Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 25
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
་གི་ཕྱག་རྒྱ་སྟེ། དེ་དག་ཆུང་མ་དང་བཅས་པའི་སྔགས་ནི་འདི་དག་ཡིན་ནོ། །ཨོཾ་ཀ་རཾ་ག་བྷ་ར་བཱ་ཡ་སྭཱ་ཧཱ། ཨོཾ་ཀ་མ་ལཱ་ཀ་རི་ཡེ་སྭཱ་ཧཱ། ཨོཾ་ཁ་ཊྭཱཾ་གཱ་རཀྵཱ་སྭཱ་ཡ་སྭཱ་ཧཱ། ཨོཾ་ནཱ་ཁ་ཏཱི་ཀྵྞ་ཡ་སྭཱ་ཧཱ། ཨོཾ་གམྦྷི་ར་ནཱ་དཱ་ཡ་སྭཱ་ཧཱ། ཨོཾ་གྷནྚ་ཀཪྞ་ ཡ་སྭཱ་ཧཱ། ཨོཾ་གྷ་ད་ཤ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཙཎྜི་ཤྭ་ར་ཡ་སྭཱ་ཧཱ། ཨོཾ་ཙ་པ་ལཱ་ནཱ་ནནཱ་ཡ་སྭཱ་ཧཱ། ཨོཾ་ཙྪི་ཏྲ་གྷོ་ན་ཡཱ་སྭཱ་ཧཱ། ཨོཾ་ཙྪི་ཏྲ་ད་ཤ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཛ་རཱ་ཡུ་པྲི་ཡ་སྭཱ་ཧཱ། ཨོཾ་ཛྙཱ་ན་ནོ་ན་ཏཱི་ཡེ་སྭཱ་ཧཱ། ཨོཾ་ཛྷཾ་ཀ་ར་བི་མ་ཡ་སྭཱ་ཧཱཾ། ཨོཾ་ཛྷཾ་ཀྲི་ད་ཏ་ཀཱ་མི་ནཱི་ཡེ་སྭཱ་ཧཱ། ཨོཾ་ཊི་ཊི་བྷཀྵ་ཡ་སྭཱ་ཧཱ། ཨོཾ་ཊི་ཀ་བྷུ་ཥི་ཎཱི་ཡེ་སྭཱ་ཧཱ། ཨོཾ་ཋི་ཝ་ནོཏྐ་རཱ་ཡ་སྭཱ་ཧཱ། ཨོཾ་ཋ་ཀ་ཀཱ་མི་ནི་སྭཱ་ཧཱ། ཨོཾ་ཊཱ་ཀ་ཀ་མི་ནི་སྭཱ་ཧཱ། ཨོཾ་ཌི་ཌི་མ་པྲི་ཡ་སྭཱ་ཧཱ། ཨོཾ་ཌྷ་ཀ་ཀོ་ལ་ཧ་ལཱ་ཡ་སྭཱ་ཧཱ། ཨོཾ་ཌྷ་ཀ་ལ་ལཱ་ཡ་སྱ་སྭཱ་ཧཱ། ཨོཾ་ཏཾ་ཀ་པྲི་ཡཱ་ཡ་སྭཱ་ཧཱ། ཨོཾ་ཏཾ་ནུ་ཛཾ་ཀཱ་ཡེ་སྭཱ་ཧཱ། ཨོཾ་ཐོ་ར་ཝ་བཱེ་སྭཱ་ཧཱ། ཨོཾ་ཐ་རཾ་གི་ནཱི་ཡེ་སྭཱ་ཧཱ། ཨོཾ་དཾཥྚཱ་ཀཱ་ར་ལཱ་ཡ་སྭཱ་ཧཱ། ཨོཾ་ད་ར་ར་སྨི་ནཱི་ཡེ་སྭཱ་ཧཱ། ཨོཾ་ད་ར་ར་གྷོ་རཱ་ཡ་སྭཱ་ཧཱ། ཨོཾ་དྷི་ར་བྷ་ཥི་ནཱ་ཡེ་སྭཱ་ཧཱ། ཨོཾ་པི་ནཱ་ད་ཏ་རཱ་ཡ་སྭཱ་ཧཱ། ཨོཾ་པིཾ་གྷ་ཨཀྵི་ཡེ་སྭཱ་ཧཱ། ཨོཾ་ཕེ་ན་མུ་ཁཱ་ཡ་སྭཱ་ཧཱ། ཨོཾ་ཕུལ་ལ་ནཱ་ཡ་ནཱ་ཡ་ནི་སྭཱ་ཧཱ། ཨོཾ་བྲཧྨ་ད་ཙཱ་ཡ་སྭཱ་ཧཱ། ཨོཾ་བནྡུ་ར་ག་ཏྲཱ་ཡེ་སྭཱ་ཧཱ། ཨོཾ་བྷི་མ་ནཱ་ད་ཡ་ སྭཱ་ཧཱ། ཨོཾ་བྷྲ་མ་ར་ཀེ་ཤཱི་ཡ་སྭཱ་ཧཱ། གསང་བའི་གདན་གྱི་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱི་ཆོ་ག་སྟེ་བཅུ་བཞི་པའོ།། །།དེ་ལ་སོགས་པའི་ཕྱག་རྒྱ་བཞིས། །སྔ་མ་བཞིན་དུ་རྒྱས་གདབ་བྱ། །ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དབྱངས་ ཡིག་དང་པོ་ལ་སོགས་དགོད། །འདི་ནི་ལྷ་རྣམས་ཐམས་ཅད་ཀྱི། །ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །པདྨ་བསྐོར་བ་བྱས་ནས་སུ། །རྡོ་རྗེ་ལྕགས་སྒྲོག་བཅིང་བར་བྱ། །སྙིང་གར་བསྐྱོད་དེ་བཀུག་ནས་ཀྱང་། །རྣ་བའི་དྲུང་དུ་གཞག་པར་བྱ། །དེ་བཞིན་གཤེགས་པ་རྣལ་འབྱོར་ ནམ་མཁའི་ལས་ཀྱི་ཕྱག་རྒྱའོ། །ཁུ་ཚུར་གཉིས་བཅིངས་སྙིང་ག་རུ། །ཀུན་དུ་འཁྱུད་ཅིང་བཙིར་བར་བྱ། །ཨོཾ་ཤྲཱི་པ་ཏ་ཡེ་ཧཱུཾ་སྭཱ་ཧཱ། །ཡེ་ཤེས་མཁའ་འགྲོ་མའིའོ། །ཟླ་བ་ཉི་མ་ཁ་སྦྱར་ནས། །པདྨའི་ཚུལ་དུ་དབྱེ་བར་བྱ། །ཤེས་རབ་ཕ་རོལ་ཕྱིན་མའིའོ། །རྣམ་ཤེས་ཀྱི་ནི་ ས་གདུགས་མནན། །ལྷག་མ་བསྒྲེང་བ་རྡོ་རྗེའི་རྩེ། །རྡོ་རྗེ་མཁའ་འགྲོ་མའིའོ། །ཡེ་ཤེས་པདྨར་དེ་བཞིན་སྦྱར། །སྔ་མ་དང་ནི་རྒྱབ་སྦྱར་བྱ། །མཁའ་འགྲོ་དྲག་མོའིའོ། །གཉིས་ཀ་ཐལ་མོ་སྦྱར་ནས་སུ། །ཅུང་ཟད་ཕྱེ་སྟེ་ཁ་རུ་བཞག །རོ་ལངས་མའིའོ། །རྡོ་རྗེ་ཁུ་ཚུར་དམ་ བཅིངས་ནས། །དཀར་པོ་དང་ནི་གི་ཝང་བརྐྱང་། །རིན་ཆེན་ཚུལ་དུ་སྦྱར་ནས་ཀྱང་། །གཏུམ་མོ་ལ་ནི་བསྟན་པར་བྱ། །གཏུམ་མོའིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །དཀར་པོ་གི་ཝང་སྒྲོག་ཏུ་སྦྲེལ། །སེང་གེ་མའིའོ། །དེ་ཉིད་བརྟན་པོར་བཅིངས་ནས་སུ། །དྲི་མ་གསུམ་དང་དུད་ པ་བསྒྲེང་། །འུག་པ་མ་ལ་སོགས་པའིའོ། །ཉི་མ་ཟླ་བ་སྦྱར་ནས་སུ། །དགོད་ཅིང་ཁ་རུ་གཞུག་པར་བྱ། ཨོཾ་ཕཾ་ཕུཾ་སྭཱ་ཧཱ། མཁའ་འགྲོ་མའིའོ། །ཐལ་མོ་སྦྱར་ཏེ་སྤྱི་བོར་གཞག །ཨོཾ་ཕེཾ་ཕུཾ་སྭཱ་ཧཱ། མེ་འབར་མའིའོ། །ཡི་དགས་ཐལ་མོ་ཁ་རུ་གཏོར། །ཨོཾ་ཕྲོཾ་ཕུཾ་སྭཱ་ཧཱ། འཇིབ་ བྱེད་མའིའོ། །ཟླ་བ་ཁུ་ཚུར་བརྟན་བཅིངས་ནས། །རྣ་བའི་རྩ་བར་གཞག་པར་བྱ། །ཨོཾ་ཕྲིཾ་ཕུཾ་སྭཱ་ཧཱ། འཕྲོག་བྱེད་མའིའོ། །ཟླ་བའི་ལག་པ་བརྐྱང་ནས་སུ། །རྣམ་ཤེས་དང་ནི་འཇིགས་པར་སྦྱར། །དེ་ཡི་སྟེང་དུ་ཉི་མས་གདབ། །སྤོས་མོ་སོགས་པར་རབ་ཏུ་གྲགས། །ཨོཾ་ ཧཿཧོཿཧྲཱིཿསྭཱ་ཧཱ། སྦོས་མོ་ལ་སོགས་པའིའོ། །ཉི་མ་ཟླ་བ་བརྐྱང་ནས་སུ། །ཁ་སྦྱར་ནས་ནི་སྟེང་དུ་བཞག །ཨོཾ་གྷྲཱིཾ་གྷྲ་སྭཱ་ཧཱ། དྲག་མོ་ལ་སོགས་པའིའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །ཉི་མ་ཟླ་བ་ཕྱེ་སྟེ་སྤྲོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དྲག་ཤུལ་ཅན་མ་ལ་སོགས་པའིའོ། ། ཉི་མ་ཟླ་བ་རབ་བརྐྱང་ནས། །རྒྱབ་དང་རྒྱབ་གཉིས་སྦྱར་བྱ་སྟེ། །ལག་པ་ཡི་ནི་སོར་མོ་རྣམས། །ཕན་ཚུན་རྩེ་མོ་སྒྲོག་ཏུ་སྦྲེལ། །ཨོཾ་བཏྟཱ་ལི་ཧཱུཾ་སྭཱ་ཧཱ། ཐོད་པ་ཅན་ལ་སོགས་པའིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྐེད་པའི་མཚམས་སུ་གཞག་པར་བྱ། །སྙེམས་དང་བཅས་པ་ རབ་བརྟགས་ནས། །སྒེག་མོ་ཡི་ནི་དམ་ཚིག་འགྱུར། །ཨོཾ་ཧཱུཾ་སྭཱ་ཧཱ། སྒེག་མོའོ། །ཟླ་བའི་ལག་པ་བརྐྱང་ནས་སུ། །རྣམ་ཤེས་དང་ནི་འཇིགས་པར་སྦྱར། །ཉི་མའི་ལག་པས་གཟུང་བར་བྱ། །དྲི་ཡི་དུང་ཞེས་བྱ་བར་གྲགས། །ཨོཾ་སུ་གནྡྷེ་ཧཱུཾ་སྭཱ་ཧཱ། དྲིའིའོ། །ཟླ་བའི་ཐལ་མོ་གཤིབས་ཏེ་བརྐྱང་། །གྲུ་མོ་ གྱེན་དུ་བསྒྲེང་བར་བྱ། །ཉི་མའི་སོར་མོ་བསྒྲེང་བ་ནི། །པི་ཝང་ཕྱག་རྒྱ་ཞེས་བྱར་གྲགས། །ཨོཾ་ཧཱུཾ་ཧོ་སྭཱ་ཧཱ། པི་ཝང་མའིའོ། །ཟླ་བ་ཉི་མ་སྙིམ་པར་སྦྱར། །གྱེན་དུ་བསྐྱོད་དེ་གཏོར་བར་བྱ། །མེ་ཏོག་སྙིམ་པ་སྦྱོར་བ་ཡིས། །མེ་ཏོག་གི་ནི་དམ་ཚིག་འགྱུར། །ཨོཾ་སྲིཾ་སྭཱ་ཧཱ། མེ་ ཏོག་གིའོ། །ཁུ་ཚུར་བཅིངས་ནས་དཀར་པོ་བསྒྲེང་། །ཧཱུཾ་ཧཱུཾ་ཞེས་བྱས་བསྐྱོད་པར་བྱ། །ཁ་རུ་བྱུག་པའི་ཚུལ་བྱས་པ། །གླུ་མཁན་མ་ཡི་དམ་ཚིག་བཤད། །ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། གླུ་མཁན་མའིའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །ཟླ་བས་མཁྲིག་མར་བཟུང་ནས་སུ། །བདུག་སྤོས་ དབུལ་བའི་ཚུལ་བྱས་པ། །བདུག་སྤོས་ཀྱི་ནི་དམ་ཚིག་བཟུང་། །ཨོཾ་ཨི་སྭཱ་ཧཱ། བདུག་སྤོས་ཀྱིའོ། །རྐེད་པ་གཡས་ཀྱི་ཆ་རུ་ནི། །ཟླ་བའི་ལག་པ་བཞག་ནས་ཀྱང་། །ཉི་མའི་ལག་པ་བསྐྱེད་དེ་བཟུང་། །དེ་ཡི་ཕྱག་རྒྱ་འཛིན་པར་འགྱུར། །ཨོཾ་སུ་ནྲྀ་ཏྱེ་ཧཱུཾ་སྭཱ་ཧཱ། གར་གྱིའོ། ། ཕྱག་འཚལ་ཐལ་མོ་སྦྱར་བྱས་ནས། །སྤྱི་བོའི་སྟེང་དུ་གཞག་པར་བྱ། །ལུས་ནི་གཡོན་དུ་ཅུང་ཟད་དགུག །མར་མེའི་ཕྱག་རྒྱ་ཞེས་བྱར་གྲགས། །ཨོཾ་ཧཱུཾ་ཀྵུ་སྭཱ་ཧཱ། མར་མེའིའོ། །ཉི་མའི་ལག་པ་བརྐྱང་ནས་སུ། །དཀར་པོ་དང་ནི་ཡེ་ཤེས་སྦྱར། །དུ་བ་ལ་སོགས་བསྒྲེང་བར་བྱ། །འདི་ནི་རྡོ་རྗེའི་ ཕྱག་རྒྱར་གྲགས། །ཨོཾ་ཧཱུཾ་སྭཱ་ཧཱ། རྡོ་རྗེའི་སྔགས་དང་ཕྱག་རྒྱའོ། །དེ་ལྟར་ཟླ་བའི་ལག་བྱས་པ། །དྲིལ་བུའི་ཕྱག་རྒྱ་ཞེས་བྱར་གྲགས། །ཨོཾ་ཧོ་སྭཱ་ཧཱ། དྲིལ་བུའི་སྔགས་དང་ཕྱག་རྒྱའོ། །ཉི་མ་ཟླ་བ་ཁ་སྦྱར་ཏེ། །གསང་བའི་གནས་སུ་བཞག་ནས་ཀྱང་། །པདྨ་ས་གདུགས་བསྐྱོད་པར་བྱ། ། ཨཱ་ལིའི་ཕྱག་རྒྱ་ཞེས་བྱར་གྲགས། །ཨོཾ་ཨ་སྭཱ་ཧཱ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱའོ། །ཡེ་ཤེས་ཀྱིས་ནི་པདྨ་གནོན། །ལྷག་མ་གསུམ་ནི་བརྐྱང་སྟེ་བསྒྲེང་། །རྣལ་འབྱོར་རྣལ་འབྱོར་མ་དཀྱིལ་འཁོར། །མཚོན་ཆའི་ཕྱག་རྒྱ་ཞེས་བྱར་གྲགས། །ཨོཾ་ཏཱིཀྵྞ་ཧཱུཾ་སྭཱ་ཧཱ། མཚོན་ཆའི་ སྔགས་དང་ཕྱག་རྒྱའོ། །ཟླ་བའི་ལག་པ་དེ་བཞིན་དུ། །བྱས་པ་བདེ་བར་གཤེགས་པ་ཡི། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ། །མཚོན་ཆ་མེད་པའི་ཕྱག་རྒྱར་བཤད། ཨོཾ་གྷུར་ནི་དྷ་ཧཱུཾ་ཕཊ། མཚོན་ཆ་མེད་པ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །མཚན་མར་བཅས་པ་གཞན་ལ་ནི། །ཕྱག་རྒྱ་ཆེ་ཉིད་ལས་ ཕྱག་རྒྱ། །སྔགས་ཀྱང་སྔར་གསུངས་བཞིན་དུ་བསྟན། །འཇིག་རྟེན་འཇིག་རྟེན་འདས་ཀུན་གྱིས། །ཕྱག་རྒྱ་ཆེན་པོའང་སྔར་བསྟན་བཞིན། །སོ་སོའི་མཚན་མ་རྒྱན་དང་ནི། །ན་བཟའ་ཁ་དོག་ཆ་ལུགས་བཅས། །ཕྱག་རྒྱ་ཆེན་པོའིའོ། །དེ་ལྟར་ཕྱག་རྒྱ་བཞི་ཡི་ནི། །ཕྱག་རྒྱས་བཏབ་ནས་ སྔར་བཤད་བཞིན། །རྐང་སྟབས་བརྒྱད་དང་བསྲུང་བརྒྱད་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །དབང་བསྐུར་ནས་ནི་གོ་ཆ་བསྐོན། །དར་དཔྱངས་ཀྱིས་ནི་མཉེས་པར་བྱ། །མཆོད་ཡོན་ཞབས་བཀྲུ་ཕུལ་ནས་སུ། །མེ་ཏོག་སོགས་པས་མཆོད་པར་བྱ། །འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་ ལྷ་རྣམས་ཀྱི་ཕྱག་རྒྱ་བཞིས་རྒྱས་གདབ་བའི་ཆོ་ག་སྟེ་བཅོ་ལྔ་པའོ།། །།དེ་ནས་པད་ཀོར་སྔོན་འགྲོ་བའི། །སྒེག་པའི་ཚུལ་གྱིས་སྒེག་པའོ། །པི་ཝང་ཚུལ་གྱིས་པི་ཝང་དང་། །གླིང་བུའི་ཚུལ་གྱིས་འབུད་པ་དང་། །སིལ་སྙན་ཚུལ་གྱིས་དཀྲོལ་བ་དང་། །བརྡབ་པའི་ཚུལ་གྱིས་རྡེབ་པ་དང་། ། གར་གྱི་ཚུལ་གྱིས་ཡན་ལག་བསྐྱོད། །རླུང་ཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང་། །བླ་རེའི་ཚུལ་གྱིས་བྲེ་བ་དང་། །བ་དན་ཚུལ་གྱིས་འཕྱར་བ་དང་། །གདུགས་ཀྱི་ཚུལ་གྱིས་གདབ་པ་དང་། །ཅང་ཏེའུའི་ཚུལ་གྱིས་རྡེབ་པ་དང་། །རྔ་ཡི་ཚུལ་གྱིས་བརྡུང་བ་དང་། ། བཞད་པའི་ཚུལ་གྱིས་འཛུམ་པ་དང་། །གར་གྱི་ཚུལ་གྱིས་གར་བྱེད་པ། །ཁྲོ་བའི་ཚུལ་གྱིས་ཁྲོ་བ་དང་། །སྒེག་པའི་ཚུལ་གྱིས་སྒེག་པ་དང་། །འགྱིང་བའི་ཚུལ་གྱིས་འགྱིང་བ་དང་། །མདའ་འདྲེན་ནུ་མ་འཁྱུད་པ་དང་། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་བའི། །ཚུལ་གྱིས་འདུད་པར་བྱེད་པ་སྟེ། །ཕྱག་ རྒྱའི་མཆོད་པ་ཉི་ཤུ་ཉིད། །ཧཱུཾ་གི་གླུ་དང་སྦྱར་བར་བྱེད། །རྡོ་རྗེ་དྲིལ་བུ་རོལ་བཅས་པ། །གླུ་ཡི་སྒྲ་ཡིས་དགང་བར་བྱ། །དཔལ་གྱི་འབྲས་བུ་འམ་གཞན་ཡང་རུང་། །འབྲས་བུ་སྣ་ཚོགས་དབུལ་བར་བྱ། །ཉི་མ་ཟླ་བ་ཁ་སྦྱར་ཏེ། །འབྲས་བུའི་ཚུལ་དུ་བྱས་ལའང་དབུལ། །ཨོཾ་ཛྲིཾ་སྭཱ་ཧཱ། འབྲས་ བུ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱའོ། །དེ་ནས་བདུད་རྩི་ལྔ་པོ་ཉིད། །མཁས་པས་དེ་ཁོ་ན་ཡིས་དབུལ། །ཉ་ཕྱིས་སྣོད་ནི་བཀང་ནས་སུ། །ཉི་མའི་པདྨར་གཞག་པར་བྱ། །རྣམ་ཤེས་འཇིགས་པར་སྦྱར་ནས་སུ། །དེ་ཉིད་ཐམས་ཅད་རིག་པས་དབུལ། །ལྷ་གསུམ་གྱིས་ནི་བསྲུབས་ནས་ ཀྱང་། །ཐིགས་པའི་ཐོར་མ་ཀུན་ལ་དབུལ། །སྣོད་བརྒྱད་དག་ནི་བཀང་ནས་ཀྱང་། །གནས་བརྒྱད་དག་ཏུ་དབུལ་བར་བྱ། །ལྕགས་ཀྱུ་ལྔ་ལ་སོགས་པ་དག །དེ་བཞིན་དེ་ཉིད་རིག་པས་དབུལ། །བཟའ་དང་བཅའ་བ་སྣ་ཚོགས་སོགས། །ཀུན་ནས་ཐམས་ཅད་དབུལ་བར་བྱ། ། ཨོཾ་སྲིཾ་གྷཾ་ཛྲཾ་ཨ་སྭཱ་ཧཱ། ལྕགས་ཀྱུ་ལྔའི་ཕྱག་རྒྱའོ། །ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་གུཾ་གུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཕེཾ་གུཾ་ཕེཾ་གུཾ་ཧཱུཾ་སྭཱ་ཧཱ། མཉེས་པ་ཆེན་པོའི་སྔགས་ཀྱིས་མཉེས་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ། །དེ་ཉིད་རིག་པས་རྡོ་རྗེ་གསོར། །རྡོ་རྗེ་མཛེས་པ་གསོར་བ་ཡིས། །སེམས་ཅན་འཁོར་བ་ལས་གྲོལ་ཞིང་། ། ཐར་པ་ཐོབ་པར་མཛད་པ་སྟེ། །དགའ་དང་བཅས་པས་རྡོ་རྗེ་བཟུང་། །རྡོ་རྗེ་གསོར་བའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །པདྨ་དང་ནི་ས་གདུགས་སྦྲེལ། །ཧཱུཾ་ཞེས་བྱ་བས་བསྐྱོད་པར་བྱ། །ཨོཾ་བཛྲ་གྷཎྜེ་ཧཱུཾ་ཧོཿ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སརྦ་བུདྡྷ་པྲ་ ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་ན་ད་སྭ་བྷཱ་བེ་བཛྲ་དྷ་ར་ཧྲྀ་ད་ཡ་ཨ་བ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱཿསྭཱ་ཧཱ། རྡོ་རྗེ་དྲིལ་བུའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་དྲིལ་བུའི་སྒྲ་དང་ནི། །དེ་ཁོ་ན་ཡིས་མཆོད་ནས་སུ། །མེ་ཏོག་དཀར་པོ་བདུག་པ་དང་། །སཱ་ལུའི་ཟན་དང་ཞོ་རུ་བཅས། །བུ་རམ་སྦྲང་རྩི་བསྲེས་ནས་ནི། །དབང་ལྡན་ མཚམས་སུ་འབད་དེ་མཆོད། །མེ་ཏོག་དཀར་སོགས་བདུག་པ་དང་། །ཆང་གི་སྣོད་ནི་རྒྱ་ཆེར་བཅས། །ལྷ་བཤོས་སྣ་ཚོགས་མཆོད་པ་ནི། །རླུང་གི་མཚམས་སུ་དབུལ་བར་བྱ། །ཉ་དང་ཤ་དང་སྲན་ཆན་བཅས། །སྣོད་ནི་ཡོངས་སུ་བཀང་ནས་སུ། །ཏིལ་ཁུར་ལ་སོགས་བཟའ་དང་ བཅས། །བདེན་བྲལ་དུ་ནི་དབུལ་བར་བྱ། །ཞོ་དང་སྦྲང་རྩི་མར་དུ་བསྲེ། །བཟའ་བ་ཞིམ་པོར་བཅས་བ་དག །བློ་དང་ལྡན་པས་མེ་མཚམས་སུ། །ཁྱད་པར་དུ་ནི་དབུལ་བར་བྱ། །དྲི་དང་མེ་ཏོག་རྒྱ་ཆེན་དང་། །བདུག་སྤོས་མར་མེ་རྒྱ་ཆེན་དང་། །གཏོར་མའི་མཆོད་པ་རྒྱ་ ཆེན་རྣམས། །དད་དང་ལྡན་པས་གནས་ནས་དབུལ། །ཕྱི་རོལ་མཚམས་བཞི་གཏོར་མའི་མཆོད་པའི་ཆོ་ག་སྟེ་བཅུ་དྲུག་པའོ།། །།མཉམ་ཉིད་ཡེ་ཤེས་ལས་བསྐྱོད་པ། །སློབ་དཔོན་ཤིན་ཏུ་མཉམ་གཞག་པས། །ཉི་མས་རྡོ་རྗེ་གསོར་བ་དང་། །ཟླ་བས་དྲིལ་བུ་གསིལ་ནས་ནི། ། སྒེག་ཅིང་དགོད་པའི་བཞིན་གྱིས་ནི། །ཐམས་ཅད་ཀུན་ནས་མཆོད་པར་བྱ། །ཧཱུཾ་གི་གླུ་ཡི་ཚུལ་གྱིས་ནི། །རྣལ་འབྱོར་མ་ཀུན་མཉེས་བྱ་སྟེ། །མདའ་དང་གཞུ་ལ་སོགས་པ་ཡི། །ཕྱག་རྒྱ་དང་ནི་ལྡན་པར་བྱ། །གང་དག་གང་གི་རྒྱ་འཆིང་བ། །དེ་དང་དེ་གཟུགས་མཚོན་པར་བྱ། ། ཧཱུཾ་གི་སྒྲ་ནི་སྙན་པ་ཡི། །བཀྲ་ཤིས་གླུ་ཡིས་ཡོངས་སུ་བཀང་། །སེམས་དཔའ་ཆེན་པོ་དང་པོ་མཆོག །དགྱེས་ཆེན་རྣམས་ཀྱི་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙེམས་པའི་བདག་པོའི་བདག །ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག །རྡོ་རྗེའི་རྡོ་རྗེ་ སྟོབས་པོ་ཆེ། །ཀུན་དུ་བཟང་པོ་སྤྱོད་པའི་མཆོག །བདུད་ཀྱི་བདུད་སྡེ་འཇོམས་པའོ། །སེམས་ཅན་ཀུན་གྱི་སེམས་བྱང་ཆུབ། །སངས་རྒྱས་བྱང་ཆུབ་མཆོག་སྐྱེས་མཆོག །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་མཛད་པ། །འཇིག་རྟེན་དབང་ཕྱུག་ནོར་སྦྱིན་པ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། ། འདོད་དང་ཐར་པ་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །མི་རྒྱུ་བ་ནི་མཆོག་ཏུ་གསལ། །ཤིན་ཏུ་ཕྲ་དང་སྦོམ་པའི་ཚོགས། །རྒྱུ་བ་རྣམས་ཀྱི་རབ་མཆོག་བརྙེས། །སྲིད་པའི་འཁོར་ལོ་སྦྱོང་མཛད་པ། ། ཐོག་མཐའ་མེད་ཅིང་གསལ་བ་མིན། །ཤེས་རབ་སྡུག་ལ་རྣམ་པར་གནས། །ཐུགས་ཀྱི་ཕྱག་རྒྱ་སྙོམས་ཞུགས་པ། །དེ་ཉིད་སེམས་དཔའ་ཆེ་བས་ཆེ། །རྡོ་རྗེ་ཁྲོ་བོ་ཁྲོ་ཆེན་པོ། །འཇིགས་པའི་མེ་ནི་འདུལ་བར་མཛད། །བདུག་པ་མཆོག་ནི་འདུལ་བ་ཆེ། །དྲག་པོའི་དྲག་ མཆོག་འཇིགས་བྱེད་པ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ། །ཆོས་ཀྱི་ལས་ཆེན་འཛིན་པ་པོ། །དམ་ཆོས་ལས་ནི་བཟང་པོའི་ལམ། །བྱང་ཆུབ་སེམས་ནི་སྦྱོང་བར་མཛད། །ཐམས་ཅད་དག་ཏུ་པདྨ་ཆེ། །ཤེས་རབ་ཐབས་ཀྱི་ནོར་ཆེ་བ། །འདོད་ཆགས་དག་པའི་ཏིང་འཛིན་ མཆོག །སྣ་ཚོགས་ཆགས་པ་དབང་ཕྱུག་ཆེ། །ནམ་མཁའ་མཐའ་ཡས་རྟག་པའི་དོན། །སེམས་ཅན་ཀུན་གྱི་གནས་ཆེན་པོ། །དཔལ་གྱི་འབྱོར་པས་འབྱོར་པའི་རྒྱལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཕྱག་འཚལ་ འདུད་ཅིང་ཕྱག་འཚལ་འདུད། །དད་པས་ཁྱོད་ལ་འདུད་བགྱིད་པས། །དེང་བདག་རྡོ་རྗེ་སེམས་གྲུབ་མཛོད། །ཐམས་ཅད་རྣམ་པར་དག་པ་དམ་པ་དང་པོའི་བསྟོད་པས་མཆོད་པའི་ཆོ་ག་སྟེ་བཅུ་བདུན་པའོ།། །།དེ་ནས་རྡོ་རྗེ་དྲིལ་སྒྲར་བཅས། །སླར་ཡང་བསྟོད་ པས་མཉེས་པར་བྱ། །ཧཱུྃ་ཞེས་བྱ་དང་སྣ་ཚོགས་པའི། །རྡོ་རྗེ་གླུ་ཡིས་གླུ་བླང་བྱ། །ཧཱུཾ་ཧཱུཾ་ཧཱུཾ། འཁོར་བ་མཆོག་གི་སྐུ་འཛིན་པ། །ཕན་ཚུན་འཁྱུད་པའི་སྦྱོར་བ་འཆང་། །རྡོ་རྗེ་འཛིན་པ་ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཞབས་མཆོག་ལྷ་མཆོག་གིས་འདུད་པ། །མེ་ཏོག་ལས་སྤྲུལ་ཁྲོ་དང་བཅས། །ཀྱེའི་རྡོ་རྗེ་ ཁྱོད་ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། དངོས་ལས་གྲོལ་བའི་དོན་གྱི་ཕྱིར། །གསང་བ་ངེས་པར་འཆིང་མཛད་པ། །རོལ་ཅིག་རོལ་ཅིག་རྡོ་རྗེ་ཁྱོད། །གསང་བ་འཛིན་པའི་དགོངས་པ་མཛད། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། རིན་ཐང་མེད་པའི་བདུད་རྩི་ཡིས། །སེམས་ཅན་རྣམས་ནི་ཁྱོད་ཀྱིས་བཀྲུས། ། བདག་ནི་འཁོར་བ་ལས་གྲོལ་བ། །ཁྱོད་ནི་གུས་དང་བཅས་པས་འདུད། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། གླང་ཆེན་མཆོག་གི་སྟེང་བཞུགས་ཤིང་། །སྐུ་ནི་དུང་ལྟར་དཀར་བས་མཛེས། །མཐའ་ཡས་དུག་གིས་བརྒྱན་པའི་སྐུ། །ཤར་གཙོ་རྡོ་རྗེ་མ་ལ་འདུད། །གསེར་གྱི་མཆོག་ལྟར་ མཛེས་པའི་སྐུ། །ཤིན་ཏུ་དྲག་པོའི་སྦྲུལ་གྱིས་བརྒྱན། །མཛེས་པའི་བཟའ་བཀང་ཐོད་པ་ཅན། །བྱང་གི་ལྷ་མོ་རྒྱལ་གྱུར་ཅིག །པདྨ་དམར་ལྟར་མཛེས་པའི་སྐུ། །ཧཱུྃ་གི་ང་རོས་འཇིགས་པར་མཛད། །དྲག་པོའི་དབྱུག་པ་ཐོད་པ་བསྣམས། །ནུབ་ཀྱི་ལྷ་མོའི་གཙོ་ལ་འདུད། །འོད་ ཟེར་དྲ་བ་སྔོན་པོས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །བདུད་འདུལ་ཕྱིར་ན་ཁྲོ་གཟུགས་འཛིན། །ཧཱུཾ་མཛད་ལྷ་ཡི་ལྷ་མོར་འདུད། །ཧཱུཾ་ཧཱུཾ་ཧཱུཾ། སངས་རྒྱས་ལྔ་ཡི་མཁའ་འགྲོ་མ། །ལྔ་ལྔ་རྣམ་པར་དག་པ་ཡི། །རྣལ་འབྱོར་མ་ཀུན་དེ་ཉིད་སྤྲུལ། །སྟོང་དང་སྟོང་མིན་ འཁོར་བའི་དངོས། །དངོས་དང་དངོས་མིན་གྲོལ་བ་ཉིད། །དེ་འདྲའི་སྐུ་ནི་དབུས་བཞུགས་ནས། །རྣལ་འབྱོར་མ་ཡི་ཚོགས་ཀྱིས་བསྐོར། །སངས་རྒྱས་མཁའ་འགྲོ་མ་ཡི་སྐུ། །དཀྱིལ་འཁོར་བྱ་བ་དེ་ཡིས་མཉེས། །གླུ་སོགས་ཆགས་པའི་རང་བཞིན་ཉིད། །བཟའ་དང་བཟའ་ མིན་སྔོན་ནས་སྤངས། །སྟོང་པ་ཡི་ནི་རྡོ་རྗེ་ཡིས། །པདྨ་ལ་ནི་བསྐྱོད་པར་མཛད། །བདུད་རྩི་ལྔ་ཡིས་བདག་ལ་བཀྲུས། །ལྕགས་ཀྱུ་གསོལ་བའི་སྦྱོར་བ་བརྟེན། །བཞེངས་ཤིང་ཁ་སྦྱོར་སྦྱོར་བ་མཛད། །དམ་ཆོས་སྙིང་པོ་རྒྱས་མཛད་མ། །དམ་ཆོས་ཐར་པའི་གཅོ་བོའི་གཙོ། །ཡང་ དག་རྒྱལ་བ་འཁོར་བ་སྤངས། །དཀྱིལ་འཁོར་སྤྲོས་པས་འགྲོ་བ་སྒྲོལ། །བདུད་གསོལ་སེང་གེ་མ་ཡི་སྐུ། །སྟག་མོས་ཤིན་ཏུ་སྐྲག་པར་མཛད། །འུག་པའི་སྒྲ་ཡིས་ཀུན་སྐྲག་ཅིང་། །ཕེཾ་ཕེཾ་སྒྲོགས་པས་སྡང་ལུས་གཟིགས། །དཔའ་བོ་རྡོ་རྗེ་ཁྱོད་ལ་འདུད། །འཁོར་བ་ སྒྲོལ་བ་ཁྱོད་ལ་འདུད། །གསང་བའི་བདུད་རྩི་གསོལ་ལ་འདུད། །གུས་དང་བཅས་པས་ཕྱག་འཚལ་ལོ། །དེ་ཉིད་སྦྱོར་བས་གླུ་བླངས་པ། །ལྔ་ལྡན་དབྱངས་དང་སྦྱོར་བ་སྔགས། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །འབྲས་དེ་སྣ་ཚོགས་མཆོད་པར་བྱ། །དཔལ་ལྡན་དེ་ཉིད་ རྒྱལ་པོ་དམ་པའི་དབང་ཕྱུག་རལ་པའི་ཅོད་པ་ན་མཛེས། །དཔལ་ལྡན་གསང་བའི་གདན་ལ་སྐུ་མཆོག་འོད་ཟེར་འབར་ལྡན་པ། །དཔལ་ལྡན་རྡོ་རྗེ་དྲིལ་བུ་བསྐྱོད་སྒྲ་རྣལ་འབྱོར་དེ་ཉིད་ཅན། །དཔལ་ལྡན་ཡེ་ཤེས་བརྙེས་པདམ་པའི་དབང་ཕྱུག་ལོངས་སྤྱོད་རྣམས་ལ་སྤྱོད། །ཅེས་བྱ་བའི་སྣ་ ཚོགས་པའི་གླུ་དང་བསྟོད་པས་མཉེས་པར་བྱས་ལ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །སྙིང་ཁ་རུ་ནི་གཟུང་བྱས་ལ། །ཨོཾ་ཤུདྡྷ་དྷརྨཱ་ཧཱུཾ་ཧཱུཾ་ཨ་ཨ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མཆོད་པར་བྱའོ། །འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་གླུས་མཉེས་པར་བྱ་བའི་ཆོ་ག་སྟེ་བཅོ་བརྒྱད་ པའོ།། །།དེ་ནས་བློ་དང་ལྡན་པ་ཡིས། །གལ་ཏེ་འབྱོར་ན་གཞན་དང་བཅས། །ཚོན་ཆེན་གྱི་ནི་གོས་དག་གམ། །དར་སོགས་སར་པ་བགོས་ནས་ནི། །རྡོ་རྗེ་དྲིལ་བུ་དེ་བཞིན་དུ། །རྒྱན་རྣམས་ཀུན་གྱིས་མཛེས་པར་བྱ། །བརྒྱ་བྱིན་གདུགས་ནི་ཐོགས་པ་དང་། །ཚངས་པ་ བསིལ་ཡབ་གཡོབ་དང་བཅས། །སེང་གེ་མདུན་གནས་གསོལ་ཀ་བ། །འཕྲོག་བྱེད་ཡོན་ཏན་སྒྲོགས་པར་བྱེད། །རོལ་པའི་གདན་ལ་གནས་པ་ཡིས། །ཧཱུཾ་ཞེས་བརྗོད་ཅིང་ཤར་དུ་བལྟ། །ཉི་མས་རྡོ་རྗེ་གསོར་ནས་ནི། །ཟླ་བས་དྲིལ་བུ་གསིལ་ནས་ཀྱང་། །དྲེ་དཀར་མཎྜལ་གྲུ་ བཞིར་བྱ། །མེ་ཏོག་དཀར་པོ་གཅལ་དུ་བཀྲམ། །དྲི་དང་མེ་ཏོག་སོགས་སོན་པའི། །སཱ་ལུའི་འབྲས་ཟན་རྒྱ་ཆེ་བ། །ཞོ་དང་བུ་རམ་མར་འོ་ཐུག །ཤར་གྱི་སྒོར་ནི་སྦྱིན་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །པདྨ་ས་གདུགས་ སྦྲེལ་ནས་སུ། །དཀར་པོ་དང་ནི་གི་ཝང་བསྒྲེང་། །དཀར་པོ་ཅུང་ཟད་དགུག་པ་ཡིས། །ལྷ་དང་ལྷ་མིན་གྲུབ་པ་དགུག །ཨོཾ་བཏྟཱ་ལི་མ་ཧཱ་བཏྟཱ་ལི་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ། ཤར་གྱི་སྒོར་དགུག་པའི་སྔགས་དང་ཕྱག་རྒྱའོ། །ཟླ་བས་སྣོད་ལ་རེག་ནས་ནི། །ཉི་མས་རྡོ་རྗེ་ཁུ་ཚུར་བཅིངས། ། དཀར་པོ་བསྒྲེང་སྟེ་རོལ་པ་ཡི། །སྟབས་ལ་གནས་ནས་བརྗོད་པར་བྱ། །ཨོཾ་རྒྱུ་བ་དང་ནི་ཆེར་རྒྱུ་མ། །ཡི་དགས་རྒྱུ་བ་ཉི་མ་ཟླ། །དངོས་གྲུབ་གདོང་དང་རྒྱལ་བ་དང་། །རྟ་ཡི་རྒྱལ་དང་ཟླ་བའི་རྒྱལ། །ལྷ་མོ་ཨུ་མ་གང་གཱ་དང་། །གཟུགས་མཛེས་སྐར་མ་འདུས་པ་དང་། །བཟའ་ རྣམས་ཀུན་དང་ཚོགས་ཀྱི་གཙོ། །ཀརྟི་ཀ་དང་དཔལ་ལྡན་མ། །ལྷ་མོ་རི་བོང་འཛིན་པ་ཉིད། །ལྷག་པ་དང་ནི་ལྷག་པ་ཆེ། །ལྷ་ཡི་རྒྱལ་པོ་ལྷ་མིན་རྒྱལ། །པུཀྐ་སཱི་དང་སྒོས་ཆེན་མོ། །ཧཱུཾ་ཧོ་ཧོ་ཨཱ་ཀརྵ་ཡ་ཨཱ་ཀཪྵ་ཡ་ས་མ་ཡ་ཨ་ཏི་བཾ་ཧཱུཾ་ཕཊ་ཛཿསྭཱ་ཧཱ། སྤྱན་དྲང་བའི་སྔགས་དང་ཕྱག་རྒྱའོ། ། སྤྱན་དྲངས་པའི་ཕྱག་རྒྱ་ལས། །དཀར་པོ་གི་ཝང་དཀྲི་པར་བྱ། །ཨོཾ་བྷ་ཀྵ་བྷཀྵ་ས་མ་ཡ། །ཨ་དྷི་པ་ཏི་ཛུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་མཉེས་པར་བྱས་ལ་སྔགས་དང་ཕྱག་རྒྱས་བཏང་བར་བྱའོ། །དེ་ནས་བྱང་ཕྱོགས་སྒོ་རུ་ནི། །མཉམ་པའི་སྟབས་སུ་གནས་ནས་ཀྱང་། །ཉི་མས་རྡོ་རྗེ་ གསོར་བ་དང་། །ཟླ་བས་དྲིལ་བུ་དཀྲོལ་ལྡན་པས། །མཎྜལ་དཀར་པོས་བྱུག་པ་ལ། །འོ་མའི་སྣོད་ལ་སོགས་པ་བཞག །མེ་ཏོག་དཀར་དང་བདུག་པ་དང་། །འོ་མར་བཅས་པའི་ལྷ་བཤོས་དབུལ། །སྔར་གྱི་ཕྱག་རྒྱས་དགུག་པ་དང་། །སྔགས་ཀྱང་དེ་ནི་སྦྱར་བར་བྱ། །ཟླ་བ་ཁུ་ ཚུར་བརྟན་བཅིངས་ལ། །རྣམ་ཤེས་དང་ནི་ས་གདུགས་བརྐྱང་། །ཉི་མའི་ལག་པ་ལེགས་བརྐྱང་སྟེ། །གདེངས་ཀའི་ཚུལ་དུ་སྟེང་དུ་སྦྱོར། །ཕྱག་རྒྱས་སྣོད་ལ་རེག་ནས་ནི། །ཕྱི་རོལ་བྱང་དུ་དགུག་པར་བྱ། །ཨོཾ་མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་རྣམས། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །བེ་ཅོན་འཛིན་དང་བེ་ཅོན་ཆེ། །སྙིང་པོ་མེད་དང་གུ་ལི་ཏ། །དགའ་བོ་དང་ནི་ཉེ་དགའ་དང་། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །གདུང་བ་དང་ནི་གདུང་ཆེན་མོ། །དཔལ་གྱི་ འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་བཟང་དང་། །གཟུགས་ཆེན་སྦྲུལ་བཟང་ལྟོ་འཕྱེ་ཆེ། །སྨིག་རྒྱུ་དང་ནི་སྨིག་རྒྱུ་ཆེ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་བ་ཕྲུཾ་ཕཊ་སྭཱ་ཧཱ། བྱང་ཕྱོགས་སུ་ཀླུ་ལ་གཏོར་མ་བྱིན་ནས་སེ་གོལ་གསུམ་གྱིས་བཏང་པར་བྱའོ། ། ཟླུམ་པོའི་སྟབས་གནས་སྦྱོར་བའི་བདག །ནུབ་ཀྱི་ཕྱོགས་གྱི་ཆ་རུ་ནི། །མཎྜལ་དམར་པོས་བྱུག་ནས་སུ། །མེ་ཏོག་དམར་པོ་གཅལ་དུ་བཀྲམ། །གནོད་སྦྱིན་གྱི་ནི་དབང་པོ་རྣམས། །སྔར་གྱི་ཕྱག་རྒྱས་དགུག་པར་བྱ། །མེ་ཏོག་དྲི་ལ་སོགས་ལྡན་པའི། །གཏོར་མ་བདུད་རྩི་ལྔ་དང་བཅས། ། སྔོན་གྱི་རྐང་སྟབས་བསྐྱོད་ནས་ནི། །ནུབ་ཏུ་གནོད་སྦྱིན་དབང་པོ་མཆོད། །ཨོཾ་ནོར་བུ་བཟང་དང་གང་བ་བཟང་། །རྒྱལ་བ་བཟང་པོ་དགའ་བྱེད་ཕུར། །ཨོཾ་ཕུར་བུ་ཆེ་དང་པདྨའི་གཙུག །དུང་གི་གཙུག་ཕུད་དཀར་དང་ནི། །གར་ཆེན་འབིགས་པར་བྱེད་པ་དང་། །གཅོད་པར་བྱེད་དང་གང་ བར་བྱེད། །ནོར་དང་ནོར་མིན་ཤིན་ཏུ་ནོར། །གཟུགས་བཟང་རོལ་པ་རོལ་ཆེན་པོ། །དགོད་དང་རྩེ་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགས་མཛེས་རྣམས། །བདེ་བ་ཆེན་པོའི་བཀའ་འདི་ཡིས། །གནོད་སྦྱིན་གནོད་སྦྱིན་མོ་འདིར་ཤོག། །ཧཱུཾ་ཨཱ་བ་ད་ར་ཨཱ་བ་ད་ར། ཨོཾ་བཏྟཱ་ ལི་བཏྟཱ་ལི་བྷཀྵ་པྲི་ཡ། །ཡོ་གཱི་ནི་མ་དྷེ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཁུ་ཚུར་གཉིས་ནི་སྦྱར་ནས་སུ། །སྙིང་གའི་ཕྱོགས་སུ་བཙིར་བར་བྱ། །ཨོཾ་དཱ་ན་ཨ་དྷི་པ་ཏ་ཡེ་བཏྟཱ་ལི་ཕུཾ་སྭཱ་ཧཱ། ནུབ་སྒོར་གནོད་སྦྱིན་གྱི་གཏོར་མ་བྱིན་ལ། སེ་གོལ་ལན་གསུམ་གཏོགས་པར་བྱའོ། །གསུམ་གྱི་གསུམ་པ་དབུ་མ་ལ། །རྡོ་རྗེ་ རྐང་པས་མནན་ནས་སུ། །ཁྲག་གམ་དམར་པོའི་རྫས་ཀྱིས་ནི། །མཎྜལ་གྲུ་གསུམ་བྱུག་པར་བྱ། །མེ་ཏོག་དམར་པོ་བདུག་པ་སོགས། །ཉེ་བའི་ལོངས་སྤྱོད་གཏོར་མར་ལྡན། །ཤ་སྐམ་དང་ནི་ཉ་ལ་སོགས། །བཙོད་དང་ཁྲག་གིས་གང་བའི་སྣོད། །སྲན་ཆན་དང་ནི་ཏིལ་ཁུར་བཅས། ། བདུད་རྩི་ལྔ་དང་བཅས་པར་བྱ། །བཟའ་བཅའ་རྣམ་པ་སྣ་ཚོགས་པ། །ལྷོ་ཡི་སྒོར་ནི་སྦྱིན་པར་བྱ། །སྔར་གྱི་སྔགས་དང་ཕྱག་རྒྱ་ཡིས། །ལྷོ་ཡི་ལོགས་སུ་གནས་ཏེ་དགུག །རྔ་ཆེན་ལ་སོགས་གསུམ་བརྡུང་ཞིང་། །སྒྲ་ཆེན་པོ་ནི་དཀྲོལ་བར་བྱ། །ཨོཾ་ཤིང་ གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་བཞི་མདོའི་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང་། །སེམས་ཅན་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་མོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཙིགས་ དང་འཇིགས་བྱེད་དང་། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་བ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་པ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་ མ། །དབང་པོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཕྲེང་ཅན་ཁཊྭཱཾ་མ། །སྦྲུལ་ཆེན་རལ་ གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་ མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀྐ་ཀྐ་ཌྷ་ན་བབྦནྡྷ་ན་ཁཁྑཱ་ད་ན། སརྦ་དུཥྚཱ་ནཾ་ཧ་ན་ཧ་ན་གྷ་གྷ་གྷཱ་ཏ་ཡ་ཨ་མུ་ཀ་སྱཱ་ཤཱནྟིཾ་ཀུ་རུ་ཕཊ་ཛཿསྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །པདྨ་དང་ནི་ས་གདུགས་སྤྲེལ། ། དཀར་པོ་གི་ཝང་སྒྲོག་ཏུ་བྱ། །ཨོཾ་ཏིཥྛ་ཧཱུཾ་བྷཀྵ་བྷཀྵ་ཛཿསྭཱ་ཧཱ། ཞེས་བྱ་བས་ལྷོ་ཕྱོགས་སུ་གཏོར་མ་སྦྱིན་པར་བྱའོ། །མཚན་ཉིད་ཇི་ལྟར་གསུངས་པ་བཞིན། །ཕྱོགས་ནི་རྣམ་པ་བརྒྱད་པོ་ཡི། །སོ་སོ་ཡི་ནི་ས་མཚམས་སུ། །རྔ་ཆེན་ལ་སོགས་གསུམ་བཀྲོལ་ཞིང་། །རྡོ་རྗེ་དྲིལ་ བུ་དཀྲོལ་བར་བྱ། །དཀྱིལ་འཁོར་གྱི་ཕྱོགས་བརྒྱད་དུ་གཏོར་མས་མཆོད་པའི་ཆོ་ག་སྟེ་བཅུ་དགུ་པའོ།། །།དེ་ནས་ཤར་རམ་བྱང་དུ་ནི། །སློབ་མ་སྟ་གོན་གནས་པར་བྱ། །བླ་རེ་དག་ནི་བྲེས་ནས་སུ། །སྣ་ཚོགས་གོས་ཀྱང་དཔྱང་བར་བྱ། །སེང་གེའི་གདན་སོགས་ཁྲི་ལ་ནི། ། རྒྱན་དང་མཆོད་པ་ལ་སོགས་བྱ། །འབྱོར་ན་དཔའ་བོ་གཞན་ཡང་རུང་། །མེད་ན་བདག་ཉིད་གཅིག་པུ་ཡིས། །རྒྱན་རྣམས་ཀུན་གྱིས་ཀླུབས་ནས་ནི། །རྡོ་རྗེ་སེམས་སོགས་རྣལ་འབྱོར་བྱ། །སྙིང་གར་ཐལ་མོ་སྦྱོར་བ་ཡིས། །སློབ་མ་མདུན་དུ་གཞག་ནས་ནི། །ཆོ་ག་རྫོགས་པར་ མཆོད་ནས་ནི། །སོ་ཤིང་བཅའ་བ་ལ་སོགས་སྦྱིན། །ཨོཾ་ཨ་ཛི་ཧྭ་སཾ་བརྟ་ནི་ཧཱུཾ་ཕཊ། །སོ་ཤིང་གི་སྔགས་ཏེ། །ལན་བདུན་དུ་ནི་བཟླས་ནས་སུ། །སློབ་མ་ཀུན་ལ་བྱིན་ཏེ་བསྟན། །ཆུ་ཡི་སྔགས་ཀྱིས་བཟླས་ནས་སུ། །ཀུན་གྱིས་ཁ་ནི་བཀྲུ་བར་བྱ། །རྣམ་སྣང་མཛད་དང་མི་བསྐྱོད་པ། ། རིན་ཆེན་མཆོག་དང་འཇིག་རྟེན་དབང་། །དོན་ཡོད་གྲུབ་པ་ལ་སོགས་པ། །སངས་རྒྱས་བྱང་ཆུབ་སེམས་ཆེན་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་ཏེ། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་ བྱེད་ཚུལ་ཁྲིམས་ཏེ། །སོ་སོར་བདག་ཉིད་བརྟན་པོར་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག །སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོར་རེ་ཞིག་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །སོ་སོར་དེ་བཞིན་ཉིད་དུ་ གཟུང་། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ་ཆེན་པོའི་རེགས་དག་ ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པ་མཆོད་པའི་ལས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་གཟུང་། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་སེམས་ཅན་དགོད། །ཅེས་ བྱ་བ་ནི་སློབ་མས་ཞུས་པའི་ཚིག་གོ། །སློབ་དཔོན་གྱིས་ལན་བཏབ་པ། །ཐེག་པ་ཆེན་པོའི་འབྲས་འབྱུང་བའི། །དཔལ་ལྡན་མཆོག་གི་ལམ་འདི་ཡིན། །གང་གིས་ཁྱེད་རྣམས་གྲོལ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ལྷག་པར་གནས་བྱ་མཆོད་ནས་ནི། །ཇི་སྐད་ གསུངས་པའི་ཆོས་བཤད་བྱ། །ཐམས་ཅད་སེམས་ནི་ཚིམ་བྱས་ནས། །དེ་འོག་དཀྱིལ་འཁོར་བསྟན་པར་བྱ། །དེ་ནས་སློབ་དཔོན་རང་གནས་སུ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལྡན། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །སླར་ཡང་གླུ་ནི་བླང་བར་བྱ། །འཕྲོག་བྱེད་ཅོད་པན་ནོར་བུའི་འོད་ཀྱིས་ ཞབས་གཉིས་བརྒྱན། །ཡིད་འོང་ལྷ་མོས་ཐུགས་ཀ་དམ་པོར་བཙིར་བའི་སྐུ། །ཞབས་གཉིས་བསྐྱོད་པས་གསང་བ་ཕྱེ་ཞིང་པདྨར་སྦྱོར། །རྡོ་རྗེ་སེམས་མཛེས་དབང་ཕྱུག་དམ་པའི་གོ་འཕང་མཆོག །སློབ་མ་ལྷག་པར་གནས་པ་དང་སྡོམ་པའི་ཆོ་ག་སྟེ་ཉི་ཤུ་པའོ།། །།དེ་ནས་ ལྷ་རྣམས་ཚིམ་བྱེད་པའི། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །དཀྱིལ་འཁོར་གྱི་ནི་ཤར་ཕྱོགས་སམ། །བྱང་དང་ནུབ་ཀྱི་ཕྱོགས་ཆར་ནི། །ཞི་དང་རྒྱས་པའི་རིམ་པ་བཞིན། །འབད་པས་སྟེགས་བུ་བརྩམ་པར་བྱ། །རྒྱར་ནི་སོར་མོ་བཅུ་བཞི་པའོ། །ཕྱི་རོལ་གྲུ་བཞི་པ་རུ་བྱ། །དེ་ནི་ཆ་གསུམ་ བགོས་པ་ལ། །ཟབས་སུ་ཆ་གཉིས་བརྐོ་བར་བྱ། །ཁ་ཁྱེར་དེ་ཡི་བཞི་ཆ་རུ། །ཀུན་ནས་ཡོངས་སུ་བསྐོར་བར་བྱ། །པདྨ་འདབ་མ་བརྒྱད་པ་ནི། །ཁ་ཁྱེར་གྱི་ནི་ཕྱེད་དུ་བྱ། །ཕྱི་རོལ་གྱི་ནི་ར་བ་དག །སོར་གཅིག་པས་ནི་ཀུན་ནས་བསྐོར། །ཐབ་ཁུང་དབུས་སུ་རྡོ་རྗེ་ནི། །པདྨའི་སྟེང་དུ་གཞག་ པར་བྱ། །སངས་རྒྱས་ལྔ་ཡི་མཚན་པ་ནི། །ཇི་བཞིན་ཕྱོགས་སུ་དགོད་བྱ་སྟེ། །ཁ་ཁྱེར་གྱི་ནི་ཕྱོགས་བཞི་རུ། །སངས་རྒྱས་མཚན་མས་མཚན་པར་བྱ། །དབང་པོའི་རྡོ་རྗེ་མཛེས་པ་ཡིས། །གྲྭ་དང་གྲྭ་རུ་བརྒྱན་པར་བྱ། །སྟན་གྱི་གནས་དང་ཉེ་བ་རུ། །ཏི་སེ་གངས་ཀྱི་ གཟུགས་དགེ་བ། །དཔངས་དང་རྒྱར་ནི་ཁྲུ་ཕྱེད་བཅས། །སོར་མོ་བཅུ་གཉིས་གཞག་པར་བྱ། །པདྨའི་འདབ་མ་རྣམས་ལ་ནི། །རིམ་བཞིན་ལྷ་མོ་རྣམས་ཀྱང་གཞག །ར་བ་དྲ་བ་ཕུར་བུ་རྣམས། །སྔར་བཞིན་ཐམས་ཅད་སྦྱར་བར་བྱ། །དེར་ནི་དུར་ཁྲོད་མེ་དག་གམ། །གཙུབས་ ལས་བྱུང་བའང་བརྟག་པར་བྱ། །དེ་ཡི་དབུས་སུ་པདྨ་ནི། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་བསྒོམ། །ཡི་གེ་རྃ་གྱི་ལྕགས་ཀྱུ་ཡིས། །དེ་ཡི་དབུས་སུ་སེམས་ཀྱིས་དགུག །མཆོད་ཡོན་ཞབས་བསིལ་ལ་སོགས་པ། །ལས་ཀྱི་ཆོ་ག་ཇི་བཞིན་དབུལ། །ཡམ་ཤིང་ཞོ་ཅན་ལྔ་ ཡི་ཤིང་། །འོ་མ་ལ་སོགས་ལྔ་པོ་བསྲེག །ཞོ་དང་སྦྲང་རྩི་བུ་རམ་དང་། །འོ་མ་སཱ་ལུའི་ཟན་དང་བཅས། །འབྲས་ཀྱི་སོ་བ་ལ་སོགས་འབྲུ། །ཐམས་ཅད་ཆོ་ག་བཞིན་དུ་བསྲེག །ཞི་བ་ལ་སོགས་པ་ཡི་མེ། །ཐམས་ཅད་ཇི་བཞིན་དཔྱད་པར་བྱ། །དྲི་དང་མེ་ཏོག་བདུག་པ་སོགས། །མཁས་ པས་ཐམས་ཅད་མཆོད་པར་བྱ། །པདྨ་མེ་ཡི་དབུས་བཀོད་ནས། །དེ་དབུས་རྡོ་རྗེ་ལྷ་མོ་ནི། །ལྷ་མོ་ཀུན་གྱི་འབྱུང་གནས་ཏེ། །དབུས་ཀྱི་ལྷ་མོ་དགུག་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །གཟུགས་མཛེས་ཡོངས་སུ་རྫོགས་པར་བསམ། །སྔགས་དང་ཕྱག་རྒྱ་ཀུན་རིག་པས། །སྔོན་ བཞིན་ཐམས་ཅད་མཆོད་པར་བྱ། །རྣལ་འབྱོར་པ་ཡི་དབུས་སུ་ནི། །དེ་ཉིད་ཀུན་གྱིས་མཆོད་ནས་ཀྱང་། །བསྲེག་པར་བྱ་བའི་རྫས་ཀུན་གྱིས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། རྫས་བསང་བའི་སྔགས་སོ། །རྣམ་ཤེས་ས་གདུགས་སྦྱར་ནས་ནི། ། རྡོ་རྗེ་རྩེ་མོ་གསུམ་དུ་བརྟག །ཨོཾ་ཧཱུཾ་ཨཱ་སྭཱ་ཧཱ། སྲེག་བླུགས་ཀྱི་རྩ་བའི་སྔགས་དང་ཕྱག་རྒྱའོ། །དང་པོ་ཡམ་ཤིང་བསྲེག་པར་བྱ། །དེ་ཡི་འོག་ཏུ་མར་བྱིན་ནས། །མར་དང་སྦྲང་རྩི་འོ་མར་བཅས། །འབྲུ་རྣམས་ཐམས་ཅད་བསྲེག་པ་ནི། །སྦྱིན་སྲེག་ལས་ནི་གསུམ་པ་ཡིན། །བཞི་པར་འོ་ ཐུག་དག་བྱ་སྟེ། །སཱ་ལུའི་འབྲས་ཟན་མར་དང་ནི། །འོ་མར་བཅས་བསྲེགས་ལྔ་པ་ཡིན། །དེ་ཉིད་ཅན་གྱིས་བརྒྱ་ཕྲག་ལྔའམ། །འབྱོར་ན་དེ་བས་ལྷག་ཀྱང་རུང་། །ཇི་ལྟར་ནུས་པ་བསྲེགས་པ་ཡིས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །དེ་འོག་མར་དང་འོ་མར་ བཅས། །ཞལ་གྱི་ནང་དུ་བསྲེག་པར་བྱ། །སླར་ཡང་དེ་ཉིད་སྦྱར་ནས་སུ། །ལས་ཀྱི་དབྱེ་བས་བསྲེག་པར་བྱ། །མར་དང་བདུད་རྩི་ལྔར་བཅས་པའི། །གང་བའི་སྲེག་བླུགས་བརྟག་པར་བྱ། །དེ་ནས་རྡོ་རྗེ་དྲིལ་དཀྲོལ་ཏེ། །རྡོ་རྗེ་གླུ་ཡིས་བསྟོད་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། ཡང་དག་སྤྲོ་དང་ སྡུད་པ་པོ། །བདག་མེད་རྣལ་འབྱོར་སྟོན་མཛད་པ། །ཐུན་མོང་རྣལ་འབྱོར་བདག་ཉིད་དེ། །རྣམ་པར་སྣང་མཛད་ཕྱག་འཚལ་བསྟོད། །ཧཱུཾ་ཧཱུཾ་ཧཱུཾ། སྟོང་པ་འདི་ཉིད་ལ་སོགས་པའི། །དེ་ཉིད་ལས་ནི་གཟུགས་སུ་བསྟན། །གང་དག་འདོད་བཞིན་གྱུར་པའི་དངོས། །ཡེ་ཤེས་ལྷ་ལ་ཕྱག་ འཚལ་བསྟོད། །ཐམས་ཅད་གླུ་དང་གར་ལ་སོགས། །ཕྱི་དང་ནང་གིས་མཆོད་ནས་ཀྱང་། །སྙིང་པོ་བསྡུས་ཤིང་བསགས་པ་ཡིས། །སླར་ཡང་དེ་བཞིན་བསྲེག་པར་བྱ། །རྫས་ཀྱི་ཆོ་ག་ཡོངས་རྫོགས་ནས། །སྒྲུབ་པོས་བདག་ཉིད་སྦྱོར་བར་བྱ། །དཔལ་གྱི་འབྲས་བུ་ལོ་འདྲའི་འབྲས། །ཞོ་ དང་སྦྲང་རྩི་མར་གྱིས་བསྒོས། །བྱང་ཆུབ་སེམས་ཀྱི་ཡམ་ཤིང་ལ། །བརྒྱ་ཕྲག་ལྔ་ནི་བསྲེག་པར་བྱ། །དེ་ཡི་དབུས་སུ་དབང་བསྐུར་ནས། །སྨོན་ལམ་བཏབ་སྟེ་མཉམ་པར་གཞག །རྒྱལ་སྲིད་ཉམས་པའང་ས་གསུམ་གྱི། །རྒྱལ་སྲིད་མཛེས་པའང་མྱུར་དུ་ཐོབ། །འོ་མ་སྦྲང་རྩིས་སྤགས་པ་ཡིས། ། ལོ་མ་ཡི་ནི་ཡམ་ཤིང་དག །བརྒྱ་ཕྲག་ལྔ་རུ་བསྲེགས་ན་ནི། །མྱུར་དུ་དཔལ་དང་ལྡན་པར་འགྱུར། །ལས་ནི་གང་དང་གང་བསམ་པ། །དེ་དང་དེ་ནི་ངེས་འགྲུབ་འགྱུར། །དེ་ནས་སྔོན་གྱི་རྣལ་འབྱོར་གྱིས། །རང་རང་གནས་སུ་ལྷ་མོ་བརྟག །མེ་ཏོག་བདུག་པ་སྣ་ཚོགས་ཀྱིས། །མཁས་པས་ སྔགས་དང་ཕྱག་རྒྱས་མཆོད། །རྣལ་འབྱོར་ཅན་གྱིས་བསྟན་པར་བྱ། །མཆོད་པ་ཉི་ཤུས་མཆོད་ནས་ནི། །རྡོ་རྗེ་དྲིལ་བུས་རོལ་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །ས་གདུགས་པདྨར་བསྒྲེང་ནས་ནི། །དཀར་པོ་གི་ཝང་བསྒྲེངས་ནས་སུ། །ཕྱག་རྒྱ་ འདི་ཡིས་བསྐྱོད་པར་བྱ། །ཨོཾ་བཛྲ་གྷཎྜེ་ཧཱུཾ་ཧོཿ། །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སརྦ་བུདྡྷ་པྲ་ཙ་ལི་ཏེ་པྲ་ཛྙཱ་པཱ་ར་མི་ཏཱ་ན་ད་སྭ་བྷཱ་ཝེ་བཛྲ་དྷ་ར་ནི་ཧྲྀ་ད་ཡཱ་ཨ་བ་སཾ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧོ་ཧོ་ཨཱཿསྭཱ་ཧཱ། ཞེས་བྱ་བས་བསྐྱོད་པར་བྱ་སྟེ། །རྡོ་རྗེ་དྲིལ་བུའི་སྔགས་དང་ཕྱག་རྒྱའོ། །མེ་ཐབ་ཀྱི་མཚན་ཉིད་དང་སྦྱིན་ སྲེག་གི་ཆོ་ག་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ལྕགས་ཀྱུ་ལྔ་ལ་སོགས། །རྣལ་འབྱོར་མ་ལ་དབུལ་བར་བྱ། །ལྕགས་ཀྱུ་གཞན་ནི་ཐམས་ཅད་ཀྱང་། །ལྕགས་ཀྱུ་ལྔ་ཡིས་དེ་ཉིད་བྱ། །ཐམས་ཅད་རིག་པས་ཕྱི་ནང་གི །རྣལ་འབྱོར་མ་ཀུན་དབུལ་བར་བྱ། །ཁུ་ཚུར་གཉིས་ནི་ བཅིངས་ནས་སུ། །ཡེ་ཤེས་རྣམ་ཤེས་དཀྲི་བར་བྱ། །ཨོཾ་ཨཱཿཧཱུཾ་ཧཱུཾ་གུཾ་སུཾ་སྭཱ་ཧཱ། ལྕགས་ཀྱུ་ལྔའི་སྔགས་དང་ཕྱག་རྒྱའོ། །ཐམས་ཅད་རོ་ནི་གཅིག་གྱུར་པ། །ལྷོ་ནུབ་ཀྱི་ནི་མཚམས་སུ་གཞག །གནས་ནི་གཞན་དང་གཞན་དག་ཏུ། །ཉེ་བར་སྤྱོད་པའི་སྣོད་ཀྱིས་མཆོད། །སློབ་དཔོན་ཤིན་ཏུ་ བརྟག་པ་ཡིས། །བདུད་རྩི་ལྔ་ནི་དབུལ་བར་བྱ། །ཉ་ཕྱིས་ཆེན་པོ་ལ་སོགས་སྔོན། །སྣོད་ནི་མཛེས་པར་དགང་བར་བྱ། །ཟླ་བའི་ལག་པ་བརྐྱང་ནས་སུ། །རྣམ་ཤེས་དང་ནི་འཇིགས་པར་སྦྱར། །བ་དན་གསུམ་པ་བརྐྱང་བྱས་ནས། །ཉ་ཕྱིས་ལ་སོགས་མདུན་དུ་བཞག །སྔོན་གྱི་སྔགས་ སོགས་དེ་ཉིད་ཀྱིས། །བདུད་རྩི་ལྔ་ནི་སྦྱར་བར་བྱ། །དེ་ཉིད་དབུས་སུ་ཟླ་བ་ལ། །བདུད་རྩིའི་ཡི་གེ་བལྟ་བར་བྱ། །ཨོཾ་ཧཿཧོཿཧྲཱིཿགྷྲི་ཧཱུཾ་ཨ་སྭཱ་ཧཱ། ཞེས་བྱ་བ་སྟེ། བདུད་རྩི་ལྔ་སྦྱང་བའི་སྔགས་སོ། །རྣམ་ཤེས་དང་ནི་སྦྱིན་པར་སྦྱར། །བསྲུང་བ་རྣམ་པ་གསུམ་དུ་འདོད། །རྣལ་འབྱོར་མ་ཀུན་སྔགས་ རིག་པས། །ཉ་བྱིས་ལ་སོགས་སྣོད་བཀང་སྟེ། །སོ་སོའི་ཆར་ནི་དབུལ་བར་བྱ། །སྦྱིན་པ་མིན་པའི་ཆོ་ག་ཡིས། །མཁས་པས་ཐམས་ཅད་མཆོད་པར་བྱ། །རྡོ་རྗེ་དྲིལ་བུའི་སྒྲ་ཡིས་ནི། །སླར་ཡང་གླུ་ནི་བླང་བར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་སེམས་དཔའ་བསམ་པས་རོལ། །ཐར་པ་ལ་དགྱེས་བལྟ་ན་ཡང་། །ཤིན་ཏུ་དབྱེར་མེད་བརྟན་པ་ སྟེ། །ཤ་དང་སྦྲང་རྩི་བསྲུབས་མཐུ་ཡིས། །རྡོ་རྗེ་མ་གཅིག་ངལ་བ་འཇོམས། །དྲག་མོ་རོ་ལངས་གཏུམ་མོ་ཡིས། །བྱ་བ་སྣ་ཚོགས་བྱེད་གྱུར་གཙོ། །ཡོངས་སུ་གྲོལ་བའི་མཆོག་ཉིད་དེ། །ཐར་དང་འགལ་དང་སྙིང་རྗེས་ཁྲོས། །སྙིང་པོ་ཡི་ནི་སྙིང་པོར་གནས། །བཞི་པས་བཀབ་ཅིང་ཁྲོ་བ་འཇོམས། ། དྲན་པ་ལྔ་བྲལ་སྲིད་ལས་གྲོལ། །ཆགས་དང་རྨོངས་དང་དེ་ཉིད་མཁྱེན། །དེ་ཉིད་སྦྱོར་བས་གཟིགས་པའི་གཙོ། །ཞབས་མཆོག་ལྷ་ཡིས་ཕྱག་བགྱིས་པ། །པདྨའི་གདན་བཞུགས་གཙོ་བོ་ནི། །ཡོངས་སུ་མཉེས་ཤིང་ཚིམ་བྱའི་ཕྱིར། །བརྒྱ་བྱིན་གྱིས་ནི་གདུགས་ ཀྱང་ཐོགས། །གདོང་བཞི་པ་ཡིས་རྔ་ཡབ་གཡོབ། །སེང་གེ་དག་ནི་གསོལ་ཀས་གནས། །འཕྲོག་བྱེད་རྗེ་བོའི་མཚན་མས་སྒྲོགས། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པའི། །རྡོ་རྗེ་སེམས་དཔའ་རྒྱལ་གྱུར་ཅིག །ལྕགས་ཀྱུ་ལྔ་ལ་སོགས་པའི་མཆོད་པ་ཐམས་ཅད་ངེས་པར་དབུལ་ བའི་ཆོ་ག་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་རྣལ་འབྱོར་མར་བཅས་པའི། །དཔའ་བོའི་སེམས་ནི་མཆོད་པར་བྱ། །ཕྱོགས་བརྒྱད་ཀུན་ནས་བསྐོར་བ་རུ། །ཀུན་ལ་གདན་ནི་ཕུལ་ནས་ཀྱང་། །རྣལ་འབྱོར་རྣལ་འབྱོར་མ་གནས་སུ། །ཅིག་ཅར་ལྷན་ཅིག་སྟན་ལ་བཞུགས། །དེ་ ཉིད་རྣལ་འབྱོར་མ་ཀུན་གྱིས། །གཉིས་སྤྱོད་ནུ་མ་འཛིན་པ་དང་། །སྒེག་ཅིང་བཞད་དང་བཅས་པ་ཡིས། །རྡོ་རྗེ་དྲིལ་བུས་རོལ་བར་བྱ། །སྐུ་ལ་དྲི་ནི་རིམ་བཞིན་དབུལ། །ཀུན་ལ་མེ་ཏོག་སོགས་པས་མཆོད། །ཐམས་ཅད་དྲི་ཡིས་བདུགས་ནས་ནི། །ཐམས་ཅད་ལ་ནི་མར་མེ་ དབུལ། །ཐམས་ཅད་མདུན་དུ་གཏོར་མ་ནི། །ཐམས་ཅད་ཕུད་ལས་དབུལ་བར་བགྱི། །ལྕགས་ཀྱུའི་རྫས་ནི་སྣ་ཚོགས་ཏེ། །ཁྱད་པར་དུ་ནི་རྣམ་པ་ལྔ། །གཉིས་མེད་དེ་ཉིད་དེ་ཉིད་ཀྱི། །རྣལ་འབྱོར་མ་ཀུན་མཉེས་པར་བྱ། །རྣལ་འབྱོར་ནམ་མཁའི་རང་བཞིན་དུ། །སློབ་དཔོན་ལུས་ ནི་ངེས་པར་བྱ། །བདུད་རྩི་ལྔ་ཡིས་དུང་ཆོས་ལས། །ནན་ཏན་དུ་ནི་བླང་བས་དབུལ། །སྔར་བསྟན་པ་ནི་དེ་ཉིད་ཀྱིས། །སྒྲུབ་པ་པོས་ནི་གསང་སྔགས་བརྗོད། །གནས་གསུམ་དུ་ནི་གཏོར་ནས་སུ། །རྣལ་འབྱོར་མ་ཡིས་ཀུན་ནས་དབུལ། །དམ་ཚིག་སྤྱོད་པ་ཐམས་ཅད་ལ། །ཚིགས་ བཅད་འདིས་ནི་སྦྱིན་པར་བྱ། །ལྟོས་ཤིག་མཛེས་པ་ཡི་ནི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །ཁྱི་དང་བྲམ་ཟེ་གདོལ་པ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །པདྨ་བསྐོར་བ་སྔོན་འགྲོ་བས། །གཞན་གྱིས་དེ་བཞིན་བཟུང་ནས་སུ། །རྣམ་ཤེས་དང་ནི་འཇིགས་ པར་སྦྱར། །ལྷག་མ་རྩེ་མོ་ལྟ་བུར་སྦྱར། །ཉི་མར་ཟླ་བ་གཞག་ནས་ནི། །ཚིགས་བཅད་འདི་ནི་རྗེས་སུ་བཟླས། །རིན་ཐང་མེད་པ་དམ་པའི་ཆོས། །འདོད་ཆགས་དྲི་བྲལ་ལེགས་འོངས་ཤིང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་ཉིད་གནས་ལ་ཕྱག་འཚལ་ལོ། །དེ་ ནས་ཐམས་ཅད་རྣལ་འབྱོར་པ། །ཐམས་ཅད་དག་པའི་རིམ་པ་ཡིས། །ཐམས་ཅད་འདོད་བཞིན་བྱིན་གྱིས་བརླབ། །བཀྲ་ཤིས་གླུ་ནི་ལེན་པ་དང་། །དཔའ་བོ་རྣམ་པར་དག་པའོ། །ཨཱ་ལི་ཀཱ་ལི་བཟླས་ནས་སུ། །རྡོ་རྗེ་དྲིལ་བུའི་སྒྲར་ལྡན་པས། །དེ་ཉིད་གླུ་ནི་བླང་བར་བྱ། ། ཐར་པའི་བདེན་པ་དམ་པའི་མཆོག །སྙིང་རྗེས་བརྒྱན་པའི་བདེ་ལ་རོལ། །ཆགས་པའི་དགའ་བས་བརྒྱན་པ་ཡི། །དྲག་པོས་རྒོལ་བ་འཇོམས་པར་མཛད། །སྟོང་པ་ཉིད་དུ་གཟིགས་པ་ཡིས། །བཟའ་དང་བཟའ་མིན་རྣམ་པར་སྤངས། །འགྲོ་བ་ཡོངས་སུ་བསྒྲལ་བའི་ཕྱིར། ། འཇིགས་པའི་གཟུགས་ཀྱིས་རྣམ་པར་རོལ། །རྫས་ཀུན་གྱིས་ནི་མཆོད་ནས་སུ། །རྡོ་རྗེ་གླུ་ཡིས་ཉེ་བར་བསྲུང་། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །དཔའ་བོས་ལྷག་མའི་གཏོར་མ་དགང་། །རང་བཞིན་མེད་པའི་སེམས་གཅིག་གིས། །ཁ་ནི་ཡོངས་སུ་དགང་བར་བྱ། །ལས་གང་ འདོད་པ་བསམས་ནས་སུ། །གཏོར་མའི་སྣོད་དུ་གདབ་པར་བྱ། །ཨོཾ་ཀུ་རུ་ཀུ་རུ། །རྗེ་དང་རྗེ་ཆེན་དངོས་གྲུབ་སྟེར། །དུར་ཁྲོད་གནས་པ་ཡི་དགས་གདོང་། །གཙིགས་བྱེད་གཏུམ་མོ་ཁྲག་དགྱེས་མ། །དམ་ཚིག་སྲུང་ཞིང་རྣལ་འབྱོར་འཛིན། །ཀཱི་ལི་ཀཱི་ལི་སྒྲ་ཆེན་མ། །ཕ་ མེས་ནགས་གནས་གདོན་གྱི་ནི། །ཚོགས་བཅས་དབུས་སུ་བཞུགས་གྱུར་པ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །བཞེས་ཤིག་གསོལ་ཅིག་དམ་ཚིག་ལ། །གཞག་ནས་དབང་དུ་མཛད་དུ་གསོལ། །ཨོཾ་གྲྀཧྣ་གྲྀཧྞ་སརྦ་དུཥྚཾ་ནཾ་བྷཀྵ་བྷཀྵ་ཧོ་ཕྲིཾ་ཕྲེཾ་ཕྲོཾ་ཕེཾ་ཕཊ་སྭཱ་ཧཱ། །རྡོ་རྗེ་ཁུ་ཚུར་གཉིས་ བཅིངས་ནས། །དཀར་པོ་དང་ནི་གི་ཝང་བསྒྲེང་། །རྩེ་མོ་ཅུང་ཟད་དགུག་ནས་སུ། །ཁ་ཡི་གྲྭ་རུ་གཞག་པར་བྱ། །ལྷག་མའི་གཏོར་མ་ལ་དུད་པའི་སོལ་བ་མོ་ཞེས་བྱ་བའི་སྔགས་དང་ཕྱག་རྒྱའོ། །ཕེ་མེས་ནགས་ཀྱི་མཆོག་དང་ནི། །བྲག་དང་ཤིང་གཅིག་ཆུ་ཆེན་འགྲམ། །ཉེ་ བར་སྤྱོད་པ་ལྔ་ལྡན་པའི། །གཏོར་སྦྱིན་སེ་གོལ་གསུམ་གཏོགས་བྱ། །ལྷག་མའི་གཏོར་མའི་ཆོ་ག་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་རྫས་ནི་ལྔ་པོ་དག །དྲི་ཞིམ་བཅས་ཤིང་འོ་མར་བསེ། །དུང་གི་སྣོད་ནི་ཡོངས་བཀང་བ། །དམ་ཚིག་ཆུ་ཡིས་གཏོར་བར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལན་བདུན་བར་དུ་བཟླས་ནས་སུ། །དམ་ཚིག་ཆུ་རུ་བརྟག་པར་བྱ། །དེ་ནས་སློབ་མ་རེ་རེ་ནས། །སྡོམ་པ་དག་ནི་བྱིན་ནས་གཞུག །མིག་ནི་གོས་ཀྱིས་བཀབ་ནས་སུ། །ཐལ་མོ་སྦྱར་ནས་གཞུག་པར་བྱ། །སློབ་དཔོན་གྱི་ནི་མདུན་གནས་ཏེ། །ཐལ་མོ་མེ་ཏོག་གིས་ བཀང་ནས། །དེ་རིང་འཁོར་བ་ལས་བསྒྲལ་ནས། །བྱང་ཆུབ་སེམས་སུ་སྨོན་པར་བྱ། །དེ་ནས་སློབ་མས་རང་བཞིན་ནི། །དག་པ་ལ་སོགས་བསྒོམ་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ ཤུདྡྷོ྅ཧཾ། དག་པ་རྣམ་གསུམ་བྱས་ནས་ནི། །སློབ་མ་ལ་ནི་འདི་སྐད་བརྗོད། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །གཞན་གྱི་ནོར་ལ་རེག་བྱ་མིན། །འཇིགས་པ་ཀུན་གྱིས་འཇིགས་མི་བྱ། །སེམས་ཅན་བྱམས་དང་སྙིང་རྗེ་སོགས། །སྡོམ་པ་དང་ནི་ ཚུལ་ཁྲིམས་བསྲུང་། །ཨོཾ་པཉྩ་ཌཱ་ཀི་ནཱི་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏི་ཡཱ་མི། །ཨོཾ་ཨཱ་ཙརྱ་པུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་ས་ཀ་ལ་སྭ་ཏྭ། པ་རི་ཏྲ་ནཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །གསུང་གི་རྡོ་རྗེ་བྱིན་གྱིས་བརླབ། །ཨུ་ནི་ འདོད་པ་སྒྲུབ་བྱེད་པ། །སྐུ་ཡི་རྡོ་རྗེ་བྱིན་གྱིས་བརླབ། ཧཱུཾ་ནི་ཉོན་མོངས་བསྲེག་པ་སྟེ། །ཐུགས་ཀྱི་རྡོ་རྗེ་བྱིན་གྱིས་བརླབ། །ཨོཾ་དྷི་ལི་དྷི་ལི་མན་ཕུར་ཎི་ད་བཛྲ་ཨ་ཙ་ལེ་ཡུཾ་ཡུཾ་སྭཱ་ཧཱ། །དེ་རིང་ཡེ་ཤེས་ཅན་ཡེ་ཤེས། །བདུད་རྩི་དག་ནི་མྱང་བར་གྱིས། །ཨོཾ་དུར་ཁ་ཏི་ཨཱ་བ་ཧ་རཱ་ཡ་སྭཱ་ཧཱ། བདུད་རྩི་ཡི་ ནི་དུང་ཆོས་ནས། །སྔགས་ཀྱིས་ཁ་རུ་བླུད་པར་བྱ། །ཇི་བཞིན་བཀའ་ནི་བསྒོས་ནས་ཀྱང་། །དམ་ཚིག་བྱས་ཏེ་དབབ་པར་བྱ། །སློབ་མ་ལྷ་ཡི་སྐུར་བསྐྱེད་ལ། །སྙིང་ཁར་རླུང་གིས་བསྐོར་བ་ཡི། །རླུང་གི་ས་བོན་གཞག་པར་བྱ། །རྐང་པར་རླུང་དང་རླུང་གིས་ནི། །སྙིང་གའི་རླུང་ནི་སྦ་བར་བྱ། ། ཡེ་ཤེས་མཁའ་འགྲོ་བདག་བྱས་ཏེ། །ཧཱུཾ་གི་ཡེ་ཤེས་དྲུག་ཏུ་བཟླ། །ཨོཾ་ཨཱ་ཁ་ཁི་ལ་ལེ་ཧཱུཾ་ཨ། རྡོ་རྗེ་དྲིལ་བུའི་སྒྲར་བཅས་པས། །རྣལ་འབྱོར་པ་ཡིས་ང་རྒྱལ་བསྐྱེད། །རྡོ་རྗེ་གླུ་ཡིས་གླུ་ལེན་ཅིང་། །རྡོ་རྗེ་གར་གྱིས་དྲག་ཏུ་བསྐྱོད། །རང་འདོད་གར་གྱིས་གར་བྱེད་ཅིང་། །བདག་ཉིད་ཇི་ ལྟར་འདོད་བཞིན་བྱེད། །ཨོཾ་ཏིཥྛ་བཛྲ་སཏྭ་ས་མ་ཡ་པྲ་ཏི་པ་ལ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། །གཤེགས་སུ་གསོལ་བའི་སྔགས་སོ། །དེ་ནས་མེ་ཏོག་གཏོར་ནས་ནི། །གནས་ལྔ་ཡི་ནི་ལྷ་མོ་ཡི། །རིགས་ཀྱི་བྱེ་བྲག་ཤེས་བྱས་ལ། །སྔགས་དང་ཕྱག་རྒྱ་ལ་སོགས་སྦྱིན། །ཨོཾ་ཛྙཱ་ན་ ཙཀྵུ་ཧཱུཾ་ཨཿསྭཱ་ཧཱ། དེས་མིག་ཕྱེ་ནས་ཕྱག་བྱས་ཏེ། །ལྷ་ཡི་དེ་ཉིད་བསྟན་པར་བྱ། །སུམ་ཅུ་པ་ཡི་འབྱུང་བའི་གནས། །ལྷ་རྣམས་ཀུན་གྱི་བདག་པོ་སྟེ། །ཡེ་ཤེས་མཁའ་འགྲོ་མ་དངོས་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མས་འཁྱུད། །རྣལ་འབྱོར་ནམ་མཁའ་ཞེས་བྱ་བ། །རྣམ་དག་ཡེ་ ཤེས་ཀྱིས་སྤྲུལ་ལྟོས། །མེ་ལོང་ཡེ་ཤེས་ལས་བྱུང་བ། །སྡང་བ་ཐམས་ཅད་འཇོམས་མཛད་ཅིང་། །གླང་པོའི་སྟེང་ན་ཡང་དག་བཞུགས། །ཤར་གྱི་རྡོ་རྗེ་མཁའ་འགྲོ་ལྟོས། །མཉམ་ཉིད་ཡེ་ཤེས་ལས་བྱུང་བ། །སྦྲུལ་དཀའ་ཡི་ནི་སྟན་ལ་བཞུགས། །བདུད་རྣམས་ཐམས་ཅད་སྲེག་ བྱེད་པ། །བྱང་གི་མཁའ་འགྲོ་དྲག་མོ་ལྟོས། །མི་དགེ་བཅུ་ཡི་ལས་ལ་སོགས། །རྣམ་པར་དཔྱོད་ལས་ངེས་སྤྲུལ་པ། །བྱ་ཁྱུང་གི་ནི་སྟན་ལ་བཞུགས། །ནུབ་ཕྱོགས་རོ་ལངས་མ་ལ་ལྟོས། །བྱ་བ་ཀུན་བྱེད་ལས་བྱུང་བ། །སེང་གེ་འཕྲོག་བྱེད་འདུལ་མཛད་མ། །ཉོན་མོངས་ཐམས་ཅད་ སྲེག་པ་ཡི། །ལྷོ་ཕྱོགས་ལྷ་མོ་ལ་ཡང་ལྟོས། །སྟག་སེང་འུག་པ་ཅེ་སྤྱང་སྟེ། །སྙིང་པོའི་གྲྭ་བཞི་དག་ན་གནས། །སེང་གེ་ཕག་དང་མ་ཧེ་དང་། །ཅེ་སྤྱང་གི་ནི་སྟན་ལ་བཞུགས། །སེམས་ཅན་དོན་བྱའི་རྒྱུ་རུ་ནི། །ཐམས་ཅད་སྣ་ཚོགས་གཟུགས་ཀྱིས་བཞུགས། །མཁའ་ འགྲོ་མེ་འབར་འཇིབ་བྱེད་མ། །འཕྲོག་བྱེད་མ་སྟེ་སྒོ་རྣམས་སྐྱོང་། །ལྷ་རྣམས་ཐམས་ཅད་དགུག་པ་དང་། །འཛུད་ཅིང་འཆིང་དང་མཉེས་བྱེད་ཡིན། །སྦོས་མོ་འཇུ་བྱེད་གཏུམ་མོ་སྟེ། །བདུད་རྩིའི་སྣོད་ནི་ཕྱག་ན་བསྣམས། །དྲག་མོ་ཁྲག་གསོལ་ཤ་གསོལ་མ། །ལྕགས་ཀྱུ་ལྔ་ཡིས་བཀང་ བ་ཡི། །པདྨའི་སྣོད་ནི་བསྣམས་ནས་སུ། །གཅིག་གིས་སྟེང་ན་འགེབས་པར་མཛད། །དྲག་ཤུལ་འབར་མ་མི་སྡུག་མ། །ཕྱག་ན་འདམ་སྐྱེས་གཏོར་མས་བཀང་། །ཐོད་པ་མ་དང་རྡོ་རྗེ་མ། །བུམ་ཅན་བཟའ་བཏུང་བསྣམས་ཤིང་འགེབས། །སྒེག་མོ་དྲི་དང་པི་ ཝང་དང་། །མེ་ཏོག་གླུ་དང་བདུག་པར་བཅས། །གར་དང་མར་མེ་བཅས་པ་ཀུན། །ཕྱོགས་མཚམས་མཆོད་པ་བརྩོན་པ་ཡིན། །འཕྲོག་བྱེད་དག་ནི་གསོལ་ཀ་སྟེ། །ཚངས་པ་རྔ་མ་ཐོགས་ཤིང་གཡོབ། །དྲག་མོ་མིང་ནི་སྒྲོགས་པར་བྱེད། །བརྒྱ་བྱིན་གདུགས་ནི་ཐོགས་ཏེ་གནས། །རང་ གི་ཆུང་མ་སྡེར་བཅས་པ། །ཕྱི་རོལ་སྒོ་བཞི་དག་ན་གནས། །དབང་པོ་ནོར་ལྷ་འབྱུང་པོའི་བདག །ཆུ་ཡི་རྒྱལ་པོ་མཚམས་བཞི་ན། །རང་གི་ཆུང་མ་སྡེར་བཅས་པ། །སྣ་ཚོགས་མཆོད་པ་ཐོགས་ཏེ་གནས། །བར་སྣང་གནས་པའི་གྲོང་ཁྱེར་ནི། །ལྷ་ཡི་དེ་ཉིད་མཚོན་པར་བྱ། །ལྷའི་དེ་ཁོ་ན་ ཉིད་ཀྱི་མཆོད་པའི་ཆོ་ག་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ཡན་ལག་ལྔས་བཏུད་དེ། །ཨརྒྷ་ཞབས་བཀྲུ་མཆོད་སོགས་ཏེ། །རང་འདོད་ཆོས་ནི་གསོལ་བ་གདབ། །རྣལ་འབྱོར་མ་ཡི་ཚོགས་བཅས་པའི། །རྡོ་རྗེ་མཁའ་འགྲོའི་གོ་འཕང་ལས། །ཕྱིར་མི་ལྡོག་པར་བདག་ འགྱུར་བའི། །རིག་པ་གང་ཡིན་དེང་བདག་གསོལ། །དེ་ནས་སློབ་མ་ཐལ་སྦྱར་ནས། །སྡོམ་པའི་སྔགས་ནི་བརྗོད་པར་བྱ། །ཨོཾ་བཛྲ་མཎྜ་ལ་མ་ཧཱ་མཎྜ་ལ་པྲ་བེ་ཤ་སྟྭཾ་ཧཱཾ། ཨོཾ་ཡོ་ག་མཎྜ་ལ་མ་ཧཱ་མཎྜ་ལ་དར་ཤི་སྟྭཾ་ཧཱཾ། ཨོཾ་གུ་ཧྱ་མཎྜ་ལ་མ་ཧཱ་མཎྜ་ལ་དྷི་ཀྵི་སྟྭཾ་ཧཱཾ་ ས་མ་ཡ་སྭཱ་ཧཱ། ས་མ་ཡ་ཧོ། །ཡང་སློབ་མས་བརྗོད་དུ་གཞུག་པར་བྱ་སྟེ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །སྡུག་བསྔལ་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་དམིགས་སྐྱེད་རྩ་ཉོན་མོངས་བཅད་ནས་ནི། ། རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཉི་མའི་ཁུ་ཚུར་བཅངས་ནས་སུ། །དུང་དང་ཡེ་ཤེས་སྦྱོར་བར་བྱ། །ལྷ་ཡི་བདག་ཉིད་ཚུལ་གྱིས་ནི། །གནས་བརྒྱད་དག་ནི་བསྲུང་བར་བྱ། །ཀྵུཾ་ནི་སྤྱི་བོར་བསམ་བྱ་སྟེ། །ཧཱུྃ་ནི་མིག་གཉིས་དག་ཏུ་དགོད། །ཡུཾ་ནི་ རྣ་བ་སྣ་དག་ལ། །ལྕེ་ལ་སུཾ་ཡིག་འབར་བ་བསམ། །མགྲིན་པར་སྨྼྻུཾ་ནི་བརྩེགས་པ་སྟེ། །ནམ་ཚོང་དག་ལ་ཧྨྼྻུཾ་བསམ། སྙིང་གི་ཕྱོགས་སུ་ཡྨྼྻུཾ། ལྟེ་བར་ཀྵྨྼྻུཾ་དགོད་པར་བྱ། ས་བོན་བརྒྱད་ནི་དགོད་པ་དང་། །ཕྱག་རྒྱ་རིམ་བཞིན་ཡན་ལག་དགོད། །ཨོཾ་ས་མ་ཡོ་ཧོ་ཧཾ། མི་ ཏི་མཾ། ཨོཾ་བཛྲོ་ཧཾ། མི་ཏི་ཨ་ཨོཾ། ཛྙཱ་ནོ་ཧཾ། མི་ཏི་ཧཱུཾ་བརྡྡ་ནོ་ཧཾ་ཧོ། ཨོཾ་ཨུཏྤྷཱ་བ་ཨཱ་ཨ་ཨཱ་ཨོཾ་ཧཱུཾ་ཕཊ། དེ་ཉིད་སོ་སོར་བཟུང་བ་ཡིས། །ཡེ་ཤེས་སྐུ་ནི་བདག་ཅེས་བརྗོད། །གསང་བའི་སྡོམ་པ་བྱིན་ནས་སུ། །དེ་ལ་དབང་ནི་བསྐུར་བར་བྱ། །རྣལ་འབྱོར་མ་བརྒྱད་ ཀྱི་གོ་ཆ་དང་སྡོམ་པའི་ཆོ་ག་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་དབང་ནི་བསྐུར་བའི་ཕྱིར། །ལྷོ་དང་ནུབ་དང་བྱང་དུ་ནི། །ཤར་ཕྱོགས་ཀྱི་ནི་བུམ་པ་རྣམས། །སློབ་དཔོན་གྱི་ནི་བསྙེན་པ་བྱ། །སེང་གེའི་གདན་སོགས་ལྔ་ལ་ནི། །མགོ་བོར་གདུགས་དང་བཅས་ཏེ་གཞག ། བཟང་པོའི་འདུག་སྟངས་གནས་ནས་ནི། །མེ་ཏོག་བཅས་པའི་ཐལ་མོ་སྦྱར། །བྱང་ཆུབ་སེམས་ཀྱི་ས་བོན་གྱིས། །སེམས་ཅན་བླ་མེད་སྨོན་པར་བྱ། །རྡོ་རྗེ་དྲིལ་བུའི་སྒྲར་ལྡན་པས། །བཀྲ་ཤིས་གླུ་ཡིས་དགོང་བར་བྱ། །སློབ་མ་ཤར་དུ་བལྟས་ནས་ནི། །སློབ་དཔོན་ནུབ་ཏུ་ བལྟ་བར་བྱ། །རྡོ་རྗེ་སེམས་སོགས་སྦྱོར་བ་ཡིས། །ཉི་ཟླའི་ལག་པས་བུམ་བཟུང་ནས། །རྡོ་རྗེ་བཅས་པའི་ཤིང་ལོ་ཡིས། །བུམ་པའི་ཡེ་ཤེས་ཆུ་བླངས་ཏེ། །དེ་རིང་འཁོར་བ་སྒྲོལ་བྱེད་པའི། །བྱང་ཆུབ་ཆེན་པོར་དབང་བསྐུར་བྱ། །ཨོཾ་ཨ་ཕུཾ་ཕེཾ་ཕཊ་ཧཱུཾ་སྭཱ་ཧཱ། དབང་བསྐུར་བའི་སྔགས་ སོ། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ནི། །དཀར་པོ་གི་ཝང་སྦྲེལ་བར་བྱ། །ཨོཾ་བཛྲ་ཀཱ་ཡ་ཧཱུཾ་ཨཱཿསྭཱ་ཧཱ། གནས་བརྒྱད་ཀྱི་ནི་གནས་རྣམས་སུ། །བསྲུང་བ་དག་ནི་བཅིང་བར་བྱ། །ཉི་མར་རྡོ་རྗེ་བྱིན་ནས་སུ། །ཟླ་བར་དྲིལ་བུ་སྦྱིན་པར་བྱ། །མགོ་བོར་སངས་རྒྱས་རྣམ་པ་ལྔ། །སྔགས་དང་ཕྱག་ རྒྱས་སྦྱར་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་དང་ནི་གི་ཝང་བསྒྲེང་། །རྩེ་མོ་ཅུང་ཟད་བཀུག་སྟེ་སྤྲད། །དུ་བ་དང་ནི་དྲི་གསུམ་བརྐྱང་། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སངས་རྒྱས་ལྔ་ཡི་ཅོད་པན་གྱི། །དབང་བསྐུར་སྔགས་དང་ཕྱག་རྒྱའོ། །བདག་གིས་ཐམས་ཅད་བྱིན་ ནས་སུ། །མིང་བཏགས་རྡོ་རྗེ་ལག་ཏུ་སྦྱིན། །བརྟུལ་ཞུགས་གར་ལ་སོགས་པ་རྣམས། །ཇི་ལྟར་སྨོས་པའི་རིམ་བཞིན་སྦྱིན། །དེ་ནི་སྔགས་དང་ཕྱག་རྒྱ་བཅིང་། །སངས་རྒྱས་ཀུན་གྱིས་ངེས་པ་ཡིས། །སངས་རྒྱས་རྣལ་འབྱོར་ནམ་མཁའ་ཡི། །དབང་གིས་དེ་རིང་ དབང་བསྐུར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་། །ཨོཾ་ཤྲཱི་ཡོ་ག་ཨོཾ་བ་རི་ཏྭཾ་ཨ་བྷི་ཥིཉྩ་མི། བ་རི་ས་མ་ཡ་སྟྭཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་གཙོ་བོ་ གཙོ། །རྡོ་རྗེའི་འོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ དཔའ་ཡི། །དངོས་པོ་མཆོག་ཏུ་བྱེད་པར་འགྱུར། དྲིལ་བུའི་འོ། །རྡོ་རྗེ་དྲིལ་བུ་འཁྱུད་ནས་ནི། །གཡོན་སྙེམས་པ་དང་སྒྲོས་གནོན་འཆང་། །གཉིས་མེད་གཉིས་མེད་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །སངས་རྒྱས་ཀུན་བདག་རྣལ་འབྱོར་ལྡན། །བདག་པོའི་ དབང་ནི་བསྐུར་ནས་སུ། །ཨཱ་ལི་ཀཱ་ལིའི་ས་བོན་གྱི། །སྔགས་ཀྱིས་དབང་བསྐུར་སྦྱིན་པར་བྱ། །ཧེ་ཤྲཱི་ཡོ་ག་ཨཾ་བ་རི་ཏྭཾ། ཨ་བྷི་ཥིཉྩ་མི་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བྱ་བ་དཔལ་གྱི་སྒྲ་དང་བཅས་པས་མིང་གི་དབང་བསྐུར་བར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །གསང་བ་རྡོ་རྗེའི་ཕྱག་ན་གནས། ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྣལ་འབྱོར་ནམ་མཁའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷཱ་ར་ཡ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧོ། རྡོ་རྗེ་བརྟུལ་ཞུགས་སོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་སོགས་ལ། །ཤེས་རབ་ཐབས་ཀྱི་སྙེམས་ ཆེན་གྱིས། །གར་མཆོད་བདེ་བའི་དགའ་སྟོན་གྱིས། །གར་རོ། །སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེས་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཕྲེང་བའོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེས་ན་རྣལ་ འབྱོར་མ་དེ་དང་། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གླུའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་ལ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །དྲིའོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་ལ། །བརྟུལ་ཞུགས་བཟང་པོས་ ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །སྤོས་སོ། །ཆོས་ཀྱི་མེ་ནི་ལེགས་སྦར་ལ། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་བྱས་པ། །ཡེ་ཤེས་སྒྲོན་མས་སྣང་བར་གྱིས། །མར་མེའོ། །ཇི་ལྟར་མིག་ མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཐུར་མའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་ མེད། །རྒྱུ་དང་ལས་ལས་ཀུན་ནས་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་འདི་མཉམ་མེད་ཀྱིས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །མེ་ལོང་ངོ་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ། བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འཁོར་ལོའོ། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །དུང་ངོ་། །གཡོན་པའི་ཆོས་གོས་ཕྲག་པར་གཟར། ། གཡས་པས་མི་འཇིགས་ཕྱག་རྒྱ་དང་། །ཡེ་ཤེས་མཁའ་འགྲོ་བདག་བྱས་ཏེ། །འཁོར་ལོ་ཀུན་ལ་རྣམ་བཞུགས་ཏེ། །རྣལ་འབྱོར་ནམ་མཁའ་ལུང་སྟོན་བཞིན། །མགྲིན་གཅིག་བཞིན་དུ་ལུང་བསྟན་བྱ། །འདི་ནི་ཁྱེད་ལ་ངས་ལུང་བསྟན། །རྣལ་འབྱོར་ནམ་མཁའ་དེ་བཞིན་གཤེགས། ། ངན་འགྲོ་སྲིད་ལས་བཏོན་ནས་སུ། །སྲིད་མཆོག་གཏན་དུ་དག་པར་གྱིས། །ཧེ་ཤྲཱི་ཡོ་གཱི་བ་རི་ནཱ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿལུང་བསྟན་པའོ། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། །ཀུན་དུ་འཁྱུད་དེ་མེ་ཏོག་རོལ། །སངས་རྒྱས་ལྔ་ཡི་དངོས་ས་བོན། །མེ་ཏོག་ནང་དུ་རྟག་ཏུ་ རོལ། །སྡེ་ཚན་གསུམ་གྱིས་རྣམ་རོལ་པ། །དེར་ནི་རྣམ་པར་དགོད་པར་བྱ། །དཔའ་བོ་སྡིག་གི་གཉེན་པོ་སྟེ། །དཔལ་དང་ལྡན་ཞིང་ལྷུན་ཆེ་བ། །དཔའ་བོས་དེ་ཉིད་གོམས་པར་བྱ། །སངས་རྒྱས་ཀུན་བདག་སྦྱོར་བ་ཡིས། །མདུན་དུ་ཡི་གེས་དབང་བསྐུར་ པ། །སངས་རྒྱས་ལྔ་ནི་བསྟན་པར་བྱ། །སྔགས་ཀྱིས་དབང་བསྐུར་བསྟན་པར་བྱ། །ཡི་གེ་བརྒྱད་པོ་བསྒོམ་དུ་གཞུག །སློབ་དཔོན་གྱི་ནི་དབང་བསྐུར་ནས། །ཡེ་ཤེས་རྣམ་ཤེས་བརྟན་པར་བྱ། །སྦྱོར་བ་ཡི་ནི་དབང་བསྐུར་ནས། །གསང་བ་ཐམས་ཅད་མངོན་པར་ བརྗོད། །གསང་ཆེན་དེ་དག་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་གོ་འཕང་མཆོག །བཟོད་པའི་ཆོས་ནི་སྔོན་འགྲོ་བས། །སེམས་ཅན་རྣམས་ནི་གཟིར་མི་བྱ། །ཚིག་རྩུབ་འཁྱལ་པ་སྨྲ་མིན་ཞིང་། །སེམས་ཅན་རྣམས་ནི་སུན་མི་དབྱུང་། །ཚུལ་ཁྲིམས་སྡོམ་པ་བསྲུང་བྱ་ཞིང་། ། སྐྱེ་བོ་རྣམས་ལ་གཙེ་མི་བྱ། །བདག་ཉིད་ཤི་བར་གྱུར་ཀྱང་སླ། །སེམས་ཅན་སྲོག་གཅོད་དེ་ལྟ་མིན། །རབ་ཏུ་འབར་མེར་མཚུངས་པས་ན། །གཞན་གྱི་ནོར་ལ་རེག་མི་བྱ། །རྣལ་འབྱོར་པ་ཡིས་བརྫུན་བསྲུང་ཞིང་། །ཕན་ཚུན་དབྱེ་བའི་ལས་མི་བྱ། །རྣལ་འབྱོར་སྤྱོད་པའི་རྣལ་ འབྱོར་པ། །དེ་ལ་བརྫུན་ནི་ཡོད་མ་ཡིན། །སྤྱོད་པ་བག་ཡོད་བཅས་པ་དང་། །བཟའ་དང་ལོངས་སྤྱོད་བག་ཡོད་བྱ། །དགའ་བར་རོལ་པ་བག་ཡོད་ཅིང་། །གཏོར་སོགས་ཆོ་ག་བག་ཡོད་བྱོས། །རྣལ་འབྱོར་པ་ནི་གྲུབ་འདོད་པས། །སེམས་ཅན་བསྟེན་ན་འགྲུབ་པར་འགྱུར། ། ཐམས་ཅད་ཤེས་པའི་སློབ་མ་གང་། །སེམས་ཅན་དགའ་བའི་ལས་རྣམས་བྱ། །མཉམ་ཉིད་ཡེ་ཤེས་ལས་བསྐྱེད་ནས། །ཐམས་ཅད་མཉམ་ཉིད་བལྟ་བར་བྱ། །རྟག་ཏུ་མཉམ་པའི་སྤྱོད་པ་ཅན། །རྟག་ཏུ་རྣལ་འབྱོར་བསམ་གཏན་གུས། །བསླབ་པ་བླངས་པས་སྔོན་འགྲོ་བ། །དཀྱིལ་འཁོར་ གཏོར་མ་ལ་སོགས་པ། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་རྣམས། །བུ་ཡིས་སྲོག་བཞིན་བསྐྱང་བར་བྱ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །སློབ་མའི་གཙོ་བོ་ལ་སོགས་པས། །སེམས་ཅན་ཐམས་ཅད་རིམ་བཞིན་དུ། །གཉིས་མེད་ཆོ་ག་ བཞིན་མཆོད་ནས། །ལྷ་ལ་ཕྱག་ནི་འཚལ་དུ་གཞུག །སློབ་མ་དག་ནི་ཐམས་ཅད་དང་། །སེམས་ཅན་ཀུན་ལ་དེ་ཉིད་བསྟན། །དབང་བསྐུར་བ་ཐམས་ཅད་དང་བསླབ་པའི་ཆོ་ག་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སློབ་མ་བློ་ལྡན་པས། །བླ་མར་ཡོན་ནི་དབུལ་བར་བྱ། །བུ་དང་ཆུང་མ་སྡུག་ པ་དང་། །གཉེན་དང་བྲན་ཕོ་བྲན་མོར་བཅས། །ཡུལ་དང་ཞིང་དང་ཁྱིམ་དང་ནི། །མུ་ཏིག་གོས་དང་གསེར་དང་ནི། །དངུལ་དང་ཟངས་སོགས་ནོར་རྣམས་དང་། །འབྲུ་ནི་རྣམ་པ་སྣ་ཚོགས་དབུལ། །མལ་སྟན་དག་ནི་ཐམས་ཅད་དང་། །མཉེས་པའི་ལོངས་སྤྱོད་ཀུན་ཕུལ་ནས། །མཐར་ནི་བདག་ གི་ལུས་ཉིད་ཀྱང་། །སློབ་དཔོན་ཡོན་དུ་བརྟག་པར་བྱ། །སློབ་མ་གུས་པ་མེད་པ་ཡིས། །དངོས་གྲུབ་རིང་བར་ཐེ་ཚོམ་མེད། །ཡོན་དང་དད་པ་སྔོན་འགྲོ་བས། །དངོས་པོ་ཀུན་གྱིས་མཉེས་པར་བྱ། །དྲི་དང་མེ་ཏོག་བདུག་པ་སོགས། །ཕྱག་རྒྱ་ཐམས་ཅད་མཆོད་པར་བྱ། །རྡོ་རྗེ་དྲིལ་བུའི་སྒྲ་ལྡན་ པས། །བཀྲ་ཤིས་གླུ་ཡིས་དགང་བར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། མགོན་ཁྱོད་ཡོངས་སུ་ཐར་པའང་ཁྱོད། །ཆོས་སྟོན་པ་ཡང་ཁྱོད་ཡིན་ཏེ། །སྙིང་རྗེའི་རྒྱུ་ལས་བྱུང་བའི་གཟུགས། །ཀྱེ་གཟུགས་བཟང་མཐར་ཕྱིན་པ་ཡང་ཁྱོད། །ཀྱེ་དེ་ཉིད་སྲིད་པ་ལས་གྲོལ་ཁྱོད། །རྡོ་རྗེ་ཁྱོད་ལ་ཕྱག་འཚལ་འདུད། ། ཀྱེ་ཐར་པའི་རྡོ་རྗེ་ཁྱོད་ཉིད་དོ། །ལྔ་པའི་དབྱངས་དང་བཅས་པ་ཡིས། །བཀྲ་ཤིས་བསྟོད་སྒྲ་ཉེ་བར་བསྡུ། །ཨོཾ་རཾ་ར་མ་ཧོ་ཧི་ཧི་ཧི་ཧི་ཧཱུཾ་ཧོ་ཨཱ། ཨོཾ་ར་མ་ར་མ་ཧོ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧཾ་ཨ། ཨོཾ་ར་མ་ར་མ་ཕྲུཾ་ཕྲུཾ་ཕྲུཾ་ཕྲིཾ་ཧཱུཾ་ཧཱུཾ་ཕྲུཾ་ཕྲེཾ་ཨ། ཨོཾ་ར་མ་ར་མ་ཧོ་གྷུ་གྷུ་གྷོ་ཨ་སྭཱ་ཧཱ། རྣལ་འབྱོར་མ་བརྒྱད་ཕྲེང་སྔགས་ཀྱིས། ། མཉེས་པར་བྱས་ནས་ཉི་མ་དང་། །ཟླ་བ་དག་ནི་ཀུན་དུ་སྦྱར། །མེ་ཏོག་གིས་ནི་སྙིམ་པ་དགང་། །སེམས་ཅན་ཀུན་ལ་སེམས་ཆེན་པོས། །སྨོན་ལམ་དག་ནི་གདབ་པར་བྱ། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །རྣལ་འབྱོར་བསྟན་བཅོས་གོ་འཕང་གནས། །བྱ་བ་དག་ནི་འཕྲལ་དུ་ བརྟག །རྒྱལ་དབང་ཤིས་པ་བརྗོད་པ་དག །ཐམས་ཅད་སྔོན་དུ་བྱིན་ལ་བརྟག །ཡོན་བདག་ལ་སོགས་སེམས་ཅན་རྣམས། །ཐལ་མོ་སྦྱར་ཏེ་གནས་པར་བྱ། །མེ་ཏོག་བཅས་ཏེ་དུང་ཆོས་ཆུས། །ཤིས་པར་བརྗོད་ལ་འབད་པར་བྱ། །དེ་རིང་ཁྱོད་ནི་འཁོར་བ་ཡི། །རྒྱ་མཚོ་ལས་ ནི་རང་བསྒྲལ་ཞིང་། །རྡོ་རྗེ་ལས་བྱུང་རྡོ་རྗེ་དངོས། །སངས་རྒྱས་གོ་འཕང་དབང་བསྐུར་ཞིང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱི། །དོན་བྱེད་ནུས་པའི་སེམས་དང་ལྡན། །ཤིས་པ་དག་ནི་བརྗོད་ནས་སུ། །གཤེགས་སུ་གསོལ་བའི་སྦྱོར་བ་བྱ། །བླ་མར་ཡོན་དང་སློབ་ མས་བཟོད་པར་གསོལ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པའི་ཆོ་ག་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་རྡོ་རྗེ་དམ་བཅིངས་ནས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །ཨོཾ་ན་མཿཏེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱ་ཧཱ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྔགས་གསུམ་ རིག་པས་ཕྱག་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཟླ་བ་སྙིང་གར་བཙིར་ནས་སུ། །ཉི་མ་ས་ལ་བརྐྱང་ནས་ནི། །བརྟན་པར་སྔགས་ནི་བཟླ་བར་བྱ། །ཨོཾ་གཙྪ་གཙྪ་སྭ་བྷཱ་ཝ་ནཾ་ཧཱུཾ་ཧཱ། འཇིག་རྟེན་ལས་འདས་པ་གཤེགས་སུ་གསོལ་བའི་སྔགས་དང་ཕྱག་རྒྱའོ། །ཨོཾ་གཙྪ་པཱ་རཱ་ནཱ་ག་མ་ན་ཡ་ཧཱུཾ་ ཕཊ་སྭཱ་ཧཱ། སེ་གོལ་གསུམ་ནི་གཏོགས་པར་བྱ། །འཇིག་རྟེན་པ་ཀུན་གཤེགས་སུ་གསོལ། །ཨོཾ་གྷི་ལི་གྷི་ལི་ན་དྷཾ་ཧཱུཾ་སྭཱ་ཧཱ། །ཚོན་རྩི་བསྡུ་བའི་སྔགས་སོ། །ཚོན་རྩི་དག་ནི་བསྡུས་ནས་ནི། །ཆུ་བོ་ཆེན་པོར་བསྐྱལ་བར་བྱ། །ལྷག་མའི་ཆ་ཡིས་གཏོར་མ་ཡང་། །ལམ་གྱི་བཞི་མདོ་འམ་ཆུ་འགྲམ་ བསྐྱལ། །ཨོཾ་ཧི་ལི་ཧི་ལི་ཕུ་ལི་མ་ཧཱ་ཕུ་ལི་ཕེཾ་ཕོཾ་ཕིཾ་སྭཱ་ཧཱ། ལྷག་མའི་གཏོར་མ་ལ་བཟླས་པའི་སྔགས་སོ། །བཏུང་དང་བཟའ་བ་ལ་སོགས་ལྔ། །དེ་ནས་སླར་ནི་མཆོད་པར་བྱ། །དཀྱིལ་འཁོར་གནས་ནི་དེ་ཉིད་དུ། །ཚོན་རྩི་སེར་པོ་ལ་སོགས་པས། །པདྨ་འདབ་རྒྱས་གེ་སར་བཅས། །ལྟེ་བར་ ལྡན་པ་བྲིས་ནས་སུ། །གཉིས་མེད་གཏོར་མ་བྱིན་གྱིས་བརླབ། །སྔར་གྱི་སྔགས་དང་ཕྱག་རྒྱ་དང་། །མཆོད་པ་རྒྱ་ཆེན་ཐམས་ཅད་ཀྱིས། །གསང་བའི་འཁོར་ལོ་མཆོད་པར་བྱ། །སློབ་མར་བཅས་པས་སྔགས་དང་ནི། །བཀྲ་ཤིས་གླུ་བླངས་གར་ཡང་བྱ། །རྣལ་འབྱོར་ནམ་མཁའ་གང་ཡིན་ པ། །དེ་ཉིད་རྣམ་པར་སྣང་མཛད་གཙོ། །རྡོ་རྗེ་མཁའ་འགྲོ་གང་ཡིན་པ། །དེ་ཉིད་འཕགས་མ་མཱ་མ་ཀཱི། །མཁའ་འགྲོ་དྲག་མོ་གང་ཡིན་པ། །དེ་ཉིད་ན་བཟའ་དཀར་མོ་ཡིན། །མཁའ་འགྲོ་རོ་ལངས་མ་གང་ཡིན། །དེ་ནི་འཕགས་མ་སྒྲོལ་མ་སྟེ། །མཁའ་འགྲོ་གཏུམ་མོ་གང་ཡིན་པ། །དེ་ཉིད་སངས་ རྒྱས་སྤྱན་མ་ཡིན། །གྲུབ་པའི་ཕོ་ཉ་རྣམ་པ་བཞི། །ཐམས་ཅད་རིག་པའི་ལུས་སུ་བྱེད། །སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་སྦྱིན་ལ་སྤྱད། །དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་ལ་ རབ་ཏུ་སྦྱར། །དག་སླང་སྟང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་བརྒྱད་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ཆོས་ལ་ནི། །ཞིང་བཟང་པོ་ལ་ས་བོན་གདབ། །མཚམས་མེད་པ་དང་སྡིག་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །སྔགས་ཀྱིས་དེ་ཉིད་ཕབ་པ་ཡིས། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །སྦྱིན་བདག་བཟང་པོའི་རྣལ་ འབྱོར་པ། །རིམ་གྱིས་མྱུར་དུ་བྱང་ཆུབ་འགྱུར། །སྲིད་པ་གསུམ་པོར་སྐུར་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །རྣལ་འབྱོར་ནམ་མཁའ་མཆོག་གི་དབང་ཕྱུག་གར་བྱེད་རོལ། །ཧཱུཾ་ ཞེས་བྱ་བའི་གླུ་ཡིས་ནི། །རྣལ་འབྱོར་མ་ཀུན་ཆགས་པར་བྱ། །བཀྲ་ཤིས་སྐྲ་ནི་སྙན་པ་ཡིས། །ཤིན་ཏུ་མཉམ་པར་གཞག་སྟེ་བླང་། །རྡོ་རྗེ་གདན་བཞི་རྒྱས་པ་ལས། །སྟོང་ཕྲག་བཅུ་གཉིས་མདོར་བསྡུས་པ། །དེ་ལ་དངོས་པོ་ཙམ་བསྡུས་པ། །སྙིང་པོ་མདོར་བསགས་ཞེས་བྱ་སྟེ། ། སྡེབ་སྦྱོར་དང་ནི་ཚད་མ་མེད། །རྣལ་འབྱོར་སྦས་པར་གྱུར་པ་ཡི། །བརྡ་ཡི་སྐད་ཀྱིས་བཤད་པ་ལས། །དོན་ལ་སྟོན་པའི་དེ་ཉིད་བསྡུས། །རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་གདན་བཞི་པ་ལས། །རྣལ་འབྱོར་མ་ཐམས་ཅད་དང་གར་དང་གླུའི་རབ་ཏུ་བྱེད་པ་དང་མཆོད་པའི་ཆོ་ག་རྒྱས་པའི་དཀྱིལ་འཁོར་ གྱི་སྒྲུབ་ཐབས་ཏེ་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ། །སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷས་ བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄། །དཔལ་གདན་བཞི་པའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་བཞུགས། ༄༅༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཙོ་མོ་ལྷ་མོ་ཐམས་ཅད་བདེ། །དེ་ཉིད་ཐམས་ཅད་རབ་བརྩོན་ མཛད། །གྲུ་གསུམ་པདྨའི་དབུས་གནས་པའི། །ཟླ་བ་ཉི་མ་མེ་ཡིས་བརྒྱན། །པདྨ་ཆེན་པོ་ཉེར་གནས་ཏེ། །ཡི་དགས་ཆེན་པོས་གདན་བྱས་པར། །གདན་སྐྱེས་རྣལ་འབྱོར་མ་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །གདན་བཞི་པ་ཡི་རྒྱུད་ཀྱི་ནི། །ལུང་གི་དོན་གྱི་རྗེས་ འབྲངས་ཏེ། །ཤིང་གཅིག་ལ་སོགས་དཀའ་འགྲེལ་ནི། །རྣལ་འབྱོར་གྲུབ་ཕྱིར་བཤད་པར་བྱ། །དམ་ཚིག་མ་དང་སྒྲུབ་པ་པོས། །རྣལ་འབྱོར་ཕོ་མོའི་དཀྱིལ་འཁོར་ལ། །གཏོར་མའི་ལས་ནི་ཁྱད་པར་དུ། །ངེས་པ་ཉིད་ནི་སྦྱར་བར་བྱ། །ཟླ་བ་ཡར་ངོའི་ཚེས་བརྒྱད་དང་། ། བཅོ་ལྔ་དང་ནི་བཅུ་བཞི་ལ། །རང་ཁྱིམ་རྣལ་འབྱོར་མ་མཆོད་ནས། །ཕྱི་ནས་གཏོར་མ་བརྩམ་པར་བྱ། །རང་གཞན་དེ་བཞིན་ཕྱི་རོལ་དང་། །ལུས་ལ་གནས་པའི་ལྷ་རྣམས་མཆོད། །ཤིང་གཅིག་ལ་སོགས་གནས་རྣམས་སུ། །གཏོར་དང་བཏུང་བས་ཡོངས་སུ་མཆོད། །དེ་ལྟར་གྱུར་པའི་སྔགས་ ཀྱིས་ནི། །རྣལ་འབྱོར་མ་ཀུན་མཆོད་པར་བྱ། །དེ་ལྟར་སྔགས་ཀུན་མ་ཤེས་པར། །སྔགས་པས་ཕྱི་རོལ་སྤྱོད་བྱེད་ན། །བསྐལ་པ་བྱེ་བ་བརྒྱ་བསྒྲུབས་ཀྱང་། །ལྷ་རྣམས་མཉེས་པར་མི་འགྱུར་རོ། །དེ་ཕྱིར་རྒྱུད་རྣམས་ཐམས་ཅད་དུ། །བཅོམ་ལྡན་འདས་ཀྱིས་རྟག་སྦས་པ། །རྣལ་འབྱོར་ རྒྱུད་འདི་ཐམས་ཅད་ལ། །དངོས་གྲུབ་ཐོབ་པའི་རྒྱུ་རུ་ནི། །འདི་ནི་རྒྱས་པར་བྱས་པ་ལ། །ཉོན་ཅིག་བཟང་པོ་བདག་གིས་བཤད། །ཨོཾ་ཞེས་པ་ནི་མཆོད་པའི་ངག །ཤིང་གཅིག་ལ་སོགས་བདུན་དུ་ནི། །རྒྱང་གྲགས་གཅིག་གི་ནང་རོལ་ནས། །ཤིང་གཞན་དག་ནི་རྣམ་སྤངས་པ། ། ཤིང་གཅིག་པ་ནི་ཐམས་ཅད་ཀྱིས། །བཤད་པས་ཤེས་པར་མི་འགྱུར་ཕྱིར། །ལུས་ནི་ཤིང་ཞེས་བྱ་བར་བཤད། །ལག་པ་ཡལ་ག་ལ་སོགས་བྱ། །རིག་བྱེད་མཐའ་ཡས་གསུངས་པ་དང་། །རྒྱུད་གཞན་དག་ལ་དེ་སྐད་གསུངས། །སྟེང་གི་རྩ་བ་ཡལ་ག་འོག །ཨ་ཤྭད་ཞེས་ གསུངས་མི་ཟད་པ། །མེ་ཏོག་འབྲས་བུས་ཡོངས་སུ་བརྒྱན། །ཤིང་ཞེས་བྱ་བར་བཤད་པ་ཡིན། །ལུས་ཀྱི་དབུས་ན་ཨ་གནས་པའི། །གསང་བའི་ཤིང་ནི་མི་ཤེས་ཕྱིར། །ལྟེ་བ་ནས་ནི་སོར་བཞི་ན། །དེ་ལ་ལུས་རྟེན་རབ་ཏུ་གནས། །དེ་ལས་སྟེང་འབྱུང་ཡལ་ག་གསུམ། །ཤིང་གི་ བུ་གུར་ཡོངས་སུ་ལྡན། །ལྟེ་སྙིང་སྨིན་མའི་དབུས་གནས་པར། །ཐིག་ལེ་གསུམ་ནི་གསུངས་པ་དག །སྟེང་དུ་འོག་ཏུ་འགྲོ་བ་ལས། །ཡལ་ག་བཅུ་ཞེས་བྱ་བར་བཤད། །མེ་ཏོག་འབྲས་བུ་རྟག་ཏུ་ལྡན། །འདབ་མ་བརྒྱད་པ་ཤིན་ཏུ་མཛེས། །གང་ཚེ་སྣ་ལས་ཕྱིར་བྱུང་སྲོག །ཤིང་གཅིག་པ་ ཞེས་བྱ་བར་བཤད། །གསང་བའི་ཤིང་གི་ཤིང་ཆེན་པོ། །གསང་བ་ཡི་ནི་གནས་ན་གནས། །མུ་སྟེགས་ཉན་སོགས་ཐམས་ཅད་ཀྱིས། །ཤིང་དེ་རྣམ་པར་ཤེས་མི་འགྱུར། །ཆོས་འབྱུང་བ་ཡི་ཚལ་ཆེན་པོར། །དེ་ཡི་དབུས་སུ་ཡོངས་གནས་པར། །སུ་ཀྲ་རཀྟ་རང་འབྱུང་བའོ། ། མེ་ཏོག་འབྲས་བུས་ཡོངས་སུ་བརྒྱན། །དེ་ལ་གནས་པའི་རྣལ་འབྱོར་པས། །ཐར་པའི་དངོས་གྲུབ་ཐོབ་པར་འགྱུར། །བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །མངོན་སུམ་ཉིད་དུ་བདག་གིས་བཤད། །ཕ་ཞེས་བྱ་བ་སུ་ཀྲར་བརྗོད། །མ་ནི་རཀྟར་ཡོངས་སུ་ཤེས། །ཡི་གེ་གཉིས་ ནི་ཀུན་སྦྱོང་བ། །དུར་ཁྲོད་དུ་ནི་རྣམ་པར་གྲགས། །དུར་ཁྲོད་ཤི་བའི་ཚལ་དུ་ཤེས། །ཡི་དགས་ཀྱི་ནི་གནས་སུ་བཤད། །གང་ཡང་ཕ་ཡིས་བསྡུས་པ་ཡི། །གཟུགས་དང་ཁ་དོག་མཛེས་པའོ། །མ་ལས་བྱུང་བའི་གསུམ་གྱི་དངོས། །དེ་བཞིན་ཕ་ལས་བྱུང་བའང་གསུམ། །འགྱུར་ བ་དྲུག་པོ་བསྡུས་པ་ནི། །དུར་ཁྲོད་དུ་ནི་རྣམ་པར་གྲགས། །དེ་ཕྱིར་ཤི་བའི་ཚལ་དུ་བཤད། །ལུས་པོ་ཡིས་ནི་བརྟེན་བྱས་པ། །དབང་པོ་བཅུ་པོ་ལ་སོགས་ཀུན། །འདུས་པ་དང་ནི་ཁུ་བར་འགྱུར། །སྲོག་ནི་དུར་ཁྲོད་ཞེས་བྱར་བརྗོད། །རིམ་གྱིས་འབྱུང་སོགས་ངོ་བོ་ནི། །ཚིགས་བཅད་དང་པོར་ གང་གསུངས་པ། །དེ་ལྟ་བར་ནི་གསང་བའི་གཟུགས། །ཤེས་རབ་པདྨའི་མཁའ་ཁམས་སུ། །རི་དགས་འཛིན་པའི་ཚུལ་གྱིས་སུ། །འབྱུང་པོ་ཐམས་ཅད་ལྟུང་བའི་གནས། །དུར་ཁྲོད་དུ་ནི་ཡོངས་སུ་བརྟག །རི་ཞེས་བྱ་བའི་རི་བོར་བཤད། །ལྷ་རྣམས་གནས་སུ་ས་འཛིན་ཏེ། །ལུས་ཀྱང་རི་ ཞེས་བྱ་བར་བརྗོད། །གསུམ་འདུས་པ་ནི་ཡང་དག་ལྡན། །དབང་པོ་བྱ་ཡིས་ཡོངས་སུ་གང་། །རི་དགས་ལ་སོགས་སྣ་ཚོགས་ལྡན། །ལུས་རིར་གནས་པའི་ལྷ་རྣམས་ནི། །གཏོར་དང་བཏུང་བས་མཆོད་པར་བྱ། །སྲོག་ཀྱང་རི་ཞེས་བྱ་བར་བཤད། རྒྱུ་དང་མི་རྒྱུར་བཅས་པ་ འཛིན། །འབྲས་བུ་ཤིང་གིས་ཀུན་ཏུ་གང་། །བ་སྤུ་རྩ་ཡི་ཕྲེང་བས་གང་། །ཆུ་ནི་ཡོངས་སུ་འབབ་པར་ལྡན། །གྲུབ་པའི་རྣལ་འབྱོར་མ་བསྙེན་པ། །པ་ཞེས་པ་ནི་པདྨར་བཤད། །རྦ་ཞེས་བྱ་བ་རྡོ་རྗེར་ཤེས། །ཏ་ཞེས་པ་ནི་བདེ་བ་ཆེ། །དེ་ཕྱིར་རི་ལ་རི་ཞེས་བརྗོད། །གང་ཡང་རི་ཡི་ཕྱོགས་གཅིག་གནས། ། དེ་ལ་གནས་པའི་ལྷ་རྣམས་ནི། །མཁས་པ་ཡིས་ནི་མཆོད་པར་བྱ། །དབང་པོ་སྒོ་དགུའི་གནས་རྣམས་ནི། །སྣ་ཚོགས་ཆོ་ག་ཡི་ནི་གནས། །དེ་ཕྱིར་གཅོང་རོང་ཞེས་སུ་བཤད། །སྲོག་གི་གཅོང་རོང་གཅོང་རོང་ནི། །ཀ་ཞེས་པ་ནི་ལུས་ཀྱི་དངོས། །དེ་ནི་སྲོག་གི་རླུང་གིས་བཟུང་། །དེ་ཕྱིར་གཅོང་རོང་ ཞེས་སུ་བཏགས། །ཡེ་ཤེས་བདུད་རྩིའི་ཆུ་འབབ་པས། །བྷ་ག་གཅོང་རོང་ཞེས་སུ་གསུངས། །གང་ཡང་འདོད་ཆགས་ཞུ་བ་ཡིས། །ཁུ་བ་ཡི་ནི་གཟུགས་སུ་གནས། །ཀ་ཞེས་པ་ནི་མྱོས་པའི་མདོག །ད་ཞེས་པ་ནི་ཞུ་བའི་བདག །རི་ཞེས་པ་ནི་དགའ་བའི་བདག །གཅོང་རོང་དེ་ནི་དེ་ ལྟར་བཤད། །ཕུག་ནི་ཕྱི་ནས་བཤད་ཚུལ་གྱིས། །སྒྲུབ་པ་པོ་ཡི་གནས་སུ་གསུངས། །བྱེ་བ་བརྒྱད་ཅུའི་རྣལ་འབྱོར་པས། །གང་དུ་གནས་ནི་རབ་བརྟགས་པ། །དེ་ནི་ཕུག་ཅེས་བྱ་བའི་མིང་། །ལུས་ཀུན་དེ་དང་འདྲ་བར་གསུངས། །རྐང་པའི་མཐིལ་ནས་སྤྱི་བོའི་བར། །གསང་ཆར་ ཁྱབ་པ་རླུང་གི་གཟུགས། །རྟག་ཏུ་རླུང་གི་གཟུགས་སུ་གནས། །ཕུག་ཅེས་བྱ་བར་བཤད་པ་ཡིན། །གསང་བའི་གསང་བར་གནས་པའི་ལྷ། །དེ་ནི་ལྷ་དང་མི་ལ་གསང་། །རྒྱུད་དང་རྒྱུད་ནི་ཐམས་ཅད་ལས། །སྦ་བར་གསང་བ་ཡིན་པར་བཤད། །སྐྱེ་བོ་གནས་ལ་གྲོང་འདབ་ཏུ། །གཏོར་ དང་བཏུང་བས་མཆོད་པར་བྱ། །དབང་པོའི་གྲོང་གིས་ཀུན་ཏུ་གང་། །འདབ་ནི་ལུས་ལ་རྣམ་པར་གནས། །རང་གི་བདག་པོའི་ལྷ་བསྒོམས་ལ། །ནུས་པ་ཡིས་ནི་མཆོད་པར་བྱ། །ལུས་ཀྱི་གྲོང་ཁྱེར་སྤྱི་བོར་གནས། །འདབ་ནི་མཐའ་ཡི་རྣམ་པར་ག