Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 25
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
ེའི་རྗེས་ལ་བདུད་རྩིས་ཁ་བཀང་སྟེ། འབར་བའི་ཕྱག་རྒྱ་བཅིངས་ལ་མངོན་པར་འདོད་ པའི་དངོས་པོ་ཡིད་ལ་བྱ་སྟེ། ཁྱེད་ཀྱིས་ངེས་པར་སྔོན་དུ་དགོས་པར་གྱིས་ཤིག་ཅེས་སྦྱར་བར་བྱའོ། །ཁ་ཕྲུའི་རྣམ་པས་རྣལ་འབྱོར་མ་དེ་རྣམས་ཀྱིས་ཁ་བཀང་བར་བསྒོམ་པར་བྱའོ། །གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱས་གཟུང་བར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཞེས་པ་ལ་སོགས་པ་ བརྗོད་དོ། །མགོན་པོ་སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི་ཨཱ་ལི་ཀཱ་ལིའི་སྦྱོར་བ་བྱས་ཏེ། །བདེ་བ་ཆེན་པོ་གནས་སྐབས་སུ་གྱུར་པའི་བདུད་རྩི་ལྔས་བདག་ཉིད་མཆོད་པར་བྱའོ། །ཕན་ཚུན་འཁྱུད་པའི་སྦྱོར་ལྡན་པའི། །རྫུ་འཕྲུལ་གྱིས་ནི་བརྒྱན་པ་འདི། །མགོན་པོའི་ལུས་ལ་མཛེས་ པའི་སྐུ། །དངོས་ལས་གྲོལ་ལ་བདག་ཕྱག་འཚལ། །ཧཱུཾ་ཧཱུཾ་ཧཱུཾ་དེ་ནི་དབྱངས་སོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ་གསིལ་ལ་བསྟོད་པ་བྱའོ། །དཔལ་ལྡན་སྐལ་བཟང་ཀུན་དུ་བཟང་པོ་ཆེན་པོ་དང་། །མཉམ་མེད་ཡེ་ཤེས་ཀྱིས་གནས་དེ་བཞིན་གཤེགས་པ་མགོན་པོ་ཡིས། །ཕྱག་མཚན་ དྲུག་གིས་བརྒྱན་པའི་ཕྱག་ན་དྲི་མེད་སེམས་ཅན་དག །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད། །དེ་ཡི་ཡན་ལག་དང་འབྲེལ་བདེ་བ་ཆེན་པོ་བྱང་ཆུབ་བརྙེས། །སྒེག་དང་ཁྲོ་དང་བཞད་པའི་དེ་ཁོ་ན་ཉིད་སྐུ། །ཨིནྡྲ་ནཱི་ལ་དང་མཚུངས་ འབར་བའི་མཛེས་པའི་སྐུ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད། །སངས་རྒྱས་ཀུན་གྱི་རིགས་ཉིད་ཆུ་ལས་བྱུང་བ་དག་པའི་སྐུ། །སྤྱན་དཀྱུས་རི་རབ་གསལ་ཞིང་སྙིང་རྗེ་རྒྱན་གྱིས་བརྒྱན། །ཁ་ཊྭཱཾ་ག་དང་བདུད་རྩིས་བཀང་བའི་ཐོད་པ་བསྣམས། ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །འོད་ཀྱི་རང་བཞིན་ས་བོན་ནོར་བུའི་རིགས་ལས་བྱུང་བའི་དྲི་མེད་ལུས། །ཕྱག་གིས་ཁུ་ཚུར་དྲིས་ནི་ཁ་ཊྭཱཾ་ག་དང་པདྨའི་སྣོད། །དྲག་པོའི་ཆར་གྱི་རྒྱུན་དང་བྲལ་བས་ས་སྟེང་ཚིམ་མཛད་པའི། །དཔལ་ལྡན་དྲག་མོའི་ མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །ཆུ་ལས་སྐྱེས་པ་བཞིན་དུ་དེ་ནི་དབུགས་ཀྱི་ཐིག་ལེའི་ངོ་བོ་ཉིད། །ཕྱག་མཚན་ཁ་ཊྭཱཾ་གིས་མཚན་པདྨའི་འདབ་མ་འཛིན་མཛད་ཅིང་། །སྐྱེ་བོ་རྨོངས་པའི་ཐེ་ཚོམ་ངེས་པར་སེལ་མཛད་པའི། །རོ་ལངས་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་ འདུད། །ལས་ཀྱི་རྗེས་སུ་བྱེད་པའི་མེ་ཡི་རང་བཞིན་རྣམ་པར་དག་པའི་ལུས། །ཁ་ཊྭཱཾ་གས་མཚན་པད་སྣོད་ཕྱག་གཉིས་མཚན། །ཤ་ཟ་གཏུམ་པོའི་ཚོགས་ཀུན་ཕྱེ་མར་རབ་ཏུ་རློག །གཏུམ་མོའི་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །དཔལ་ཆེན་སེང་གེ་འུག་པ་མོ་ནི་མང་པོས་ ཧཱུཾ་སྒྲོགས་ང་རོ་ཅན། །དཔལ་ལྡན་སྟག་མོ་ཅེ་སྤྱང་མོ་ཡང་སྐྱེ་བའི་རིམ་ནི་གདུག་པ་འཇོམས། །ཞགས་པ་ལྕགས་ཀྱུ་སྡིགས་མཛུབ་བསྣམས་པའི་ཕྱག །ཁྱེད་ཀྱི་པདྨའི་ཞབས་ལ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་མཁའ་འགྲོ་རབ་མཆོག་འབར་བྱེད་འཇིབ་བྱེད་མ། །འཕྲོག་བྱེད་ མ་ནི་རྟག་ཏུ་མཉམ་མེད་དངོས་གྲུབ་མི་ལ་སྟེར། །གདུལ་དཀའ་འདུལ་བར་མཛད་པའི་སེམས་ཀྱི་བདག་ཉིད་རྒྱལ། །ཁྱོད་ཀྱི་པདྨའི་ཞབས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་སོ། །དེའི་རྗེས་ལ་སྙིང་གར་ཐལ་མོ་བཞག་སྟེ། སྨོན་ལམ་གདབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་སྐྱོན་ མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གིས་ལམ་ལ་འགྲོ་བ་ཡིས། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དེ་ལྟར་རྗེས་སུ་བརྩེ་བའི་ཕྱིར། །རྣལ་འབྱོར་གཙུག་ལ་བདག་ གིས་བགྱི། །ཨོཾ་ཞེས་བརྗོད་ལ། ཨོཾ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་ཕན་པར་མཛད་པ་ལྟར། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཡུལ་དུ་གཤེགས་སུ་གསོལ། །ཞེས་བརྗོད་ཅིང་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྙིང་གར་ བཞག་ལ་གཡས་པའི་ལག་པ་བརྐྱང་ལ་ས་ལ་བཞག་སྟེ། ཨོཾ་ཨཱཏྨ་ཏིཥྛ་སྭཱ་ཧཱ། ཞེས་པས་གཤེགས་སུ་གསོལ་ལོ། །རང་གི་དབུགས་ཀྱིས་རང་གི་ལུས་ལ་ཐིམ་པར་བྱའོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ནི། སྙིང་ག་དང་། ལྕེ་དང་། སྤྱི་བོ་དང་། རྣ་བ་དང་། མིག་ ཏུ་རིམ་པ་ཇི་ལྟ་བ་བཞིན་དུ་ཞུགས་པར་བྱའོ། །སེང་གེ་མ་ལ་སོགས་པ་ནི་མགྲིན་པ་དང་། དཔུང་པ་དང་། སྙིང་ག་དང་ལྟེ་བར་རོ། །སྒོ་སྲུང་བཞི་ནི་གཡས་དང་། གཡོན་གྱི་བརླ་དང་རྗེ་ངར་གཉིས་སུ་རིམ་པ་བཞིན་དུ། ཡི་གེའི་གཟུགས་སུ་བ་དན་གསུམ་པའི་ཕྱག་རྒྱ་དགོད་པར་ བྱའོ། །ཨོཾ་སརྦ་དུཥྚ་གྲྀ་ཧྞཱ་གྲྀཧྞཱ་གཙྪ་ཧཱུཾ་ཕཊ། ཅེས་པས་སེ་གོལ་གསུམ་གྱིས་ཕྱིའི་ལྷ་གཤེགས་སུ་གསོལ། དེ་ནས་ཕྱི་དང་ནང་གི་མཆོད་པའི་བདག་ཉིད་མཆོད་པ་རྒྱས་པས་བདག་ཉིད་མཆོད་པར་བྱ་སྟེ། ལྷག་མའི་གཏོར་མ་ཉིད་དབུལ་བར་བྱའོ། །ཨོཾ་ཀུ་རུ་ཀུ་རུ་བཏྟཱ་ལི། མཧཱ་བཏྟཱ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དགས་ཁ། །དམ་ཚིག་བསྲུང་བ་ཁྲག་དགའ་མོ། །ཀཱ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུང་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །ཧཱུཾ་གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚ་ནཱཾ་བྷཀྵ་བྷཀྵ་ཕྲོཾ་ཕྲོཾ་ཕྲིཾ་ཕཊ་སྭཱ་ཧཱ། ཞེས་པས་རྡོ་རྗེ་ཁུ་ཚུར་གཉིས་མཛུབ་མོ་གཉིས་མཆེ་བའི་ཚུལ་གྱིས་ཁའི་གྲྭར་བཞག་ལ་གཤེགས་སུ་ གསོལ་ལོ། །སྲང་ཀའི་དབུས་སུ་ཁས་བླུགས་པར་བྱའོ། །རྩ་བའི་གཏོར་མ་ལྷོ་ཕྱོགས་སུ་བཞི་མདོར་བླུགས་པར་བྱའོ། །ལྷའི་ང་རྒྱལ་གྱི་གཟུགས་ཀྱིས་གནས་པར་བྱའོ། །གཏོར་མའི་ཆོ་གའོ། །གོང་དུ་གསུངས་པའི་རིམ་པས་བདག་ཉིད་སྦྱོར་བ་ཐམས་ཅད་ རྫོགས་པར་བྱ་སྟེ། །བདག་ཉིད་མཆོད་པར་བྱས་ལ། དང་པོ་བུམ་པའི་སྟ་གོན་དུ་གནས་པའི་རིམ་པ་བཞིན་དུ་བྱའོ། །གསེར་ལ་སོགས་པའི་བུམ་པར་རིན་པོ་ཆེ་ལྔ་དང་སྨན་དང་འོ་མ་དང་ལྷ་རྟེན་གྱི་ཆུས་བཀང་བ་ལ། པ་ལ་ཤས་ལྡན་པར་བྱའོ། །ལས་ཀྱི་རྗེས་སུ་འབྲངས་ཏེ་གཅིག་ གམ་གསུམ་མམ་ལྔའམ། དགུའི་རིམ་པས་གྲངས་བཞིན་དུ་ཀུ་ཤའི་ཆུན་པོ་ལ་འཁོར་བཞིན་དུ་བྱས་པའི་སྟེང་མདུན་དུ་གཞག་པར་བྱའོ། །ཡེ་ཤེས་ཀྱི་ལྷ་མོ་ལ་སོགས་པའི་མིང་ལ་སོགས་པ་བསྒོམ་པར་བྱའོ། །ཇི་ལྟར་རང་གི་ཕྱག་རྒྱ་དང་སྔགས་ཀྱི་མཆོད་པ་ལྔས་ཉེ་བར་མཆོད་ དེ། ཕྱག་བྱས་ལ་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་གནས་པར་མདུན་དུ་གཞག་པར་བྱའོ། །དེ་ནས་ཨོཾ་ཧི་ལི་ཧི་ལི་ཀི་ལ་བེཏྟཱ་ལཱི་ཧཱུཾ་ཕཊ། ཞེས་པའི་ཆུས་ཀུན་ནས་བསང་གཏོར་བྱའོ། །ཨོཾ་ཤྲཱིཾ་སྭཱ་ཧཱ་མར་སྦྱང་བར་བྱའོ། །ཨོཾ་ཨོཾ་སྭཱ་ཧཱ། སྣོད་ལ་སོགས་པ་སྦྱང་བར་བྱའོ། །ཨོཾ་ཇིཾ་སྭཱ་ཧཱ་འབྲུ་སྦྱང་བར་བྱའོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་འབྲུ་ལ་སོགས་པ་སྦྱངས་པའོ། །ཨོཾ་ཨ་སྭཱ་ཧཱ་ཡམ་ཤིང་སྦྱང་བའོ། །སོ་སོར་བརྒྱད་བརྒྱར་བཟླས་པར་བྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ཏེ། དབུ་མ་ཁབ་ལྟར་བྱས་པའི་ཕྱག་རྒྱས། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པས་མེ་ ཏོག་བླངས་ཏེ་དབུལ་བར་བྱའོ། །དེ་ནས་སྣོད་རྣམས་སུ་རྫས་བླུགས་ཏེ། གཡས་ཕྱོགས་སུ་སྲེག་རྫས། གཡོན་དུ་རྡོ་རྗེ་དང་དྲིལ་བུ་སྟོན་བཞིན་དུ་བསགས་ཏེ། གཏོར་མའི་སྣོད་དང་ཨརྒྷའི་སྣོད་གཞག་པར་བྱའོ། །ཀུ་ཤའི་མདུད་པ་དང་ལྷན་ཅིག་པས། བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས། ཨོཾ་ བཛྲ་ཡཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བཟླས་ལ་གཞག་པར་བྱའོ། །དེ་ནས་མདུན་དུ་ཉི་མའི་དཀྱིལ་འཁོར་དང་། །སྣ་ཚོགས་པདྨ་ལ་གདུགས་དཀར་པོས་བརྒྱན་པ་དེར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཧཱུཾ་དེ་ཉིད་བལྟའོ། །དེ་ལས་དཔལ་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར་བྱའོ། །སེང་གེའི་གདན་ ལ་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་པ་ལས་དང་རྗེས་སུ་མཐུན་པར་ཁ་དོག་རྒྱན་གྱིས་བརྒྱན་པ་གཡས་པ་རྡོ་རྗེ་གཡོན་པར་དྲིལ་བུ་བལྟ་བར་བྱའོ། །རང་གི་སྙིང་གར་ཧཱུྃ་བསམས་ལ་རང་གི་དབུགས་ལས་ཛྙཱ་ན་ཌཱ་ཀཱི་ཧཱུཾ་ ཞེས་པས་ཕྱུང་སྟེ་གཅིག་ཏུ་གྱུར་ནས། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པས་གཡས་ན་དབྱུག་པ་གཡོན་ན་ཐོད་པ་བསྣམས་པ། རྩ་བའི་ཕྱག་རྒྱ་བསྟན་པར་བྱའོ། །ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་ཕཊ་ཅེས་པས་ལག་པ་གཡོན་པ་ཁ་ཕྱིར་བསྟན། གཡས་པ་ཁ་ནང་དུ་བསྟན་ཏེ་བརྐྱང་ལ་དབང་ལྡན་ནས་བསྐོར་བ་ བྱ་བ་ནི་ར་བའི་སྔགས་དང་ཕྱག་རྒྱའོ། །ཨོཾ་ཛུཾ་སྭཱ་ཧཱ། ལག་པ་གཉིས་བརྐྱང་སྟེ། ཕན་ཚུན་བསྣོལ་བ་ནི་དྲ་བའི་སྔགས་དང་ཕྱག་རྒྱའོ། །ཨོཾ་བྲུཾ་སྭཱ་ཧཱ། ཞེས་གཡོན་པ་ཁུ་ཚུར་བཅངས་ཏེ་མཐེ་བོང་བརྐྱང་ནས་ས་ལ་བཙུགས་པ་ནི་ཕུར་བུའི་སྔགས་དང་ཕྱག་རྒྱའོ། །དེ་ནས་རིམ་པ་འདིས་ མཆོད་པར་བྱ་སྟེ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། དྲིའོ། །ཨོཾ་པུཥྤེ་མཱ་ལེ་ཧཱུཾ་སྭཱ་ཧཱ། མེ་ཏོག་གིའོ། །ཨོཾ་ཏཱི་ཀྵྞ་དཱི་པེ་ཧཱུཾ་སྭཱ་ཧཱ། མར་མེའིའོ། །ཨོཾ་དྷཱུ་པེ་ཤྭ་རི་ཧཱུཾ་སྭཱ་ཧཱ། བདུག་པ་དབུལ་བར་བྱའོ། །ཕྱག་རྒྱ་ནི་ལག་པ་གཡས་པ་ཕྱེད་བརྐྱང་བ་ནི་དྲིའི་ཕྱག་རྒྱའོ། །མཐེ་བོང་དང་མཛུབ་མོ་སྦྱར་བ་ནི་མེ་ ཏོག་གི་ཕྱག་རྒྱའོ། །ཁུ་ཚུར་བཅངས་ལ་མཐེ་བོང་བསྒྲེང་བ་ནི་མར་མེའིའོ། །དེ་ཉིད་ལ་གུང་མོ་བསྒྲེང་བ་ནི་བདུག་པའིའོ། །དེ་ནས་བགེགས་བསྐྲད་པར་བྱའོ། །རྒྱས་པའི་གཏོར་མའི་མདུན་དུ་འབར་བའི་སྣོད་ཀྱི་མེ་བཞག་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཁྲོ་བོ་དང་བཅས་པས་བཟླས་པར་བྱའོ། ། གཡས་པས་སྡིགས་མཛུབ་བྱས་ལ་གཡོན་པས་ཚ་བའི་མར་ཁུ་བྱུག་པའི་ཡུངས་ཀར་ལྔས་ལག་པ་གཡས་པ་སྡིགས་མཛུབ་བཅས་གཡོན་པས་སྦྱིན་སྲེག་བྱའོ། །ཨོཾ་གྱིས་དབྱུང་ཞིང་བསྐྲད་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པས་བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་ བསང་གཏོར་བྱའོ། །སྔོན་བཞིན་དུ་རྡོ་རྗེ་ར་བ་ལ་སོགས་བ་ཡང་བྱས་ལ། དེའི་རྗེས་ལ་ཁྲུས་བརྩམས་པ་ནི་ལྷའི་ལུས་ལ་དྲི་ཞིམ་པའི་བྱེ་བྲག་གིས་ཁྲུས་ཀྱི་ཆོ་ག་བཞིན་དུ་དྲི་ཞིམ་པོ་དབུལ་བར་བྱའོ། །ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་ལན་བདུན་དུ་བ་དན་གསུམ་པའི་ཕྱག་རྒྱས་རེག་ པར་བྱའོ། །དུང་དང་རྔའི་སྒྲ་དང་བཀྲ་ཤིས་ཀྱི་གླུ་སྣ་ཚོགས་པའི་དབྱངས་བླངས་ཤིང་དྲིལ་བུ་གསིལ་བར་བྱའོ། །བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་ཆུའི་རྒྱུན་སྦྲེང་བར་བྱའོ། །དྲི་ཞིམ་པོའི་མར་ཁུ་དང་དྲི་མ་མེད་པའི་ཆུ་དྲི་ཞིམ་པོ་དང་། སྦྲང་རྩི་དང་། འོ་མ་དང་། མེ་ཏོག་གི་ཆུས་རིམ་པས་ཁྲུས་བྱའོ། །ཁྲུས་བྱས་ནས་ཁྲུས་རས་བསལ་ལ་ལས་དང་རྗེས་སུ་མཐུན་པའི་རས་ཟུང་གཅིག་དབུལ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་བཟུང་བ་ནི་ཆོས་གོས་ཀྱི་རྒྱའོ། །སྔགས་ནི་ཨོཾ་ཧཱུཾ་སྭཱ་ཧཱ། གོས་ཉེ་བར་དབུལ་བ་དང་། རྒྱན་ལ་སོགས་ པ་དང་། མཆོད་པའི་ཚོགས་དང་སྒྲ་ཡང་རྣམ་པར་དབུལ་ལོ། །དེ་ནས་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ལག་པ་གཡས་པ་བརྐྱང་སྟེ་ས་ལ་རེག་ནས་བརྡབས་པས་ས་སྦྱང་བར་བྱའོ། །ཐབ་ཁུང་གི་བྱང་དང་ཤར་དུ་རྩེ་མོ་བསྟན་ཏེ། བུད་ཤིང་བརྩིག་པར་བྱའོ། །ཨོཾ་བཛྲ་སཏྭ་ཨ། ཞེས་པས་ལན་བདུན་བདུན་དུ་ཀུ་ཤའི་ཆུན་པོ་ལ་བཟླས་ལ་ཐབ་ཁུང་ནས་རྩེ་མོ་ལ་རྩ་བ་སྦྱར་ཏེ་ཀུ་ཤ་དགྲམ་པར་བྱའོ། །དེ་ནས་གཙུབ་ཤིང་ལ་སོགས་པའི་མེ་སྤར་ལ་ཀུ་ཤའི་ཆུས་ལན་གསུམ་བསང་གཏོར་དང་། མཆོད་པ་བྱས་ཏེ་ཐབ་ཁུང་དུ་གཞུག་པར་བྱའོ། །ཨོཾ་བཛྲ་ཡཀྵ་ ཧཱུཾ་ཞེས་པས་ལན་བདུན་བཟླས་པའི་མར་གྱིས་སྤར་བར་བྱའོ། །ལྷག་མ་ཀུ་ཤའི་ཆུན་པོས་དགབ་པར་བྱའོ། །དེ་ནས་ཧཱུཾ་གིས་ཐབ་ཁུང་བསྐྱེད་ལ། ཨོཾ་གྱིས་པདྨ་དེའི་སྟེང་དུ་རཾ་གྱི་རྣམ་པ་ལས་མེའི་ལྷ་བསྒོམ་པ་ནི་པདྨ་ལ་གནས་པ། མདོག་སེར་སྐྱ། རལ་པ་དང་བཅས་པ་ཕྱག་གཉིས་ ན་བགྲང་ཕྲེང་དང་གུནྡྷེ་བསྣམས་པ་འབར་བའི་ཕྲེང་བ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་མེའི་མཚམས་ནས་དེ་བཞིན་དུ་ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ་པར་བྱའོ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་ཨགྣེ་ཛཿཧཱུཾ་སྭཱ་ཧཱ། ཞེས་པས་སོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ ཏེ་མཛུབ་མོ་དང་དབུ་མ་བསྒྲེང་ལ་དབུ་མའི་ཚིགས་སུ་སྡིགས་མཛུབ་གཉིས་ཀྱི་སོར་མོས་སྤྱན་དྲང་བར་བྱའོ། །དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །ཨོཾ་ཛུ་ཧུ་ཛུ་ཧུ་སྭཱ་ཧཱ། ཞེས་པས་དབུ་མའི་རྩེ་མོ་འབྲེལ་པར་བྱས། པདྨའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། ། ཨོཾ་པྲ་ཝ་ར་སཏྐཱ་ར་སྭཱ་ཧཱ། ཨོཾ་ཞེས་པས་ཞབས་བསིལ་དང་ཞལ་བསིལ་ཕུལ་བས། འདོད་པའི་དངོས་པོ་མཐའ་དག་གི་སཱ་ལི་ལ་སོགས་པས་ཡང་དག་པར་མཆོད་དེ། དྲིལ་བུ་དཀྲོལ་ཞིང་བསྟོད་པར་བྱའོ། །དེ་ནས་ཨོཾ་ཨིནྡྲཱ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱ་ཡེ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡེ་སྭཱ་ཧཱ། ཨོཾ་བེ་ཤྲ་ བ་ཎཱ་ཡེ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ནཻ་ཪྼྀ་ཏེ་ཡ་སྭཱ་ཧཱ། ཨོཾ་བ་ཡ་བེ་སྭཱ་ཧཱ། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཨོཾ་ཙནྡྲ་ཨཱ་དི་ཏཱ་བྷྱཿསྭཱ་ཧཱ། ཨོཾ་སུཾ་བྷ་ནི་སུཾ་བྷ་བྷྱཾ་སྭཱ་ཧཱ། ཞེས་པས་ལྷ་བཤོས་ལ་སོགས་པའི་མཆོད་པ་རབ་འབྱམ་གྱིས་འཇིག་རྟེན་སྐྱོང་བ་མཆོད་པར་བྱའོ། །མེ་ལ་ཞལ་བསིལ་ཕུལ་ལ་ མེ་ལྷའི་ལྕེ་དང་། དགང་གཟར་གྱི་ཁར་ཧཱུཾ་གི་རྣམ་པར་བསམས་ལ། རང་གི་རྡོ་རྗེ་དང་དྲིལ་བུ་བླངས་ཏེ་ཇི་ལྟར་འདོད་པ་བཞིན་དུ་ཆུ་བྱིན་ལ་ཨོཾ་ཛུ་ཧུ་ཛུ་ཧུ་ས་སྭཱ་ཧཱ། ཞེས་པའི་རིམ་པ་འདིས་བསྲེག་པར་བྱས་ཏེ། ཡམ་ཤིང་གིས་ནི་རྒྱབ་རྟེན་གྱི་ཚུལ་དུའོ། །མར་ནི་ཞལ་དུའོ། །འབྲུ་ནི་ཕྱག་ ཏུའོ། །འབྲས་ནི་ཞལ་དུའོ། །ཞོ་ཡང་ཞལ་དུའོ། །དཱུར་བ་དང་། མེ་ཏོག་ནི་སྤྱི་བོར་རོ། །ཞབས་བསིལ་ཕུལ་ཏེ་མཆོད་པ་ལ་སོགས་པ་བར་བར་དུ་བྱས་ཏེ་ལན་གསུམ་གསུམ་དུ་བསྲེག་པར་བྱའོ། །དགང་བླུགས་ཀྱང་དབུལ་ལོ། །དེ་ནས་ཀུ་ཤའི་ཆུས་ལན་གསུམ་བསང་གཏོར་བྱ་སྟེ། འབར་བར་ཐིམ་ པར་བྱའོ། །ཨོཾ་ཧཱུཾ་ཊ་ཊི་ཊ་ཏ་ཞེས་བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་རྡོ་རྗེའི་ལག་པ་དང་བཅས་པས་མེའི་ཐབ་ཁུང་ཀུན་ནས་བསང་བར་བྱའོ། །དེ་ནས་གོང་དུ་གསུངས་པའི་མདུན་དུ་བསྒོམས་ལ། ཡེ་ཤེས་མཁའ་འགྲོ་མ་མེའི་དབུས་སུ་བསྒོམ་པར་བྱའོ། །སྟོན་མོ་བྱ་སྟེ། སྒེག་མོ་ལ་ སོགས་པས་ཀྱང་མངོན་པར་མཆོད་དེ། ཞལ་བསིལ་བ་དང་། ཞབས་བསིལ་ཕུལ་ཏེ། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པ་གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱའོ། །གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་དང་། འབྲས་བུ་ལ་སོགས་པས་སྦྱིན་སྲེག་ཏུ་དབུལ་ལོ། །དགང་གཟར་མར་ གྱིས་བཀང་སྟེ་རྩ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཤིང་རྡོ་རྗེ་དྲིལ་བུའི་ལག་པར་བླུགས་གཟར་ལ་ཧཱུཾ་བསམས་ལ། མངོན་པར་འདོད་པའི་དོན་སེམས་ལ་བྱ་སྟེ། དགོང་བླུགས་དབུལ་བར་བྱའོ། །སྔོན་དུ་ཞལ་བསིལ་ཕུལ་ནས། ཀུ་ཤའི་ཆུས་མེ་ལ་བསང་གཏོར་ བྱའོ། །ཡེ་ཤེས་ཀྱི་ལྷ་མོ་བྲིས་སྐུ་ལ་སོགས་པ་ལ་ཞུགས་པས་བྱ་སྟེ། སླར་ཡང་མེའི་ལྷ་གོང་དུ་གསུངས་པའི་རིམ་པས་བསམས་ལ། མཆོད་པ་སྣ་ཚོགས་པས་མངོན་པར་མཆོད་ནས། མངོན་པར་འདོད་པའི་དངོས་གྲུབ་རྣམ་པར་རིམ་པར་བྱས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། ཅི་ལྟའི་རྗེས་སུ་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་པར་མཛོད། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་གཙྪ་གཙྪ་ཨགྣེ་སྭཱ་ཧཱ། ཞེས་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་རྒྱབ་ཏུ་སྦྱར་བ་ནི་གཤེགས་སུ་གསོལ་བའོ། །དེ་ནས་སྔོན་དུ་གསུངས་པའི་གཏོར་མའི་དཀྱིལ་འཁོར་གྱི་ འཁོར་ལོ་བྱ་སྟེ། ཇི་སྐད་གསུངས་པའི་སྔགས་དང་ཕྱག་རྒྱ་མཐའ་དག་གིས་གཏོར་མ་དབུལ་བར་བྱའོ། །ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བཏྟཱ་ལི་ཧཱུཾ་སྭཱ་ཧཱ། ཞེས་པས་ལག་པ་གཉིས་བརྐྱང་སྟེ་སོར་མོ་དབུ་མ་གཉིས་སྦྱར་བ་ནི་སྦྱིན་སྲེག་གི་དུས་སུ་གཏོར་མའི་སྔགས་དང་ཕྱག་རྒྱའོ། །མེའི་བདག་ཉིད་སྦྱིན་སྲེག་གི་དུས་སུ་ མེ་བརྟགས་ལ་གལ་ཏེ་མཚན་མ་ངན་པ་མཐོང་ན་དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུཾ་སྭཱ་ཧཱ། ཞེས་པ་གོང་དུ་མཚན་མ་ངན་པ་མཐོང་བའི་ཕྱོགས་དེར་མར་བརྒྱ་རྩ་བརྒྱད་དུ་ནི་སྦྱིན་སྲེག་དབུལ་ལོ། །བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་ལན་གསུམ་དུ་བསང་གཏོར་བྱས་ལ། སྔོན་བཞིན་དུ་སྦྱིན་སྲེག་བྱའོ། །རྩ་བའི་སྦྱིན་ སྲེག་གིས་མཆོད་ནས། གོང་དུ་གསུངས་པའི་རྣམ་པས་རང་གི་དབུགས་ཀྱིས་བཀུག་སྟེ། རང་གི་ལུས་ལ་གཞག་པར་བྱའོ། །ཕྱིའི་ལྷ་གཤེགས་སུ་གསོལ་ལ་ལངས་པར་བྱའོ། །སྦྱིན་སྲེག་གི་ཆོ་གའོ། །དེ་ནས་མཆོད་སྦྱིན་གྱི་ཆོ་ག་བརྗོད་པར་བྱའོ། །བླ་རེ་བྲེ་བ་དང་། ན་བཟའ་སྣ་ཚོགས་འཕྱང་བ་དང་། དྲི་དཀར་ལ་ཞིམ་པས་དཀྱིལ་ འཁོར་གྲུ་བཞི་པར་བྱས་ལ། དཀར་པོས་བུམ་པ་དང་དབུས་ཀྱི་སྣོད་བྱུག་པར་བྱའོ། །འོ་མ་དང་། དྲི་བཟང་པོའི་ཆུས་དགང་བར་བྱས་ལ་ཤིང་ལོ་ལ་སོགས་པས་བརྒྱན་པར་བྱའོ། །གོས་དཀར་པོས་དཀྲིས་པ་ལ་འདབ་མ་མིག་གེ་གཟུགས། སེན་རྩི་དང་ཀུ་ཤ་ལ་སོགས་པ་དབུལ་བར་བྱའོ། །སུཾ་ཀྵུཾ་ཡུཾ་ཧཱུཾ། སྨྼྻུཾ་ཧྨྼྻུཾ་ཡྨྼྻུཾ་ཀྵྨྼྻུཾ། ཞེས་པས་ དང་པོར་ཨོཾ་དང་མཐར་སྭཱ་ཧཱ། རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། གནས་ཇི་ལྟ་བར་བུམ་པ་བརྒྱད་གཞག་པར་བྱའོ། །དབུས་སུ་ཡང་སྣོད་ཆེན་པོ་གཞག་པར་བྱའོ། །གོང་དུ་གསུངས་པའི་རིམ་པས་བདག་ཉིད་རྣལ་འབྱོར་མཐའ་དག་རྫོགས་པར་བྱ་སྟེ། བདག་ ཉིད་མཆོད་ལ། དེ་ནས་སྦྱིན་སྲེག་བརྩམ་པར་བྱའོ། །ཨོཾ་ཀ་མ་ལ་གརྦྷེ་སྭཱ་ཧཱ། ཞེས་པས་པདྨའི་རྣམ་པ་ལ་ལག་པའི་ཐལ་མོ་དབྱེ་བར་བྱས་ལ་དེ་ནས་སྣོད་ཀྱི་དབུས་སུ་པདྨ་དགོད་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་གདུགས་དཀར་པོས་གཡོགས་ལ། དེ་ནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་བྱིན་ གྱིས་བརླབ་པའོ། །དེ་ནས་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར་བྱའོ། །སྐུ་མདོག་དཀར་པོ་ཕྱག་གཉིས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེ་དང་དབྱིག་པ་དེ་གཡོན་པ་དང་གཡས་པར་བསམ་པར་བྱའོ། །དེའི་ཤར་དུ་རྡོ་རྗེ་མ། བྱང་དུ་དྲག་མོ། །ནུབ་ཏུ་རོ་ལངས་མ། ལྷོར་ གཏུམ་མོ། །དབང་ལྡན་དུ་སེང་གེ་མ། མེར་སྟག་མོ། །བདེན་བྲལ་དུ་ཅེ་སྤྱང་མ། རླུང་དུ་འུག་པ་མ། །གོང་དུ་གསུངས་པའི་མཚན་མ་དང་རྒྱན་དང་ལྡན་པའི་སྐུ་མདོག་དཀར་མོ་བསམ་པར་བྱའོ། །ཇི་ལྟར་རང་རང་གི་སྔགས་དང་ཕྱག་རྒྱས་དམ་ཚིག་དབུལ་བར་བྱའོ། །ཨོཾ་ས་མ་ཡ་ཏིཥྛ་ཧཱུཾ་ཕཊ། རྡོ་རྗེ་ བཅིང་བ་བྱས་ནས་མཛུབ་མོ་གཉིས་བརྐྱང་སྟེ། རྩེ་མོ་བཀུག་པར་བྱས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །སྔོན་ལྟར་མཆོད་ལ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ནས་གཡོན་པས་སྙིང་གར་བཞག་གཡས་སྤྱི་བོར་བཞག་པ་ནི་རྩ་བའི་སྔགས་དང་ཕྱག་རྒྱའོ། །རྩ་བའི་སྔགས་ཀྱིས་ཇི་ལྟར་ འདོད་པར་ཆུ་དབུལ་བར་བྱས་ནས། དཱུར་བའམ་ཀུ་ཤ་དང་སྦྱར་ཞིང་ཀུན་ད་ལ་སོགས་པའི་མེ་ཏོག་དང་། བསྒོམ་པ་དང་ལྡན་པས་སྔགས་ལན་རེ་རེ་བཟླས་པས་རྡོ་རྗེ་ལྷ་མོའི་ཅོད་པན་དུ་དབུལ་བར་བྱའོ། །ཁྲི་ཕྲག་གཅིག་ཏུ་སྤྱི་བོར་དབུལ་བར་བྱས་ལ་ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་འཕེལ་ཞིང་ ནད་མེད་པར་འགྱུར་རོ། །སྦྱིན་སྲེག་གི་སྔགས་གོང་དུ་ཇི་ལྟར་གསུངས་པའི་རྗེས་སུ་འབྲངས་ནས། གཏོར་མ་དབུལ་བར་བྱའོ། །ཞི་བར་བྱ་བ་ལ་ནི་དཀར་པོའི་མཆོད་པ་དང་། ཁ་ཤར་ཕྱོགས་སུ་མངོན་པར་བལྟས་པས་མཆོད་པར་བྱའོ། །ཚིགས་བཅད་ཀྱི་བར་དུ་མིང་སྦྱར་ཞིང་བསྐུལ་བར་བྱའོ། །ཕྲེང་ བའི་གྲངས་བརྒྱ་ཕྲག་གཅིག་གི་མཛུབ་མོས་བགྲང་ཞིང་ཞི་བའི་ཡིད་ཀྱིས་ཞི་བར་བྱའོ། །རྒྱས་པ་ལ་ཡང་མཆོད་རྫས་ཐམས་ཅད་སེར་པོ་དང་ཁ་བྱང་དུ་བལྟ་བར་བྱའོ། །ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པའོ། །བརྒྱ་རྩ་བརྒྱད་ཀྱིས་ལྷག་པའི་ཕྲེང་བ་དབུས་ནས་བགྲང་ཞིང་དགའ་བའི་ང་རྒྱལ་ གྱིས་རྒྱས་པའོ། །དབང་ལ་ནི་མཆོད་རྫས་ཐམས་ཅད་དམར་པོ་དང་ནུབ་ཏུ་བལྟས་པས་བྱའོ། །དབང་གིས་ཡིད་ཕྱོགས་ནས་འགུགས་པ་ལ་སོགས་པས་བསྐུལ་བར་བྱའོ། །བགྲང་ཕྲེང་ཉི་ཤུ་རྩ་ལྔ་པས། སྲིན་ལག་ལ་གནས་པར་བྱས་ལ་དབང་གི་ཡིད་ཀྱིས་དབང་དུ་བྱའོ། ། མངོན་སྤྱོད་ལ་མཆོད་རྫས་ཐམས་ཅད་ནག་པོའི་རྫས་ཁ་ལྷོར་བལྟས་པས་བགྲོད་ཅིག་ཅེས་བསྐུལ་ཞིང་བགྲང་ཕྲེང་དྲུག་ཅུའི་གྲངས་ཀྱིས་མཐེའུ་ཆུང་ལ་གནས་པའི་ཁྲོ་བོའི་ཆ་བྱད་ཀྱིས་པདྨའི་གདན་ལ་བཞུགས་པའི་མངོན་པར་སྤྱོད་པ་བྱའོ། །གཏོར་མ་དང་སྦྱིན་སྲེག་དང་མཆོད་སྦྱིན་མདོར་བསྡུས་ པའི་ཆོ་གའོ། །དཔལ་རྡོ་རྗེ་གདན་བཞི་པའི་མན་ངག་མདོར་བསྡུས་པ། དཔལ་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་པའི་ཐབས་འཕགས་པ་ལྷས་མཛད་པ་རྫོགས་སོ།། །།པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བའོ། །ཕྱིས་པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ནས་རྒྱ་དཔེ་ལ་ཞུ་ཏིག་བྱས་སོ། ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུཿཔཱི་ཋ་ཏནྟྲ་རཱ་ཛ་སྱ་མཎྜ་ལོ་པཱ་ཡི་ཀ་བི་དྷི་པཎྜི་སཱ་ར་ས་མུ་ཙྪ་ཡ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་ཞེས་བྱ་བ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ལ་ཕྱག་འཚལ་ལོ། །ཡི་གེ་བཞི་པ་སྔོན་འགྲོ་བའི། །ཀླུ་སྒྲུབ་ལ་ནི་ཐོག་མར་འདུད། །ཤིན་ཏུ་གབ་ཅིང་གསང་བ་ཡི། །སངས་རྒྱས་གསུང་ལ་བདག་ཕྱག་འཚལ། །གསང་བའི་མཆོག་ནི་འདི་དག་ལས། །སྦྲང་རྩི་གནས་འགྱུར་པདྨ་ལས། །རེག་པའི་ཡེ་ཤེས་དེ་ཁོ་ན། །དང་པོའི་ཆོས་ ལ་བདག་འདུད་དོ། །ཨཱ་ལིའི་ཡེ་ཤེས་འདམ་སྐྱེས་སུ། །རྡོ་རྗེ་སེམས་ཀྱི་གདམས་པ་ལས། །སྦྲང་རྩི་བདུད་རྩིའི་རོ་མྱོང་བ། །གསུང་གཉིས་པ་ལ་བདག་ཕྱག་འཚལ། །ཁྲོ་དང་ང་རྒྱལ་ལ་སོགས་མེད། །ཀུན་དུ་ཡེ་ཤེས་ཀྱིས་བསྐུལ་བ། །གསུང་གསུམ་པ་ལ་བདག་འདུད་དོ། །གང་ཡང་ཐེག་པ་ གསུམ་མཆོག་གཙོས། །སེམས་ཅན་འཆི་མེད་ཉིད་སྨོས་པ། །སངས་རྒྱས་གསུང་ལ་བདག་ཕྱག་འཚལ། །འབུམ་ཕྲག་དག་ནི་བཅུ་དང་བརྒྱད། །གཅིག་ནས་གཅིག་བརྒྱུད་མཐོང་བ་ལས། །རྣལ་འབྱོར་བསྟན་བཅོས་དམ་པ་སྟེ། །ཕྱི་རོལ་བསྟན་བཅོས་སུན་འབྱིན་ཡིན། །སྡེབ་སྦྱོར་དང་ནི་ ཚད་མ་མེད། །སྒྲ་ཡི་མཚན་ཉིད་རྣམ་པར་སྤངས། །ཡེ་ཤེས་ཅན་གྱི་རྣལ་འབྱོར་ཚིག །ཐམས་ཅད་རྣལ་འབྱོར་བསྟན་བཅོས་ཡིན། །ལུས་ཅན་རྨི་ལམ་ཆུ་བུར་དང་། །གར་གྱི་གནས་དང་མཚུངས་འདྲ་བའི། །རྨོངས་དང་གཏི་མུག་འཕེལ་བྱེད་པ། །ཕྱི་རོལ་བསྟན་བཅོས་ཅི་ཞིག་བྱ། །སྙིང་པོ་ སྙིང་པོ་ཞེས་བྱའི་ཆོས། །དག་པའི་ལམ་ནི་ངེས་པར་སྤྱད། །དག་པའི་ཆོས་ནི་དམིགས་པ་ལས། །དག་པའི་ལུས་འགྱུར་ཐེ་ཚོམ་མེད། །གཉིས་མེད་ཤིང་རྟར་ཞུགས་ནས་ནི། །ཐེག་ལེའི་གོ་ཆས་གོ་བགོས་ནས། །དེ་ཉིད་མདའ་ཡིས་བསྣུ་ན་ན་ནི། །འཁོར་བའི་གཡུལ་ནི་འཇོམས་པར་ འགྱུར། །དོན་ལ་བསྟེན་པའི་བསྟན་བཅོས་ནི། །གཅིག་ནས་གཅིག་ཏུ་བསླབ་པ་སྟེ། །ཤིན་ཏུ་གབ་ཅིང་གསང་བའི་དོན། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །གདན་བཞི་པ་ཞེས་བྱ་བའི་རྒྱུད། །སྟོང་ཕྲག་བཅུ་གཉིས་རབ་རྒྱས་ལས། །དེ་ཉིད་སྦྱོར་པ་རྙེད་ནས་ནི། །དཀྱིལ་འཁོར་ཆོ་ ག་བསྟན་པ་ཡིན། །བཅུ་དང་བརྒྱད་དུ་ཕྱེ་བ་ཡིས། །ལུས་ཅན་འཁོར་བར་རྣམ་རོལ་ཏེ། །ཞི་དང་རྒྱས་དང་དབང་དང་དགུག །བསྐྲད་པ་དང་ནི་བཅིངས་སོགས་ཀྱི། །སྔགས་གྲུབ་པ་དང་སྦྱིན་སྲེག་སོགས། །དཀྱིལ་འཁོར་མཚན་ཉིད་མཚོན་པར་བྱ། །སློབ་མ་བཟང་ལ་སློབ་དཔོན་ནི། །རྣལ་ འབྱོར་གསང་ལ་རབ་ཏུ་གུས། །དུལ་བས་ལེགས་པར་བརྟགས་ནས་ནི། །དཀྱིལ་འཁོར་དེ་ཉིད་བྲི་བར་བྱ། །སློབ་མ་བརྟག་པ་ལ་འཇུག་པའི་ཆོ་ག་སྟེ་དང་པོའོ།། །།དང་པོར་རེ་ཞིག་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་སོགས་བྱ། །ཡིད་དང་མཐུན་པའི་ས་ཕྱོགས་སུ། །བདེ་བའི་ སྟན་ལ་འདུག་ནས་ནི། །ལག་གཡས་ཉི་མའི་དཀྱིལ་འཁོར་ལ། །དབུས་སུ་དབྱངས་ཡིག་དང་པོ་བསམ། །གཡོན་དུ་ཟླ་བའི་དབུས་གནས་པར། །བདུད་རྩིའི་ཡི་གེས་མཛེས་པར་བྱ། །དཀར་པོ་དུད་པ་དུང་དང་ནི། །པདྨ་གཡས་ཀྱི་སོར་མོ་ལའོ། །གི་ཝང་དྲི་གསུམ་འཇིགས་པ་དང་། །ས་ཡི་ གདུགས་ནི་གཡོན་ལ་དགོད། །ཡེ་ཤེས་རྣམ་ཤེས་མཐེ་བོང་གཉིས། །ལག་སོགས་ལས་ནི་བྱེད་པ་མོ། །དཀར་པོས་བསྡིགས་ཤིང་རེངས་པར་བྱེད། །དུད་པས་བསྐྱོད་ཅིང་འབྱེད་པ་སྟེ། །དུང་གིས་ཐམས་ཅད་འགུགས་པར་འགྱུར། །པདྨས་སྦོད་ཅིང་སྐྲོད་པར་བྱེད། །གི་ཝང་སྡང་བ་འཇོམས་ པ་སྟེ། །དྲི་མ་གསུམ་གྱིས་ལྟུང་བར་འགྱུར། །འཇིགས་པས་གསོད་པར་རབ་ཏུ་བཤད། །ས་གདུགས་ལས་ཀུན་བྱེད་པ་ཡིན། །ཨཱ་ལི་ཞེས་བྱའི་ཕྱག་རྒྱ་དང་། །ས་བོན་བརྒྱད་ཀྱིས་བསྐུལ་བྱ་སྟེ། །རྡོ་རྗེ་མཆོག་ཏུ་འབར་བའི་འོད། །མེ་ཡི་ས་བོན་སྟེང་སྒོར་དགོད། །ས་ཡི་ མིག་ལ་བསམ་པར་བྱའོ། །ནམ་མཁའ་རྣ་བ་སྣ་དག་ལ། །བདུད་རྩི་ཆུ་ཡི་ས་བོན་ནི། །དཀར་པོ་ལྕེ་ལ་ཀུན་དུ་བསམ། །སྡེ་ཚན་བརྒྱད་པའི་གསུམ་པ་ཡིས། །རྩ་བ་ཡིས་ནི་སྟེང་དུ་བཙིར། །ར་ནི་གསུམ་པ་ཉིད་ཡིན་ཏེ། །འོག་ཏུ་རླུང་སྦྱར་བཞི་པའོ། །སྒྲ་དང་གཞོན་ནུ་ཐིག་ལེ་ཅན། །ཡི་གེ་བཞི་པའི་ མིང་ཅན་ཏེ། །ཆུ་སྟེ་གཏི་མུག་མགྲིན་པར་རོ། །ཉོན་མོངས་པ་ནི་ནམ་འཚོད་དགོད། །སྙིང་གར་རླུང་གིས་བསྐྱོད་པར་བྱ། །ལྟ་བར་མེ་སྟེ་དེ་བཞིན་ཕྱུགས། །ཡི་གེའི་དགོད་པས་བཀོད་ནས་ནི། །ས་བོན་ལས་ནི་ལྷ་ཡི་ཚུལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་བསམ་པར་ བྱ། །པདྨའི་གདན་ལ་བཞུགས་པ་སྟེ། །གངས་དང་ཀུན་ད་ལྟ་བུའི་འོད། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རྡོ་རྗེ་སྙིང་གར་བཟུང་ནས་ནི། །གཡོན་གྱི་དྲིལ་བུ་དཀུ་རུ་བརྟེན། །སྐུ་ལ་རྒྱན་རྣམས་ཐམས་ཅད་དང་། །ཤིན་ཏུ་མཛེས་པའི་ན་བཟའ་ཀླུབས། །འོད་ ཟེར་སྣ་ཚོགས་འབར་བ་ཅན། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །རང་གི་ཡེ་ཤེས་ས་བོན་ནི། །སྒྲ་དང་ཐིག་ལེར་ཡང་དག་བཅས། །ཕྱག་འཚལ་བསྲེག་པའི་མཐའ་ཅན་ཏེ། །འབུམ་ཕྲག་གསུམ་བཟླས་སྔར་བསྙེན་བྱ། །རྣལ་འབྱོར་མ་ནི་བརྒྱད་པོ་དག །ཁྲི་ཕྲག་བཞིར་ནི་བསྙེན་པ་བྱ། ། སྦོམ་མོ་ཁྲོ་གཉེར་ལ་སོགས་པ། །ཉི་ཤུ་སྟོང་ཕྲག་ལྔ་རུ་བཟླས། །ཕྱི་རོལ་གནས་ཀྱི་འཇིག་རྟེན་པ། །རྒྱལ་དབང་དངོས་གྲུབ་ཤིན་ཏུ་དྲག །སྟོང་ཕྲག་གསུམ་དུ་བཟླས་ནས་ནི། །ཀུན་ནས་ཀུན་དུ་འགྲུབ་པར་འགྱུར། །སྔོན་དུ་བསྙེན་པས་འགྲུབ་འགྱུར་ཏེ། །མ་བསྙེན་པ་ནི་དཀྱིལ་འཁོར་མིན། ། སྔགས་དང་རྣལ་འབྱོར་དེ་དག་གིས། །རིམ་གྱིས་བྱིན་གྱིས་རློབ་པར་འགྱུར། །སྔོན་དུ་བསྙེན་པས་ལྷ་མཉེས་པར་བྱ་བའི་ཆོ་ག་སྟེ་གཉིས་པའོ།། །།དེ་ནས་བརྟན་དང་གཡོ་ལ་སོགས། །སྔགས་བསྙེན་པ་ལ་འབད་པ་ཡིས། །དེ་མ་ཐག་ཏུ་འབེབས་གྱུར་པ། །སྔགས་ནི་ཡང་དག་ བསྟན་པ་སྟེ། །ཨོཾ་བཛྲ་ཨཱ་བེ་ཤ་ཛཿ། གལ་ཏེ་སངས་རྒྱས་སོགས་འདོན་ན། །འབུམ་ཕྲག་གསུམ་གྱིས་བསྒྲུབ་པར་བྱ། །ཨོཾ་ཧི་ལི་ཧི་ལི་ཧཱུཾ་ཛཿ། འབུམ་ཕྲག་གསུམ་གྱིས་འགྲུབ་འགྱུར་བས། །སྐྱེས་པ་ལ་སོགས་མཐོང་བས་འབེབས། །ཨོཾ་མཱ་ཏ་ལི་ཧཱུཾ་ཕཊ། འབུམ་ཕྲག་གསུམ་གྱིས་ འགྲུབ་འགྱུར་ཏེ། །འདི་ནི་ཐོས་པས་འདེབས་པར་བྱའོ། །ཨོཾ་མཱ་ཏ་ལི་ཙི་ཏ་ཙ་ལི་ཏེ་ཧཱུཾ་ཧཱུཾ་ཕཊ། འབུམ་ཕྲག་གཅིག་ཏུ་བཟླས་ན་ནི། །སྒྲུབ་པོས་སྐྱེས་སོགས་རིང་ནས་འབེབས། །ཨོཾ་བཏྟཱ་ལི་བཏྟཱ་ལི་ཧཱུཾ་ཕཊ། སྔོན་དུ་འབུམ་ཕྲག་གསུམ་དུ་ནི། །སྔགས་པས་བསྙེན་པ་བྱས་ནས་ནི། ། མིང་ནས་བརྗོད་པ་ཙམ་གྱིས་ཀྱང་། །གསང་སྔགས་ལྷ་ཀུན་འབེབས་པར་འགྱུར། །ཨོཾ་བཏྟཱ་ལི་བཏྟཱ་ལི་ཧཱུཾ་ཕཊ། སྔགས་པས་འབུམ་ཕྲག་གཅིག་ཏུ་ནི། །སྔོན་དུ་བསྙེན་པ་བྱས་གྱུར་ན། །ཆུ་དང་གསེག་མ་རྡོ་དང་ནི། །ཤིང་རྣམས་ཀྱང་ནི་འབེབས་པར་འགྱུར། །དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་ བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ལག་ཏུ་རྡོ་རྗེ་དྲིལ་ཐོགས་པའི། །རྡོ་རྗེ་སེམས་སོགས་རྣལ་འབྱོར་གྱིས། །སྣ་ཚོགས་རྩེ་མོར་བསྐོར་བ་ཡི། །རླུང་ གི་དཀྱིལ་འཁོར་བསམ་པར་བྱ། །སྙིང་གར་རླུང་དང་རླུང་སྦྱར་ཏེ། །རླུང་གི་ས་བོན་གྱིས་བསྐྱོད་བྱ། །རྡོ་རྗེ་རྩེ་མོར་ཡེ་ཤེས་ཀྱིས། །ས་བོན་བསམས་ཏེ་སྙིང་གར་བསྐུལ། །སེང་གེ་མོ་ཡི་གཟུགས་བསམས་ལ། །དྲག་པོ་ཧཱུཾ་གིས་འཕང་པར་བྱ། །སྔོན་གྱི་སྔགས་ཀྱི་སྦྱོར་བ་ཡིས། །ཆུ་དང་ བཅས་པའི་མེ་ཏོག་རྡེབ། །མཆོག་དང་བར་མ་ཐ་མ་ཡི། །སྐྱེས་བུའི་བྱེ་བྲག་དག་གིས་སོ། །ཨོཾ་ར་མ་ར་མ་ཧོ་ཧོ་ཧོ་ཨ་ཨ་ཨ་ཕཊ། རྣལ་འབྱོར་སྔགས་དང་དབང་བསྐུར་ལ། །གལ་ཏེ་འབེབས་པར་གདོན་ཟ་ན། །སྔགས་ཀྱི་སྦྱོར་བ་འདི་ཡིས་ནི། །དེ་མ་ཐག་ཏུ་འབེབས་འགྱུར་ཏེ། ། དེ་ཉིད་འདི་ཡིས་ཕབ་པ་དག །སྐྱེས་བུ་དམ་ཚིག་ཅན་ཞེས་བྱ། །སྒྲུབ་པོ་སྐལ་བ་མེད་པ་ཡིས། །སྐལ་བ་དམན་པའི་མི་རྣམས་ནི། །མཚན་ཉིད་བརྟག་པར་བྱ་པ་ལ། །དེ་ནས་སྨན་ནི་བཤད་པར་བྱ། །སྔོན་དུ་སྡིག་པ་མང་སྤྱད་ལ། །ལྷ་རྣམས་དགོངས་པར་མི་འགྱུར་ནའང་། །གསང་ སྔགས་འདི་དག་བདུག་པ་ཡིས། །དེ་ཡི་མོད་ལ་འབེབས་པར་འགྱུར། །ར་ནི་རོག་པོའི་ཡན་ལག་ལྔ། །རྣལ་འབྱོར་པ་ཡིས་བཟུང་ནས་ནི། །ཆུ་དང་མེ་དང་རླུང་གི་ནི། །ཇི་བཞིན་གནས་སུ་བཟླས་ནས་ཀྱང་། །སྙིང་གར་ཡེ་ཤེས་ས་བོན་ནི། །བདུན་པའི་བདུན་པར་སྦྱར་བྱས་ལ། ། གུ་གུལ་ཆེ་དང་མར་ནག་ཆེ། །ཆ་ནི་མཉམ་པོར་བྱས་ནས་ཀྱང་། །སྨན་བདུན་དང་ནི་ལྡན་པ་ཡི། །བདུད་རྩིའི་ཆུ་ནི་གུ་གུལ་བཅས། །རྡོ་རྗེའི་ས་བོན་བཟླས་ནས་སུ། །མཆོད་པའི་དུས་སུ་བདུག་པར་བྱ། །འདི་ཡི་དྲི་ནི་བསྣམས་ཙམ་གྱིས། །དེ་ཡི་མོད་ལ་འབེབས་པར་འགྱུར། །ཁྲོ་ཏི་ཀ་དང་ཛོ་ ཏི་ཀ །ལྕགས་ཀྱུ་ལྔ་དང་སྦྱར་བར་བྱ། །སྨྱོ་བྱེད་ལ་སོགས་རྣམ་པ་ལྔ། །ཆ་ནི་མཉམ་པོར་སྦྱར་བར་བྱ། །མར་ནག་ཆེན་པོས་བསྒོས་ནས་སུ། །བདུད་རྩིའི་ཆུ་དང་བསྲེས་པ་དག །ལྕེ་ཡི་དབང་པོས་མྱངས་ན་ནི། །དེ་ཡི་མོད་ལ་འབེབས་འགྱུར་ཞིང་། །དམན་དང་མཆོག་གི་སེམས་ཅན་ལ། །རབ་ ཏུ་སྦྱོར་བས་ཆོས་སྟོན་འགྱུར། །ཤིན་ཏུ་བརྟགས་པའི་སློབ་མ་ལ། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་འདྲི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ཞིང་། །ལུས་སོགས་རང་བཞིན་དག་པར་ལྡན། །འཇམ་ཞིང་སྙན་པར་སྨྲ་བ་དང་། །སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཉན་དང་ཐོས་སོགས་ལྷག་པར་ དང་། །སྦྱིན་སོགས་དགེ་བའི་ལས་ལ་དགའ། །ཐེག་པ་ཆེ་ལ་མངོན་པར་བརྩོན། །གསང་བའི་ཆོས་ལ་དད་པར་ལྡན། །རྟག་པར་རྒྱུན་དུ་བླ་མ་གུས། །དེ་འདྲའི་སློབ་མ་ཡོངས་སུ་བཟུང་། །དབབ་པ་ཐམས་ཅད་ཀྱི་སློབ་མ་ཡོངས་སུ་བརྟག་པའི་ཆོ་ག་སྟེ་གསུམ་པའོ།། །།དེ་ནས་དངོས་གྲུབ་ཀུན་ འགྲུབ་པའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །དང་པོར་ས་གཞི་ཡོངས་སུ་བཟུང་། །ཡིད་ནི་དགའ་བའི་ས་ཕྱོགས་ཏེ། །མ་དག་པ་ནི་སྤང་བར་བྱ། །དག་པའི་ས་ཕྱོགས་བཟུང་ནས་སུ། །བློ་ལྡན་དེར་ནི་དཀྱིལ་འཁོར་བརྩམ། །བླ་རེ་དག་ནི་བྲེས་ནས་སུ། །སྣ་ ཚོགས་གོས་བཟང་དཔྱང་བར་བྱ། །གདུགས་དང་རྒྱལ་མཚན་ལ་སོགས་པས། །གནས་དང་གནས་སུ་བརྒྱན་པར་བྱ། །རྒྱལ་བ་ལ་སོགས་མཆོག་གིས་ནི། །ས་ནི་ཡོངས་སུ་འཛིན་ལ་བརྩོན། །ཀུན་ནས་གྲུ་བཞི་པ་རུ་ནི། །དྲི་ཡི་ཆུས་ནི་བྱུག་པར་བྱ། །དཀར་དང་སེར་སོགས་ཕྱེ་མ་ཡིས། །པདྨ་འདབ་བརྒྱད་ བྲིས་ནས་སུ། །ལས་ཀུན་བྱེད་པ་ཞེས་བྱ་བའི། །བུམ་པ་དེ་ཡི་དབུས་སུ་བཞག །ཁ་དོག་ལྔ་ཡི་སྐུད་པ་ནི། །ཤར་གྱི་འདབ་མར་གཞག་པར་བྱ། །ལྷོ་རུ་རྡོ་རྗེ་གཞག་བྱ་སྟེ། །བྱང་དུ་དྲིལ་བུ་དགོད་པར་བྱ། །བདུད་རྩི་ལྔ་ཡི་དུང་ཆོས་ནི། །ནུབ་ཀྱི་འདབ་མར་དགོད་པར་བྱ། །ཚོན་སྣ་ལྔ་ཡི་ས་དག་ ནི། །མཚམས་དང་པདྨའི་ལྟེ་བར་གཞག །རྡོ་རྗེ་མཁའ་འགྲོར་བདག་བསྒོམས་ནས། །བྱང་ཆུབ་ཡན་ལག་ཆོ་ག་བྱ། །དྲི་དང་མེ་ཏོག་བདུག་པ་དང་། །ལྷ་བཤོས་གཏོར་མར་བཅས་པ་ཡིས། །དེར་ནི་མཆོད་པས་མཉེས་པར་བྱ། །ས་ནི་བཟུང་བའི་མཚན་ཉིད་དོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། ། ནུ་མའི་སྟེང་དུ་བཟུང་ནས་སུ། །དེ་ནས་སར་ནི་ཞུགས་ནས་ཀྱང་། །ཐམས་ཅད་ཀུན་དུ་ཤེས་པར་བྱ། །ཨོཾ་གང་སུ་ཡང་རུང་བ་གནས་ཀྱི་བདག་པོར་གྱུར་པ་རྣམས་གཞན་དུ་དེངས་ཤིག །སའི་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ཀླུ་དང་གནོད་སྦྱིན་ལ་སོགས་པ་དང་། །དྲི་ཟ་དང་། འབྱུང་པོ་ དང་། །འབྱུང་མོ་དང་། མཁའ་འགྲོ་མ་རྣམས་མྱུར་བ་ཉིད་དུ་སོང་ཤིག །ཨོཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ས་བསླང་བའི་སྔགས་དང་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་ཡི། །ཡེ་ཤེས་འོག་ནས་གསུངས་མཚན་ཉིད། །རྡོ་རྗེ་དྲིལ་བུ་བཟུང་ནས་ཀྱང་། །མཉམ་པར་གཞག་པས་འཕང་བར་བྱ། །བུམ་པའི་ཆུ་ལས་བསྐྱེད་པ་ཡི། ། རྡོ་རྗེ་མཁའ་འགྲོ་མ་བསམ་བྱ། །གཟུགས་མཛེས་ཤིན་ཏུ་རྫོགས་པ་སྟེ། །པདྨའི་གདན་ལ་བཞུགས་ནས་སུ། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །འོད་ཟེར་དཀར་པོ་ཤིན་ཏུ་གསལ། །རྫས་རྣམས་ཐམས་ཅད་ལྡན་པ་ཡིས། །ཀུན་དུ་རྒྱ་ཆེར་མཆོད་པར་བྱ། །ཁུ་ཚུར་གཉིས་ནི་བཅིངས་ནས་སུ། །དཀར་པོ་གི་ཝང་བསྒྲེང་བར་བྱ། ། གཉིས་ཀྱི་རྩེ་མོ་ཅུང་ཟད་དགུག །ཕྱག་རྒྱ་འདི་ནི་སྙིང་གར་བསྟན། །ཨོཾ་ཨཱཿསྭཱ་ཧཱ། སྙིང་པོའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་རྩེ་མོར་རེག་ནས་ནི། །བུམ་པར་བརྒྱ་རྩ་བརྒྱད་དུ་བཟླས། །སངས་རྒྱས་ལྔ་ཡི་ས་བོན་གྱིས། །སྐུད་པ་ལྔ་ལ་བསང་གཏོར་བྱ། །སེང་གེའི་ས་བོན་བརྩེགས་པ་ཡིས། །ཚོན་རྩི་ཐམས་ཅད་བསང་བར་བྱ། །ཨོཾ་སྨྼྻུཾ་སྭཱ་ཧཱ། གནས་དེ་ཉིད་དུ་རྣལ་འབྱོར་མ། །སྦྱིན་མིན་གཏོར་མ་སྔོན་འགྲོ་བས། །ཕྱོགས་བརྒྱད་ཀྱི་ནི་གནས་རྣམས་སུ། །ཉེ་བར་སྤྱད་པའི་གཏོར་མ་སྦྱིན། །སྔོན་གྱི་སྔགས་ཀྱིས་ཇི་བཞིན་དུ། །ས་ནི་ཡོངས་སུ་བཟུང་ནས་སུ། །ཚོན་གྱི་བཟོ་ཡི་ལས་བྱེད་རྣམས། །དམ་ཚིག་བསླབ་པ་སྦྱིན་པར་བྱ། །ཐམས་ ཅད་ཀུན་ནས་བསྡུས་ནས་སུ། །བུམ་སོགས་ལྷོ་ཡི་ཕྱོགས་སུ་བཞག །སླར་ཡང་དྲི་ཡིས་བྱུག་ནས་ནི། །ཐིག་སྐུད་དག་ནི་བྲི་བར་བྱ། །ས་ཡོངས་སུ་བཟུང་བའི་ཆོ་ག་སྟེ་བཞི་པའོ།། །།ཚོན་རྩི་ལྔ་ཡིས་བསྒོས་པ་ཡི། །དགུ་ཡི་བདག་ཉིད་སར་པ་ལྔ། །ཐིག་ གདབ་པ་ཡི་ཁྱད་པར་དག །སློབ་དཔོན་གྱིས་ནི་ལེགས་བརྟགས་ཏེ། །ས་ཡི་དབུས་དང་ཕྱོགས་བརྒྱད་དུ། །ཐིག་ལེ་མཚན་མ་དགོད་པར་བྱ། །སློབ་མ་བྱང་གི་ཆར་གནས་ལ། །བླ་མས་ལྷོ་ཡི་ཕྱོགས་ཆ་མནན། །ཐིག་སྐུད་ཁ་བརྒྱད་བཏབ་ནས་སུ། །དེ་ཡི་འོག་ཏུ་གྲུ་བཞི་བྱ། །ཀུན་ ནས་ཐམས་ཅད་ཡོངས་རྫོགས་ནས། །དེ་ཡི་དཀྱིལ་འཁོར་དབུས་སུ་ནི། །ཆ་ལྔ་ནང་གི་ཆ་གསུམ་བགོ། །གཅིག་ནི་དེ་ཡི་ཕྱི་རོལ་དུ། །ནང་ལ་སོགས་པ་བསྐོར་ནས་ནི། །ཕྱི་རོལ་རྣལ་འབྱོར་མ་ཡི་གནས། །སྙིང་པོའི་དཀྱིལ་འཁོར་རེའུ་མིག་དགུ། །རྡོ་རྗེའི་ཀ་བས་ཉེ་བར་བརྒྱན། །སྣ་ཚོགས་རྡོ་རྗེ་ རྣམ་པ་བཞི། །སྙིང་པོའི་གྲུ་བཞིར་བྲི་བར་བྱ། །སྒོ་ནི་ཀུན་ནས་གྲུ་བཞི་པར། །ཆ་ལྔར་བགོས་པའི་ཆ་ཚད་བྱ། །སྒོ་ནི་བཞི་ཆར་བགོས་པ་ལ། །ལྷ་མོ་ཡི་ནི་ཁ་ཁྱེར་བྱ། །སྒོ་ཡི་བརྒྱད་ཀྱི་ཆ་ཡིས་ནི། །རྡུལ་ཚོན་ཀུན་གྱི་གནས་སུ་བྱ། །དྲ་བ་དྲ་ཕྱེད་གྲུ་བཞི་པར། །སྟེང་དུ་རི་མོ་མཉམ་པོར་ དགྱེ། །སྙིང་པོ་རེའུ་མིག་དགུ་ཡི་ཆ། །ཕྱོགས་ཀྱི་མདོག་ཏུ་དགང་བར་བྱ། །རྡོ་རྗེ་ཡི་ནི་ཕྱི་རོལ་གནས། །ཚོན་རྩི་དམར་པོས་དགང་བར་བྱ། །དེ་ཡི་ཡང་ནི་ཕྱི་རོལ་ནས། །ར་བ་ལྟར་ནི་དགྱེ་བར་བྱ། །དེ་ཡི་ཕྱི་རོལ་གནས་རྣམས་ཀྱི། །ས་ནི་ཇི་ལྟར་མཛེས་པར་བརྟགས། །ལྷ་ཡི་གནས་རྣམས་ ཐམས་ཅད་ནི། །གསེར་བཙོས་པ་ཡི་མདོག་ཅན་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་ཀླུབས། །རྡོ་རྗེའི་ཀ་བས་ཉེ་བར་བརྒྱན། །རྣམ་པ་སྣ་ཚོགས་བྲི་བར་བྱ། །གཡེར་ཀའི་དྲ་བའི་ཕྲེང་བ་དང་། །དྲ་བ་དྲ་ཕྱེད་སོགས་པས་བསྐོར། །མཚམས་བཞིར་ཟླ་བ་ཕྱེད་པ་ ལ། །རྡོ་རྗེ་ཡིས་ནི་མཛེས་པར་བྱ། །སྒོ་རྣམས་སུ་ནི་བུམ་པ་ལ། །གནས་པའི་རྒྱལ་མཚན་བསྒྲེང་བར་བྱ། །ཤར་གྱི་སྒོར་ནི་པདྨ་ལ། །སེང་གེས་མཚན་པ་བསྒྲེང་བྱ་སྟེ། །བྱང་གི་སྒོར་ནི་རྨ་བྱ་ཡིས། །མཚན་པ་དག་ནི་བསྒྲེང་བར་བྱ། །པདྨ་ངང་པས་མཚན་པ་ཡི། །རྒྱལ་མཚན་ནུབ་ཏུ་གཞག་ པར་བྱ། །པདྨ་ཆུ་སྲིན་གྱིས་མཚན་པ། །དེ་བཞིན་ལྷོ་ཡི་ཕྱོགས་སུ་གཞག །རྡོ་རྗེ་དང་བཅས་དྲང་པོ་རུ། །གནས་དང་གནས་སུ་སྦྱར་བར་བྱ། །དེ་ལྟར་དཀྱིལ་འཁོར་དེ་ཁོ་ན། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །བུམ་པ་དག་ནི་བརྒྱད་པོ་ཡང་། །ཕྱོགས་བརྒྱད་དག་ཏུ་གཞག་པར་བྱ། །དྲི་ཡི་ ཆུས་ནི་ཡོངས་བཀང་ཞིང་། །ཤིང་ལོས་ཁ་ནི་བརྒྱན་པ་དག །སྒོ་ཡི་ངོས་བརྒྱད་དག་དང་ནི། །གཞན་ཡང་གྲྭ་བཞིར་གཞག་པར་བྱ། །རྒྱལ་དང་བཀྲ་ཤིས་ཤར་སྒོར་ཏེ། །དངོས་གྲུབ་རྫུ་འཕྲུལ་བྱང་དུའོ། །རྒྱལ་དང་རྣམ་རྒྱལ་ནུབ་དུ་དགོད། །གྲུབ་དང་འཇིགས་པ་ལྷོ་སྒོར་རོ། །གྲུ་གང་བ་ ནས་བརྩམས་ནས་སུ། །ཇི་སྙེད་བཅུ་དྲུག་བར་དུ་བྱ། །རྣལ་འབྱོར་པ་ཡིས་ས་མནན་པ། །ཞི་རྒྱས་དབང་གི་དོན་གཉེར་ལ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆ། །སློབ་དཔོན་གྱིས་ནི་སྔར་བསྙེན་བྱ། །ཡེ་ཤེས་ཀྱི་སྐུད་པ་དང་། ཚོན་རྩི་སྦྱང་བ་དང་། བུམ་པ་གཞག་པའི་ཆོ་ག་སྟེ་ ལྔ་པའོ།། །།དེ་ནས་བདག་ཉིད་ཀྱི་ནི་ལུས། །རྡོ་རྗེ་མཁའ་འགྲོ་མར་སྤྲུལ་ཏེ། །གལ་ཏེ་འབྱོར་ན་སློབ་དཔོན་གྱིས། །སྒོ་བཞིར་སློབ་མ་བཞི་གཞག་བྱ། །མ་འབྱོར་ན་ནི་གཉིས་སུ་སྦྱར། །མཐའ་མར་གཅིག་པུ་ཉིད་ཀྱིས་བརྟག །དང་པོར་འཕེན་པའི་སྦྱོར་བ་ཡིས། །བདུད་ལ་སོགས་ པའི་སྡང་བ་བསྐྲད། །ཉི་མས་རྡོ་རྗེ་གསོར་ནས་སུ། །ཟླ་བས་དྲིལ་བུ་དཀྲོལ་ནས་ཀྱང་། །བསྐོར་ཞིང་བསྐྱོད་པས་ངེས་པར་འཕང་། །ཤར་སྒོར་ལྟ་བའི་ཕྱག་རྒྱར་བཅས། །མཉམ་པའི་རྐང་སྟབས་དབྱེ་བའི་སྟབས། །གཅིག་བསྐུམ་པ་དང་གཡོན་བསྐྱོད་བྱ། །རྡོ་རྗེ་མ་བདག་ཅེས་བརྗོད་ ནས། །ཧཱུཾ་བྱེད་ཧཱུཾ་གིས་འཇིགས་པར་བྱེད། །ཨོཾ་ཧཱུཾ་ཧ་ན་ཧ་ན་མཱ་ར་ཡ་དུཥྚཱ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་ཨ་ཧཱུཾ་ཧྲི་ཕཊ། བྱང་སྒོ་ཡི་ནི་གནས་དག་ཏུ། །རྡོ་རྗེ་དྲིལ་བུ་བསྐྱོད་ནས་ཀྱང་། །དྲག་མོར་སྤྲུལ་ཏེ་ང་ཡིས་བརྗོད། །ཧཱུཾ་གི་སྒྲ་ཡིས་དགང་བར་བྱ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །སྙིང་གའི་ཕྱོགས་ སུ་བཙིར་བར་བྱ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང་། །ས་ག་དང་ནི་ཟླུམ་པོའི་སྟབས། །ཨོཾ་ཧཱུཾ་ཨཱ་ཕཊ། རོ་ལངས་གཟུགས་སུ་བསྒོམས་ནས་ཀྱང་། །ནུབ་ཀྱི་ཕྱོགས་སུ་འཕང་བར་བྱ། །མཚན་མ་གཉིས་བཅངས་ལག་པ་ནི། །རྐེད་པའི་ཕྱོགས་སུ་བཙུགས་ནས་སུ། ། པུས་མོ་སྦྱར་དང་གཡོན་འཕེན་སྟབས། །བསྙེམས་བཅས་གཡོན་སྐོར་སེང་གེའི་སྟབས། །ཧཱུཾ་གི་སྒྲ་ཡིས་བཀང་ནས་ནི། །ཨོཾ་ཧཱུཾ་ཨ་ཞེས་བརྗོད་པར་བྱ། །ལྷོ་སྒོའི་ཕྱོགས་སུ་གནས་ནས་ནི། །གཏུམ་མོའི་གཟུགས་སུ་སྤྲུལ་ཏེ་འཕངས། །ལག་གཉིས་རྡོ་རྗེ་དམ་ བཅིངས་ནས། །སྤྱི་བོའི་སྟེང་དུ་གཟུང་བར་བྱ། །པུས་མོའི་རྐང་སྟབས་རུས་སྦལ་སྟབས། །བསྐོར་བ་དང་ནི་བཟློག་སྟབས་བྱ། །ཧཱུཾ་གི་ས་བོན་དྲག་པོ་ནི། །བཟླས་པའི་སྒྲ་ཡིས་དགང་བར་བྱ། །ཨོཾ་ཧཱུཾ་ཨ་ཕཊ། ཤར་གྱི་གནས་སུ་གནས་ནས་ཀྱང་། །སླར་ཡང་འཕེན་པའི་སྟབས་ ཀྱིས་སྒྱར། །གཡས་ཀྱིས་རྡོ་རྗེ་སྙིང་གར་བཟུང་། །བདག་ཉིད་ཡེ་ཤེས་མཁའ་འགྲོ་མར། །བསྒོམས་ནས་ཧཱུཾ་ཞེས་བརྗོད་པར་བྱ། །གཡས་བརྐྱང་འདུག་དང་གཡོན་བརྐྱང་འདུག །གཡས་བརྐྱང་བསྐུམ་དང་གཡོན་བརྐྱང་བསྐུམ། །དབུས་དང་འོག་གི་བགེགས་བཅོམ་ནས། ། ཕུར་བུ་ར་བ་དྲ་བ་དང་། །གོ་ཆས་ལུས་ནི་བསྲུང་བར་བྱ། །ཡེ་ཤེས་མཁའ་འགྲོ་བདག་བསྒོམས་ཏེ། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་གནས། །ལག་གཉིས་ཀུན་དུ་ཁ་སྦྱར་ཏེ། །སོར་མོ་བརྐྱང་སྟེ་རྩེ་མོ་སྤྲད། །ཨོཾ་ཧཱུཾ་ཕུ་ཕཊ། དྲ་བའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ ནས། །ཡེ་ཤེས་རྣམ་ཤེས་བསྒྲེང་བར་བྱ། །པདྨ་ས་གདུགས་སྦྱར་ཏེ་བརྐྱང་། །ཕྱོགས་བརྒྱད་དུ་ནི་བསྐོར་བར་བྱ། །ཨོཾ་ཛམྦྷཱ་ན་ནི་ཧཱུཾ་ཕཊ། །ར་བ་ཆེན་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་བདག་ཉིད་ལག་བརྐྱང་སྟ། །དེར་ནི་རྡོ་རྗེ་བརྟགས་ནས་ཀྱང་། །ས་ལ་གནས་ལྔར་བསྲུང་བ་ ཡིས། །ས་འོག་བདུན་ནི་སྦྱར་བར་བྱ། །འདི་ནི་སྙིང་ལ་ཕུར་བུས་གདབ་པའི་ཕྱག་རྒྱའོ། །ཨོཾ་ཧཱུཾ་ཕུཾ་ཕཊ། དཀྱིལ་འཁོར་བསྲུང་བའི་ཆོ་ག་སྟེ་དྲུག་པའོ།། །།དེ་ནས་སྔགས་པ་བདག་ཉིད་ནི། །རྡོ་རྗེ་མཁའ་འགྲོའི་ཏིང་འཛིན་གནས། །སེམས་ཅན་ཀུན་ལ་རྗེས་བརྩེ་ བས། །བུམ་པ་རྣམས་ལ་བསང་གཏོར་བྱ། །བུམ་པ་དག་ནི་བཅུ་བཞིར་བཤད། །དེ་ཁོ་ན་ཉིད་མཚན་ཉིད་གསུངས། །བུམ་པ་ཆུ་ཡིས་བཀང་ནས་སུ། །གང་གཱའི་ཆུ་ནི་དགུག་པར་བྱ། །ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་ཧཱུཾ་སྭཱ་ཧཱ། ལན་བདུན་དུ་ནི་བཟླས་པ་ཡིས། །གང་གཱ་སྔགས་སུ་ བསྲེས་པ་ཡིན། །སྣ་ཚོགས་དྲི་དང་མེ་ཏོག་དང་། །བདུད་རྩི་ལྔ་ཡིས་བསྲེ་བར་བྱ། །ཤིང་ལོ་མྱུ་གུས་ཁ་བརྒྱན་ནས། །ཀུན་ལ་སྟན་ནི་སྦྱིན་པར་བྱ། །རས་ཟུང་གིས་ནི་མགྲིན་པ་རུ། །དཀྲིས་པས་རྒྱ་ཆེར་མཛེས་པར་བྱ། །འོ་མ་དང་ནི་བསྲེས་ནས་ནི། །མེ་ཏོག་ཕྲེང་བ་དབྱར་ བར་བྱ། །ས་གདུགས་རྣམ་ཤེས་རྩེ་སྦྱར་ཏེ། །ལྷག་མ་གསུམ་ནི་སྦྱར་བར་བྱ། །བུམ་པ་ཀུན་ལ་རེག་ནས་ནི། །སྔགས་འདི་ལན་བདུན་བར་དུ་བཟླས། །ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་སྭཱ་ཧཱ། བུམ་པ་བཞག་པའི་སྔགས་དང་ཕྱག་རྒྱའོ། །ཤར་ལ་སོགས་པའི་ཕྱོགས་བརྒྱད་དུ། །དེ་དག་རིམ་བཞིན་ གཞག་པར་བྱ། །དེ་ནས་སློབ་དཔོན་བདག་གི་ལུས། །རྡོ་རྗེ་ནམ་མཁའི་རང་བཞིན་བྱ། །ཚོན་ཆེན་སོགས་ཀྱི་གོས་དང་ནི། །དར་ལ་སོགས་པ་གསར་པས་བརྒྱན། །ལུས་ནི་ཀུན་དུ་བརྒྱན་ནས་ཀྱང་། །སངས་རྒྱས་ལྔ་ཡི་ཅོད་པན་བསྒོམ། །ཤིན་ཏུ་མཉམ་གཞག་སེམས་ཀྱིས་ ནི། །བྱང་ཆུབ་ཡན་ལག་གོ་ཆ་བྱ། །གོ་ཆ་དག་ནི་བསྐོན་ནས་སུ། །བསྲུང་དང་བཅིང་བ་དག་ཏུ་བྱ། །ལག་པ་གཉིས་ནི་བརྐྱང་བྱས་ལ། །ཡེ་ཤེས་རྣམ་ཤེས་སྤེལ་བར་བྱ། །ངང་པའི་གཤོག་པའི་ཚུལ་བྱས་ནས། །སྙིང་གའི་དྲུང་དུ་བསྐོར་བར་བྱ། །ཨོཾ་ཧཱུཾ་ཕེཾ་ཕཊ། གོ་ཆ་ཆེན་པོའི་སྔགས་དང་ཕྱག་རྒྱའོ། ། རྡོ་རྗེ་དྲིལ་བུའི་མཚན་ཉིད་ནི། །ཇི་སྐད་བཤད་པ་གཟུང་བྱ་སྟེ། །དེ་ཉིད་གཉིས་ཀྱིས་བླངས་ནས་ནི། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །བ་དན་གསུམ་པའི་ཕྱག་རྒྱ་རུ། །བརྐྱང་བ་རྡོ་རྗེ་ཞེས་བྱ་འདིས། །ཡི་གེ་བརྒྱད་པོ་ཐམས་ཅད་དང་། །བཅས་པས་ཡན་ལག་བརྒྱད་དུ་བསྲུང་། ། ལྕེ་ལ་ཆུ་ཡི་ས་བོན་ཏེ། །ནམ་མཁའ་རྣ་བ་སྣ་དག་ལ། །ས་ནི་མིག་ལ་སྦྱར་བར་བྱ། །དེ་བཞིན་ཚངས་པ་མེ་འབར་བ། །མགྲིན་པར་གཏི་མུག་ཁ་ལོ་སྒྱུར། །བསྐྱོད་པ་སྙིང་གར་ཡང་དག་གནས། །ཉོན་མོངས་ཀུན་དུ་ནམ་ཚོང་སྟེ། །ཕྱུགས་དག་ལྟེ་བའི་རྩ་བར་རོ། །ཡན་ལག་བརྒྱད་པོ་ བསྲུངས་ནས་ནི། །ལྷ་ཡི་གཟུགས་ཀྱིས་བཟླས་པར་བྱ། །མེ་ཏོག་བདུག་པ་དྲི་སོགས་པས། །བདག་ཉིད་ཀུན་ཏུ་མཆོད་པར་བྱ། །ཨོཾ་བཛྲ་ཀཱ་ཡ་ཧོ། །ཨོཾ་བཛྲ་པཱ་ཀྱ་ཨཱཿཨོཾ་བཛྲ་ཧྲྀ་ད་ཡ་ཧཱུཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། རྡོ་རྗེ་ཞེས་བྱ་རྡོ་རྗེའི་བདག །མངོན་པར་བྱང་ཆུབ་རིམ་པའོ། །བདག་ཉིད་མངོན་པར་བྱང་ཆུབ་པས་རོལ་པའི་ཆོ་ག་སྟེ་བདུན་པའོ།། །།དེ་ནས་རྣལ་འབྱོར་ཆེན་པོ་བརྩམ། །རི་སོགས་རིམ་གྱིས་བསྐྱེད་ནས་ནི། །སྔགས་ དང་ཕྱག་རྒྱས་རིམ་བཞིན་དུ། །རྣལ་འབྱོར་མ་དང་ལྷ་ཀུན་བསྒོམ། །རླུང་དང་མེ་ཡི་བདུན་དོན་ལ། །རྡོ་རྗེ་མ་ཡི་ས་བོན་སྦྱར། །སྒྲ་དང་ཐིག་ལེས་ཡང་དག་མནན། །འབྱུང་བ་བཞི་པོ་གཞག་པར་བྱ། །བདུན་པའི་དོན་ནི་སྨོན་བཞིན་སྦྱར། །འོ་མའི་རྒྱ་མཚོ་ལྟ་བུར་འགྱུར། །སྔོན་གྱི་རྡོ་རྗེའི་ས་བོན་ གྱིས། །རི་བོ་ཀུན་གྱི་བདག་པོར་སྦྱར། །སྔར་གྱི་ཡེ་ཤེས་གནས་ཀྱིས་ནི། །རྟེན་གྱི་མཆོག་ནི་སྤྲུལ་པར་བྱ། །གསེར་ལས་བྱུང་བའི་གྲོང་ཁྱེར་མཆོག །རིན་ཆེན་བདུན་པོ་རྣམས་ཀྱིས་སྤྲས། །གཡེར་ཀའི་དྲ་བ་ཕྲེང་བ་དང་། །དྲ་བ་དྲ་ཕྱེད་ཚོགས་པས་བརྒྱན། །དང་པོར་ཁང་བརྩེགས་བསྒོམས་ ནས་ནི། །དང་པོའི་སངས་རྒྱས་ཡེ་ཤེས་དང་། །རྣལ་འབྱོར་མ་ཀུན་དཀྱིལ་འཁོར་དང་། །ལྷ་རྣམས་བསྒོམས་ཏེ་སྤྲུལ་པར་བྱ། །དབུས་སུ་སེང་གེའི་གདན་ལ་ནི། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པར། །ཨཱ་ལི་ཀཱ་ལིའི་ས་བོན་ལས། །དབུ་མའི་གཟུགས་ནི་ཁྱད་པར་བསྐྱེད། །ཞལ་ གསུམ་དང་ནི་ཕྱག་དྲུག་སྟེ། །སྤྲིན་སྔོན་འོད་ཟེར་སྡུག་དང་ལྡན། །སྤྱན་གསུམ་བཞད་དང་ཁྲོ་བ་དང་། །སྒེག་པ་ཡི་ནི་ཉམས་དང་ལྡན། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་བཞུགས། །སྟེང་དུ་མདའ་ནི་དགོད་པར་བྱ། །གཉིས་པ་འཁྱུད་ཅིང་ནུ་མ་འཛིན། །གསུམ་པ་ན་ནི་རྡོ་རྗེའོ། །གཡོན་ གྱི་དང་པོར་གཞུ་དགོད་དེ། །བདུད་རྩི་ཆུ་ཡིས་ཡོངས་བཀང་བ། །གཡོན་གྱི་གཉིས་པའི་མཚན་མ་ཡིན། །གསུམ་པ་ན་ནི་དྲིལ་བུ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་ཀླུབས། །རལ་པ་དར་གྱིས་བཅིངས་ནས་སུ། །ཐོད་པའི་ཅོད་པན་ཤིན་ཏུ་བཅིངས། །དེ་ལྟར་མཚན་མ་རྣམ་དྲུག་དང་། །རྒྱན་ རྣམས་ཀུན་གྱིས་ཀླུབས་པའི་སྐུ། །སྣ་ཚོགས་མེ་དཔུང་འབར་བ་ཅན། །སངས་རྒྱས་རྣལ་འབྱོར་ནམ་མཁར་དགོད། །དེ་ཡི་སྟན་ནི་ཤེས་རབ་སྟེ། །ཁ་དོག་དཀར་ཞིང་ཤིན་ཏུ་མཛེས། །ཕྱག་གཉིས་མགྲིན་པར་འཁྱུད་ནས་སུ། །མ་མཆུ་ཚེམས་ཀྱིས་འདེབས་པར་མཛད། །ཞབས་ཀྱི་ཚིགས་ཀྱིས་ དཀྲིས་ནས་སུ། །རྡོ་རྗེ་པདྨར་ཐིམ་པར་མཛད། །རྣལ་འབྱོར་ནམ་མཁའི་སངས་རྒྱས་ནི། །དབུས་སུ་སེམས་ཀྱིས་འདི་འདྲར་བསྒོམ། །ཡེ་ཤེས་ཤར་གྱི་རེའུ་མིག་ལ། །རྡོ་རྗེ་མཁའ་འགྲོ་མ་བསམས་ཏེ། །བདུད་རྩི་ཡི་གེ་ལས་བྱུང་བས། །གླང་ཆེན་དབང་ལ་རོལ་པས་བཞུགས། །ཀུན་ད་ལྟ་ བུར་དཀར་བའི་འོད། །རོལ་པའི་ཚུལ་གྱིས་འཕེན་པར་བཅས། །ཕྱག་གཉིས་སྐྲ་ནི་རྣམ་པར་གྲོལ། །སངས་རྒྱས་ལྔ་ཡིས་ཤིན་ཏུ་བརྒྱན། །སྐུ་ལ་སྤྲུལ་གྱིས་བརྒྱན་པ་སྟེ། །སྤྱན་གསུམ་ཁྲོ་བོའི་ཧཱུཾ་མཛད་པ། །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །འོད་ཟེར་སྣ་ཚོགས་རབ་ཏུ་འཕྲོ། །ཤམ་ཐབས་ གླང་པོའི་པགས་པ་སྟེ། །མི་ཡི་པགས་པའི་ན་བཟའ་མནབས། །མེ་ཡི་དཀྱིལ་འཁོར་གྱིས་བརྒྱན་པར། །ཤར་དུ་རྡོ་རྗེ་མཁའ་འགྲོ་བསྒོམ། །དེ་ཡི་བྱང་དུ་ལྷ་མོ་ནི། །དྲག་མོ་མེ་ཡི་ས་བོན་བྱུང་། །ཁ་དོག་སེར་མོ་ཤིན་ཏུ་མཛེས། །ཧ་ཧར་བཞད་ཅིང་གཙིགས་པའོ། །སྐྲ་ནི་གྱེན་དུ་འབར་བ་ལ། ། སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རྨ་བྱ་ཡི་ནི་གང་ན་སྟེང་ན། །སྐྱིལ་ཀྲུང་ཕྱེད་པས་ཡང་དག་བཞུགས། །སྐུ་ནི་སྦྲུལ་གྱིས་བརྒྱན་པ་སྟེ། །ཕྱག་གཉིས་ཀྱིས་ནི་ཤིན་ཏུ་མཛེས། །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །ཉི་མའི་དཀྱིལ་འཁོར་ལ་བཞུགས་ཤིང་། །ཤམ་ཐབས་གླང་པོའི་པགས་པ་སྟེ། །མི་ཡི་པགས་ པའི་ན་བཟའ་མནབས། །ཡེ་ཤེས་བྱང་གི་ཕྱོགས་ཆར་ནི། །མཁའ་འགྲོ་དྲག་མོ་བསྒོམ་པར་བྱ། །ཡེ་ཤེས་ནུབ་ཀྱི་ཕྱོགས་ཆར་ནི། །རོ་ལངས་དྲག་མོའི་ཧཱུཾ་སྒྲོགས་མ། །ཙོག་པུ་ཡི་ནི་འདུག་སྟངས་ཀྱིས། །བྱ་ཁྱུང་གི་ནི་གདན་ལ་བཞུགས། །སྐུ་མདོག་དམར་པོ་ཤིན་ཏུ་མཛེས། །ཕྱག་གཉིས་འཇིགས་ པའི་ཧཱུཾ་སྒྲོགས་མཛད། །སྐྲ་ནི་འབར་ཞིང་རྣམ་པར་གྲོལ། །སངས་རྒྱས་ལྔ་ཡིས་ཤིན་ཏུ་བརྒྱན། །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །སྐུ་ནི་སྦྲུལ་གྱི་ས་རྣམ་པར་བརྒྱན། །གླང་པོའི་པགས་པའི་ཤམ་ཐབས་ཅན། །མི་ཡི་པགས་པའི་ན་བཟའ་མནབས། །ཐིག་ལེ་སྒྲ་ལས་སྔོན་བྱུང་བ། །ནུབ་ཀྱི་ལྷ་མོ་ བསྒོམ་པར་བྱ། །ཡེ་ཤེས་ལྷོ་ཡི་ཕྱོགས་ཆར་ནི། །གཏུམ་མོ་ཞེས་བྱའི་ལྷ་མོ་སྟེ། །སྐུ་མདོག་སྔོན་མོ་ཤིན་ཏུ་དྲག །ཧ་ཧར་བཞད་པ་འཇིགས་སུ་རུང་། །སྐྱིལ་ཀྲུང་ཕྱེད་པའི་ཐབས་ཀྱིས་ནི། །བཀའ་ཉན་གྱི་ནི་སྟན་ལ་བཞུགས། །སྐྲ་ནི་ལྷུག་པ་ཀུན་དུ་རྒྱས། །སངས་རྒྱས་ལྔ་ཡིས་ཤིན་ཏུ་བརྒྱན། ། ཕྱག་གཉིས་མ་ནི་ཧ་ཧར་བཞད། །མེ་དཔུང་འབར་བའི་འོད་དང་མཚུངས། །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས། །གླང་པོའི་པགས་པའི་ཤམ་ཐབས་ཅན། །མི་ཡི་པགས་པའི་ན་བཟའ་མནབས། །ཐིག་ལེ་སྒྲ་ལས་བྱུང་བ་རུ། །གཏུམ་ མོ་ལྷོ་ཡི་ཕྱོགས་སུ་བསྒོམ། །དབང་ལྡན་ལྷ་མོ་སེང་གེ་ནི། །རོལ་པ་ཡི་ནི་འདུག་སྟངས་ཀྱིས། །སེང་གེ་ཡི་ནི་གདན་ལ་བཞུགས། །སྐུ་མདོག་སེར་ཞིང་དཀར་བ་སྟེ། །ཕྱག་གཉིས་ཁྲོ་བོའི་ཧཱུཾ་མཛད་ལ། །འོད་ཟེར་མེ་ལྟར་གསལ་ཞིང་འབར། །ན་བཟའ་དམར་པོས་ཤིན་ཏུ་མཛེས། །སྦྲུལ་གྱི་ རྒྱན་གྱིས་རྣམ་པར་ཀླུབས། །རལ་གྲི་གྱེན་དུ་འཕྱར་བ་དང་། །གཡོན་ན་སྡིགས་མཛུབ་ཞགས་པ་བསྣམས། །བདུད་རྣམས་ཐམས་ཅད་བསྲེག་པ་རུ། །ས་བོན་ལས་ནི་བསྒོམ་པར་བྱ། །མེ་མཚམས་ལྷ་མོ་སྟག་མོ་ནི། །ཟླུམ་པོ་ཡི་ནི་སྟང་སྟབས་ཀྱིས། །རྡོ་རྗེ་ཕག་གདོང་སྟན་ལ་བཞུགས། ། སྐུ་མདོག་དཀར་ཞིང་སྔོ་བ་སྟེ། །ཕྱག་གཉིས་ཤིན་ཏུ་ཁྲོ་དང་བཅས། །ན་བཟའ་དམར་པོ་མནབས་པས་མཛེས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་བསྣམས། །སྡང་བ་ཐམས་ཅད་ཚར་གཅོད་པར། །མེ་དཔུང་འབར་བའི་འོད་ཅན་དུ། །ས་བོན་སྔོན་འགྲོ་བསྒོམ་པར་བྱ། །བདེན་བྲལ་ལྷ་ མོ་ཅེ་སྤྱང་མོ། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ནི། །མ་ཧེའི་གདན་ལ་བཞུགས་པ་སྟེ། །སྐུ་མདོག་དམར་ཞིང་སྔོ་བ་ལ། །ཕྱག་གཉིས་ཀྱིས་ནི་རྣམ་པར་མཛེས། །དགྲ་སྟ་ཞགས་པ་སྡིགས་མཛུབ་དང་། །ན་བཟའ་དམར་པོ་མནབས་པས་ཀླུབས། །མེ་ཡི་དཀྱིལ་འཁོར་འབར་བ་ ཅན། །ཧ་ཧར་བཞད་པས་འཇིགས་སུ་རུང་། །ས་བོན་ལས་བྱུང་བསྒོམ་པར་བྱ། །རླུང་མཚམས་ལྷ་མོ་འུག་པ་མོ། །ཙོག་པུ་ཡི་ནི་འདུག་སྟངས་ཀྱིས། །ཅེ་སྤྱང་གི་ནི་གདན་ལ་བཞུགས། །སྐུ་མདོག་དམར་ཞིང་སེར་བ་སྟེ། །དབྱུག་པ་སྡིགས་མཛུབ་ཞགས་པ་བསྣམས། །སྐུ་ལ་ན་བཟའ་ དམར་པོ་གསོལ། །ས་བོན་ལས་བྱུང་བསྒོམ་པར་བྱ། །སྙིང་པོའི་དཀྱིལ་འཁོར་རེའུ་མིག་དགུ། །སྒོར་ནི་མཁའ་འགྲོ་མ་བཞི་སྟེ། །ཤར་གྱི་སྒོར་ནི་མཁའ་འགྲོ་མ། །མི་རོ་ཡི་ནི་སྟན་ལ་བཞུགས། །སྐུ་མདོག་དཀར་མོ་ཤིན་ཏུ་འབར། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །ལག་གཉིས་ཁ་རུ་ བཅུག་ནས་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །གོས་དམར་བླ་གོས་ཕྲག་པར་གཟར། །ཕུཾ་ཞེས་བྱ་བས་བསྐྱོད་དེ་བསྒོམ། །བྱང་སྒོར་ལྷ་མོ་མར་མེ་མ། །སྟན་ནི་དེ་དང་འདྲ་བ་སྟེ། །ཁ་དོག་སེར་མོ་འཇིགས་ཆེན་མོ། །ཐལ་སྦྱར་སྤྱི་བོར་བཞག་པ་དང་། །ན་བཟའ་དམར་པོས་ རབ་མཛེས་པར། །ཕེཾ་ལས་བྱུང་བ་བསྒོམ་པར་བྱ། །ནུབ་ཀྱི་སྒོར་ནི་འཇིབ་བྱེད་མ། །ཡི་དགས་སྟན་ལ་བཞུགས་པ་སྟེ། །སྐུ་མདོག་དམར་མོ་ཆེར་འབར་མ། །སྙིམ་པས་ཁྲག་ནི་འཐུང་བར་བྱེད། །ས་བོན་ཕྲོཾ་ལས་བྱུང་བ་སྟེ། །ནུབ་ཀྱི་སྒོ་ནི་བསྲུང་བར་མཛད། །འཕྲོག་བྱེད་མ་ནི་ལྷོ་སྒོར་ཏེ། ། སྔར་བསྟན་སྟན་ལ་བཞུགས་པ་ཡིན། །སྐུ་མདོག་སྔོན་མོ་ཆེར་འབར་མ། །སྐུ་ལ་ན་བཟའ་དམར་པོ་མནབས། །གི་ཝང་གཏུན་ཤིང་བསྣམས་པ་རུ། །ས་བོན་ཕྲིཾ་ལས་བྱུང་བར་བསྒོམ། །བཅུ་བཞི་གནས་ཀྱི་ཕྱི་རོལ་དུ། །རྣལ་འབྱོར་མ་ནི་ཉི་ཤུ་སྟེ། །རྡོ་རྗེ་ཕྲེང་བས་མངོན་བསྐོར་ཏེ། ། རྟ་བབས་དང་ནི་བྲལ་བ་ལ། །ཕྱི་རོལ་གནས་ནི་ཟླུམ་པོ་རུ། །པདྨ་དང་ནི་ཟླ་བར་བསྟན། །ཨོཾ་ཧཿཧོཿཧྲིཿ སྦོས་མོ་འཇུ་བྱེད་གཏུམ་མོ་ཆེ། །བདུད་རྩིའི་སྣོད་ནི་ཕྱག་ན་བསྣམས། །བྱང་དུ་གྷིཾ་གྷ། དྲག་མོ་ཁྲག་གསོལ་ཤ་གསོལ་མ། །ལྕགས་ཀྱུ་ལྔ་ཡིས་བཀང་བ་ཡི། །པདྨའི་སྣོད་ ནི་བསྣམས་ནས་སུ། །གཅིག་གིས་སྟེང་ནས་འགེབས་པར་མཛད། །ནུབ་ཏུ་ཀུ་རུ། དྲག་ཤུལ་འབར་མ་མི་སྡུག་མ། །ཕྱག་ན་འདམ་སྐྱེས་གཏོར་མས་བཀང་། །ལྷོར་ནི་བཏྟཱ་ལི་ཧཱུཾ། ཐོད་པ་མ་དང་རྡོ་རྗེ་མ། །བུམ་ཅན་བཟའ་བཏུང་བསྣམས་ཤིང་འགེབས། །ཨོཾ། དབང་ལྡན་ སྒེག་མོ་སྒེག་དང་བཅས། །གཡོན་དུ་འགྱིང་དང་བཅས་པ་བསྒོམ། །ཧཱུཾ་སྲི། དུང་ཆེན་མ་ནི་དགའ་མོ་སྟེ། །དྲི་ཡི་ཕྱག་རྒྱས་བྱུག་པར་མཛད། །ཧཱུཾ་ཧོ། མེ་ཡི་མཚམས་སུ་པི་ཝང་མ། །རྡོ་རྗེའི་ཕྱག་རྒྱས་རྡུང་བར་བྱེད། །སྲིཾ། མེ་ཏོག་མ་སྟེ་ཐལ་སྦྱར་ནས། །བསྡུས་ཏེ་གྱེན་དུ་འཐོར་བར་བྱེད། ། ཧཱུཾ་ཧཱུཾ། བདེན་བྲལ་དུ་ནི་གླུ་མཁན་མ། །དཀར་མོ་བསྐྱོད་ཅིང་གླུ་ལེན་བྱེད། །ཨིཾ། བདུག་སྤོས་མ་སྟེ་མཁྲིག་མ་ནས། །བཟུང་ནས་བདུག་སྤོས་ལྟ་བུར་འབུལ། །ཧཱུཾ། རླུང་མཚམས་གར་མ་ཞེས་བྱ་སྟེ། །གཡོན་དུ་སྙེམས་ཤིང་སུམ་འཁྱོར་བྱེད། །ཧཱུཾ། མར་མེ་མ་སྟེ་ཕྱག་འཚལ་བའི། །ཐལ་མོ་སྙིམ་པར་ སྦྱར་བའོ། །མཆོད་པའི་ལྷ་མོ་ཉི་ཤུ་འདི། །ཐུན་མོང་ཇི་ལྟར་མཛེས་པར་བརྟག །ཡེ་ཤེས་ཀྱི་གདན་དང་གཞན་གྱི་གདན་ལ་བཞུགས་པའི་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཆོ་ག་སྟེ་བརྒྱད་པའོ།། །།མེ་ལས་མཁའ་དབང་ཤར་དུ་དགོད། ། མདོག་སྔོན་ལག་པ་བཞི་དང་ལྡན། །བྱ་ཁྱུང་གི་ནི་གདན་ལ་བཞུགས། །རལ་པའི་ཐོར་གཙུག་ཉེ་བར་བརྒྱན། །འཁོར་ལོ་རལ་གྲི་དབྱུག་པ་དུང་། །སྒོ་དཔོན་དུ་ནི་སྤྲུལ་པ་ཡིན། །དེ་ཡི་གཡས་སུ་ལཾ་ལས་བྱུང་། །དཔལ་ལྷ་མོ་ནི་དགོད་པར་བྱ། །མདོག་སེར་སྐྲ་ནི་ལྟག་པར་བཅིང་། ། གཡས་པ་མི་འཇིགས་གཡོན་པདྨ། །དེ་ཡི་གཡོན་དུ་ཕག་མོ་ནི། །ཡི་གེ་བཾ་ལས་སྤྲུལ་པ་སྟེ། །ཕག་གི་གདོང་ཅན་ཁྲོས་པར་ལྡན། །ཐོད་ཕྲེང་ཅོད་པན་ཤིན་ཏུ་བཅིངས། །སྐུ་མདོག་སྔོན་མོ་འབར་ཆེན་མོ། །གོས་སེར་དག་ལ་རབ་ཏུ་དགའ། །གཡོན་ན་ཐོད་པ་ཁྲག་དང་བཅས། །གཡས་ པ་མི་ཡི་མགོ་བོ་གསོལ། །བྱང་སྒོར་ཚངས་པ་ཨོཾ་ལས་བྱུང་། །འོད་ཟེར་དམར་མོ་ཤིན་ཏུ་འབར། །གདོང་བཞི་པ་ལ་ལག་བཞི་པ། །ཅོད་པན་གྱིས་ནི་ཉེ་བར་བརྒྱན། །ངང་པའི་སྟན་ལ་གནས་པ་སྟེ། །གཡས་པ་མཆོག་སྦྱིན་བགྲང་ཕྲེང་ཐོགས། །པདྨ་རིལ་པ་སྤྱི་བླུགས་དང་། །རྔ་མ་དག་ ནི་གཡོན་ན་ཐོགས། །དེ་ཡི་གཡས་སུ་བཾ་ལས་བྱུང་། །ཚངས་པ་མོ་སྟེ་བདག་པོར་མཚུངས། །དེ་ཡི་གཡོན་དུ་སཾ་ལས་བྱུང་། །དབྱངས་ཅན་མ་ར་ཀ་ཏའི་འོད། །ལུས་ནི་མེ་ཏོག་ཕྲེང་བས་བརྒྱན། །ཏམྦུ་ར་ནི་བརྡུང་ཞིང་གནས། །ནུབ་ཀྱི་སྒོ་རུ་སཾ་ལས་བྱུང་། །འཕྲོག་བྱེད་དཀར་མོ་གླང་ལ་ཞོན། ། སྟག་ལྤགས་བླ་གོས་ཕྲག་པར་གཟར། །ཟླ་བ་ཕྱེད་པའི་དབུ་རྒྱན་ཅན། །མིག་གསུམ་མཆོག་སྦྱིན་རྔེའུ་ཆུང་དང་། །ཐོད་པ་མདུང་གིས་ལག་པ་བརྒྱན། །བཀྲ་ཤིས་སྒྲ་ནི་སྒྲོགས་པ་དང་། །གླུ་དང་གར་གྱིས་རྟག་ཏུ་གནས། །དེ་ཡི་གཡས་སུ་ལཾ་ལས་བྱུང་། །དབང་ཕྱུག་ཆེན་པོ་གཙོ་བོར་མཚུངས། ། འོན་ཀྱང་དེ་ཡི་ལག་གཡས་ན། །བགྲང་ཕྲེང་དག་ནི་ཐོགས་པར་བཤད། །དེ་ཡི་གཡོན་དུ་གཾ་ལས་བྱུང་། །གང་གཱའི་ལྷ་མོ་གཙོ་བོར་མཚུངས། །ལག་ན་མཆོག་སྦྱིན་པདྨ་ཐོགས། །སུམ་ཅུ་གསུམ་པས་མཆོད་པ་ཡིས། །ལྷོ་སྒོར་མཾ་ལས་བྱུང་བ་ཡི། །བརྒྱ་བྱིན་མདོག་སེར་ཆེར་འབར་བ། ། གཡས་ན་རྡོ་རྗེ་སྙིང་གར་ཐོགས། །གཡོན་པ་རིན་ཆེན་གདུགས་ཐོགས་ནས། །ལྷ་མོ་ལ་ནི་བསྙེན་ཏེ་གནས། །རིན་པོ་ཆེ་ཡི་ཅོད་པན་བརྒྱན། །དེ་ཡི་གཡས་སུ་ཨིཾ་ལས་བྱུང་། །དབང་མོ་ཞེས་བྱ་བདག་པོར་མཚུངས། །སྐྲ་སེར་ཐོར་གཙུག་གཡོན་དུ་བཅིངས། །ཐོད་པའི་ཕྲེང་བས་རྣམ་ པར་ཀླུབས། །དེ་ཡི་གཡོན་དུ་ཏིཾ་ལས་བྱུང་། །ཐིག་ལེ་མཆོག་མ་གསེར་བསྲེགས་འདྲ། །གཡས་ན་ཐོད་པ་ལྕགས་ཀྱུ་བསྣམས། །གཡོན་པ་མཆོད་སྡོང་ལྕུག་དཀྲིས་འདྲ། །དབང་ལྡན་ཨི་བྱུང་དབང་པོ་ནི། །འཛམ་བུ་ན་དའི་གསེར་འོད་འདྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། ། གླང་ཆེན་ས་སྲུངས་བསྟན་པ་ནི། །རྒྱལ་པོའི་རོལ་པས་ཡང་དག་གནས། །གཡས་ཀྱིས་རྡོ་རྗེ་སྙིང་གར་འཛིན། །གཡོན་པ་ལྷ་མོར་བསྙེན་ཏེ་གནས། །མཆོད་པའི་ལས་ལ་རྟག་ཏུ་བརྩོན། །དེ་ཡི་གཡས་སུ་སཾ་ལས་བྱུང་། །བདེ་སོགས་མ་སྟེ་བདག་པོར་མཚུངས། །གཡས་ཀྱིས་རྩེ་གསུམ་ སྙིང་གར་ཐོགས། །གཡོན་པས་ལྕགས་ཀྱུ་ལྟ་བུར་འཁྱུད། །གཡོན་དུ་རཾ་ལས་བྱུང་བ་ཡི། །རམྦྷ་ཞེས་བྱ་མརྒད་འདྲ། །སྐྲ་ནི་མན་དཱ་ར་ཡིས་བརྒྱན། །མེ་ལོང་ཐོགས་ཤིང་རོལ་པར་བཅས། །མེར་ནི་ཀུན་ལས་བྱུང་བ་ཡི། །ནོར་བདག་ཀུ་བེ་ར་ཞེས་བྱ། །མདོག་ནི་སེར་སྐྱ་ཤིན་ཏུ་མཛེས། ། གཡས་ན་བི་ཛ་པཱུ་ར་ཐོགས། །གཡོན་ན་རིན་ཆེན་ལྕུག་མའི་ཤིང་། །རོ་ལངས་ཀྱི་ནི་སྟན་ལ་གནས། །དེ་ཡི་གཡས་སུ་བཾ་ལས་བྱུང་། །ནོར་གྱི་བློ་མ་གསེར་མདོག་ཅན། །ལུས་ནི་རྒྱན་རྣམས་ཀུན་གྱིས་ཀླུབས། །ལག་པ་གཉིས་ཀྱིས་ཤིན་ཏུ་མཛེས། །གཡས་གྱིས་མི་འཇིགས་སྦྱིན་པར་བྱེད། ། གཡོན་ན་འབྲས་ཀྱི་སྙེ་མ་ཐོགས། །དེ་ཡི་གཡོན་དུ་ཧཾ་ལས་བྱུང་། །འཕྲོག་མ་མརྒད་ལྟ་བུའི་འོད། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་ལུས། །མཆོག་སྦྱིན་མྱ་ངན་མེད་ཤིང་ཐོགས། །བདེན་བྲལ་བྷཱུཾ་བྱུང་འབྱུང་པོའི་རྒྱལ། །མདོག་སྔོན་རྟ་ཡི་སྟན་ལ་གནས། །ཐོད་པ་རིན་ཆེན་ཅོད་པན་ ཅན། །གཡས་ན་དབྱུག་པ་ཐོགས་ནས་སུ། །གཡོན་པ་གི་ཝང་སྡིགས་པར་བྱེད། །དེ་ཡི་གཡས་སུ་ལཾ་ལས་བྱུང་། །ལང་ཀའི་བདག་མོ་ཞེས་བྱ་བ། །གྱེན་བསྒྲེང་སྐྲ་ནི་ཐོད་པས་བཅིངས། །མདོག་ལྗང་མ་ར་ཀ་ཏ་འདྲ། །གཡས་ན་རྣལ་འབྱོར་མཚོན་ཆ་ཐོགས། །གཡོན་ན་ཐོད་ པར་ཁྲག་ནི་ཐོགས། །དེ་ཡི་གཡོན་དུ་རཾ་བྱུང་བའི། །ཁྲག་ལ་དགའ་བའི་རྣལ་འབྱོར་མ། །མདོག་དམར་གཟི་བརྗིད་ཆེན་མོ་སྟེ། །མཚན་མ་ལང་ཀའི་དབང་པོར་མཚུངས། །རླུང་མཚམས་ཆུ་ལྷའི་རྒྱལ་པོ་སྟེ། །བྷུར་བྷུ་བ་ཞེས་བྱ་བས་བསྐྱེད། །ཆུ་སྲིན་གྱི་ནི་སྟན་ལ་གནས། །མདོག་ དཀར་གཟི་བརྗིད་ཆེན་པོ་སྟེ། །ལག་ན་མཆོད་སྦྱིན་ཞགས་པ་ཐོགས། །ཅོད་པན་དམར་པོས་ཉེ་བར་མཛེས། །དེ་ཡི་གཡས་སུ་བྷཾ་ལས་བྱུང་། །ལོངས་སྤྱོད་ལྡན་མ་བྱུ་རུའི་མདོག །སྤྱི་བོར་གདེངས་ཀས་བརྒྱན་པ་སྟེ། །གཡས་པ་ཡིས་ནི་རྔ་ཡབ་ཐོགས། །གཡོན་པ་ལྷ་ཡི་ལུས་ལ་བསྙེན། །རང་གི་ནུ་ མ་ལྟ་ཞིང་མཛེས། །གཡོན་དུ་ཧཱུཾ་ལས་བྱུང་བ་ཡིས། །ཨུཏྤལ་དགའ་མའི་རྣལ་འབྱོར་མ། །མདོག་དཀར་གཟི་བརྗིད་ཆེན་མོ་སྟེ། །ནོར་བུར་བཅས་པའི་གདེངས་ཀས་བརྒྱན། །གཡས་ཀྱིས་ཨུཏྤལ་ཐོགས་ནས་ནི། །ལག་པ་གཡོན་པ་པུས་མོར་བརྐྱང་། །འཇིག་རྟེན་པ་ཡི་ལྷ་ཡི་གནས། །རྡོ་རྗེའི་ཕྲེང་བས་ ཤིན་ཏུ་བསྐོར། །སྦྱོར་བའི་གདན་ལ་བཞུགས་པའི་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཕྱག་དང་གདན་ལ་སོགས་པའི་ཆོ་ག་སྟེ་དགུ་པའོ།། །།ཕྱི་རོལ་གནས་ནི་ཟླུམ་པོ་ལ། །དཔའ་བོ་ཉི་ཤུའི་རེའུ་མིག་བྱ། །ཤར་གྱི་རེའུ་ཆའི་དབུས་དགོད་པ། །ཀེང་རུས་འཇིགས་བྱེད་ཀཾ་ལས་བྱུང་། །དེ་ཡི་པང་ པར་དགོད་བྱ་བ། །པདྨ་འབྱུང་མ་ཀཾ་ལས་བྱུང་། །དེ་ཡི་གཡས་སུ་ཁཾ་ལས་བྱུང་། །ཁ་ཊྭཱཾ་ག་ཡིས་སྲིན་པོ་སྟེ། །དེ་ཡིས་པང་པར་དགོད་བྱ་བ། །ཁཾ་བྱུང་ལྷ་མོ་སེན་རྣོན་མ། །དེ་ཡི་གཡོན་དུ་ཁཾ་ལས་བྱུང་། །སྒྲ་ཟབ་ཅེས་བྱའི་དཔའ་བོ་སྟེ། །དེ་ཡི་པང་དགོད་ལྷ་མོ་ནི། །གཾ་ལས་བྱུང་བ་སྒྲ་ཟབ་མ། ། འཁོར་ལོའི་བྱང་གི་དབུས་སུ་ནི། །དྲིལ་རྣ་ཞེས་བྱ་གྷཾ་ལས་བྱུང་། །དེ་ཡི་པང་གནས་ལྷ་མོ་ནི། །བུམ་པའི་ནུ་མ་གྷཾ་ལས་བྱུང་། །གཡས་ཀྱི་ཆ་ལ་ཙཾ་ལས་ནི། །བྱུང་བའི་གཏུམ་པའི་དབང་ཕྱུག་སྟེ། །དེ་དང་འཁྱུད་པའི་ལྷ་མོ་ནི། །གཡོན་པའི་གདོང་ཅན་བཾ་ལས་བྱུང་། །དེ་ཡི་གཡོན་ དུ་ཚཾ་བྱུང་བའི། །སེང་གེའི་གདོང་ཅན་ཞེས་བྱ་བ། །དེ་དང་འཁྱུད་པའི་ལྷ་མོ་ནི། །སོ་ཡིས་འདྲལ་བ་ཚཾ་ལས་བྱུང་། །ནུབ་ཀྱི་རེའུ་ཆ་དབུས་མ་ལ། །ཛཾ་བྱུང་མངལ་གྱི་མཚན་ཆ་དགའ། །དེ་དང་ལྷན་ཅིག་གནས་པ་ནི། །བརླ་མཐོན་མ་སྟེ་ཛཾ་ལས་བྱུང་། །གཡས་ཀྱི་རེའུ་ཆར་གནས་པ་ཡི། ། སྒྲ་འཇིགས་ཞེས་བྱ་ཛཾ་ལས་བྱུང་། །དེ་དང་འཁྱུད་པའི་ལྷ་མོ་ནི། །སྒྲ་བྱེད་དགའ་མའང་ཛྷཾ་ལས་བྱུང་། །དེ་ཡི་གཡོན་གྱི་རེའུ་ཆ་ལ། །ཆུ་སྐྱར་ཟ་བ་ཊཾ་ལས་བྱུང་། །དེ་ཡི་པང་པར་གནས་པ་ནི། །ཐོར་ཅོག་གིས་བརྒྱན་ཏཾ་ལས་བྱུང་། །ལྷོ་ཡི་རེའུ་མིག་དབུས་མ་ལས། །ཋཾ་ལས་ བྱུང་བ་སྒྲོགས་པ་ཅན། །དེ་ཡི་པང་པར་གནས་པ་ནི། །དོར་ཐབས་ལ་དགའ་ཋཾ་ལས་བྱུང་། །དེ་ཡི་གཡས་སུ་དགོད་པ་ནི། །ཅང་ཏེའུ་འདུལ་བྱེད་ཌཾ་ལས་བྱུང་། །དེ་ཡི་པང་པར་གནས་པ་ནི། །ཌིཾ་ཌིཾ་རྔ་སྒྲ་ཌཾ་ལས་བྱུང་། །གཡོན་གྱི་རེའུ་ཆ་གཉིས་པ་ལ། །རོ་ཀའི་འུར་སྒྲ་ཌཾ་ལས་བྱུང་། ། དེ་ཡི་པང་པར་གནས་པ་ནི། །དྷ་ཀས་རོལ་མོ་ཌྷཾ་ལས་བྱུང་། །དབང་ལྡན་གྱི་ནི་རེའུ་ཆ་ལ། །རྩོད་ལ་དགའ་བ་ཏཾ་ལས་བྱུང་། །དེ་ཡི་པང་པར་གནས་པ་ནི། །བྱིན་ཕྲན་མ་སྟེ་ཏཾ་ལས་བྱུང་། །དེ་ཡི་རེའུ་ཆ་གཉིས་པ་ལ། །ལག་རིངས་ཞེས་བྱ་ཐཾ་ལས་བྱུང་། །དེ་དང་ལྷན་ཅིག་གནས་པ་ནི། ། རྣམ་པར་གཡོ་བར་ཐཾ་ལས་བྱུང་། །མེ་མཚམས་ཀྱི་ནི་རེའུ་ཆ་ལ། །མཆེ་བ་གཙིགས་པ་དཾ་ལས་བྱུང་། །དེ་ཡི་པང་པར་གནས་པ་ནི། །འོད་རྣོན་མ་སྟེ་དཾ་ལས་བྱུང་། །དེ་ཡི་རེའུ་མིག་གཉིས་པ་ལ། །བརྟན་ཞིང་འཇིགས་པ་ཏཾ་ལས་བྱུང་། །དེ་ཡི་པང་གནས་རྣལ་འབྱོར་མ། །དལ་བུས་ སྨྲ་བའང་ཏཾ་ལས་བྱུང་། །བདེན་བྲལ་གྱི་ནི་རེའུ་མིག་ལ། །ལུས་རྒྱས་ཞེས་བྱ་པཾ་ལས་བྱུང་། །དེ་ཡི་པང་པར་གནས་པ་ནི། །མིག་སེར་མ་ཡང་བཾ་ལས་བྱུང་། །དེ་ཡི་རེའུ་མིག་གཉིས་པ་ལ། །རྩུབ་པའི་གདོང་ཅན་ཕེཾ་ལས་བྱུང་། །དེ་ཡི་པང་གནས་ལྷ་མོ་ནི། །ཕཾ་ལས་བྱུང་བའི་མིག་རྒྱས་མ། ། རླུང་མཚམས་རེའུ་མིག་ལ་གནས་པ། །ཚངས་པའི་དབྱངས་ཅན་བཾ་ལས་བྱུང་། །དེ་ལ་གནས་པའི་རྣལ་འབྱོར་མ། །མཛེས་པའི་ལུས་ཅན་བཾ་ལས་བྱུང་། །དེ་ཡི་རེའུ་མིག་གཉིས་པ་ལ། །སྒྲ་འཇིགས་ཞེས་བྱ་བྷཾ་ལས་བྱུང་། །དེ་ཡི་ཡན་ལག་ལ་གནས་པ། །བུང་སྒྲ་མ་སྟེ་བྷཾ་ལས་བྱུང་། །ནམ་ མཁའ་ཡི་ནི་གྲོང་ཁྱེར་མཆོག །དཔའ་བོ་ཉི་ཤུ་ཀུན་གྱིས་བསྐོར། །རྩེ་བྲན་ལྔས་ནི་བརྒྱན་པ་སྟེ། །གཅེར་བུ་སྒྲ་ནི་རྣམ་པར་གྲོལ། །རྣལ་འབྱོར་མ་དང་ཕན་ཚུན་འཁྱུད། །རྣལ་འབྱོར་མཚོན་དང་སྣོད་ཐོགས་ནས། །བཟའ་བ་དག་ནི་སྣ་ཚོགས་དང་། །བཏུང་བ་ཞིམ་པོ་དག་གིས་བཀང་། ། ཡེ་ཤེས་གདན་དང་གཞན་གྱི་གདན། །སྦྱོར་ལྡན་འདོད་པ་ལྔ་ཡིས་མཆོད། །གསང་བའི་གདན་ལ་དགོད་པའི་དཔའ་བོ་གཉིས་སུ་མེད་པའི་མཆོད་པའི་ཆོ་ག་སྟེ་བཅུ་པའོ།། །།དེ་ནས་འཁོར་ལོ་ཀུན་བསྐྱེད་དེ། །ཡེ་ཤེས་འཁོར་ལོ་བཀུག་ནས་ཀྱང་། །དམ་ཚིག་ འཁོར་ལོར་བཅུག་བྱས་ནས། །གཉིས་མེད་ཡེ་ཤེས་འཁོར་ལོར་འགྱུར། །ཏིལ་དང་འབྲས་ཡོས་ནས་དང་གྲོ །དྲི་ཞིམ་མེ་ཏོག་དཀར་པོར་བཅས། །ཆུ་ནི་འོ་མར་བསྲེས་པས་དགང་། །གསེར་རམ་གཞན་ལས་བྱས་པའི་སྣོད། །མཛེས་པ་མདུན་དུ་གཞག་པར་བྱ། །དེར་ནི་མེ་ལོང་དྲི་མེད་གཞག ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་དང་ནི་ས་གདུགས་སྦྱར། །དཀར་པོ་ཅུང་ཟད་དགུག་པར་བཤད། །དམ་ཚིག་མཆོག་ཏུ་དགུག་པ་སྟེ། །འདི་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། འཇིག་རྟེན་ལས་འདས་པའི་ལྷ་རྣམས་དགུག་པའོ། །གཡོན་པ་ཁུ་ཚུར་བཅིངས་ནས་སུ། ། གི་ཝང་དང་ནི་དྲི་གསུམ་བརྐྱང་། །དྲི་གསུམ་གྱི་ནི་ཚིགས་གསུམ་པར། །གི་ཝང་གི་ནི་རྩེ་མོ་གཟུགས། །དུ་བ་ལྕགས་ཀྱུ་ཉིད་དུ་བྱ། །ཨོཾ་ཨཱ་ཀཪྵ་ཎི་ཧཱུཾ་ཕཊ། འཇིག་རྟེན་པའི་ལྷ་རྣམས་དགུག་པའོ། །རྡོ་རྗེ་བཅིངས་པ་བསྡམ་བྱས་ནས། །དྲི་མ་གསུམ་དང་དུད་པ་བསྒྲེང་། །ཨརྒྷའི་སྣོད་ལ་ རེག་ནས་ནི། །ཨོཾ་པྲ་ཏཱི་ཙྪ་ཨརྒྷཾ་སྭཱ་ཧཱ་ཞེས། །བདུན་ནམ་ཉི་ཤུ་གཅིག་བཟླས་ལ། །ཨརྒྷ་དག་ནི་དབུལ་བར་བྱ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །དཀར་པོ་དང་ནི་ཡེ་ཤེས་སྦྱར། །པདྨ་དུང་དང་དུ་བ་བསྣམས། །རིམ་གྱིས་བསྐྱོད་ཅིང་དགྲོལ་བར་བྱ། །ཕྱག་རྒྱ་འདི་ཡིས་མེ་ཏོག་དབུལ། ཨོཾ་པྲ་ཝར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱ་བས་སོ། །སྔར་བསྟན་སྔགས་ཀྱིས་བཏབ་ནས་སུ། །ཁ་ཞབས་བཀྲུ་བ་དབུལ་བར་བྱ། །ཉེ་བར་སྤྱོད་པ་ལྔས་མཆོད་ནས། །ཧཱུཾ་གི་བཀྲ་ཤིས་དབྱངས་བླང་བྱ། །ཧཱུཾ་ཧཱུཾ་ཧཱུཾ། དགའ་བའི་ལུས་འདི་ཤིན་ཏུ་སྤྲུལ། །རྣལ་འབྱོར་མ་ནི་ཐམས་ཅད་ཁྱོད། །གསང་ བ་དག་ནི་བཅིང་དོན་དུ། །གསང་བའི་རྡོ་རྗེ་ཤིན་ཏུ་བསྐྱོད། །ཚངས་པས་བསིལ་ཡབ་གཡོབ་པ་དང་། །སེང་གེ་དག་ནི་སྒོ་དཔོན་ཏེ། །བརྒྱ་བྱིན་གདུགས་ནི་ཐོགས་པ་ཡིན། །འཕྲོག་བྱེད་ཡོན་ཏན་སྒྲོགས་པར་བྱེད། །མིའམ་ཅི་དང་དྲང་སྲོང་ཚོགས། །བཀྲ་ཤིས་གླུ་ནི་ལེན་པའོ། །བཀྲ་ ཤིས་ཀྱི་གླུའོ། །རྩ་བ་ནག་སོགས་མེད་ཅིང་ཆོས། །ལྟོ་ཡངས་མགྲིན་པ་འཕྱང་བ་ནི། །ཤིང་ལོ་ཕྱེ་མའི་སྟེང་གཞག་སྟེ། །རྒྱ་མཚོ་འབབ་ཆུ་ཆུ་བོའི་ཆུ། །རྫིང་བུའི་ཆུ་ལ་སོགས་པ་ནི། །བཙགས་པས་རབ་ཏུ་དགང་བར་བྱ། །མེ་ཏོག་ཕྲེང་བས་མགྲིན་བཅིངས་ཏེ། །སྨན་ལྔ་རིན་ཆེན་ལྔ་སོགས་ གཞུག །ཆུ་ནི་འོ་མར་བསྲེ་བར་བྱ། །ཤིང་ལོ་མྱུ་གུ་སྣ་ཚོགས་དང་། །མགྲིན་པ་གོས་ཀྱིས་བརྒྱན་པར་བྱ། །ཨོཾ་ཏཔྟེ་མ་ཧཱ་ཏཔྟེ་ཞེས་བྱ་བས། །གང་གཱའི་ཆུ་ནི་དགུག་པར་བྱ། །རྣམ་ཤེས་དང་ནི་ས་གདུགས་སྦྱར། །ལྷག་མ་བརྐྱང་བའི་ཕྱག་རྒྱ་དང་། །རེག་ནས་སྔགས་འདི་ལན་བདུན་བརྗོད། ། ཨོཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཕཊ་སྭཱ་ཧཱ། འབྱོར་པ་ཡོད་ན་རྔ་ཆེན་དང་། །དུང་དང་གླིང་བུ་སྣ་ཚོགས་རྔ། །དགའ་དང་བཅས་པས་དྲིལ་བུ་དཀྲོལ། །ཁྲུས་ཀྱིས་དུས་སུ་སྦྱར་བར་བྱ། །དང་པོར་དྲི་ཞིམ་མར་ནག་དང་། །འདག་ཆལ་གྱིས་ནི་བྱུག་པར་བྱ། །དེ་ནས་དྲི་ཞིམ་ཆུ་དང་ནི། །སྦྲང་རྩི་ཡིས་ཀྱང་ནན་ཏན་ བཀྲུ། །དུང་ཆོས་ཆུ་དང་འོ་མ་ནི། །མེ་ཏོག་དྲི་ཞིམ་བཅས་པ་བླུགས། །དེ་ནས་ཁུ་ཚུར་གཉིས་བཅིངས་ནས། །དེས་ནི་གོས་ཟུང་བརྗོད་ནས་སུ། །རྡོ་རྗེ་སྟེང་གི་ཕྱོགས་སུ་ནི། །རོལ་མོར་བཅས་པས་དབུལ་བར་བྱ། །ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པ་ནི། གསང་སྔགས་འདི་ཡིས་ན་བཟའ་དབུལ། ། སྔོན་བཞིན་སྔགས་དང་ཕྱག་རྒྱ་ཡིས། །ཡོན་ཆབ་ཞབས་བསིལ་ལ་སོགས་དབུལ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་གི་ཝང་སྒྲོག་ཏུ་སྤྲེལ། །ཨོཾ་བཛྲ་པཱ་ཤ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་གཞུག་པར་བྱའོ། །སེང་གེའི་ཕྱག་རྒྱ་བཅིངས་ནས་སུ། །ཨོཾ་སྨྼྻུཾ་ཞེས་བྱ་བའི་སྔགས། ། ཁྲོ་དང་བཅས་པར་བཟླས་པ་ཡིས། །བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ནི་སྦྱར་བར་བྱ། །འདི་ནི་ལྕགས་སྒྲོག་ཕྱག་རྒྱ་སྟེ། །ཨོཾ་བཛྲ་སྥོ་ཊ་བཾ་ཞེས་བྱ་བས་བཅིང་ངོ་། །སྒོ་བ་རྣམས་ཀྱི་ལས་སོ། །ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ དང་ཁྲུས་ཀྱི་ཆོ་ག་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ནི། །རྣལ་འབྱོར་ནམ་མཁའི་ཕྱག་རྒྱ་བཅིངས། །ཨོཾ་ཏིཥྛ་ཨཱ་ས་ན་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས། སེང་གེའི་གདན་སོགས་བསྟན་པར་བྱ། །ཕྱག་རྒྱའི་ལན་ལ་ངོས་གཉིས་སུ། །པདྨའི་བསྐོར་བ་བྱས་ནས་ ནི། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིངས། །ཡེ་ཤེས་ཀྱིས་ནི་པདྨ་མནན། །ས་གདུགས་རྣམ་པར་ཤེས་པས་བཙིར། །གཉིས་ཀ་ཕན་ཚུན་སྒྲོག་ཏུ་སྦྲེལ། །ལྷག་མ་བ་དན་གསུམ་བརྐྱང་སྟེ། །དྲི་མ་གསུམ་དང་དུད་པ་སྤྲད། །རྡོ་རྗེ་རྩེ་ལྔ་ཞེས་བྱ་བ། །རྣལ་འབྱོར་ ནམ་མཁའ་དེ་བཞིན་གཤེགས། །ཕྱག་རྒྱ་འདི་ནི་བླ་ན་མེད། །ཨོཾ་བཛྲ་སཏྭ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཏྭཾ། ཨ་ཧཾ་ཞེས་མཐར་བཏགས་པ་ཡི། །སྙིང་སྔགས་ལན་བདུན་བརྗོད་པར་བྱ། །སྔགས་ནི་ཨོཾ་ཧཱུཾ་ཧ་སྭཱ་ཧཱ། །རྡོ་རྗེ་བཅིངས་པ་དམ་བྱས་ལ། །དྲི་མ་གསུམ་ དང་དུད་པ་བསྒྲེང་། །ཤེས་རབ་ཕ་རོལ་ཕྱིན་པའི་རྒྱ། །སྔགས་ནི། ཨོཾ་ཨཾ་ཨཱ་སྭཱ་ཧཱ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའིའོ། །ཨོཾ་ཧཱུཾ་ཧ་ཧ་སྭཱ་ཧཱ་ཞེས་བྱ་བ་སྟེ། དེ་དག་ནི་ཡེ་ཤེས་མཁའ་འགྲོ་མའིའོ། །རྡོ་རྗེ་བཅིང་བ་བསྡམས་པ་ཡི། །ནང་དུ་ཡེ་ཤེས་རྣམ་ཤེས་སྦྱར། ། ཨོཾ་སུཾ་ཨ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མའིའོ། །དེ་ཉིད་ལས་ནི་ཡེ་ཤེས་དང་། །རྣམ་ཤེས་བསྒྲེང་བ་དྲག་མོར་འདོད། །ཨོཾ་ཀྵུཾ་ཨཿསྭཱ་ཧཱ། དྲག་མོ་མཁའ་འགྲོ་མའིའོ། །དེ་ཉིད་པདྨ་ས་གདུགས་སུ། །རྩེ་སྦྱར་རོ་ལངས་མ་ཡིར་འདོད། །ཨོཾ་ཡུཾ་ཨཾ་སྭཱ་ཧཱ། རོ་ལངས་མའིའོ། །དེ་ཉིད་དུད་ པ་དྲི་མ་གསུམ། །རྩེ་སྦྱར་གཏུམ་མོའི་ཡིན་པར་འདོད། །ཨོཾ་ཧཱུཾ་ཨཱཿསྭཱ་ཧཱ། གཏུམ་མོའིའོ། །པདྨ་ས་གདུགས་སྦྱར་ནས་ནི། །དཀར་མོ་གི་ཝང་རྩེ་སྤྲད་པ། །སེང་གེ་ས་སོགས་རྣམ་བཞི་ཡི། །དམ་ཚིག་ཡིན་པར་ཐུབ་པས་གསུངས། །མཁའ་འགྲོ་མ་སོགས་སྒོ་སྐྱོང་དང་། །དཀྱིལ་འཁོར་ ཟླུམ་པོ་ལ་གནས་རྣམས། །བདག་པོ་ཡི་ནི་ཕྱག་རྒྱ་ཉིད། །སྔགས་དང་བཅས་པར་སྦྱར་བ་དག །དམ་ཚིག་ཕྱག་རྒྱ་སྔགས་དང་ནི། །ལས་ཀྱི་ཕྱག་རྒྱ་བསྟན་པ་ཡིན། །འཇིག་རྟེན་ལས་འདས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱི་ཆོ་ག་སྟེ་བཅུ་གཉིས་པའོ།། །།གཞན་ དག་ཆུང་མར་བཅས་པ་ཡི། །སྔགས་དང་ཕྱག་རྒྱ་བསྟན་པར་བྱ། །ཉི་མའི་ཁུ་ཚུར་དམ་བཅིངས་ནས། །གྱེན་དུ་རྣམ་པར་གྲོལ་བར་བྱ། །ཨོཾ་མུ་ཁེ་ཤ་སྭཱ་ཧཱ། སེང་གེའིའོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །རང་གི་སྙིང་གར་བསྐྱོད་པར་བྱ། །ཚངས་པ་ཡི་ནི་དམ་ཚིག་ཏུ། །བདེ་བར་ གཤེགས་ཀྱིས་མདོར་བསྡུས་གསུངས། །ཨོཾ་ཨོཾ་སྭཱ་ཧཱ། ཚངས་པའི་འོ། །ཉི་མའི་ཁུ་ཚུར་བཅིངས་ནས་ནི། །བ་དན་གསུམ་པ་གྱེན་དུ་བསྒྲེང་། །འདི་ནི་མདུང་ཅན་ཕྱག་རྒྱ་སྟེ། །དམ་ཚིག་འཇོག་པའི་དམ་པའོ། །ཨོཾ་ཧཱུཾ་སྭཱ་ཧཱ། རུ་དྲའིའོ། །ཟླ་བའི་ཁུ་ཚུར་བཅིངས་ནས་ནི། །གི་ཝང་ དག་ནི་བསྒྲེང་བར་བྱ། །ཉི་མའི་སོར་མོ་ཀུན་བརྐྱང་ནས། །དེ་ཡི་སྟེང་དུ་དགབ་པར་བྱ། །ཨོཾ་མཾ་སུཾ་ཧཱུཾ་སྭཱ་ཧཱ། བརྒྱ་བྱིན་གྱིའོ། །ཉི་མའི་ཁུ་ཚུར་བརྟན་བཅིངས་ལ། །དཀར་པོ་དུད་པ་བསྒྲེང་བར་བྱ། །དཔྲལ་བར་སྟེང་གི་ཐད་སོར་བྱུག །དབང་པོ་ཡི་ནི་དམ་ཚིག་འདོད། །ཨོཾ་མུཾ་མུཾ་ཧཱུཾ་སྭཱ་ཧཱ། དབང་པོའིའོ། །རྡོ་རྗེ་བཅིང་བ་བསྡམ་བྱས་ནས། །དཀར་པོ་དང་ནི་གི་ཝང་བསྒྲེང་། །རིན་ཆེན་ལྟ་བུར་སྦྱར་ནས་ནི། །ལུས་ངན་ལ་ནི་བསྟན་པར་བྱ། །ཨོཾ་དྷ་ན་ཨ་གྲེ་ཧཱུཾ་སྭཱ་ཧཱ། ལུས་ངན་གྱིའོ། །ཁུ་ཚུར་བཅིངས་ནས་དཀར་པོ་ནི། །བརྐྱང་ནས་གྱེན་དུ་བསྒྲེང་བར་བྱ། །འབྱུང་པོའི་ བདག་པོའི་དམ་ཚིག་ཏུ། །ཐུབ་པ་རྣམས་ཀྱིས་བཤད་པ་ཡིན། །ཨོཾ་ཁཱ་ཏ་ནི་ཧཱུཾ་ཕཊ། འབྱུང་པོའི་བདག་པོའིའོ། །ཁུ་ཚུར་དེ་ཉིད་གཞག་ནས་སུ། །དཀར་པོ་དང་ནི་དུ་བ་བརྐྱང་། །ཕྱག་རྒྱ་འདི་ནི་རྒྱལ་བ་ཡིས། །གདེངས་ཀའི་བདག་པོའི་དམ་ཚིག་བཤད། །ཨོཾ་བྷུར་བྷུ་བ་སྭཱ་ཧཱ། ཀླུ་ ཡི་བདག་པོའིའོ། །དེ་དག་གི་ནི་ཆུང་མ་རྣམས། །བདག་པོའི་དམ་ཚིག་ཕྱག་རྒྱ་ཉིད། །བཅིངས་པ་དམ་ཚིག་ཡིན་པར་བཤད། །སྔགས་ནི་སོ་སོར་བསྟན་པར་བྱ། །ཨོཾ་ལཀྵྨཱི་ཡེ་སྭཱ་ཧཱ། ཨོཾ་བཱ་རཱ་ཧཱི་སྭཱ་ཧཱ། ཨོཾ་སྭཱ་ར་སྭཱ་ཏྱཻ་སྭཱ་ཧཱ། ཨོཾ་བྲཧྨ་ཎྱེ་སྭཱ་ཧཱ། ཨོཾ་མ་ཧེ་ཤྭ་རྱེ་སྭཱ་ཧཱ། ཨོཾ་གཾ་གཱཾ་ཡེ་ སྭཱ་ཧཱ། ཨོཾ་ཨིནྡྲ་ཡེ་སྭཱ་ཧཱ། ཨོཾ་ཏི་ལོཏྟ་མ་ཡེ་སྭཱ་ཧཱ། ཨོཾ་ས་ཙི་ཡེ་སྭཱ་ཧཱ། ཨོཾ་རཾ་བྷ་ཡེ་སྭཱ་ཧཱ། ཨོཾ་བ་སུ་མ་ཏི་ཡེ་སྭཱ་ཧཱ། ཨོཾ་ཧ་རེ་ནྱེ་སྭཱ་ཧཱ། ཨོཾ་ལཾ་ཀེ་ཤྱོ་རྱེ་སྭཱ་ཧཱ། ཨོཾ་རཀྟ་པྲྀ་ཡ་ཡེ་སྭཱ་ཧཱ། ཨོཾ་བྷྱོ་ག་བ་ཏྱེ་སྭཱ་ཧཱ། ཨོཾ་ཨུཏྤལ་པྲཱི་ཡཱ་ཡེ་སྭཱ་ཧཱ། སྦྱོར་བའི་གདན་ལ་བཞུགས་པའི་ལྷ་ རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱི་ཆོག་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་ཐལ་མོ་ནི། །དམ་བཅིངས་ཡེ་ཤེས་རྣམ་ཤེས་དང་། །ནང་དུ་བཅུག་སྟེ་བཙིར་བར་བྱ། །པདྨའི་སྣོད་ཅེས་བྱ་བར་གྲགས། །ཀེང་རུས་འཇིགས་བྱེད་ལ་སོགས་པ་དང་པདྨའི་འབྱུང་གནས་ ལ་སོགས་པའི་དམ་ཚིག