས་སོ། །འཁྲིག་པ་དང་ཆུ་སྲིན་དང་ཡྨྼྻུཾ་དང་དབྱེ་བ་དང་རླུང་ངོ་། །དེ་དག་སྣ་བུག་གཡོན་པ་ལའོ། །སྲིད་དང་ཨཾ་དང་ཡེ་ཤེས་དང་། རྡོ་རྗེ་སེམས་དཔའ་དང་ནམ་མཁའོ། །ཨ་དང་ཡེ་ཤེས་མཁའ་འགྲོ་མ་དང་། །ལུག་དང་ རྣམ་པར་ཤེས་པ་དང་། ནམ་མཁའི་རྩའོ། །བླ་མའི་ཞལ་གྱི་རིམ་པ་འདི་ནི་དངོས་གྲུབ་འདོད་པའི་ཕྱིར་གསང་བར་བྱའོ། །དང་པོ་ལ་ནི་ནོར་བཏང་བྱ། །གཉིས་པ་ལ་ནི་ནོར་བསྡུའོ། །གསུམ་པ་ལ་ནི་ཞིང་ལས་བྱ། །བཞི་པ་ལ་ནི་ས་བོན་གདབ། །ལྔ་པ་ལ་ནི་ཁྱིམ་དུ་འཇུག ། དྲུག་པ་ལ་ནི་ཁྱིམ་བཞིའི་གནས། །བདུན་པ་ལ་ནི་ལས་བྱ་བ། །གོས་དང་རྒྱན་དང་ལོངས་སྤྱོད་རྫོགས། །སོང་བ་དག་ནི་ཕྱིར་མི་ལྡོག །སངས་རྒྱས་དངོས་གྲུབ་སྒྲུབ་རྣམས་ཀྱིས། །བླ་མ་མཆོད་ཕྱིར་རང་ཕྱག་རྒྱ། །རང་གི་ཕྱག་རྒྱ་བསྟན་པ་ཡིས། །དངོས་གྲུབ་ཐོབ་པར་ རྒྱུད་ལས་གསུངས། །གཞན་ལས་དངོས་གྲུབ་ཐོབ་མི་འགྱུར། །ཕྱི་རོལ་བསྐུལ་པས་དམ་ཚིག་མེད། །དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །སློབ་དཔོན་བྱང་ཆུབ་རྡོ་རྗེ་ཉིད། །དངོས་རྣམས་སྒྱུ་མ་ལྟ་བུ་ལ། །སྤྲོ་བ་དང་ནི་བསྡུ་བ་མཛད། །རྣལ་འབྱོར་ཆེན་པོ་སྐལ་ལྡན་རྣམས། ། སྡིག་པ་རྣམས་ནི་རྣམ་བྱང་ཞིང་། །བསོད་ནམས་རྣམས་ནི་འཕེལ་བ་རྣམས། །བདེ་བ་ཅན་དུ་འགྲོ་བར་ཤོག །ཤིང་གཅིག་པའི་དཀའ་འགྲེལ་སློབ་དཔོན་འཕགས་པའི་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གྷཎྚ་པཱུ་ཛ་ཀྲ་མ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དྲིལ་ཐབས་ཀྱིས་མཆོད་པའི་ཐབས་ཀྱི་རིམ་པ། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །སྒྲིབ་གཉིས་སྤོང་ཞིང་ཚོགས་གཉིས་བསྒྲུབ། །མཆོད་པ་དག་ལ་རྟག་དགའ་ཕྱིར། །རྡོ་རྗེ་དྲིལ་བུའི་སྒྲུབ་པ་ནི། །བདེ་མཆོག་གསང་ལ་བཏུད་དེ་བཤད། །ཡིད་དང་མཐུན་ ཞིང་དབེན་གནས་སུ། །ཡང་དག་དོན་ལྡན་རྣལ་འབྱོར་གྱིས། །རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ། །མཛེས་པའི་མཎྜལ་སྟེང་དག་ཏུ། །མེ་ཏོག་ཚོམ་བུ་གཉིས་བཞག་སྟེ། །རྡོ་རྗེ་དྲིལ་བུ་སྟེང་དུ་བཞག །དང་པོར་དག་པའི་ཁྲུས་བྱ་སྟེ། །མོས་པ་ཙམ་གྱིས་ལྷར་བསྐྱེད་ནས། །འོད་ཀྱིས་ བརྟག་གཉིས་སྦྱང་བྱ་སྟེ། །སྟོང་པའི་ངང་ལས་ཨཱཿཧཱུཾ་བསྐྱེད། །དེ་ནས་རྡོ་རྗེ་དྲིལ་བུ་གཉིས། །དེ་ནས་དཔལ་ལྡན་ཡབ་ཡུམ་བསྐྱེད། །དེ་ལ་ཡེ་ཤེས་འཁོར་ལོ་གཞུག །གཉིས་མེད་བསྟིམ་ནས་དབང་བསྐུར་ཞིང་། །བྱིན་གྱིས་བརླབས་ནས་མཆོད་ཅིང་བསྟོད། །དེ་འོད་ཞུ་ལས་ རྡོར་དྲིལ་གྱུར། །བཟླས་པ་བྱས་ནས་བླང་བར་བྱ། །གཡོན་གྱིས་སྟེང་འོག་ཚུལ་དུ་བླང་། །དེ་ནས་གཡས་སུ་རྡོ་རྗེ་བླང་། །སྙིང་ག་དག་ཏུ་བཟུང་ནས་ནི། །དྲིལ་བུ་གཡོན་གྱི་དཀུ་རུ་བསྟེན། །དེ་ནས་གཡོན་དུ་གར་བཅས་ཏེ། །གཡས་ལ་ཐུག་པ་དགུ་རུ་བསྐོར། །དེ་ནས་གོང་ བཞིན་གཟུང་བར་བྱ། །དང་པོ་ཐུན་མོང་བཤད་བྱ་སྟེ། །གར་བསྐོར་རྡོ་རྗེ་དྲིལ་བུ་གཉིས། །གོང་བཞིན་འཛིན་པ་བཅའ་བ་སྟེ། །དེ་ནས་དྲིལ་བུ་ལེན་གསུམ་དཀྲོལ། །དེ་ནས་གཉིས་ཀས་ལན་གསུམ་སྟེ། །ཐ་མས་སྟེང་དུ་བསྐོར་ནས་ནི། །གར་བསྐོར་གོང་བཞིན་འཛིན་པ་ནི། ། ཀུན་གྱི་སྔོན་དུ་འགྲོ་བ་ཡིན། །བ་དན་ཕྱར་བའི་རྣམ་པ་ལ། །དྲང་པོར་འཛིན་དང་དྲིལ་བུ་འཁྲོལ། །རྡོ་དྲིལ་གསོར་གསིལ་བཅས་པ་ལ། །གཉིས་ཀ་འཛིན་པ་སྦྱོར་མིན་ཏེ། །དཀྲོལ་བ་བ་དན་གཡོབ་པ་ལ། །དང་པོ་ལ་སོགས་ལུགས་བཞིན་ཏེ། །བ་དན་མི་གཡོབ་བཏིང་པ་ལ། ། མི་དཀྲོལ་མི་གསོར་སོ་རུ་བཞག །བ་དན་འགུགས་པའི་དུས་དག་ཏུ། །དྲན་པ་ཆུ་བུར་བཞིན་དུ་དཀྲོལ། །སེམས་ཅན་དོན་བརྩོན་གྱུར་པ་ན། །མདུང་ཐབས་ཞེས་ནི་བྱ་བ་སྟེ། །ཉོན་མོངས་ཐ་བ་འབིགས་པའི་ཚུལ། །དང་པོ་དྲིལ་བུ་གསུམ་ཡིན་ཏེ། །གཡས་སུ་འཕང་པའི་ འབིགས་བཞིན་ཏེ། །གཡོན་དུ་གཉི་གས་བྱེད་པ་ཡིན། །སྒྲིབ་པ་གཉིས་ནི་འཇོམས་པ་སྟེ། །ལན་གསུམ་བསྐོར་བ་དངོས་གྲུབ་ལེན། །སྟེང་དུ་བསྐོར་བ་བརྟན་པར་བྱེད། །སྙིང་གར་བཟུང་བས་བཀྲག་མདངས་བསྐྱེད། །དོན་གྲུབ་སྦྱོར་བ་བཤད་བྱ་སྟེ། །གཡས་ཀྱིས་རྒྱ་གྲམ་སྦྱོར་ བ་དང་། །གཡོན་དང་དབུས་ཀྱི་སྦྱོར་བ་ནི། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་སྟེ། །སྙིང་ག་ལ་ནི་རྟེན་པར་བྱེད། །དྲིལ་བུའི་ཆ་ལ་རབ་བརྟགས་ནས། །སྤྱི་བོ་མགྲིན་པ་སྙིང་ག་ཡི། །ཐད་ཀར་འཛིན་ཅིང་བསྐོར་བ་ནི། །ས་འོག་ས་བླ་ས་སྟེང་གི །སྲིད་གསུམ་སྤྲུལ་པས་འགྲུབ་པའོ། །རྡོ་ རྗེ་སེམས་འགུགས་སྦྱོར་བ་ལ། །དང་པོར་ཕར་ལ་སྤྲོས་པ་ནི། །རང་གི་མཆོད་པ་བྱེད་པ་སྟེ། །སྙིང་གར་འགུགས་པ་དངོས་གྲུབ་ལེན། །རྡོ་རྗེ་བསྣོལ་བརྟན་ཞེས་བྱ་བ། །གཉིས་ཀའི་དབང་དུ་བྱས་པ་སྟེ། །ཀར་འཛིན་གཉིས་ཀྱི་ཐད་ཀ་རུ། །བཟུང་བ་སྟེང་འོག་བྱེད་པའོ། །གཡས་ བརྟན་པ་ནི་ཐབས་ཡིན་ཏེ། །གཡོན་བརྟན་པ་ནི་ཤེས་རབ་ཡིན། །གཉིས་བརྟན་པ་ནི་སྦྱོར་བའོ། །གོང་དུ་སྦྱོར་བའི་བྱང་ཆུབ་སེམས། །གཉིས་བརྟན་ནས་ནི་འབུལ་བར་བྱེད། །དེ་ཡིས་རྒྱལ་བ་ཐམས་ཅད་མཉེས། །རོལ་པའི་ཆོ་ག་བྱེད་པ་ནི། །ལག་པ་བསྣོལ་མར་ བྱེད་པ་སྟེ། །ཤེས་རབ་ཡེ་ཤེས་གནས་སྐབས་དང་། །གསང་བ་ཡི་ནི་སྤྱོད་པ་དང་། །གསང་བའི་སྤྱོད་པའི་སྐབས་སུ་ཤོད། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །བླ་མེད་གསང་བའི་བླ་ན་མེད། །གཙོ་བོ་མཆོག་གི་ལས་སྦྱོར་བ། །ཁྱད་པར་གྱི་ནི་ བཤད་བྱ་སྟེ། །དང་པོའི་ལས་དང་ཐ་མའི་ལས། །གོང་མ་བཞིན་ཏེ་ཐུན་མོང་ངོ་། །འཁོར་ལོ་འཛིན་སོགས་ལྔ་པོ་དང་། །སྙིང་གར་འཛིན་པས་ཤེས་པར་བྱ། །མདུན་དུ་སྤོས་ཕོར་འཛིན་པ་དང་། །གྱེན་ལ་མེ་ཏོག་འཐོར་བ་དང་། །སོར་མོ་མར་མེའི་ཚུལ་དུ་བསྒྲེང་། ། གདེངས་པས་བྱུག་པའི་ཚུལ་དུ་བྱུག །མཉེས་པ་ཡི་ནི་ཐབས་སུ་བཤད། །ཞི་བ་ཡི་ནི་སྦྱོར་བ་སྟེ། །རྡོ་རྗེ་དྲིལ་བུའི་ཐད་བཟུང་ནས། །གང་ལ་ཕོག་པས་དེ་བྱེད་བསམ། །རྒྱས་པ་སྟེང་དུ་འཕྱར་བ་སྟེ། །ཡེ་ཤེས་ཁམས་གསུམ་བཅུད་ལེན་བྱེད། །དབང་ནི་གྱེན་ལ་ཕྱོགས་ནས་སུ། །ལག་ པའི་འོག་ཏུ་འཇུག་ཚུལ་ལོ། །དྲག་པོ་གསང་བའི་ཆོ་ག་ནི། །གདུལ་བྱ་མདུན་དུ་གནས་པ་ལ། །སྟེང་དུ་འཕྱར་ཞིང་ཐུར་དུ་འབུགས། །རེངས་པ་ཡི་ནི་སྦྱོར་བ་སྟེ། །གདུལ་བྱ་མདུན་དུ་བས་མ་བྱ་སྟེ། །གྱེན་ཐུར་ཐད་ཀར་ཕྱར་བ་ཡིས། །སྤྱི་བོ་རྐང་པའི་བར་དག་ཏུ། །རྡོ་རྗེ་རིང་པོ་བསྒེང་ བར་བྱེད། །བསྟབ་པའི་ཆོ་གའི་ལས་བྱེད་པ། །རྡོ་རྗེ་གདེངས་པའི་སྦྱོར་བ་ཡིས། །ཐུར་བསགས་ལ་ནི་ལེན་པ་སྟེ། །གྱེན་དུ་ཕྱར་ནས་བཏེག་བྱས་ནས། །དེ་ནས་མདུན་དུ་བསྟན་པའོ། །དེ་ལ་སོགས་པའི་སྦྱོར་བ་མཆོག །གསང་བ་དེ་ཉིད་རྗེས་འབྲངས་ནས། །བློ་དམན་དོན་དུ་ བཤད་པ་ཡིན། །འདི་ལ་ཉེས་པར་གྱུར་པ་ཀུན། །འཕགས་དང་མཁས་ལ་བཟོད་པར་གསོལ། །བདག་གིས་འདི་བརྩམས་བསོད་ནམས་ཀྱིས། །ཁམས་གསུམ་ཐམས་ཅད་བླ་མེད་ཤོག །རྡོ་རྗེ་དྲིལ་ཐབས་ཀྱིས་མཆོད་པའི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུཿཔཱི་ཋ་སཱ་ངྷ་ནོ་པི་ཀ །བོད་སྐད་དུ། དཔལ་གདན་བཞི་པའི་སྒྲུབ་པའི་ཐབས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དངོས་དང་དངོས་མེད་ངང་ལས་དཔེ་མཚན་ལྡན། ། དེ་ལས་འགྲོ་བའི་དོན་མཛད་ལ་བཏུད་དེ། །བཅུ་དང་གསུམ་པོ་མངོན་དུ་བྱ་བའི་ཐབས། །རྒྱུད་ན་མི་གསལ་བསྡུས་ཏེ་བྲི་བར་བྱ། །དེ་ལ་རེ་ཞིག་སློབ་དཔོན་བུམ་པ་དང་གསང་བའི་དབང་ཐོབ་ཅིང་། རིག་པ་ངེས་པ་དེས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་འཇུག་ པར་བྱའོ། །ཡིད་དུ་འོང་བའི་ས་ཕྱོགས་ཀྱི། །གནས་དག་ཏུ་ནི་བསྟེན་ནས་སུ། །བླ་རེ་དག་ནི་བྲེ་བར་བྱ། །སྣ་ཚོགས་གོས་ནི་དཔྱངས་ནས་སུ། །བ་དན་རྒྱལ་མཚན་བསྒྲེང་བར་བྱ། །གཡེར་ཀ་དྲ་བས་མཛེས་པར་བྱ། །གནས་བཅུ་དག་ནི་ཀུན་དུ་ཡང་། །དེ་བཞིན་དྲི་ཡི་དཀྱིལ་ འཁོར་བྱ། །མཉམ་མེད་སེམས་ཀྱི་དྲི་ཡིས་ནི། །གྲུ་བཞི་པར་ནི་བྱུག་པར་བྱ། །ལུས་ལ་སྟེའུ་འཇོག་ཙནྡན་བྱུག །སེམས་ནི་མཉམ་པར་གནས་པ་སྟེ། །བཟོད་པའི་མེ་ཏོག་རྣལ་འབྱོར་པས། །འབད་དང་ལྡན་པས་དགྲམ་པར་བྱ། །མཉམ་ཉིད་བསྒོམས་པའི་བདུག་པ་ཡིས། རང་བཞིན་དག་པས་བདུག་པར་བྱ། །ཤེས་རབ་མར་མེའི་སྣང་བ་སྟེ། །ཁམས་གསུམ་གྱི་ནི་མུན་པ་རྣམས། །མར་མེ་འདི་ཡིས་བཅོམ་ནས་སུ། །ཅི་ལྟར་འདོད་བཞིན་སྣང་བར་བྱ། །མཆོད་པ་དགྲམ་པར་བྱས་ནས་ཀྱང་། །བདེ་བའི་སྟན་ལ་འདུག་ནས་སུ། །ཨོཾ་བཛྲ་པྲཱ་ཀ་ ར་ཧཱུཾ་ཕཊ། ལག་གཡོན་ཐལ་མོ་ཕར་བསྟན་ཏེ། །གཡས་པ་ཁུ་ཚུར་རྒྱབ་སྦྱར་ནས། །དབང་ལྡན་ཕྱོགས་ཚོགས་བསྐོར་བར་བྱ། །ར་བའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། །ཕན་ཚུན་ཆེན་མོར་རེག་པར་བྱ། །ཨོཾ་ཛུཾ་སྭཱ་ཧཱ། དྲ་བའི་སྔགས་དང་ཕྱག་རྒྱའོ། །གཡོན་ པ་ཁུ་ཚུར་བཅིངས་ནས་སུ། །མཐེ་བོང་འོག་ཏུ་བརྐྱང་བར་བྱ། །ཨོཾ་བྲུཾ་སྭཱ་ཧཱ། ཕུར་པའི་སྔགས་དང་ཕྱག་རྒྱའོ། །རྣམ་པར་དག་པ་དང་ཕན་ཡོན་ནི་རྒྱུད་ལས་ཤེས་པར་བྱའོ། །རང་གི་སྙིང་གའི་ཟླ་དབུས་སུ། །ས་བོན་ཧཱུཾ་གི་འོད་ཟེར་གྱིས། །བླ་མ་སངས་རྒྱས་སྣང་བྱས་ལ། །ཚིགས་བཅད་ འདི་ནི་བརྗོད་པར་བྱ། །བདག་མིང་འདི་ཞེས་བགྱི་བ་ནི། །བླ་མའི་ཞབས་ལྷམ་ལ་ཕྱག་འཚལ། །མཁའ་འགྲོ་མ་རྣམས་ལ་ཡང་འདུད། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །འོད་ཟེར་དེ་ལས་བྱུང་བ་ཡི། །ལྷ་མོ་ལག་ན་སྤོས་ལ་སོགས། །ཐོགས་པས་མཆོད་པ་བྱས་པར་ བསམ། །སྡིག་པ་བགྱིས་དང་བགྱིད་དུ་སྩལ། །རྗེས་ཡི་རང་བ་སོ་སོར་བཤགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་མ་ལུས་དང་། །འཇིག་རྟེན་དགེ་བའི་རྩ་བ་ལ། །ཀུན་ནས་བདག་ནི་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་འཚལ། ། མྱ་ངན་མི་འདའ་བཞུགས་སུ་གསོལ། །དུས་འདི་ནས་ནི་སངས་མ་རྒྱས། །བར་དུ་ལམ་ནི་བསྟེན་པར་བགྱི། །བདག་གི་ལུས་ཀྱང་དབུལ་བར་བགྱི། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་ རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། ། བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་ནི་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བྱ་ཞིང་། །སློབ་དཔོན་དག་ཀྱང་བདག་གིས་ གཟུང་། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྩལ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་ རབ་ཏུ་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་མཐོན་པོ་ལ། །མཆོད་པ་ཅི་ནུས་བགྱི་བ་དང་། །སྡོམ་པ་ཐམས་ཅད་ལྡན་པར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་དེ་ནི་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་པ་ རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་དགོད། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞི་པོ་བསམ་པར་བྱ། །དེ་ནས་ཧཱུཾ་གི་མེ་ལྕེ་ཡིས། །སྣོད་བཅུད་ཐམས་ཅད་སྟོང་ པར་བསྒོམ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿས་བྷཱ་ཝ་ཤུདྡྷོ྅ཧཾ། མཉམ་ཉིད་སྟོང་པར་བསམས་ནས་སུ། །དེ་ཡི་དབུས་སུ་བལྟས་ནས་ཀྱང་། །དེར་ནི་མཚན་མ་བརྟག་པར་བྱ། །མར་མེའི་འོད་ཀྱིས་ཞི་བ་སྟེ། །དམར་པོ་རྡུལ་གྱིས་རྒྱས་པའོ། །ཉི་མའི་དཀྱིལ་འཁོར་ལྟར་སྣང་བ། ། ཆགས་པ་ལ་སོགས་འགྲུབ་པར་འགྱུར། །མཐར་ནི་དུ་བ་ནག་མཐོང་ན། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། །རླུང་གི་མདོག་ལྟར་འཁྲུག་པ་ཡིས། །དེ་ཡི་མོད་ལ་བསྒྲག་པར་འགྱུར། །ཟླ་བ་དཀར་པོའི་འོད་ཟེར་ལྟར། །ཐམས་ཅད་དུ་ནི་དཀར་མཐོང་ན། །རྣལ་འབྱོར་འགྲུབ་པར་ཤེས་ པར་བྱ། །བློ་ལྡན་འགྲོ་བའི་ཡང་དག་གནས། དེ་ཡི་ནང་དུ་བསམ་པ་ནི། །ཡུཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད། །ཀྵུཾ་ལས་མེ་ཡི་དཀྱིལ་འཁོར་བསམ། །དེ་སྟེང་སུཾ་ལས་ཆུ་རང་བཞིན། །ཧཱུཾ་ལས་གསེར་གྱི་ས་གཞི་དང་། །རི་རབ་ཆེན་པོ་བསམ་པར་བྱ། །དེ་སྟེང་ཧཱུཾ་ལས་ གཞལ་ཡས་ནི། །ཁང་པ་བརྩེགས་པ་བསམ་པ་སྟེ། །གསེར་ལས་བྱུང་བའི་གྲོང་ཁྱེར་མཆོག །རིན་ཆེན་བདུན་པོ་རྣམས་ཀྱིས་སྤྲས། །གཡེར་ཀའི་དྲ་བའི་ཕྲེང་བ་དང་། །དྲ་བ་དྲ་ཕྱེད་སོགས་པས་བརྒྱན། །དབུས་དང་ཕྱོགས་བཞིར་སེང་གེའི་གདན། །ཉི་མའི་དཀྱིལ་འཁོར་གྱིས་ བརྒྱན་པར། །འབྱུང་པོ་གླང་པོ་མེ་མཚམས་སུ། །རིན་ཆེན་བུམ་པ་གང་བའོ། །བདེན་བྲལ་དུ་ནི་མ་ཧེའི་གདན། །སྦྲུལ་གྱི་གདན་ནི་རླུང་མཚམས་སུ། །སྒོ་བཞིར་ཡི་དགས་གདན་དགོད་བྱ། །དབུས་ཀྱི་ཉི་མའི་གདན་སྟེང་དུ། །རང་གི་དབུགས་ལས་བྱུང་བ་ཡི། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའོ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། དེ་ལས་ཡེ་ཤེས་མཁའ་འགྲོ་བསྐྱེད། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན། །སྐྲ་གྲོལ་བས་ནི་གཡོགས་པ་སྟེ། །སངས་རྒྱས་ལྔ་ཡིས་མཛེས་པར་བྱས། །ཁ་དོག་སྔོན་པོ་དྲག་ཆེན་མོ། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས། །བཞད་ དང་ཁྲོ་དང་སྒེག་པ་ཡིས། །ཞལ་གསུམ་པོ་ནི་སྤྱན་གསུམ་མོ། །ཧ་ཧར་བཞད་ཅིང་འཇིགས་པ་སྟེ། །ན་བཟའ་དམར་པོས་ཤིན་ཏུ་མཛེས། །ཁ་ཊྭཱཾ་གྱེན་དུ་བསྒྲེང་བ་དང་། །གཉིས་པ་ན་ནི་དགྲ་སྟ་ཉིད། །གསུམ་པ་ན་ནི་རྡོ་རྗེ་ཐོགས། །གཡོན་པ་དྲིལ་བུ་སྒྲ་སྒྲོགས་ཤིང་། །གཉིས་པ་ན་ ནི་སྣོད་ཉིད་དེ། །གསུམ་པ་དེ་བཞིན་རལ་གྲི་འཕྱར། །འོད་ཟེར་སྣ་ཚོགས་འཕར་བ་རུ། །དབུས་སུ་མཁའ་འགྲོ་མ་བསྒོམ་བྱ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཡེ་ཤེས་ཀྱི་ནི་ཤར་ཕྱོགས་སུ། །བདག་གི་ཆུ་ལས་བྱུང་བ་ཡི། །སུཾ་ལས་རྡོ་རྗེ་ མཁའ་འགྲོ་བསྒོམ། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །སྐྲ་གྲོལ་བས་ནི་རྣམ་པར་ཀླུབས། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་ན་ཁ་ཊྭཱཾ་རྣལ་འབྱོར་སྣོད། །ཤིན་ཏུ་མཛེས་པའི་ན་བཟའ་ཀླུབས། །འོད་ཟེར་སྣ་ ཚོགས་འབར་བའོ། །ཡེ་ཤེས་ཀྱི་ནི་བྱང་གི་ཤར། །བདག་གི་མེ་ལས་བྱུང་བ་ཡི། །ཀྵུཾ་ལས་བྱུང་བའི་དྲག་མོར་བསྐྱེད། །ཁ་དོག་སེར་མོ་ཤིན་ཏུ་མཛེས། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་བཅས། །སྐྲ་གྲོལ་བས་ནི་བརྒྱན་པ་སྟེ། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་ ཀླུབས། །སྐུ་ལ་ན་བཟའ་མཛེས་པ་མནབས། །ཕྱག་གཉིས་ཁ་ཊྭཱཾ་རྣལ་འབྱོར་སྣོད། །ཡེ་ཤེས་ཀྱི་ནི་ནུབ་ཕྱོགས་ཆར། །བདག་གི་རླུང་ལས་བྱུང་བ་ཡི། །ཡུཾ་ལས་མཁའ་འགྲོ་རོ་ལངས་མ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན། །ཁ་དོག་དམར་པོ་ཀུན་དུ་ འོད། །ཁ་ཊྭཱཾ་རྣལ་འབྱོར་སྣོད་བསྣམས་ཤིང་། །སྐྲ་གྲོལ་བས་ནི་མཛེས་པ་སྟེ། །ལུས་ཀུན་སྦྲུལ་གྱི་རྒྱན་གྱིས་བརྒྱན། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འོད་ཟེར་སྣ་ཚོགས་འབར་བར་བསམ། །ཡེ་ཤེས་ཀྱི་ནི་ལྷ་ཡི་ཆར། །ས་ཡི་ཡེ་ཤེས་ལས་བྱུང་བའི། །ཧཱུཾ་ལས་མཁའ་ འགྲོ་གཏུམ་མོ་བསྒོམ། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན། །ཁ་དོག་སྔོན་པོ་ཤིན་ཏུ་མཛེས། །ཁ་ཊྭཱཾ་རྣལ་འབྱོར་སྣོད་བསྣམས་ཤིང་། །རྒྱན་རྣམས་ཀུན་གྱིས་ཀླུབས་པ་སྟེ། །སྐྲ་གྲོལ་བས་ནི་ཤིན་ཏུ་མཛེས། །ཧ་ཧར་དགོད་པས་འཇིགས་པར་མཛད། །འོད་ཟེར་སྣ་ ཚོགས་འབར་བའོ། །དཔལ་ལྡན་གྱི་ནི་ཕྱོགས་ཀྱི་ཆར། །སེང་གེའི་གདོང་ནི་བསམ་བྱ་བ། །ཁ་དོག་དམར་ཞིང་སེར་བ་སྟེ། །གླང་པོ་ཡི་ནི་སྟན་ལ་བཞུགས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ཅན། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འོད་ཟེར་སྣ་ཚོགས་ འབར་བ་ཡིས། །འབར་བའི་ལུས་ཅན་བསྒོམ་པར་བྱ། །མེ་མཚམས་བསྟབ་མོ་ཞེས་བྱ་བ། །རིན་ཆེན་བདུན་གྱི་སྟན་ལ་བཞུགས། །ཕྱག་གཉིས་ཁ་དོག་དཀར་ཞིང་སྔོ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ཕྱག་ན་ལྕགས་ཀྱུས་བརྒྱན་པ་སྟེ། །གཡོན་པ་སྡིགས་མཛུབ་ ཞགས་པ་ཅན། །འོད་ཟེར་སྣ་ཚོགས་འབར་བ་ཡིས། །འབར་བའི་ལུས་ཅན་བསྒོམ་པར་བྱ། །བདེན་བྲལ་ལྷ་མོ་ཅེ་སྤྱང་མོ། །ཧ་ཧར་བཞད་པས་འཇིགས་པར་མཛད། །མ་ཧེ་ཡི་ནི་སྟན་ལ་བཞུགས། །མདོག་ནི་དམར་ཞིང་སྔོ་བ་སྟེ། །སྐུ་ལ་ན་བཟའ་མཛེས་པ་གསོལ། ། ཕྱག་གཉིས་ལྕགས་ཀྱུ་ཞགས་པ་དང་། །སྡིགས་མཛུབ་ཀྱིས་ནི་ཤིན་ཏུ་མཛེས། །སྦྲུལ་གྱིས་བརྒྱན་ཞིང་རྣམ་པར་ཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །རླུང་མཚམས་ལྷ་མོ་འུག་པ་མོ། །ཁ་དོག་སེར་ཞིང་དམར་བ་སྟེ། །ཀླུ་ཡི་སྟན་ ལ་ཡང་དག་བཞུགས། །རྒྱན་ཡང་དེ་ཉིད་སྦྱར་བར་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན། །སྡིགས་མཛུབ་ལྕགས་ཀྱུ་ཞགས་པ་བསྣམས། །འོད་ཟེར་སྣ་ཚོགས་འབར་བ་ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །དབུས་ཀྱི་མཁའ་འགྲོ་མ་བརྒྱད་ཀྱི། །ཕྱི་རོལ་དག་ ནི་རྣམ་བཞི་ལ། །ཤར་དུ་མཁའ་འགྲོ་ཕུཾ་ལས་སྐྱེས། །ཕྱག་གཉིས་ཁ་དོག་དཀར་པོ་སྟེ། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །སྦྲུལ་གྱི་རྒྱན་གྱིས་ཀླུབས་པ་སྟེ། །ཤིན་ཏུ་དྲག་ཅིང་སྐྲ་གྲོལ་བ། །འོད་ཟེར་སྣ་ཚོགས་ཡང་དག་འབར། །ལག་གཉིས་ཁ་རུ་བཅུག་ནས་ནི། །ཧ་ཧར་བཞད་ པས་ཤིན་ཏུ་འབར། །བྱང་དུ་འབར་མ་ཕེཾ་ལས་བསྐྱེད། །ཁ་དོག་སེར་པོ་ཤིན་ཏུ་དྲག །སྤྱི་བོའི་སྟེང་དུ་ལག་པ་གཉིས། །ཐལ་སྦྱར་མེ་མར་ལྟ་བུར་འབར། །དྲག་པོའི་གཟུགས་ཅན་འཚིགས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟས་བརྒྱན། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །འོད་ ཟེར་མེ་ལྟར་འབར་བ་བསྒོམ། །ནུབ་ཏུ་འཇིགས་བྱེད་ཕྲོཾ་ལས་བསྐྱེད། །ཁ་དོག་དམར་མོ་འཇིགས་སུ་རུང་། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །ཤིན་ཏུ་མཛེས་པའི་ན་བཟས་བརྒྱན། །ལག་གཉིས་སྙིམ་པར་སྦྱར་བྱས་ནས། །ཁྲག་གི་རྒྱུན་ནི་འཐུང་བར་མཛད། །མེ་ལྟར་འབར་ ཞིང་ཤིན་ཏུ་གསལ། །འཇིགས་བྱེད་དྲག་མོ་བསྒོམ་པར་བྱ། །ལྷོ་རུ་འཕྲོག་བྱེད་ཕྲིཾ་ལས་བྱུང་། །ཁ་དོག་སྔོན་པོ་ཀུན་དུ་འོད། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །སྐྲ་གྲོལ་བས་ནི་བརྒྱན་པ་སྟེ། །ཤིན་ཏུ་འབར་བའི་ན་བཟས་བརྒྱན། །སྦྲུལ་གྱི་རྒྱན་གྱིས་ཀླུབས་པ་སྟེ། ། སྡིགས་མཛུབ་དང་ནི་གཏུན་ཤིང་ཐོགས། །སེམས་ཅན་སེམས་ནི་རྨོངས་པར་བྱེད། །འོད་ཟེར་མེ་ལྟར་འབར་ཞིང་གྲགས། །ཀུན་རིག་པས་ནི་ཐམས་ཅད་བསྒོམ། །དེ་ནས་བ་དན་གསུམ་པའི་ཕྱག་རྒྱས་བསྲུང་བར་བྱ་སྟེ། །མགོ་བོར་ནི་ཀྵུཾ་ངོ་། །མིག་ཏུ་ནི་ཧཱུཾ་ངོ་། །སྣ་དང་རྣ་བ་གཉིས་ལ་ཡུཾ་ངོ་། ། ཁར་སུཾ་མོ། །མགྲིན་པར་སྨྼྻུཾ་ངོ་། །ནམ་ཚོང་དུ་ཧྨྼྻུཾ་ངོ་། །སྙིང་གར་ཡྨྼྻུཾ་ངོ་། །ལྟེ་བར་ཀྵྨྼྻུཾ་ངོ་། །དེ་ནས་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ལ་བསྐུལ་བས་ལྷ་མོ་མང་པོ་བྱུང་སྟེ། །དབུ་རྒྱན་དང་བུམ་པ་ལ་སོགས་པས་དབང་བསྐུར་བར་བསམ་མོ། །བདག་གི་དབུགས་ ཀྱི་འོད་ཟེར་གྱིས། །མཁའ་འགྲོ་མ་རྣམས་སྤྱན་དྲངས་ཏེ། །དེ་དག་གི་ནི་གཟུགས་མདུན་དུ། །དམ་ཚིག་རྣམས་ནི་བསྟན་པར་བྱ། །ཁུ་ཚུར་གཉིས་ནི་བཅིངས་ནས་སུ། །དབུ་མ་གཉིས་ནི་བརྐྱང་ནས་སུ། །རྩེ་མོ་ཕན་ཚུན་སྤྲད་ནས་ནི། །ཡེ་ཤེས་ལྷ་མོ་བསྟན་པར་བྱ། །ལག་ གཉིས་ཕན་ཚུན་སྦྱར་ནས་ནི། །དབུ་མ་དང་ནི་མཐེ་བོང་སྤྲད། །ཅུང་ཟད་ཅིག་ནི་བསྐྱོད་པར་བྱ། །ཤར་ཕྱོགས་རྡོ་རྗེ་མ་ལ་བསྟན། །ཁུ་ཚུར་མཉམ་པར་བཅིངས་ནས་སུ། །མཐེ་བོང་གཉིས་ནི་བརྐྱང་བྱས་ལ། །བྱང་གི་ཕྱོགས་ནས་བརྩམས་ནས་སུ། །རྒྱ་འདི་དྲག་མོ་ལ་བསྟན་བྱ། ། ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ། །མཐེའུ་ཆུང་གཉིས་ནི་བརྐྱང་བར་བྱ། །ནུབ་ཏུ་གནས་པའི་རོ་ལངས་མའི། །ཕྱག་རྒྱ་རུ་ནི་སྦྱར་བར་བྱ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ། །གུང་མོ་གཉིས་ནི་བརྐྱང་བར་བྱ། །ལྷོ་ཕྱོགས་ཕྱག་རྒྱར་བཤད་པ་སྟེ། །དེ་ནི་ཕྱག་རྒྱ་བཞི་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ བཅིངས་ནས། །ཁྲོ་བོ་གཉིས་ནི་བརྐྱང་ནས་སུ། །རྩེ་མོ་སྤྲད་དེ་གནས་པ་ནི། །མཚམས་བཞི་ཡི་ནི་ཕྱག་རྒྱ་ཡིན། །ལག་གཉིས་ཐལ་མོ་ཁར་བཅུག་ནས། །ཕུཾ་ཞེས་བྱ་བར་སྦྱར་བར་བྱ། །ཤར་ཕྱོགས་མཁའ་འགྲོའི་ཕྱག་རྒྱ་ཡིན། །ལག་གཡོན་ཐལ་མོ་ཁ་སྦྱར་ནས། །སྤྱི་བོ་རུ་ནི་གཞག་ པར་བྱ། །བྱང་དུ་གནས་པའི་འབར་མ་ལ། །ཕྱག་རྒྱ་འདི་ནི་བསྟན་པར་བྱ། །ཕྱག་འཚལ་ཐལ་མོ་སྦྱར་ནས་སུ། །ཁ་རུ་བཅུག་སྟེ་ཧཱུཾ་ཞེས་བྱ། །ནུབ་ཕྱོགས་ལྷ་མོ་འཇིབ་བྱེད་མའི། །ཕྱག་རྒྱ་རུ་ནི་སྦྱར་བར་བྱ། །ལག་གཉིས་ཀུན་དུ་བསྐོར་ནས་སུ། །སོར་མོ་རྣམས་ཀྱི་རྩེ་མོ་རུ། ། གསང་བའི་གནས་སུ་བཞག་ནས་ཀྱང་། །ལྷོ་ཕྱོགས་འཕྲོག་བྱེད་མ་ལ་གནས། །བསྐྱེད་པའི་དུས་སུ་བརྐྱང་པ་སྟེ། །ཕྱག་རྒྱའི་དུས་སུ་ཨོཾ་དང་ནི། །སྭཱ་ཧཱའི་བར་དུ་སྤེལ་ཏེ་བཟླས། །དམ་ཚིག་ལྷ་མོ་རྣམས་ལ་ནི། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གཡོན་པ་སྙིང་གར་གཞག་ ནས་སུ། །གཡས་པ་མཆན་ཁུང་གཞུག་པར་བྱ། །དམ་ཚིག་སེམས་དཔའ་རྣམས་ལ་བསྟན། །སྔགས་ནི་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་སོ། །དེ་ལྟར་ཡེ་ཤེས་སེམས་མ་དང་། །དམ་ཚིག་སེམས་མ་རྣམས་ལ་ནི། །དམ་ཚིག་སོ་སོར་བསྟན་ནས་ཀྱང་། །གཉིས་སུ་མེད་པར་བསམ་པར་ བྱ། །ད་ནི་མཆོད་པ་འབྱུང་སྟེ། །ཁྲོ་བོ་དང་མཐེ་བོང་སྦྱར་ལ་ལྷག་མ་བརྐྱང་སྟེ། ཨོཾ་པུཥྤ་མཱ་ལེ་ཧཱུཾ་སྭཱ་ཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །མེ་ཏོག་གི་ཕྱག་རྒྱ་ལས་དབུ་མ་བསྒྲེང་བ་དང་། །ཨོཾ་དྷཱུ་པེ་ཤྭ་རི་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་བདུག་པའོ། །ཁུ་ཚུར་ལས་མཐེ་བོང་བརྐྱང་བ་ དང་། ཨོཾ་བཛྲ་ཏཱིཀྵྞ་དཱི་པེ་ཧཱུཾ་སྭཱ་ཧཱ། ཞེས་པ་མར་མེའོ། །ལག་པ་གཡས་བརྐྱང་བ་དང་། ཨོཾ་གནྡྷེ་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་དྲིའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་བརྐྱང་སྟེ། གུང་མོའི་རྩར་མཐེ་བོང་བསྐྱོད་པ་དང་། །ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་པ་ལི་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ནི་གཏོར་མའི་ སྔགས་དང་ཕྱག་རྒྱའོ། །ཕྱི་ནས་མཆོད་པ་ཉི་ཤུ་ཡིས། །ཡེ་ཤེས་ཅན་གྱིས་མཆོད་པར་བྱ། །ཧཱུཾ་ཞེས་བྱ་བའི་གླུ་བླང་ཞིང་། །རྣལ་འབྱོར་མ་ཀུན་མཉེས་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྐེད་པའི་མཚམས་སུ་བཞག་ནས་ནི། །ཡན་ལག་གསུམ་དུ་ཧཱུཾ་གིས་བསྐྱོད། པི་ཝང་ཚུལ་དུ་བསྒྲེང་བ་དང་། །གླིང་བུའི་ཚུལ་དུ་འབུད་པ་དང་། །ཟངས་དུང་ཚུལ་དུ་འབུད་པ་དང་། །དཀྲོལ་བའི་ཚུལ་དུ་དཀྲོལ་བ་དང་། །པ་ཊ་ཧ་ལྟར་བརྡུང་བ་དང་། །གར་གྱི་ཚུལ་དུ་བསྐྱོད་པ་དང་། །བསིལ་ཡབ་ཚུལ་དུ་གཡོབ་པ་དང་། །རྒྱལ་མཚན་ཚུལ་དུ་བསྒྲེང་ བ་དང་། །བླ་རེའི་ཚུལ་དུ་བྲེ་བ་དང་། །བ་དན་ཚུལ་དུ་འཕྱར་བ་དང་། །གདུགས་ཀྱི་ཚུལ་དུ་དགབ་པ་དང་། །རྫ་རྔའི་ཚུལ་དུ་བརྡུང་བ་དང་། །རྔ་ཟླུམ་ཚུལ་དུ་བརྡུང་བ་དང་། །འཛུམ་པའི་ཚུལ་དུ་བཞད་པ་དང་། །ཁྲོ་བོའི་ཚུལ་དུ་ཁྲོ་བ་དང་། །སྒེག་པའི་ཚུལ་དུ་ སྒེག་པ་དང་། །འགྱིང་བའི་ཚུལ་གྱིས་རོལ་པ་དང་། །ཕྱག་འཚལ་ཚུལ་དུ་འདུད་པ་སྟེ། །མདའ་འདྲེན་ནུ་མ་འཁྱུད་པ་དང་། །ཉི་ཤུའོ། །རྣལ་འབྱོར་མ་བརྒྱད་དེ་ཉིད་ཀྱིས། །དངོས་པོ་ཀུན་གྱིས་མཆོད་པར་བྱ། །ཧཱུཾ་ཞེས་བྱ་བར་བདག་སྤྲུལ་ནས། །ཧཱུཾ་གི་གླུ་ནི་བླང་བར་བྱ། །རྒྱུད་ལས་བྱུང་བ་ཉིད་དུ་ནི། །བདུད་ རྩི་མྱང་བའི་བར་དུ་བྱ། །རྡོ་རྗེའི་དེ་ཉིད་དང་ལྡན་པས། །ཚིགས་བཅད་འདི་ཡིས་བླང་བར་བྱ། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །སེམས་ཅན་རྣམ་ཐར་བསྒྲལ་བར་བྱ། །རྣམ་ཐར་ཆོས་སུ་བྱ་བ་སྟེ། །རྡོ་རྗེ་ཤིན་ཏུ་སྙིང་པོ་མཆོག །དེ་ཁོ་ན་ཉིད་དང་ལྡན་པའི་དྲིལ་བུ་འདིས་ བླངས་སོ། །ཨོཾ་བཛྲ་གྷཎྜེ་ཧཱུཾ་ཧོ། །ཨོཾ་བཛྲ་གྷཎྜེ་ཧཱུཾ་ཧོཿཔྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ཐ་སྭ་བྷཱ་བེ་ན་བཛྲ་དྷ་ར་ཧྲྀ་ད་ཡ་ཨ་ཝ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། །ཨོཾ་ཨ་ཨ་སྭཱ་ཧཱ། གནས་བརྒྱད་དྲིལ་བུའི་སྒྲ་བསྒྲགས་ཤིང་། །རྡོ་རྗེ་གསོར་ཏེ་རང་ལས་བྱུང་བའི་ལྷ་མོས་ བསྟོད་པ་ནི། །ལུས་ཅན་དོན་ཕྱིར་ཤེས་རབ་གསོལ་བཏབ་པ། །ཀུན་འཁྱུད་ལ་སོགས་གཉིས་ཀྱིས་གཉིས་སྤྲོད་ཅིང་། །སྒྱུ་མ་ལྟ་བུར་སྦྱོར་བས་ཤིན་ཏུ་བརྒྱན། །སྲིད་པ་ལས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དགའ་བའི་མཐུ་དང་སྤྱན་གྱིས་གཟིགས། །ཡི་གེའི་དངོས་པོ་རང་བཞིན་ སྟོང་པར་རོལ། །དངོས་དང་དངོས་མེད་ལས་སྒྲོལ་དབུ་མས་མཁྱེན། །མི་འགྱུར་བཅོམ་ལྡན་ལྷག་མ་སེམས་པའོ། །གཉིས་སྤྱོད་ཀུན་འཁྱུད་ཆུ་ཡི་བྱ་བ་ཅན། །གཉིས་མེད་ཆོས་བརྙེས་ཐར་པ་བརྙེས་པའོ། །བདེ་བའི་འཁོར་མནན་ཐར་པ་བཏང་བའོ། །ཐམས་ཅད་དངོས་ཀྱི་ རྣལ་འབྱོར་མ་སྔགས་རོལ། །རྣལ་འབྱོར་མ་ལྔ་སངས་རྒྱས་དེ་ཉིད་མཁྱེན། །གཟུགས་མ་སྒྱུ་མ་སེམས་ཅན་སྨིན་མཛད་པ། །རྡོ་རྗེ་ཀུན་རྟོག་ཆོས་ཀྱི་རྨོངས་པ་གཅོད། །རྣལ་མ་མ་རྨོངས་སྙིང་ཆོས་ཚོགས་ལ་འདུད། །སེམས་ཅན་སྒྲོལ་མཛད་རྣལ་འབྱོར་བདག་ལ་བསྟོད་ཕྱག་འཚལ། ། ཐམས་ཅད་བདག་སྐྱེས་ངོ་བོ་གཅིག་ལ་བསྟོད་ཕྱག་འཚལ། །འཁོར་བའི་རྒྱ་མཚོ་རྨོངས་པ་གཅོད་ལ་བསྟོད་ཕྱག་འཚལ། །དེ་ཉིད་གཅིག་ལ་རྟག་ཏུ་བདག་འདུད་བསྟོད་ཕྱག་འཚལ། །རང་དགར་སེམས་ཅན་དགྲོལ་བ་ཡི། །རྒྱུ་མེད་དངོས་ལ་འདུད་པར་བགྱི། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ ཧཱུཾ། སྟོན་ཀའི་ཟླ་ལྟར་རབ་མཛེས་ཤིང་། །དུང་ལྟར་དཀར་བའི་སྐུ་འཛིན་པ། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། །གཉིས་འཁྱུད་སྦྱོར་བ་འཛིན་པའོ། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། སྒྱུ་མའི་ལུས་སུ་ཐིམ་པ་ཡིས། །འགྲོ་བ་འཛིན་པ་རྒྱུ་མེད་དངོས། ཏེ་ན་ཧཱུཾ། ཏེ་ན་ ཏེ་ཏེ་ཧཱུཾ། སྲིད་གསུམ་འབར་བའི་སྐུ་ནི་རྗེས་ཆགས་འདུལ་བར་ལྡན། །འོད་ཟེར་རྣོན་པོ་སྟོང་ལྡན་ཉི་མ་སྟོང་འདྲར་ལྡན། །རྣམ་མང་སྐུ་དང་ཆ་བྱད་རྗེས་ཆགས་སེམས་དང་ལྡན། །རྡོ་རྗེ་སེམས་དཔའ་དབང་ཕྱུག་མཆོག་རོལ་གར་མཛད་པ། །ཞེས་བྱ་བས་ཁྱད་པར་དུ་བསྟོད་ཅིང་གླུ་ དང་བསྟོད་པས་མཆོད་པས་མཉེས་པར་བྱ། །བར་བར་དུ་ཧཱུཾ་གི་སྒྲ་དང་དྲིལ་བུ་བསྒྲགས་ལ་སྨོན་ལམ་རྣམ་པ་གསུམ་གདབ་པར་བྱའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །སྙིང་གའི་ཕྱོགས་སུ་བཙིར་བར་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་ དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་ལྷའི་རྣལ་འབྱོར་ལ་གནས་པར་བྱའོ། །ཏིང་ངེ་འཛིན་གྱིས་སྐྱོན་སྔགས་བཟླ་སྟེ། ཕྲེང་བ་དེ་ཉིད་དང་ལྡན་པས་སྔགས་འདིས་སྦྱང་ངོ་། །ཨོཾ་པ་ཏེ་པ་ཏེ་མ་ཧཱ་ཛྙཱ་ན་སརྦ་བུདྡྷ་མ་ཧཱ་བ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ ཨ་སྭཱ་ཧཱ། ཨོཾ་ཛྲུཾ་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཱུཾ་སྭཱ་ཧཱ། ཡེ་ཤེས་མཁའ་འགྲོ་མའོ། །ཨོཾ་སུཾ་སྭཱ་ཧཱ། ཨོཾ་ཀྵུཾ་སྭཱ་ཧཱ། ཨོཾ་ཡུཾ་སྭཱ་ཧཱ། ཨོཾ་ཧཱུཾ་སྭཱ་ཧཱ། ཨོཾ་སྨྼྻུཾ་སྭཱ་ཧཱ། ཨོཾ་ཧྨྼྻུཾ་སྭཱ་ཧཱ། ཨོཾ་ཡྨྼྻུཾ་སྭཱ་ཧཱ། ཨོཾ་ཀྵྨྼྻུཾ་སྭཱ་ཧཱ། ཨོཾ་ཕུཾ་སྭཱ་ཧཱ། ཨོཾ་ཕེཾ་སྭཱ་ཧཱ། ཨོཾ་ཕྲོཾ་སྭཱ་ཧཱ། ཨོཾ་ཕྲིཾ་སྭཱ་ཧཱ། ཞེས་འབུམ་ཕྲག་གསུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཕྱི་ནས་ལས་ལ་སྦྱར་རོ། །དེ་ནས་ལངས་པར་འདོད་ན་སྨོན་ལམ་གདབ་སྟེ། མ་ལུས་སེམས་ཅན་ཀུན་གྱི་ཕྱིར། སྨོན་ལམ་དག་ནི་གདབ་པར་བྱ། །སེམས་ཅན་ཐམས་ཅད་ནད་མེད་ཅིང་། ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གིས་ལམ་ལ་འགྲོ་བ་ཡིས། །སངས་རྒྱས་ཉིད་དང་ཕྲད་པར་ཤོག །མ་བརྒལ་བ་རྣམས་བསྒྲལ་བྱ་ཞིང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དེ་ལྟར་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་ལ་ གནས་ཤོག །གཏོར་མ་བཏང་བ་ནི། །དམར་བ་ཡི་ནི་རྫས་རྣམས་ཀྱིས། །མཎྜལ་གྲུ་གསུམ་བྱུག་པར་བྱ། །མེ་ཏོག་དམར་པོ་བདུག་པ་དང་། །དྲི་དང་མར་མེ་ལ་སོགས་དབུལ། །ཉེ་བར་ལོངས་སྤྱོད་གཏོར་མར་ལྡན། །ཤ་རློན་དང་ནི་ཉ་ཤ་སོགས། །བཟའ་བའི་རྫས་རྣམས་ ཐམས་ཅད་ལ། །བདུད་རྩི་ལྔ་དང་བཅས་པར་དགོད། །གཡོན་གྱི་ཆ་རུ་སྣོད་གཞག་ལ། །གཡས་ཀྱི་ཁྲོ་བོའི་བསྟན་པར་བྱ། །ཧ་ཞེས་པ་ཡིས་ཁ་དོག་དབྲོག །ཧོ་ཞེས་པ་ཡིས་དྲི་ཞིམ་སྟེ། །ཧྲཱིཿཞེས་པ་ཡིས་ནུས་པ་བསྐྱེད། །གོ་རིམས་དེ་ལྟར་མངོན་པར་བརྗོད། །རྣམ་གསུམ་ ལན་གསུམ་བརྗོད་ནས་སུ། །ལྷ་གསུམ་དུ་ནི་གསལ་བར་བྱ། །གཡས་པ་པདྨ་བསམས་ནས་སུ། །གཡོན་པ་རྡོ་རྗེ་བསྒྲེངས་ནས་ཀྱང་། །པདྨའི་བསྐོར་བ་བསྐོར་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ། །ཨོཾ་ཧ་ཧོཿཧྲིཿསྭཱ་ཧཱ། ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་ པའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །མཐེའུ་ཆུང་གཉིས་ནི་བསྒྲེངས་ནས་སུ། །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །གཡས་པ་ཅུང་ཟད་བསྐུམ་ནས་སུ། །སྦྱར་བས་ལྷ་རྣམས་སྤྱན་དྲང་ངོ་། །ཨོཾ་ཀུ་རུ་ཀུ་རུ་ས་མ་ ཡ་ཨ་དྷི་པ་ཏི་ཧཱུཾ་ཛཿསྭཱ་ཧཱ། སྤྱན་དྲངས་པའི་སྔགས་དང་ཕྱག་རྒྱའོ། །ཤིང་གཅིག་ལ་སོགས་བརྗོད་པར་བྱ། །བདུད་རྩི་ལྔ་ཡིས་ཁ་བཀང་ནས། །ལས་ཀྱི་གོ་འཕང་མངོན་པར་བསམ། །རྣལ་འབྱོར་རྣལ་འབྱོར་མ་བསྒོམས་ཏེ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཅིང་། །རྡོ་རྗེ་ཁུ་ ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །མཐེའུ་ཆུང་གཉིས་ནི་དཀྲིས་ནས་སུ། །ཁྲོ་བོ་དག་ཏུ་སྒྲོག་ཏུ་སྒྲེལ། །ཨོཾ་ཏིཥྛ་ཏིཥྛ་ཧཱུཾ་བྷཀྵ་བྷཀྵ་ཛཿཕཊ་སྭཱ་ཧཱ། ཇི་བཞིན་ལ་སོགས་སྦྱར་བྱས་ནས། །གཏོར་མ་ལ་སོགས་སྦྱར་བར་བྱ། །ཞི་དང་རྒྱས་དང་དགུག་པ་དང་། ། གསད་བསྐྲད་དབྱེ་དང་བཅིང་བ་དང་། །ཕྱི་རོལ་གཏོར་མའི་དེ་ཉིད་ཀྱིས། །གཏོར་མའི་ལས་སོགས་པས་བསྒྲུབ་པས། །མཆོག་གི་དངོས་གྲུབ་འདོད་རྣམས་ཀྱིས། །གསང་བའི་གསང་བ་བསྒོམ་བྱ་བ། །ལྷ་ཡི་རྣལ་འབྱོར་ལ་གནས་ཏེ། །ལྟེ་བ་སྙིང་ག་མགྲིན་པ་དང་། །མགོ་བོ་ དང་ནི་རྣམ་པ་བཞི། །འདབ་མ་དྲུག་ཅུ་རྩ་བཞི་དང་། །བརྒྱད་དང་བཅུ་དྲུག་རིམ་པ་སྟེ། །སུམ་ཅུ་རྩ་གཉིས་བསྒོམ་པར་བྱ། །བདེ་ཆེན་དང་ནི་ཆོས་འཁོར་ལོ། །ཐབས་ཀྱི་ཆ་རུ་ཤེས་པར་བྱ། །སྤྲུལ་པ་དང་ནི་ལོངས་སྤྱོད་གཉིས། །ཤེས་རབ་ཆ་རུ་ཤེས་པར་བྱ། །ཨོཾ་དང་ཧཱུཾ་ དང་ཨ་དང་ཧཾ། །ལྟེ་བ་བཞི་ལ་དགོད་པར་བྱ། །འདབ་མའི་ཡི་གེ་ཐམས་ཅད་ལ། །གཏུམ་མོ་མེ་ཡི་སྦར་ཐབས་དང་། །བདེ་བ་བསྐྱེད་པའི་རིམ་པ་ནི། །བླ་མའི་ཁ་ལས་རྟོགས་པར་བྱ། །ཏིང་འཛིན་དེ་ལས་ལངས་པའི་ཚེ། །གཞན་ནི་ཅི་ཡང་མི་བསམ་པར། །རྫོགས་པའི་ རིམ་པའི་མན་ངག་ནི། །མཆོག་འདོད་དོན་ལ་མོས་པར་བྱ། །ཡང་ནི་ལྷ་ཡི་ཚུལ་གནས་ཏེ། །སྒྱུ་མའི་རྣམ་པ་བཞི་རུ་བརྟག །མདོར་ན་མཆོག་འདོད་རྣལ་འབྱོར་པས། །མན་ངག་རིམ་པ་འདི་ཉིད་ལ། །ཟས་ལ་བྱ་བ་ཇི་བཞིན་དུ། །མ་ཡེངས་ནན་ཏན་བསྐྱེད་པར་བྱ། །བདག་ འདྲས་བརྩོན་པར་ནུས་པ་མ་ཡིན་ཡང་། །སེམས་ཅན་དམན་པ་རྣམས་ལ་ཕན་གདགས་ཕྱིར། །འདི་བྱས་བདུད་རྩི་ལྟ་བུའི་བསོད་ནམས་ཀྱིས། །ཐམས་ཅད་ཀུན་གྱིས་བདེན་པ་མཐོང་བར་ཤོག །དཔལ་གདན་བཞི་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བྷ་བ་བྷ་དྲས་མཛད་པ་རྫོགས་ སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །དཔལ་གདན་བཞི་པའི་ཆུའི་སྦྱིན་སྲེག་བཞུགས།༄༅༅། །བཅོམ་ལྡན་འདས་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། ། ཆུ་ཡི་སྦྱིན་སྲེག་རིམ་པ་ཞིག །འགྲོ་བ་སེམས་ཅན་དོན་དུ་ནི། །ཅུང་ཞིག་བསྟན་པར་བྱ་བ་ཡང་། །ཁྱད་པར་བསྒྲུབ་པའི་དོན་དུ་བཤད། །ཆུ་ཡིས་སྦྱིན་སྲེག་ཇི་ལྟར་འགྱུར། །སྒྲུབ་པ་པོ་ནི་ཐེ་ཚོམ་སྐྱེས། །མེད་ཀྱང་སྡིག་སྲེག་སྡིག་པ་སྦྱོང་། །ཆུ་ཡང་དེ་བཞིན་འདྲ་བས་ན། །དེས་ན་སྦྱིན་སྲེག་ ཅེས་བྱའོ། །ས་གཞི་ལ་སོགས་མཚན་ལྡན་པར། །ཤིན་ཏུ་ཡངས་ཤིང་གྲུ་བཞི་ལ། །ཀུན་ཏུ་དྲིས་བྱུག་མཎྜལ་སྟེང་། །བླ་རེ་ལ་སོགས་རྒྱན་རྣམས་བྲེ། །དབུས་སུ་ཆུ་ཡི་སྣོད་སོགས་ལ། །དྲི་ནི་དཀར་པོས་བྱུགས་ནས་ནི། །བུམ་པ་སྐྱོན་བྲལ་ཡོན་ཏན་ལྡན། ། དབྱིབས་ནི་གྲུ་བཞིའམ་ཟླུམ་པོ་ལ། །ཐབ་ཁུང་ལྟ་བུའི་དབྱིབས་ཅན་དེ། །བཅུ་བཞི་ཁ་ཚད་སུམ་གཉིས་ཟབས། །ཆུ་དང་འོ་མ་བསྲེས་པ་ཡི། །དྲི་ཞིམ་ཆུ་ཡིས་དགང་བར་བྱ། །ཁ་ནི་ཤིང་ལོ་སར་པས་བརྒྱན། །ཡང་ན་བུམ་པ་བརྒྱད་སོགས་ཀྱིས། །གཞུང་གི་དོན་དུ་འདོད་པར་ ཤེས། །འདིར་ནི་བློ་དམན་དོན་སྒྲུབ་ཅིག །བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ། །སྐད་ཅིག་གཅིག་གིས་བསྐྱེད་ནས་ཀྱང་། །མཆོད་པ་ལ་སོགས་བྱ་བའོ། །དེ་ནས་སྟོང་པའི་ངང་ལས་ཀྱང་། །ཆོ་ག་གསུམ་མམ་སྐད་ཅིག་མས། །ཡེ་ཤེས་མཁའ་འགྲོ་ཞལ་གསུམ་ནི། །བཞད་ དང་ཁྲོ་བ་སྒེག་དང་བཅས། །ཕྱག་གཉིས་རྡོ་རྗེ་དབྱུག་པས་མཚན། །སེམས་དཔའི་སྐྱིལ་ཀྲུང་རྒྱན་གྱིས་ཀླུབས། །ཁ་དོག་དཀར་པོའི་ན་བཟའ་གསོལ། །བྱིན་རླབས་ལ་སོགས་རྫོགས་བྱས་ལ། །ཆུ་སྐྱོན་ལ་སོགས་མེད་པ་ཡིས། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །པདྨའི་ཚུལ་ དུ་ཅུང་ཟད་དབྱེ། །ཨོཾ་ཀ་མ་ལ་བེ་ཧ་སྭཱ་ཧཱ། པདྨའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་དཀྱིལ་འཁོར་རྒྱས་པ་ཡི། །པདྨ་ཆུ་ཡི་ནང་བཀོད་ལ། །གདུགས་དཀར་པོ་ཡིས་གཡོགས་པ་ཡི། །ས་བོན་དབུས་སུ་བསྒོམ་པར་བྱ། །རང་གི་དབུས་ལས་བྱུང་བ་ཡི། །ས་བོན་ལས་ནི་གཟུགས་ སུ་བསྐྱེད། །སྐུ་མདོག་ལ་སོགས་གོང་དང་མཐུན། །སྔགས་དང་ཕྱག་རྒྱས་སྤྱན་དྲངས་བསྟིམ། །ལག་གཉིས་ཕན་ཚུན་ཁུ་ཚུར་བཅིངས། །མཛུབ་མོ་གཉིས་ནི་བརྐྱང་ནས་སུ། །མཛུབ་མོ་གཉིས་ནི་མདུད་པར་བྱ། །དམ་ཚིག་ཕྱག་རྒྱར་རབ་ཏུ་གྲགས། །ཨོཾ་ས་མ་ཡ་ཏིཥྛ་ཧཱུཾ་ཕཊ། དམ་ཚིག་སྔགས་དང་ཕྱག་རྒྱའོ། །མེ་ཏོག་བདུག་སྤོས་དྲི་ལ་སོགས། །མཁས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །གཡོན་པ་སྙིང་གར་གཞག་ནས་སུ། །གཡས་པ་སྟེང་ནས་དབུབ་པར་བྱ། །རྩ་བའི་ཕྱག་རྒྱར་རབ་ཏུ་གྲགས། །ཨོཾ་ཛུཾ་ཧཱུཾ་སྭཱ་ཧཱ། རྩ་བའི་ སྔགས་དང་ཕྱག་རྒྱའོ། །ཀུནྡ་ལ་སོགས་རྩ་མདོག་དཀར། །རྩེ་མོར་དཱུར་བ་བཙུགས་ནས་སུ། །ལྷ་མོའི་དབུ་སྟེང་རྡོ་རྗེ་ཡི། །ཅོད་པན་ལ་ནི་གཏོར་བར་བྱ། །གསང་སྔགས་ལན་རེ་བཟླས་ནས་སུ། །ལན་རེ་སྐྱོར་བས་དབུལ་བར་བྱ། །ལན་གྲངས་ཁྲི་ཡི་ལས་ཀྱིས་ནི། ། ཐམས་ཅད་རེག་ཅིང་ཚེ་འཕེལ་འགྱུར། །ཀ་ར་བཱི་རའི་མེ་ཏོག་དམར། །དཱུར་བ་དང་ནི་ལྡན་པ་ཡི། །ལས་ནི་ཁྲི་ཕྲག་བྱས་པ་ནི། །ཁྱིམ་རྣམས་ཞི་བར་རབ་ཏུ་གྲགས། །ནཱ་ག་པུཥྤའི་ཡམ་ཤིང་ནི། །འོ་མར་སྦངས་ཏེ་དབུལ་བར་བྱ། །ལས་འདི་ཁྲི་ཕྲག་བྱས་པ་ཡིས། །གྲོང་ ནི་ཞི་བར་བྱེད་པར་འགྱུར། །པདྨ་ཡི་ནི་ཡམ་ཤིང་རྣམས། །ཁྲི་ཕྲག་དུ་ནི་བཟླས་ནས་སུ། །ལས་རྣམས་ཀུན་ལ་སྦྱར་བྱས་ན། །ཡུལ་ཕྱོགས་ཞི་བར་བྱེད་པར་འགྱུར། །པྲི་ཡང་ཀུ་དང་བིལ་བ་དང་། །དེ་བཞིན་ཨུཏྤལ་ཀུ་མ་ད། །རྒྱལ་པོ་ལས་ལ་སོགས་སྦྱར་ན། །ཕ་རོལ་ཀུན་འཁོར་ འཇོམས་པར་འགྱུར། །སྔགས་པས་རྟག་ཏུ་སྐྱོར་ཆུ་གཏོར། །བརྒྱ་རྩ་བརྒྱད་དུ་གཏོར་བྱས་པས། །བྱེ་བྲག་ཏུ་ནི་རྒྱས་པར་འགྱུར། །བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་མ། །སེམས་དཔའི་སྐྱིལ་ཀྲུང་ཕྱག་གཉིས་ལྡན། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །ཕྱག་གཉིས་རྡོ་རྗེ་ དབྱུག་ཏོ་བསྣམས། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །བཞད་ཅིང་ཁྲོ་ལ་སྒེག་དང་བཅས། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ཡེ་ཤེས་མཁའ་འགྲོ་ཕྱག་འཚལ་ལོ། །ཕྲིན་ལས་བཅོལ་བར་བྱས་ནས་ནི། །ཡི་གེ་བརྒྱ་པས་བཤགས་པ་བྱ། །བཛྲ་མུཿཡིས་གཤེགས་ སུ་གསོལ། །སྙིང་གར་སྦྱོར་བའི་མན་ངག་ནི། །མཆོད་རྫས་ལ་སོགས་ཕུལ་བས་སུ། །ལྷ་རྣམས་མཉེས་པར་གྱུར་ནས་ནི། །སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས། །བདག་དང་སློབ་མ་གཉིས་ཀ་ཡི། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་། །མེ་དང་འདྲ་བར་ཆུ་ཡིས་ཀྱང་། ། སྡིག་པ་འདག་པར་ཁོ་ནར་གསུངས། །བདག་གིས་འདི་བྱས་དགེ་བ་ཡིས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །སྡུག་བསྔལ་མ་ལུས་བྱང་ནས་ཀྱང་། །ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །སློབ་དཔོན་བྷ་བའི་མན་ངག་རྫོགས་སོ།། །།ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ ནུས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཛྙཱ་ན་ཌཱ་ཀི་ནཱི་སཱ་དྷ་ནཾ། བོད་སྐད་དུ། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གང་དོན་སྣ་ཚོགས་སྐུ་འཛིན་པའི། །ལྷ་མོ་ཡེ་ ཤེས་མཁའ་འགྲོ་མ། །བདུད་རྩིའི་དགའ་སྟོན་གྱིས་འགྲོ་རྣམས། །ཀུ་མུད་ཅན་བཞིན་དགའ་གྱུར་ཅིག །འདིར་ནི་རྡོ་རྗེ་འཛིན་པའི་སྐུ། །བསམ་ཡས་རྡོ་རྗེ་རྣལ་འབྱོར་མ། །བླ་ན་མེད་པའི་གནས་ཐོབ་ཕྱིར། །བསྟེན་བྱ་རྡོ་རྗེ་ཕག་མོའོ། །ཡིད་དང་རྗེས་སུ་མཐུན་ པའི་ས་ཕྱོགས་འགའ་ཞིག་ཏུ་ནུབ་ཏུ་མངོན་པར་ཕྱོགས་པ་སྐྲ་གྲོལ་བས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་སྐད་ཅིག་གིས་བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་ལྷག་པར་མོས་པར་བྱས་ལ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་མཁའ་འགྲོ་ མ་འཁོར་དང་བཅས་པ་ནམ་མཁར་བཀུག་པ་ལ་སྙིང་གའི་ས་བོན་ལས་སྐྱེས་པའི་ལྷ་མོ་རྣམས་ཀྱིས་ཕྱི་དང་ཅིག་ཤོས་ཀྱི་མཆོད་པས་ཡང་དག་པར་མཆོད་ཅིང་། །སྡིག་པ་བཤགས་པ་ནས་བཏང་སྙོམས་ཀྱི་བར་དུ་རྣམ་པར་བསྒོམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ བ་ཤུདྡྷོ྅ཧཾ། ཞེས་པ་ཡིད་ཀྱིས་བརྗོད་ནས་དོན་མངོན་དུ་བྱས་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བཞུགས་པར་བྱའོ། །དེ་ནས་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ཨོཾ་ཛཾ་བྷ་ནི་ཧཱུཾ་ཕཊ་ཅེས་པས་རྡོ་རྗེའི་ར་བ་དང་། ཨོཾ་ཛྲིཾ་སྭཱ་ཧཱ། ཞེས་པས་རྡོ་རྗེའི་གུར་ རྣམས་བསྒོམས་ཏེ། ཨོཾ་ཧཱུཾ་ཕཊ་ཅེས་པས་བགེགས་ལ་ཕུར་བུས་གདབ་པར་བྱའོ། །དེའི་དབུས་སུ། ཡུཾ་ཀྵུཾ་སུཾ་ཧཱུཾ་ཧཱུཾ་རྣམས་ཀྱིས་རིམ་པ་བཞིན་དུ་བསྐྱེད་པའི་རླུང་དང་མེ་དང་ཆུ་དང་ས་དང་ལྷུན་པོ་རྣམས་ཀྱི་སྟེང་དུ། སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར། ཨོཾ་ཧཱུཾ་ཕཊ་ ཅེས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པའི་གསེར་གྱི་རང་བཞིན་གྱི་ཁང་པ་བརྩེགས་པའི་དབུས་དང་ཕྱོགས་བཞི་རྣམས་སུ་སེང་གེ་ལྔ་རྣམས་ལ་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལྔ་རྣམས་སོ། །དབུས་སུ་སེང་གེ་ལས་གདུགས་དཀར་ པོའོ། །དེའི་དབུས་ཀྱི་ཉི་མ་ལ་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་ཟླ་བ་དང་ཉི་མའི་དབུས་སུ་གནས་པའི་ཧཱུཾ་ལས་སྐྱེས་ཤིང་། །དེས་བྱིན་གྱི་རླབས་རྡོ་རྗེ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་པས་དེ་ལས་བྱུང་བའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ ཀྱིས་འགྲོ་བའི་དོན་བྱས་ཏེ། དེར་འདུས་པའི་བླ་མ་ལ་སོགས་པ་རྣམས་ཀྱིས་བསྐྱེད་པའི་ཡེ་ཤེས་མཁའ་འགྲོ་མ་དང་། དེ་བསྐྱེད་པ་དང་དུས་མཉམ་དུ་དཀྱིལ་འཁོར་པ་རྣམས་ཀྱང་རང་རང་གི་ས་བོན་རྣམས་ཀྱིས་བསྐྱེད་པར་བསམས་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ ཤུདྡྷོ྅ཧཾ་ཞེས་པས་ང་རྒྱལ་བྱའོ། །དེ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་རང་རང་གི་གདན་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་རིམ་པ་བཞིན་དུ། ཧཱུཾ་ཧཱུཾ་ཧཱུཾ་ཨཱཾ་ཨཱིཾ་ཨཱུཾ་རཱྀཾ་ལཱྀཾ་ཨཻཾ་ཨཽཿས་བོན་རྣམས་སོ། །དེ་ལ་ཡེ་ཤེས་མཁའ་འགྲོ་མ་སྔོན་མོ་སྟེ། འདིའི་ཅོད་པན་གྱི་ སྟེང་དུ་རྡོ་རྗེས་མཚན་པ། སངས་རྒྱས་ལྔ་འཕྲོ་བ་རྣམས་ཀྱིས་བརྒྱན་པའི་དར་དཔྱངས་བཅིངས་པ། རྩ་བའི་ཞལ་ཁྲོས་ཤིང་གད་རྒྱངས་དང་བཅས་པ། གཡས་པ་དཀར་པོ་བཞད་པ། གཡོན་པ་དམར་པོ་སྒེག་པ་དང་བཅས། །ཞལ་སོ་སོར་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་གསུམ་ན་སྟེང་དུ་བྱས་པའི་ཁ་ཊྭཱཾ་ག་དང་དགྲ་སྟ་དང་རྡོ་རྗེའོ། །གཡོན་པ་གསུམ་ན་དྲིལ་བུ་དང་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི་བསྣམས་པའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སྒེག་པའི་ཉམས་ཅན་ནོ། །བྱང་དུ་འཇིགས་བྱེད་མཁའ་འགྲོ་མ་གསེར་མདོག་གོ། ། ནུབ་ཏུ་རོ་ལངས་མ་སྔོན་མོའོ། །ལྷོར་གཏུམ་མོ་དམར་མོ་སྟེ་བཞི་པོ་འདི་རྣམས་གཡས་དང་ཅིག་ཤོས་ཀྱི་ཕྱག་གཉིས་སྟེང་དུ་བྱས་པའི་ཁ་ཊྭཱཾ་དང་ཁྲག་གིས་གང་བའི་ཐོད་པས་མཛེས་པའོ། །དབང་ལྡན་དུ་སེང་གེ་མོ་སེང་གེའི་གདོང་པ་ཅན་གཡོན་པ་དང་གཡས་པའི་ལུས་ཕྱེད་ཕྱེད་དཀར་ པོ་དང་སེར་པོ་དབང་པོ་དཀར་པོ་ལའོ། །མེར་སྟག་མོ་སྟག་གི་གདོང་པ་ཅན་གཡོན་དང་གཡས་པའི་ལུས་ཕྱེད་ཕྱེད་སྔོན་པོ་དང་དཀར་པོ་རིན་པོ་ཆེ་བདུན་པོ་ལའོ། །བདེན་བྲལ་དུ་ཅེ་སྤྱང་མོ་ཅེ་སྤྱང་གི་གདོང་པ་ཅན་གཡས་གཡོན་གྱི་ལུས་ཕྱེད་ཕྱེད་དམར་པོ་དང་ནག་པོ་མ་ཧེ་ལའོ། རླུང་དུ་འུག་པ་མོ་འུག་པའི་ གདོང་པ་ཅན་གཡོན་དང་གཡས་པའི་ཡན་ལག་སེར་པོ་དང་དམར་པོ་གདེངས་ཅན་གྱི་དབང་པོ་བརྒྱད་ཀྱི་མཇུག་མ་རྣམས་ལ་སྟེ། བཞི་པོ་འདི་རྣམས་གཡས་པ་དང་གཡོན་པའི་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པས་བརྒྱན་པའོ། །དེ་ ནས་ཤར་སྒོར་རྒྱལ་དབང་མོ་དཀར་མོ་ཕྱག་གཉིས་སྙེམས་པའི་ཚུལ་དུ་ཁར་བཅུག་པའོ། །བྱང་དུ་མེ་ཅན་སེར་མོ་སྙིམ་པ་ཁ་སྦྱར་བ་མར་མེ་ལྟ་བུ་སྤྱི་བོར་འཛིན་པའོ། །ནུབ་ཏུ་འཇིབ་བྱེད་མ་དམར་མོ་ཁྲག་གིས་གང་བའི་སྙིམ་པ་སྟེང་དུ་བྱས་པ་ཁ་དང་ཉེ་བར་བཞག་ནས་ཁྲག་རྒྱུན་ འཐུང་བའོ། །ལྷོར་ཀཾ་པོ་ཛཱི་ནག་མོ་རྡོ་རྗེ་ཐལ་མོའི་མཐེ་བོའི་རྩེ་མོ་གཉིས་ཕན་ཚུན་ཡང་དག་པར་སྦྱར་ཏེ་མཛུབ་མོ་གཉིས་ཁབ་ལྟ་བུ་བྷ་གའི་གནས་སུ་བཞག་ནས་རང་གི་བྷ་ག་ཉེ་བར་སྟོན་པ་སྟེ། བཞི་པོ་འདི་རྣམས་ཡི་དགས་ཀྱི་སྙིང་གར་གནས་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཅུ་ གཉིས་སྤྱན་གསུམ་ལ་ཞལ་གཅིག་པ་རྣམས་སོ། །ལྷ་མོ་བཅུ་གསུམ་པོ་རྣམས་ཀྱང་ལྷའི་མཆོག་གི་གོས་དམར་པོ་གྱོན་པ། །མགོ་ལ་ཐོད་པ་ལྔའི་ཕྲེང་བ་ཅན། །ཕྱག་རྒྱ་ལྔ་དང་ལྡན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལག་འགྲོའི་རྒྱལ་པོ་བརྒྱད་ཀྱིས་རྣམ་པར་མཛེས་ པ། །བསྐལ་པའི་མཐའི་མེ་འབར་བ་ལྟ་བུའི་འོད་ཟེར་གྱི་ཕུང་པོ་འབར་བ་རྣམས་ཀྱིས་འཇིགས་པར་བྱེད་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་བདག་ཉིད་མགོ་བོར་ཀྵུཾ། མིག་ལ་ཧཱུཾ། རྣ་བ་དང་སྣའི་ནང་དུ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སྨྼྻུཾ། སྙིང་གར་ཡྨྼྻུཾ། ལྟེ་བར་ཀྵྨྼྻུཾ། ཞེས་པ་ཆོ་ གའི་ཡི་གེ་རྣམས་བཀོད་དེ། ཨོཾ་ཨཱཿཧཱུཾ་ཞེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་སྤྱན་དྲངས་ལ། །སྔར་བཞིན་ཡང་དག་པར་མཆོད་ལ་དམ་ཚིག་བསྟན་པར་བྱའོ། ། དེ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གུང་མོ་གཉིས་རབ་ཏུ་བརྐྱང་བའི་རྩེ་མོ་དང་རྩེ་མོ་སྦྱར་བ་ནི། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པས་ཡེ་ཤེས་མཁའ་འགྲོ་མ་ལ་བསྟན་པར་བྱའོ། །རྡོ་རྗེ་ཐལ་མོ་བྱས་ནས། མཐེ་བོ་རྒན་པོ་དག་གུང་མོ་གཉིས་ལ་ཡང་དག་པར་རེག་ཅིང་བསྐྱོད་པའི་ཕྱག་ རྒྱ། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུཾ་སྭཱ་ཧཱ། ཞེས་པས་རྡོ་རྗེ་མཁའ་འགྲོ་མ་ལའོ། །ཁུ་ཚུར་གཉིས་མཉམ་པོར་བཅིངས་ཏེ་མཐེ་བོང་རྒན་པོ་གཉིས་རབ་ཏུ་བརྐྱང་བ་ནི། ཨོཾ་གཽ་རཱི་ཧཱུཾ་ཞེས་པས་འཇིགས་བྱེད་མ་ལའོ། །ཕྱག་རྒྱ་འདི་ཉིད་བཅིངས་ནས་མཐེའུ་ཆུང་གཉིས་རབ་ཏུ་བརྒྱང་བ་ནི་ཨོཾ་བེ་ ཏཱ་ལཱི་ཧཱུཾ་ཞེས་པས་རོ་ལངས་མ་ལའོ། །ཕྱག་རྒྱ་འདི་ཉིད་བཅིངས་ཏེ། གུང་མོའི་སོར་མོ་གཉིས་རབ་ཏུ་བརྐྱང་བ་ནི། ཨོཾ་ཙཎྜཱ་ལཱི་ཧཱུཾ་སྭཱ་ཧཱ་ཞེས་པས་གཏུམ་མོ་ལའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཛུབ་མོ་གཉིས་རབ་ཏུ་བརྐྱང་པའི་རྩེ་མོ་སྦྱར་བ་ནི། ཨོཾ་ཨཱཾ་སྭཱ་ཧཱ། ཨོཾ་ཨཱིཾ་སྭཱ་ཧཱ། ཨོཾ་ཨཱུཾ་སྭཱ་ཧཱ། ཨོཾ་རཱྀཾ་སྭཱ་ཧཱ། ཞེས་པས་སེང་གེ་མོ་ལ་སོགས་པ་བཞི་པོ་རྣམས་ལའོ། །ཨོཾ་ལཱྀཾ་སྭཱ་ཧཱ། ཨོཾ་ཨཻཾ་སྭཱ་ཧཱ། ཨོཾ་ཨཽཾ་སྭཱ་ཧཱ། ཨོཾ་ཨཱ་སྭཱ་ཧཱ། ཞེས་པས་རྒྱལ་དབང་མོ་ལ་སོགས་པ་བཞི་པོ་རྣམས་ལ་དེ་དང་དེའི་ཕྱག་རྒྱ་བསྟན་པར་བྱའོ། །དེའི་རྗེས་སུ་པད་ཀོར་སྔོན་དུ་འགྲོ་བས་ཡེ་ ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་ཇི་ལྟར་རིགས་པར་གཞུག་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་མངོན་པར་དབང་བསྐུར་བའི་བར་མ་ཆད་པར་རྒྱས་འདེབས་པར་བསམ་པར་བྱའོ། །དེ་ལ་ཡེ་ཤེས་ མཁའ་འགྲོ་མ་ལ་སོགས་པ་རྣམས་རིམ་པ་བཞིན་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །སེང་གེ་མ་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་ དཔག་མེད་རྣམས་ཀྱིས་སོ། །རྒྱལ་དབང་མོ་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །དེའི་རྗེས་སུ་སྤྲོད་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་བདག་ལ་མཆོད་ཅིང་བསྟོད་ནས་དེས་ཉེ་བར་བསྟབས་པའི་ བདུད་རྩི་མྱང་སྟེ། བདེ་བ་ཆེན་པོའི་པདྨར་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཁ་འོག་ཏུ་ཕྱོགས་པ་སྨིན་མའི་དབུས་སུ་འཕྱར་བའི་ཐིག་ལེ་དང་། ཧཱུཾ་ཡིག་ལས་བདུད་རྩིའི་རྒྱུན་འཛག་པར་བསམ་པར་བྱའོ། །ཞེས་པ་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་མཐར་ཕྲ་མོའི་རྣལ་འབྱོར་ ཡུན་རིང་དུ་རྣམ་པར་བསམ་པར་བྱའོ། །སྐྱོ་ན་སྔགས་བཟླས་པར་བྱའོ། །དེ་ལ་ཡེ་ཤེས་མཁའ་འགྲོ་མའི་སྔགས། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་སྔགས་ཀྱང་།ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཕཊ་ སྭཱ་ཧཱ། ཨོཾ་གཽ་རཱི་ཧཱུཾ་སྭཱ་ཧཱ། ཨོཾ་བེ་ཏཱ་ལཱི་ཧཱུཾ་སྭཱ་ཧཱ། ཨོཾ་ཙཎྜཱ་ལཱི་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་སིཾ་ཧ་ནི་ཨཱཾ་སྭཱ་ཧཱ། ཨོཾ་བཛྲ་བྱཱ་གྷྲ་ཨཱི་སྭཱ་ཧཱ། ཨོཾ་བཛྲ་ཛམྦུ་ཀོ་ཨཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཧཱུ་ལུ་ཀཱ་སྱཱ་རཱྀཾ་སྭཱ་ཧཱ། ཨོཾ་བཛྲ་ཌཱ་ཀཱི་ནཱི་ལཱྀཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པ་ཏ་ཏེ་ཛེ་ཨཻཾ་སྭཱ་ཧཱ། ཨོཾ་བཛྲ་ཙུ་ཥཱི་ནི་ཙུ་ཥ་ས་སརྦ་ སཏྭཱ་ན་ཨཽ་སྭཱ་ཧཱ། ཨོཾ་སརྦ་ཀཾ་པོ་ཛི་ཨཿསྭཱ་ཧཱ། ཞེས་པ་རྣམས་བཟླས་པས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་བོ་ཞེས་པའོ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མའི། །སྒྲུབ་ཐབས་རབ་ཏུ་གསལ་བྱེད་པའི། །བསོད་ནམས་ཀྱིས་ནི་འགྲོ་བ་རྣམས། །དེ་གཟུགས་འཇིགས་མེད་མྱུར་ཐོབ་ ཤོག །ཅེས་པ་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས། །པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།། །།འདི་ནི་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས། རྒྱ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་དག་པར་བྱས་པའོ། །འདིས་ འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག །ཡེ་ཤེས་མཁའ་འགྲོ་མའི་སྔགས་ནི། ཨོཾ་ཧྲཱི་སྭཱ་ཧཱ། ཞེས་འབུམ་ཕྲག་གསུམ་ཡང་དག་པར་བཟླས་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་སྔགས་ཀྱང་བཟླས་པར་བྱའོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ས་བོན་ ནོ། །ཧཱུཾ་དང་། ཧཱུཾ་དང་། ཧཱུཾ་དང་། ཨཱ་དང་། ཨཱིཾ་དང་། ཨུཾ་དང་། རཱྀཾ་དང་། ལཱྀཾ་དང་། ཨཻཾ་དང་། ཨཽཾ་དང་། ཨ་རྣམས་ཡིན་ནོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་ཨམྦ་ར་ནོ་པི་ཀ །བོད་སྐད་དུ། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས། ཤིན་ཏུ་དགའ་བའི་རྡོ་རྗེ་ལ་ཕྱག་ འཚལ་ལོ། །རྣལ་འབྱོར་མ་ཡི་དྲ་བའི་གཙོ། །རྣལ་འབྱོར་ནམ་མཁའི་འགྲོ་མགོན་ལ། །དངོས་པོ་ཀུན་གྱིས་བདག་ཕྱག་འཚལ། །རྟག་ཏུ་གུས་པས་བླ་མ་ལའང་། །གདན་བཞིའི་རིམ་པ་གསུངས་པ་ཡི། །བདེ་བའི་སྒྲུབ་ཐབས་བཏུས་ནས་སུ། །སློབ་མས་སྔོན་དུ་ཞུས་ནས་ནི། །དེ་ ཡི་བསྙེན་པ་བདག་གིས་བཤད། །དེ་ནས་གདན་བཞི་པའི་རྒྱུད་ཀྱི་རིམ་པས་དབང་བསྐུར་བ་ཐོབ་པ་དང་། བླ་མ་ལ་གུས་པ་དང་། ཟབ་མོའི་ཆོས་ལ་མོས་པ་དང་། སྦྱོར་བའི་རྒྱན་གྱིས་བརྒྱན་པའི་སྒྲུབ་པ་པོས། ལྷ་ཁང་ཀུན་དགའ་ར་བ་ལ་སོགས་པ་གནས་ཡིད་དགའ་བའི་ཕྱོགས་སུ་ཤིན་ ཏུ་འཇམ་པའི་སྟན་ལ་འདུག་ནས་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་བཞུགས་པའི་རྣལ་འབྱོར་ནམ་མཁའི་བསྙེན་པ་བྱའོ། །དེ་ལ་དང་པོར་རེ་ཞིག་ཉི་མའི་ལག་མཐིལ་ལ་ནི་ཡི་གེ་ཨ་དམར་པོ་བསམས་ནས། དཀར་པོ་ལ་སོགས་པའི་ལག་པའི་སོར་མོ་ལ་རིམ་པས་སུཾ་ཀྵུཾ་ཡུཾ་ཧཱུཾ་ ཨ་ས་བོན་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེ་བཞིན་ཟླ་བའི་ལག་མཐིལ་ལ་ཡི་གེ་སོཾ་ལས་ཟླ་བའི་དཀྱིལ་ལ་སྨྼྻུཾ། ཧྨྼྻུཾ། ཡྨྼྻུཾ། ཀྵྨྼྻུཾ། སོཾ་ས་བོན་དེ་དག་གིས་སྤྲུལ་པའི་གི་ཝང་ལ་སོགས་པའི་ལག་པའི་སོར་མོ་པདྨར་རྣམ་པར་བསྒོམ་པར་བྱའོ། །དེ་དག་ནི་ལག་པ་རྣམ་ པར་དག་པའི་ཆོ་གའོ། །དེ་ནས་མགྲིན་པ་ལ་ཡི་གེ་ཧྲཱིཿལས་བསྐྱེད་པའི་པདྨ་འདབ་བརྒྱད་ལྕེའི་འདབ་མ་ལ་ཡི་གེ་ཧཱུཾ་གིས་རྡོ་རྗེ། དེའི་བུམ་པ་ལ་ཡི་གེ་ཧཱུཾ་བསྐྱེད་ཅིང་བསྒོམས་ཏེ། ཨོཾ་བཛྲ་ཛིཧྭ་སཾ་བརྟ་ནི་ཧཱུཾ་ཕཊ། སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །དེ་དག་ནི་ལྕེ་ རྣམ་པར་དག་པའི་ཆོ་གའོ། །དེ་ནས་ཉི་མའི་ལག་པ་ལ་དཀར་པོ་དང་ཡེ་ཤེས་སྦྱར་ནས་ཡན་ལག་བརྒྱད་ལ་བཀོད་པའི་བདག་ཉིད་དུ་བྱའོ། །སྤྱི་བོ་མིག་གཉིས་རྣ་བ་གཉིས་སྣ་ལྕེ་མགྲིན་པ་དཔུང་པ་གཉིས་སྙིང་ག་ལྟེ་བ། ཨོཾ་བཛྲ་ཀཱ་ཡ་ཧོ། ཨོཾ་བཛྲ་ཝཱ་ཀ་ཨཱཿ། ཨོཾ་བཛྲ་ཙིཏྟ་ཧཱུཾ་ཡན་ལག་ བྱིན་གྱིས་བརླབ་པར་བྱ་བའི་ཆོ་གའོ། །དེའི་འོག་ཏུ་དུང་ཕོར་ལ་སོགས་པའི་མཆོད་ཡོན་གྱི་སྣོད་ལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དེ་ཕྱག་རྒྱ་དང་བཅས་པས་བདུན་གསུམ་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་ལ་གདབ་པར་བྱའོ། །དེའི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་ དྲི་མ་གསུམ་དང་དུད་པ་བསྒྲེང་བའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་དཀར་པོ་དང་ཡེ་ཤེས་སྦྱར་ནས་པདྨ་དང་དུང་དང་དུད་པ་བསྒྲེང་བའི་ཚུལ་གྱིས་ཕྱག་རྒྱ་དེས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དེས་མཆོད་པའི་ཞལ་བསིལ་གྱི་ སྣོད་ལ་སྔགས་བཏབ་ནས་གཞག་པར་བྱ་སྟེ། དེ་ནི་ཞལ་བསིལ་གྱི་སྣོད་བྱིན་གྱིས་བརླབ་པའི་ཆོ་གའོ། །ཡང་ཉེ་བར་སྦྱོར་བའི་སྣོད་རྣམས་ལ་སེང་གེ་མའི་སྔགས་དང་ཕྱག་རྒྱས་ཡོངས་སུ་བཏབ་སྟེ་གཞག་པར་བྱའོ། །ཁུ་ཚུར་གཉིས་བཅིངས་ཏེ་དཀར་པོ་དང་གི་ཝང་ ལྕགས་ཀྱུའི་ཚུལ་དུ་བྱས་ལ། ཨོཾ་སྨྼྻུཾ་སྭཱ་ཧཱ། དེའི་ཆུས་བསང་གཏོར་བྱའོ། །སྔགས་ནི། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་དེ་ནི་ཉི་ཤུ་རྩ་གཅིག་ཏུ་མཆོད་པའི་སྔགས་ཡན་ལག་ལ་ཆུ་གཏོར་བའི་ཆོ་གའོ། །དེ་ནས་བདག་བསྲུང་བ་དང་བགེགས་བསྐྲད་པའི་དོན་དུ་ཕུར་བུ་གདབ་ པ་དང་དྲ་བ་ལ་སོགས་པའི་རིམ་པ་བྱའོ། །ཟླ་བ་ཉི་མ་ཕྱེད་ནས་སུ། །ཡེ་ཤེས་རྣམ་ཤེས་སྦྲེལ་བར་བྱ། །ངང་པའི་གཤོག་པའི་ཚུལ་བྱས་ཏེ། །ཕྱིར་བཟློག་སྙིང་གར་གཞག་པར་བྱ། །སྔགས་ནི་ཨོཾ་ཧཱུཾ་ཕཊ་དང་བཅས་པས་བདག་ལ་གོ་ཆས་བསྲུང་བར་བྱའོ། །བདག་ལ་བསྲུང་བ་ བྱས་ནས་སུ། །ཉི་ཟླ་བཅིང་བ་བྱས་ནས་སུ། །དྲི་མ་གསུམ་དང་དུད་པ་བསྒྲེང་། །ང་རོ་ཧཱུཾ་གི་ལྡན་བྱས་ནས། །ཕྱག་རྒྱ་དེ་ལྟར་བཅིང་བར་བྱ། །ཕྱག་རྒྱ་དེས་ནི་ཕྱོགས་བཅིངས་པ་དང་ཕུར་བུ་གདབ་པ་དང་དྲ་བ་དང་ར་བ་དང་ཁོ་ར་ཁོར་ཡུག་བཅིངས་པ་ལ་སོགས་པ་རིམ་པ་བཞིན་དུ་ བྱའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །དཀར་པོ་གི་ཝང་བསྒྲེང་ནས་སུ། །ཀུན་ནས་དེ་ཉིད་ཁ་སྤྲད་ནས། །དུད་པ་དྲི་མ་གསུམ་བསྒྲེངས་ནས། །དེ་ནི་རྟག་ཏུ་དབང་བསྐུར་བྱའོ། །སྤྱི་བོ་དང་། དཔྲལ་བ་དང་རྣ་བ་གཡས་ཀྱི་སྟེང་དང་ལྟག་ཁུང་དང་རྣ་བ་གཡོན་གྱི་སྟེང་རྣམས་སུ་རྣམ་པར་ སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་སྐུ་མདོག་དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་ཕྱག་རྒྱ་བྱང་ཆུབ་མཆོག་དང་། ས་གནོན་དང་། མཆོག་སྦྱིན་དང་། ཏིང་ངེ་འཛིན་ དང་། སྐྱབས་སྦྱིན་རྣམས་དང་ལྡན་པས་གནས་གོ་རིམས་བཞིན་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་མཛེས་པ་ན་བཟས་ཀླུབས་པར་བསམ་པར་བྱའོ། །སྔགས་ནི་ཨོཾ་ཧཱུཾ་ཨ་སྭཱ་ཧཱ། དབང་བསྐུར་བའི་ཆོ་གའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། དཀར་པོ་གི་ཝང་བསྒྲེང་ནས་སུ། །གཉིས་ཀ་ བཟློག་ནས་རྩེ་སྦྱར་སྤྲད། །རྒྱབ་དང་སྙིང་གའི་གོ་ཆ་བསྲུང་། སྔགས་ནི་ཨོཾ་ཊུཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཧཱུཾ་སྭཱ་ཧཱ། སྔགས་དེ་གོ་རིམས་བཞིན་དུ་བཅིང་བ་དང་ལན་གསུམ་དུ་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བའི་སྔགས་དེས་ཐལ་མོ་ལན་གསུམ་དུ་བརྡབས་ནས་དགའ་བར་བྱའོ། ། དེ་ནི་བདག་བསྲུང་བའི་ཆོ་གའོ། །དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས་ནས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ་མིག་སྣ་རྩེ་ལ་བཞག་ནས་དང་པོ་ལ་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་ལྷའི་སྐུས་བརྒྱན་པའི་དཀྱིལ་འཁོར་དམིགས་ནས་དྲི་ལ་སོགས་པས་མཆོད་པར་ བྱའོ། །དེ་ལ་སྔགས་དང་ཕྱག་རྒྱ་འདི་ཡིན་ཏེ། ཉི་མའི་ལག་པ་ཕྱེ་ནས་སུ། །དུད་པ་དྲི་མ་གསུམ་བསྒྲེང་སྟེ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུཾ་སྭཱ་ཧཱ། ཉི་མའི་ལག་པ་བརྐྱང་ནས་སུ། །དཀར་པོ་ཡེ་ཤེས་སྦྱར་བར་བྱ། །སྔགས་ལ་ཨོཾ་པྲ་ཝ་ར་སཏྐཱ་ར་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཇི་ལྟར་འབྱུང་བའི་དཀྱིལ་ འཁོར་བསམ་བྱས་ཏེ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་ཏོག་དང་སྤོས་དང་མར་མེ་དབུལ་བར་བྱའོ། །ཡང་ན་སྔགས་དང་ཕྱག་རྒྱས་དྲི་ཞིམ་པ་ལ་སོགས་པས་མཆོད་པར་བྱའོ། །དེ་ལྟར་སྔགས་དང་ཕྱག་རྒྱ་སྦྱར་བར་བྱའོ། །ཉི་མའི་ལག་པ་བརྐྱང་བསྒྲེང་ནས། །དྲི་ཡི་ཕྱག་རྒྱ་དང་པོར་སྦྱར། ཨོཾ་ ཧཱུཾ་སྭཱ་ཧཱ། དྲིའི་སྔགས་དང་ཕྱག་རྒྱའོ། །དཀར་པོ་ཡེ་ཤེས་ལེགས་སྦྱར་བ། །མེ་ཏོག་ཕྱག་རྒྱ་རྣམ་པར་བསྒོམ། ཨོཾ་སུཾ་སྭཱ་ཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །དུང་དང་པདྨ་བཀུག་ནས་སུ། །སྤོས་ཀྱི་ཕྱག་རྒྱར་རབ་ཏུ་སྦྱར། །ཨོཾ་ཨཱ་སྭཱ་ཧཱ། སྤོས་ཀྱི་སྔགས་དང་ཕྱག་རྒྱའོ། ཉི་མ་རྡོ་རྗེ་ཁུ་ཚུར་ལ། །མཐེ་བོང་གྱེན་དུ་བསྒྲེང་བར་བྱ། །ཨོཾ་ཀྵུཾ་སྭཱ་ཧཱ། མར་མེའི་སྔགས་དང་ཕྱག་རྒྱའོ། །ཉི་མའི་ལག་པ་ཕྱེ་ནས་སུ། །དབུས་ཀྱི་སོར་མོ་བསྒྲེང་བར་བྱ། །ཨོཾ་ཨི་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་བསྐྱོད་ཅིང་། ཨོཾ་གྷུ་ སྭཱ་ཧཱ། གཏོར་མའི་སྔགས་དང་ཕྱག་རྒྱའོ། །དེ་ནས་སྙིང་གར་ཐལ་མོ་བཞག་སྟེ། པདྨ་བསྐོར་ཞིང་བསྐོར་བས་དཀྱིལ་འཁོར་ལྔས་ཕྱག་འཚལ་ལོ། །སྔགས་ནི་ཨོཾ་ན་མཿཏེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱ་ཧཱ། ཡང་ཕྱག་འཚལ་བ་གསུམ་པའི་སྔགས་ནི་འདི་ལྟ་སྟེ། པཉྩ་ཌཱ་ ཀི་ནི་པཱུ་ཛོ་པསྠཱ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ཨོཾ་ཨཱ་ཙརྱ་པུ་ཛ་ཨུ་པསྠཱ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ཨོཾ་ས་ཀ་ལ་སཏྭ་པ་རི་ཏྲ་ནཱ་ཡཱ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ ལ་སོགས་པ་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐམས་ཅད་ཐེག་པ་གསུམ་ལ་ཡང་། །སྦྱོར་བ་གསང་བ་མཁའ་འགྲོ་དང་། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་དགའ་ཆེན་དང་། །ཁྱད་པར་དུ་ཡང་ སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་བདག་མཆིའོ། །བདག་ལ་དགོངས་ཤིག་ཐམས་ཅད་ཀྱིས། །རྣམ་སྣང་མི་བསྐྱོད་རིན་ཆེན་མཆོག །སྣང་མཐའ་ཡས་དང་དོན་ཡོད་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཆེ་གེ་མོ་ཞེས་བྱ་བ་དག །དུས་འདི་ཉེ་བར་ བཟུང་ནས་སུ། །སྙིང་པོ་བྱང་ཆུབ་ཐོབ་པའི་བར། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་བཞིན། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་ དང་། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་ཀྱང་། །སོ་སོར་བདག་གིས་བརྟན་པོར་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག །སྡོམ་པ་སངས་རྒྱས་འབྱོར་བསྐྱེད་པ། །དང་པོ་དེ་རིང་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། ། སོ་སོར་དེ་བཞིན་ཉིད་དུ་བཟུང་། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཡིད་དུ་འོང་བ་ལ། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། ། པདྨ་ཆེན་པོའི་རིགས་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཅི་ལྟར་ནུས་པ་མཆོད་པའི་ལས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་བཟུང་། །བླ་ན་མེད་པའི་བྱང་ཆུབ་སེམས། ། མཆོག་ཏུ་བསྐྱེད་པ་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་དགོད་པར་བགྱི། །ཞེས་ པའོ། །དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པས་གནས་ཏེ་སྣའི་རྩེ་ལ་མིག་བཞག་ནས། རང་གི་སྙིང་གའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའི་ཡི་གེ་ཀྵུཾ་རང་གི་ལུས་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས་བདག་གི་ས་བོན་ཙམ་ལུས་ལ་མི་སྣང་བར་བྱེད་པར་བསྒོམ་མོ། །ཨོཾ་ སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་བཟླས་ཏེ་ཆོས་བདག་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཆོས་ཀྱི་སྐུའི་རྒྱུ་མཐུན་པར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་བསྐྱེད་པར་བྱ་བའི་ཕྱིར་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷ་མོ་བཞིས་དབྱངས་ཀྱིས་ བསྐུལ་བར་བྱེད་པར་བསྒོམ་པར་བྱའོ། །ཛ་ཛ་ཛ་ཛ་རྡོ་རྗེ་སེམས་དཔའི་དངོས་གྲུབ་བཞུགས་པའི་བདག་པོ་ཁྱོད། །ཧ་ཧ་ཧ་ཧ་ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། །བ་བ་བ་བ་རྡོ་རྗེ་སྒྲོག་གི་གསང་བ་ལས་བྱུང་སྐུ་འཛིན་པ། ཨ་ཨ་ཨ་ཨ་ཧོ་མགུ་བའི་རྡོ་རྗེ་ཨཱ་ལི་ གཅིག་ཏུ་ཐིམ་པར་ཧཱུཾ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་ཚུལ་དུ་བསྒོམས་ཏེ་ཛྙཱ་ན་ཨ་ཧཾ་ཞེས་བརྗོད་པར་བྱའོ། །ཡང་དེའི་སྟེང་དུ་སྒྲ་ཡིག་ལ་སོགས་པ་ཡོངས་སུ་རྫོགས་པ་གང་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ནས་དེའི་དབུས་སུ་ཡི་གེ་ཧཱུཾ་དེ་ནས་ཧཱུཾ་ལས་རྡོ་རྗེ། །རྡོ་རྗེའི་ལྟེ་བ་ལ་ས་བོན་ གྱིས་བརྒྱན་པར་བསམས་ཏེ་དམ་པའི་སྔགས་བརྗོད་ནས་ང་རྒྱལ་བྱའོ། །ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། དེ་ནས་རྡོ་རྗེའི་འོད་ཟེར་འཕྲོས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་སླར་ཡང་དེ་ ཉིད་ལ་ཞུགས་ཏེ་སྔགས་ཀྱིས་ང་རྒྱལ་བྱའོ། །ཨོཾ་བརྡྷ་ན་མོ་ཡ་ཧ་ཧོ། ཞེས་བྱའོ། །དེ་ནས་མཚན་ཀུན་ཡོངས་རྫོགས་པ། །སེམས་ཅན་དོན་གཅིག་དམ་པར་བྱེད། །ཞལ་གསུམ་དེ་ཉིད་ཕྱག་དྲུག་པ། །དབྱར་གྱི་སྤྲིན་དང་འདྲ་བའི་འོད། །སྤྱན་གསུམ་བཞད་དང་ཁྲོ་བ་དང་། །ལྡེམ་བག་ ཚུལ་དང་ཡང་དག་ལྡན། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཐོད་པའི་དབུ་རྒྱན་འཇིགས་བྱེད་པ། །རྒྱལ་བའི་འོད་ཟེར་སྤྲོས་པའི་སྐུ། །ཤེས་རབ་ལུས་ཐོགས་ལྡན་པ་སྟེ། །རྡོ་རྗེ་ནུ་མ་མདའ་དང་ནི། །དྲིལ་བུ་སྣོད་དང་གཞུ་རྣམས་ཏེ། །སངས་རྒྱས་རྣལ་འབྱོར་ ནམ་མཁའི་བདག །མགོན་པོ་རྒྱས་པར་བསྒོམ་པར་བྱ། །དེ་ནས་རྣལ་འབྱོར་ནམ་མཁའི་བདག་ཉིད་དུ་ང་རྒྱལ་བསྐྱེད་པའི་སྔགས་འདི་བརྗོད་དོ། །ཨོཾ་སུ་བྷ་བོ་བཾ་ཨ་ཨ་ཨཱ་ཨཾ་ཧཱུཾ་སྭཱ་ཧཱ། དེ་ནས་ཕྱག་རྒྱ་ཆེན་པོར་གསལ་བར་བསམས་ཏེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཡང་རྡོ་ རྗེ་གསོར་ནས་སྔགས་འདི་རྗེས་སུ་དྲན་པར་བྱའོ། །ཨོཾ་ཛྙཱ་ན་ཀཱ་ཡ་ཨ་ཧཾ། དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སུ་ལྡན་པས་སྙིང་ག་དང་དཔྲལ་བ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ཡེ་ཤེས་པདྨ་ཁ་སྦྱར་ཏེ། །ས་ཡི་གདུགས་དང་རྣམ་ཤེས་སྦྱར། །གཉིས་ཀ་ལུ་གུ་རྒྱུད་བཅིངས་ ཏེ། །ལྷག་མ་རྣམས་ནི་གྱེན་དུ་བསྒྲེང་། །དུད་པ་དྲི་མ་གསུམ་སྤྲད་དེ། །རྩེ་ལྔ་རྡོ་རྗེ་འཛིན་ཞེས་སོ། །ཨོཾ་སརྦ་ཡ་ཧཱུཾ་ཧཱུཾ་ས་ཡ་མ་ཏྲཾ་ཨ་དྷི་ཏིཥྛ། ཞེས་སྔགས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་བསམས་ནས་རྫོགས་པར་བྱའོ། །སྦྱོར་བ་དང་པོ་ཞེས་བྱ་ བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཡུཾ་ཀྵུཾ་སུཾ་ཧཱུ