Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 25
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་བལྟས་ལ་མཆོད་པ་ལ་སོགས་པ་བྱ། དེ་ནས་ལྷའི་ཏིང་ངེ་འཛིན་དང་ལྡན་པས་བཟླས་པ་བྱ་སྟེ། འཁོར་ལོ་ཅན་གྱི་འབུམ་ཕྲག་གཅིག་བཟླས་ལ། །ལྷ་མོ་རྣམས་ཀྱི་ནི་ཁྲི་ ཕྲག་རེ་བཟླས་སོ། །དེ་ནས་ཡང་མཆོད་པ་ལ་སོགས་པ་བྱས་ཏེ། གྲོགས་པོ་བཟང་པོ་དག་དང་བཅས་པས་བརྟག་ཅིང་སྦྱང་བར་བྱ་སྟེ། དེ་ཡང་། གཙུག་ལག་ཁང་དང་ཚོང་དུས་དང་། །ལྡུམ་ར་གྲོང་ངམ་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་ཡི་ཆར། །མཉམ་པར་ གཞག་ཅིང་གཟུང་བར་བྱ། །དེ་བས་ན་དེ་དག་ཏུ་བརྟག་པའམ། ཡང་ན་དུར་ཁྲོད་དང་། ནགས་ཚལ་ལ་སོགས་པ་གང་དང་གང་དུ་ཡིད་དུ་འོང་བའི་གནས་དེར་སྦྱར་བར་བྱའོ། །དེ་ལ་གཉིས་ཏེ། ཕྱིའི་ས་སྦྱང་བ་དང་། ནང་གི་ས་སྦྱང་བའོ། །ཕྱིའི་སྦྱང་བ་ལ་ཡང་གཉིས་ཏེ། ལས་ཀྱི་བྱ་བས་སྦྱང་བ་དང་། ཞི་བའི་ཐབ་ཁུང་དུ་མི་རུས་ཀྱི་ཕྱེ་མ་ལ་སོགས་པའི་སྦྱིན་སྲེག་བྱས་ལ་ཉེ་བར་ཞི་བར་བྱའོ། །དེ་ལ་བྱ་བས་སྦྱང་བ་ནི། དེ་ཡང་། པུས་ནུབ་ཙམ་དུ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་ པར་སྟོན་པ་ཡིན། །དེ་བས་ན་པུས་ནུབ་ཙམ་དུ་བརྐོས་ལ། སའི་སྐྱོན་རྣམས་བསལ་ནས་དེ་ཉིད་ཀྱིས་ལེགས་པར་བཀང་སྟེ་གཞུང་དང་མཐུན་པར་བྱའོ། །དེ་ནས་ནི་ཆུའི་ལྟས་བརྟག་པར་བྱ་སྟེ། དེ་ཡང་། མཐོ་གང་ཟླུམ་པོ་བརྐོས་ནས་ནི། །བ་ཆུས་བྱུག་ལ་ཆུ་ཡིས་ དགང་། །མ་ཡེངས་སེམས་ཀྱིས་ཤར་ཕྱིན་ལ། །སླར་ལོག་པས་ནི་བརྟག་པར་བྱ། །དེ་བས་ན་ཆུའི་ལྟས་རབ་འབྲིང་གསུམ་དུ་བལྟས་ལ། དེ་ནས་དྲི་ཞིམ་པོ་དང་བཅས་པའི་སས་ཁུང་བུ་ལེགས་པར་བཀང་ནས་རིན་པོ་ཆེ་ལྔ་དང་། འབྲུ་སྣ་ལྔ་སའི་ནང་དུ་བཅུག་ལ་ ལེགས་པར་བཅུག་པའི་རྫས་ལྔས་བྱུག་ཅིང་། ཉེ་འཁོར་དུ་མེ་ཏོག་སིལ་མ་བཀྲམ་པ་དང་། ཕྱོགས་མཚམས་སུ་བ་དན་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་བཙུགས་ལ། ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་གཏོར་བ་ནི་བྱ་བས་སྦྱང་བའོ། །ནང་གི་ སྦྱང་པ་ནི། ནང་ལ་གཞོལ་བའི་སེམས་ཀྱིས་ཆོས་ཉིད་ཀྱི་སྔགས་བཟླས་ཏེ་སྟོང་ཉིད་དུ་བསྒོམས་ལ། དེའི་ངང་ལས་ཡི་གེ་ཧཱུཾ་ལས་རྡོ་རྗེའི་ས་གཞིར་བསྒོམས་ནས། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་ས་བླང་སྟེ། མཆོད་པ་བཤམས་ལ། སའི་དབུས་སུ་ལྷའི་ཏིང་ངེ་འཛིན་ལ་གནས་པས་སྙིང་རྗེ་ཆེན་པོ་དམིགས་ཏེ། ལག་པ་ས་ལ་བརྡབས་པས་ས་གས་པའི་སེར་ག་ནས་སའི་ལྷ་མོ་སྐུ་མདོག་སེར་པོ་ཞི་བའི་རང་བཞིན་ཅན་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ་ཅིག་བྱུང་བར་བསམ། མཆོད་པ་དང་གཏོར་མ་ཕུལ་ཏེ། དཔལ་ལྡན་རྡོ་རྗེ་ཧེ་རུ་ཀས། །མཆོད་ཅིང་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་པས་ས་བླངས་ལ་དེ་ནས་གསོལ་བ་བཏབ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་ པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ལ་དེ་ཉིད་དུ་ཐིམ་པར་བསམ་མོ། །ས་གཟུང་བ་ནི། སློབ་དཔོན་སའི་དབུས་སུ་འདུག་ སྟེ། མེ་ཏོག་ཕྲེང་བ་དང་། ཅོད་པན་ལ་སོགས་པས་བརྒྱན་ནས། རྡོ་རྗེ་དྲིལ་བུ་བཟུང་སྟེ། དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པས་སློབ་མ་བཞི་ཡང་རྒྱན་ཆས་དང་རྡོ་རྗེ་དྲིལ་བུ་འཛིན་པས་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷ་མོ་བཞིར་བསྒོམས་ལ་ཕྱོགས་བཞི་ནས་གསོལ་བ་གདབ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་འཛིན་པ་ལས་བྱུང་བའི། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་ དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བའི། །ཡེ་ཤེས་སྦྱོང་བ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་ འཁོར་སྙིང་པོ་བཤད་དུ་གསོལ། །དེ་ནས་བདག་ལྷའི་ང་རྒྱལ་བསྒྱིངས་པ་དང་བཅས་པར་མིག་གཡས་པར་ཨ་ལས་ཟླ་བ་མིག་གཡོན་པར་ཊ་ལས་ཉི་མ་བསམས་ཏེ། རྐང་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་གདེངས་པ་བསྒོམས་ལ། དབང་ལྡན་དུ་སོང་ལ་རྡོ་རྗེ་གསོར་ཏེ། ཧཱུཾ་རིང་ པོ་བརྗོད་ལ། དེང་སློབ་དཔོན་ངས་ས་ཕྱོགས་འདིར་སློབ་མའི་དོན་དུ་ལས་འདི་རྩོམ་གྱིས། འདི་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་གང་དག་གནས་པའི་ས་བདག་རྣམས་མྱུར་དུ་དེང་ཤིག །འདི་ལྟར་དཔལ་ཧེ་ རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་དག་ལ་ངའི་རྡོ་རྗེ་དང་། ཁ་ཊྭཱཾ་ག་འདིས་མགོ་བོ་ཚལ་པ་བརྒྱར་དགས་པར་བྱའོ་ཞེས་ལན་གསུམ་བརྗོད་ནས། དེ་ནས་ཡང་རྡོ་རྗེ་གསོར་ནས། ཧཱུཾ་ལུས་ངག་སེམས་དང་ལྡན་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ཁ་ཊྭཱཾ་གས། །སྐུ་གསུང་ལས་བྱུང་དགས་པར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་ལ་གཡས་བརྐྱང་དང་། གཡོན་བརྐྱང་ལ་སོགས་པའི་རྡོ་རྗེ་འགྲོས་ ཀྱིས་ཀུན་དུ་བསྐོར་ཞིང་བཅགས་ལ། །སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་ཙནྡན་དམར་པོས་བསྐུས་ཏེ། མེ་ཏོག་དམར་པོ་བཏགས་པ་དགུ་དབུས་དང་། ཕྱོགས་མཚམས་དགུར་བཏབ་ལ་ལྷ་ལ་ཕྱག་བྱའོ། །ས་བསྲུང་བ་ནི་དཀྱིལ་འཁོར་གྱི་སའི་དབུས་སུ་གནས་པ་བགེགས་ཉེ་བར་ཞི་བར་ བྱ་བའི་ཕྱིར་ར་བ་དང་། དྲ་བ་དང་ས་གཞི་ལ་སོགས་པ་སྲུང་བའི་འཁོར་ལོ་བསྒོམས་ལ། སྙིང་ག་ནས་ཁྲོ་བོ་བགེགས་མཐར་བྱེད་སྟོད་ཁྲོ་བོ་ལ་སྨད་ཕུར་བུའི་དབྱིབས་ཅན་ཕྱུང་སྟེ། ཨོཾ་གྷ་གྷ །གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦྦ་དུཥྣཱན་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ ཡ། བཛྲ་དྷ་རོད་ཨཱཛྙཱ་པཱ་ཡ་ཏི། སརྦ་བིགྷྣཱན། ཀཱ་ཡ་ཝཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བགེགས་རྣམས་ལ་ཕུར་བུས་བཏབ་སྟེ། ཨོཾ་རཀྵ་རཀྵ་ཞེས་པ་དང་། འབྲུ་གསུམ་བཟླས་པས་བསྲུང་ངོ་། །དེ་ནས་ལྷ་སྟ་གོན་ལ་གནས་པ་ནི། བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུས་ དབུས་སུ་སོར་བཅུ་པ་གྲུ་བཞིར་བྱུགས་ལ། ཕྱོགས་བཞིར་ལྷ་མོ་རྣམས་ཀྱི་གནས་སུ་སོར་དྲུག་པ་ཟླུམ་པོ་བྱས་ཏེ། སོ་སོར་མེ་ཏོག་རེ་རེ་བཞག་སྟེ། སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ལ་བཀུག་ལ་མཆོད་པའི་ཁྱད་པར་ཀུན་གྱིས་མཆོད་ནས་དེའི་རྗེས་ལ་བསྟོད་པ་བྱ་སྟེ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རྟག་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་ལ་བདག་ཕྱག་འཚལ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་མཆོག་གསུམ་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་ བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་རབ་རྫོགས་བྱེད། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་ འགྲོ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། དེ་ནས་བསྐོར་བ་བྱ་ལ་བདུད་རྩི་ལྔ་དང་ལྡན་པའི་བདུག་སྤོས་ལག་ཏུ་ཐོགས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་གསོལ་བ་གདབ་བོ། །ཧེ་རུ་ཀ་དཔལ་དཔའ་བོའི་མཆོག །རིག་པའི་རྒྱལ་པོ་ཕྱག་འཚལ་འདུད། ། ཁྱེད་རྣམས་ལ་ནི་མཆོད་པ་དང་། །སློབ་མ་རྣམས་ལ་བརྩེ་བྱའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། །དཀྱིལ་འཁོར་སང་ནི་བསྒྲུབ་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་འོས། །འགྲོ་བའི་འཁོར་ལོའི་དོན་མཛད་པའི། །སངས་ རྒྱས་མགོན་པོ་བརྩེར་ལྡན་པའི། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དག་རྡོ་རྗེའི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་མངོན་དགའ་རྣམས། །བདག་ལ་ དགོངས་པར་མཛད་དུ་གསོལ། །རྡོ་རྗེ་ཆེ་གེ་མོ་བདག་གིས། །ཧེ་རུ་ཀ་འབྱུང་དཀྱིལ་འཁོར་མཆོག །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཅིང་བདག་བསྒྲུབས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། ། དཀྱིལ་འཁོར་བར་བཅས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ་ནི་ལྷ་སྟ་གོན་ལ་གནས་པའོ། །དེ་ནས་ལས་ཀྱི་བུམ་པ་སྟ་གོན་ལ་གནས་པ་ནི། །བུམ་པ་མཚན་ཉིད་དང་ལྡན་པ་གཅིག་ལ་དྲི་ཞིམ་པོས་བྱུག་སྟེ། ལས་ཐམས་ ཅད་པའི་མཚན་མ་བྲིས་ལ་དེ་ཉིད་ཀྱི་གསང་སྔགས་བཟླས་པའི་ཡུངས་ཀར་གྱིས་བརྡེག་ཅིང་གུ་གུལ་གྱིས་བདུགས་ལ། དེར་ཆུ་དང་། འབྲུ་དང་། རིན་པོ་ཆེ་རྣམས་སྩལ་ཏེ། ཁ་རྒྱན་དང་མགུལ་ཆིངས་དང་ཕྲེང་བ་ལ་སོགས་པས་བརྒྱན་ལ་དེ་ནས་སྟོང་པ་ཉིད་དུ་བསྒོམ། དེའི་ངང་ ལས་པཾ་ལས་པདྨ། དེར་བཾ་ལས་བུམ་པ་དེའི་ནང་དུ་པདྨ་ལ་གནས་པའི་ཁྲོ་བོ་བསྐྱེད་ལ།སྙིང་གའི་ས་བོན་ལས་ཡེ་ཤེས་ཀྱི་ཁྲོ་བོ་བཀུག་སྟེ། བསྟིམ་ལ་མཆོད་པ་དང་། གཏོར་མ་གཏོང་ལ་ཁ་རྒྱན་གྱི་སྟེང་དུ་རྡོ་རྗེ་བཞག་ལ། ལས་ཐམས་ཅད་པའི་སྔགས་ འབྲུ་གསུམ་དང་སྤེལ་བ་བཟླས་ལ། བཅོམ་ལྡན་འདས་རིག་པའི་རྒྱལ་པོས་བདག་ཅག་གི་ལས་འདི་མ་གྲུབ་པའི་བར་དུ་བགེགས་ཐམས་ཅད་བཟློག་ཅིག་ཅེས་བརྗོད་ལ་སྒོ་ཕྱོགས་སུ་བཞག་གོ། །དེ་ནས་སློབ་མ་སྟ་གོན་ལ་གནས་པ་ནི། སྔར་བསྟན་པ་ལྟར་ཤིན་ཏུ་བརྟགས་ པའི་སློབ་མ་ཁྲུས་བྱས་ལ། གོས་སར་པ་བགོས་ནས་མཎྜལ་བྱས་ཏེ། ལག་ན་མེ་ཏོག་དང་བཅས་པས་དཀྱིལ་འཁོར་གྱི་དྲུང་དུ་བཞག་སྟེ་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་གནས་པ་ལ། སློབ་དཔོན་གྱིས་འདི་སྐད་བརྗོད་དེ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། ། དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གང་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོར་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། འདི་ཡིས་འབྲས་བུ་གཉེར་མི་བྱ། །གལ་ ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བསྒྲགས་ལ། དེ་ནས་སློབ་མས་འདི་སྐད་ཅེས་གསོལ་བ་གདབ་སྟེ། སངས་རྒྱས་མཁའ་འགྲོས་ཡོངས་འཁྱུད་ པའི། །དཔའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་འདི་ཉིད་བདག་ལ་སྩོལ། །བདག་ལ་བྱང་ཆུབ་སེམས་ཀྱང་སྩོལ། །སངས་རྒྱས་ཆོས་དང་དགེ་ འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་བརྗོད་དོ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །སྣོད་ནི་ཚུལ་ཆེན་ཁྱོད་ཡིན་པས། ། སྔགས་ཀྱི་སྤྱོད་ཚུལ་ཆོ་ག་རྣམས། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་གིས་ནི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདིའི་སྒོ་ནས། །དཔའ་བོས་བྱང་ཆུབ་ ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཤཱཀྱ་སེང་སོགས་མཆོག་གིས་ཀྱང་། །གསང་སྔགས་སྦྱོར་བ་མཉམ་མེད་པ། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །དཔུང་ཆེན་དག་ཀྱང་དེས་བཅོམ་ནས། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་ འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དེ་ནས་སློབ་མས་སེམས་བསྐྱེད་ཅིང་སྡོམ་པ་བཟུང་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་ རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །དེ་ནས་རྩ་བའི་སྔགས་ཀྱིས་བསྲུངས་ནས། སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ། ཨོཾ་ཨཱཿཧཱུཾ། ཞེས་པས་བྱིན་གྱིས་བརླབས་ལ། དེ་ནས་ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་སྟེ། ལངས་ནས་ཙནྡན་གྱི་ཆུ་དང་བཅས་པས་སྤྱི་བོ་ལ་སོགས་པའི་གནས་ གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་བརྗོད་ཅིང་ཉེ་རེག་བྱའོ། །དེ་ནས་སྔགས་དང་བཅས་པས་སྤྱི་བོར་མེ་ཏོག་དང་། མདུན་དུ་སྤོས། མིག་སྔར་མར་མེ། ལྷ་བཤོས་ཕྱག་ཏུ། དྲིལ་བུ་སྙན་ལ། དེ་ནས་སོ་ཤིང་ཨ་ཤྭཏྠ་ལ་སོགས་པ་ལས་བྱུང་བ་གས་ཆག་མེད་ཅིང་ དྲང་པོ་སོར་བཅུ་གཉིས་པའི་ཚད་ལ་རྩེ་མོའི་ཕྱོགས་སུ་མེ་ཏོག་དང་བཅས་པ་ལ་རྩ་བའི་སྔགས་མངོན་པར་བཟླས་ཏེ་བྱིན་ལ་རྩེ་མོ་མེ་ཏོག་དང་བཅས་པ་འཆོས་ཏེ། བ་ལང་གི་ཀོ་བ་ཙམ་གྱིས་མཎྜལ་བྱུག་སྟེ། ཁ་ཤར་དུ་བལྟས་ལ་དྲང་པོར་དོར་རོ། །རྩེ་མོའི་ཕྱོགས་གང་དུ་བསྟན་པ་ལ་ལས་ དང་དངོས་གྲུབ་ཀྱི་ལྟས་བརྟག་པར་བྱའོ། །དེ་ནས་དྲིའི་ཆུ་ལ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦྦ་དྷ་རྨཱཿཔཱ་པཾ་ནིཤྩ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་པས་མངོན་པར་བསྔགས་ལ་ལན་གསུམ་དུ་བླུད་དོ། །དེ་ནས་ཡི་གེ་དྷཱིཿབཟླས་པའི་ཀུ་ཤ་སྔས་སུ་བྱིན་ལ་ཧ་བཟླས་པ་ནི། སྟན་དུ་སྦྱིན་ནོ། ། དེ་ནས་ཡང་ཧཱུཾ་བཟླས་པའི་སྐུད་པ་མདུད་པ་གསུམ་དང་ལྡན་པ་དཔུང་པར་གདགས་སོ། །དེ་ནས་སྤྲོ་བ་བསྐྱེད་ཅིང་ཆོས་བཤད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་ སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ ཡས་སྔགས་སྤྱོད་པའི། །ཚུལ་གནས་པ་ལ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། ། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་གྱི། །ལེགས་པ་ཉིད་དུ་འགྲོ་བར་ འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ལ། དེའི་རྗེས་ལ་སློབ་མ་རྩ་བའི་སྔགས་ ཀྱིས་བསྲུངས་ལ་ཐལ་མོ་སྦྱར་ནས་འདི་སྐད་བརྗོད་དེ་སྡོམ་པ་འཛིན་དུ་གཞུག་གོ། །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང་། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །གསང་ བའི་སྡོམ་པ་བླ་མེད་བསྲུངས། །ཞེས་ཞུས་ལ་སྡོམ་པ་དཔོག་གོ། །དེ་ནས་རྨི་ལམ་དུ་ཅི་མཐོང་བ་ང་ལ་སྨྲོས་ཤིག་ཅེས་བསྒོ་ལ། །རང་རང་གི་ལྷ་ལ་ལྷག་པར་མོས་པས་ཉལ་ལ་རྨི་ལམ་བརྟག་གོ། །དེ་ནས་སློབ་དཔོན་གྱིས་ནང་དུ་ཞུགས་ཏེ་སློབ་མ་བསྲུང་བའི་ཕྱིར་འཁོར་ལོ་ཅན་གྱི་སྔགས་བཟླས་ ཤིང་གཏོར་མ་གཏོང་ངོ་། །ནང་པར་སློབ་མ་བོས་ལ་རྨི་ལམ་དྲིས་ལ་མི་དགེ་བའི་ལྟས་མཐོང་ན་རྩ་བའི་སྔགས་བཟླས་པས་བསྲུང་ངོ་། །སློབ་མ་སྟ་གོན་ལ་གནས་པའོ། །དེ་ནས་དཀྱིལ་འཁོར་བྲི་ཞིང་ཐིག་གདབ་པར་བྱ་སྟེ། དེ་ཡང་། རས་བལ་ལ་སོགས་ལེགས་བཀལ་བའི། །གསར་ཞིང་ སྦོམ་ཕྲ་འཇུར་མདུད་མེད། །དཀྱིལ་འཁོར་ཉིས་འགྱུར་ཚད་ཀྱིས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་བྱ། །དེ་བས་ན་ལས་ཐམས་ཅད་པའི་སྐུད་པས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཐིག་གདབ་སྟེ། དེ་ཡང་། དང་པོར་ཚངས་ཐིག་གཉིས་བཏབ་ནས། །དེ་འོག་མཚམས་ཀྱི་ཐིག་ གཉིས་བྲི། །དེ་ནས་དཀྱིལ་འཁོར་ཚད་དང་ནི། །མཐུན་པ་གྲུ་བཞིར་གདབ་པར་བྱ། །ཕྱོགས་དང་མཚམས་ཀྱི་ཐིག་གི་བར། །མཉམ་པོར་ཆ་མཉམ་གདབ་པར་བྱ། །དེ་ནས་སློབ་དཔོན་དབུས་འདུག་ལ། །དབུས་སུ་ཕུར་བུས་བཏབ་ནས་ནི། །ཐིག་སྐུད་གཉིས་བལྟབ་ཕུར་ལ་གདབ། །དེ་འོག་ སྙིང་པོའི་ཕོ་བྲང་ནི། །ཇི་ཙམ་རིགས་པའི་ཟླུམ་པོར་བསྐོར། །དེ་ནས་དབང་ལྡན་ཕྱོགས་ནས་ནི། །སློབ་མས་རིམ་པ་གཉིས་སུ་བསྐོར། །རྡོ་རྗེ་ར་བ་མེ་རིར་བཅས། །ཟླུམ་པོ་གཉིས་སུ་བསྐོར་བྱས་པས། །དབུས་སུ་སྣ་ཚོགས་པད་འདབ་བརྒྱད། །རྡོ་རྗེ་ཕྲེང་དང་བཅས་པར་འགྱུར། །དེ་ནས་ཡེ་ཤེས་ ལྔའི་རང་བཞིན་གྱི་ཚོན་ལྔའི་ཁ་དོག་སྐུད་པ་སྣོད་སོ་སོར་བཞག་ལ། །བདག་ཉིད་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པས་མིག་གཉིས་སུ་ཊ་དང་མ་ལས་ཉི་མ་དང་ཟླ་བ་བསམས་ལ་འབར་བའི་བལྟ་བས། །དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ལ་བཀུག་སྟེ་ དེར་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས་བདུད་རྩི་ལྔས་གཏོར་རོ། །དེ་ཡང་། རབ་བྱུང་མྱུར་དུ་བསྐུལ་བའི་མིག །མིག་གི་རྫི་མ་འགུགས་བྱེད་པ། །འབར་བའི་ལྟ་བ་ཞེས་བྱ་སྟེ། འགྲོ་བ་ཐམས་ཅད་དགུག་པར་བྱེད། །ཅེས་གསུངས་སོ། །དེ་ནས་ཨོཾ་ ཨ་བྷ་ག་ཝཱན་ཤ་ཤྭ་སྭ་ཏེ་སུ་ཏཾ་པྲ་ཡཙྪ་སྭ་ཙཀྲ་སཱུ་ཏྲ་ནཱ་ཡ་ཧཱུཾ་ཞེས་བརྗོད་པས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་སྐུད་པ་བླངས་ཏེ། དེ་ཡང་། ཕན་ཚུན་རྗེས་སུ་རྫོགས་པ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་རྗེས་སུ་ཡང་། །འགྲོ་བར་ ཕན་ཚུན་རྗེས་སུ་བརྗོད། །ཅེས་བརྗོད་ལ་སློབ་མ་རྡོ་རྗེ་མཁའ་འགྲོར་བསྒོམས་པ་དང་། གཉིས་ཀྱིས་གཅིག་ཏུ་བསྒྲིལ་ཏེ། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ་སརྦྦ་དྷརྨཱཿཨཱ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་ངྷརྨཱ་ཧཱུཾ་ཞེས་བརྗོད་ཅིང་གཅིག་ཏུ་བསྒྲིལ་ལོ། །དེ་ནས་བདག་ཉིད་ནུབ་ཕྱོགས་སུ་གནས་ལ། ། རྡོ་རྗེ་ལ་དཀྲིས་པའི་སྐུད་པ་ཁུ་ཚུར་གཡོན་པས་བཟུང་སྟེ། ཤར་ཕྱོགས་ན་གནས་པའི་སློབ་མ་ལ། ཛཿཛཿཛཿཞེས་པས་གཏང་ནས་ཚངས་ཐིག་དང་པོ་བཏབ་སྟེ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ། སེམས་ཅན་དོན་བྱེད་དུས་སུ་ནི། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས། །དེ་དག་འདིར་ གཤེགས་བྱ་བའི་ཕྱིར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བྱ། །ཞེས་པ་བརྗོད་ལ་གདབ་བོ། །དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ་བྱོན་པར་འགྱུར་རོ། །དེ་ནས་བསྐོར་ཕྱོགས་སུ་སོང་སྟེ། གཤིན་རྗེའི་ཕྱོགས་སུ་གནས་ལ། བྱང་ཕྱོགས་ན་གནས་པའི་སློབ་མ་དང་། ཚངས་ཐིག་གཉིས་པ་གདབ་བོ། །དེ་བཞིན་དུ་ས་ལ་ཡང་གདབ་བོ། །དེ་ནས་ཡང་མེའི་མཚམས་སུ་སོང་སྟེ། དབང་ལྡན་གྱི་མཚམས་ན་གནས་པ་དང་། ཤར་ཕྱོགས་ཀྱི་ཐིག་གདབ་ལ། དེ་བཞིན་དུ་ལྷོ་ཕྱོགས་དང་སྦྱར་ལ་ཐིག་ཇི་ལྟར་གནས་པ་དེ་བཞིན་དུ་ནམ་མཁའ་དང་ས་ ལ་ཡང་གདབ་པོ། །དེ་ནས་ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་ལོ། །དེ་ནས་ཚོན་བྲིས་ཏེ་གསེར་ལ་སོགས་པའི་ཚོན་རྩི་ལྔའམ། མ་འབྱོར་ན་འབྲས་ཕྱེ་ལ་སོགས་པའི་ཕྱེ་མ་ཞིབ་ཏུ་བཏགས་ཏེ་དྲི་ཞིམ་པོས་བདུགས་ལ་སོ་སོར་ཐོད་པའི་སྣོད་དུ་བཞག་སྟེ། ཐིག་གི་སྐབས་དང་འདྲ་བར་འབར་བའི་བལྟ་བས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམ་སྟེ། ཨོཾ་བཛྲ་ཙིཏྲ་ས་མ་ཡེ་ཧཱུཾ་ཞེས་བརྗོད་ཅིང་མངོན་པར་བསྔགས་ལ། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་སྒྲོལ་བྱེད་ པའི། །ཧེ་རུ་ཀ་དཔལ་རྒྱལ་ཆེན་གྱི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་བརྗོད་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་ཚོན་རྩི་རྣམས་སོ་སོར་བཟུང་ལ་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། རི་མོ་ཕན་ཚུན་དུ་མ་འབྱར་པ་དང་ཡ་ཡོ་མེད་པར་གཡས་སྐོར་དུ་བྲིའོ། །དེའི་རིམ་པ་ནི་ནང་རོལ་ དུ་ནག་པོའོ། །དེའི་ཕྱི་རོལ་དུ་དཀར་པོའོ། །དེའི་འོག་སེར་པོའོ། །དེ་ནས་དམར་པོའོ། །ཐ་མར་ལྗང་གུའོ། །དེ་ནས་རི་མོ་ལྔ་པོ་ཅུང་ཟད་ཅིག་བྲིས་ལ་ཁམ་ཕོར་ལ་སོགས་པས་བཀབ་ལ་ཕྱི་ནས་མཚན་མ་བརྟག་གོ། །ཕྱི་ནས་སློབ་མ་རྣམས་ཀྱིས་ཅི་བདེར་བྲིའོ། །དེ་ནས་རྡོ་རྗེའི་ཕྲེང་ བས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་ནི་དཀར་པོ་ལ། དེའི་ཕྱི་རོལ་གྱི་འདབ་མ་བརྒྱད་ནི་དམར་པོའོ། །དེའི་རྡོ་རྗེའི་ཕྲེང་བ་ནི་ནག་པོའོ། །དེའི་ཕྱི་རོལ་དུ་པདྨའོ། །དེའི་ཕྱི་རོལ་རྡོ་རྗེ་ར་བ་དང་། མེ་འོད་འབར་བ་དང་བཅས་པའོ། །དབུས་ཀྱི་སྙིང་པོའི་ཕོ་བྲང་ལ། ཉི་མ་ལ་ གནས་པའི་ཐོད་པའམ། ཁ་ཊྭཱཾ་ག་བྲིའོ། །ཤར་དུ་ཉི་མའི་སྟེང་དུ་རྡོ་རྗེའོ། །ལྷོ་རུ་ཉི་མའི་སྟེང་དུ་རིན་པོ་ཆེའི་ལྕུག་མའོ། །ནུབ་ཏུ་ཉི་མའི་སྟེང་དུ་པདྨའོ། །བྱང་དུ་ཉི་མའི་སྟེང་དུ་རལ་གྲིའོ། །ཕྱི་རོལ་གྱི་དུར་ཁྲོད་བརྒྱད་རྣམས་ནི་ཤིང་ལོ་ལ་གནས་པའི་ཕྱོགས་སྐྱོང་གི་གདན་གྱི་མགོ་ བྲིའོ། །རྡོ་རྗེའི་ཕྲེང་བ་དང་། མེ་འོད་ནི་ཅི་རིགས་པར་བྲིའོ། །དེ་ནས་བགེགས་བསལ་ཏེ། བདག་ཉིད་ཁྲོ་བོ་ལས་ཐམས་ཅད་པའི་སྐུར་བསྒོམས་ལ། རྡོ་རྗེ་གསོར་དྲིལ་བུ་གསིལ་ཏེ་ལན་གསུམ་བསྐོར་ལ། ཧཱུཾ་ཞེས་བརྗོད་ཅིང་གཡས་བརྐྱང་ལ་སོགས་པའི་ལུས་ཀྱི་སྦྱོར་ པ་དང་། ཁྲོ་བོའི་ཕྲེང་སྔགས་བཟླས་པའི་ངག་གི་སྦྱོར་བ་དང་། སྟོང་པ་ཉིད་དུ་བསྒོམ་པའི་སེམས་ཀྱི་སྦྱོར་བས་བགེགས་བསལ་ལོ། །དེ་ནས་བུམ་པ་གཞུང་དང་མཐུན་པ་རྩ་བ་ནག་པོ་ལ་སོགས་པའི་སྐྱོན་མེད་པའི་བུམ་པ་ལྔ་ལ་ལྷ་སོ་སོའི་མཚན་མ་བྲིས་ ནས། གོང་དུ་སྨོས་པའི་ཆོ་གས་བྱིན་གྱིས་བརླབས་ལ། དབུས་ཀྱི་བུམ་པར་དཔལ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད། ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་ལྷ་བཀུག་སྟེ། མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟོད་ནས། རྡོ་རྗེ་ཁ་རྒྱན་གྱི་སྟེང་དུ་བཞག་ལ། རྩ་བའི་སྔགས་འབྲུ་གསུམ་ དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་ནས་དེ་ནས་ཡབ་ཡུམ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་ཆུར་གྱུར་པར་བསམ་མོ། །དེ་བཞིན་དུ་བུམ་པ་བཞི་ཡང་རྫོགས་པར་བྱའོ། །གཞན་ཡང་ཡོན་ཆབ་ལ་སོགས་པའི་མཆོད་པ་རྣམས་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། གདན་དང་ གོས་ཀྱིས་དགབ་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི་དཀྱིལ་འཁོར་གྱི་ཕྱི་རིམ་དུ་བའི་ལྕི་བས་བྱུགས་ལ་མེ་ཏོག་སིལ་མ་བཀྲམ་ནས་བླ་རེ་དང་། རྒྱལ་མཚན་ལ་སོགས་པ་བྲེ་བུམ་པ་ཀུན་ནས་སོ་སོར་བཞག་སྟེ། རྣམ་པར་རྒྱལ་བའི་བུམ་པ་དབུས་སུ་གཞག་ པའམ། ཡང་ན་ཤར་ཕྱོགས་ཀྱི་སྒོའི་ནང་དུ་བཞག་གོ། །བུམ་པ་ཀུན་ལས་ཆུ་ཅུང་ཟད་བསྡུས་ཏེ། པདྨའི་སྣོད་དུ་བླུགས་ལ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་གཞག་གོ། །དེ་ནས་སློབ་དཔོན་བདག་ཉིད་ཁྲུས་བྱས་ཏེ། རྒྱན་ཆས་དང་ལྡན་པར་བྱས་ལ་ནང་དུ་ཞུགས་ནས་ སྟན་བདེ་བ་ལ་འདུག་སྟེ། རིམ་པ་འདིས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། ལོ་བཅུ་གཉིས་པ་ལ་སོགས་པའི་མཚན་དང་ལྡན་པའི་བུ་མོའམ། ཡང་ན་འོད་ཀྱི་རིག་མ་སྙིང་ག་ནས་ཕྱུང་ལ། ཡབ་ཡུམ་གཉིས་ལྷའི་སྐུར་བསྒོམས་ནས་གསང་གནས་གཉིས་བྱིན་གྱིས་བརླབས་ ཏེ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་བདག་ལ་བཅུག་ནས་དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་ནམ་མཁའ་ལ་ཁྱབ་པར་སྤྲོས་ནས་སླར་བསྡུས་ཏེ། ཡེ་ཤེས་ཀྱི་ལྷ་དང་འདྲེས་ནས་སོ་སོར་བཞུགས་པའམ། ཡང་ན་སྟོང་པ་ཉིད་ དུ་བསྒོམས་པའི་ངང་ལས་ཧཱུཾ་གི་སྣང་བ་ལས་ར་བ་དང་། དྲ་བ་དང་། ས་གཞི་ཡང་བསྒོམས་ལ་དེའི་ནང་དུ་སྣ་ཚོགས་པདྨ་བསམས་ཏེ། དེའི་རྗེས་ལ་དབུས་དང་ཕྱོགས་བཞིར་ཉི་མའི་སྟེང་དུ་ཐིག་ལེ་ཕྲ་མོ་རེ་རེ་བསྒོམ། དེ་ནས་ཤར་ཕྱོགས་ཀྱི་ཐིག་ལེ་ལས་རྡོ་རྗེའི་རིགས་དཔག་ཏུ་མེད་པ་ སྤྲོས་ཏེ། ཡེ་ཤེས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས་ཤར་ཕྱོགས་ཀྱི་ཐིག་ལེར་ཐིམ་པས་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་དོ། །དེ་བཞིན་དུ་མཁའ་འགྲོ་མ་གསུམ་ཡང་བསྐྱེད་དོ། །དེ་ནས་དབུས་ཀྱི་ཐིག་ལེ་ལས་རིགས་ལྔ་ཆར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་ པ་སྤྲོས། སླར་བསྡུས་ཏེ་དབུས་ཀྱི་ཐིག་ལེ་ལ་ཐིམ་པས། སངས་རྒྱས་མཁའ་འགྲོ་མ་དང་བཅས་པའི་དཔལ་ཧེ་རུ་ཀར་བསྐྱེད་ལ། དེ་ཡང་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་ངོ་བོར་འོད་དུ་ཞུ་སྟེ་འོད་ཀྱི་གོང་བུར་གནས་པ་ལ། ཕྱོགས་བཞིའི་ལྷ་མོ་བཞིའི་གླུས་བསྐུལ་བས་ཡབ་ཡུམ་ དུས་གཅིག་ཏུ་སྐུར་བཞེངས་པར་བསྒོམ་མོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པའི་ལྷའི་འཁོར་ལོ་སྤྲུལ་ནས། དེ་ནས་ཕྱིའི་མཆོད་པ་ཡོན་ཆབ་ལ་སོགས་པ་རོལ་མོའི་བར་གྱིས་མཆོད་དོ། །ནང་གི་མཆོད་པ་ནི་བདུད་རྩི་མྱང་བ་ནས་ཚོགས་ཀྱི་མཆོད་པའོ། །གསང་བའི་ མཆོད་པ་ནི་དབང་པོ་གཉིས་ཀྱི་བདེ་བའོ། །བླ་ན་མེད་པའི་མཆོད་པ་ནི་གཉིས་སུ་མེད་པའི་བསྒོམ་པའོ། །དེ་ནས་སྔར་སྨོས་པའི་བསྟོད་པས་བསྟོད་ནས། ལྷ་རྣམས་ཀྱི་སྔགས་དང་འབྲུ་གསུམ་དང་སྤེལ་བ་ཅི་ནུས་པ་བཟླས་ལ། ཡང་ཕྱི་ནང་གི་མཆོད་པས་མཆོད་ནས། དེ་ནས་ཕྱི་རོལ་ དུ་གཏོར་མ་རྒྱ་ཆེན་པོ་གཏོང་ངོ་། །དེ་ནས་ནང་དུ་ཞུགས་ཏེ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པའི་ཕྱིར། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ ལྷ་ལ་གསོལ་བ་བཏབ་ལ། དེ་ནས་དཀྱིལ་འཁོར་གྱི་བདག་པོས་བདག་ལ་གནང་བ་བྱིན་ནས་དཀྱིལ་འཁོར་དུ་འདུག་པ་ནས་རྗེས་སུ་གནང་བའི་བར་དུ་དབང་བསྐུར་བར་བསྒོམ་མོ། །དེ་ནས་དམ་ཚིག་གི་གླུས་བསྟོད་དེ། ཨོཾ། །ནམ་མཁའ་ལས་བྱུང་མཚན་མེད་ཕྱིར། །ཐོག་མ་ཐ་མ་ མེད་པའི་མཆོག །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་ལ་རྟག་ པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག ། དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་བསྐུར་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སེམས་དཔའི་བདག་པོའི་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་ མཉམ་པའི་དམ་ཚིག་མཆོག །ཅེས་བྱ་བའི་དམ་ཚིག་གི་གླུས་བསྟོད་པ་བྱའོ། །དེ་ནས་བདེན་པའི་བྱིན་གྱི་རླབས་འདི་བརྗོད་དེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་སྐོང་བྱེད་ཤོག ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་བ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་དང་། །དེ་བཞིན་ཁོ་ན་ལས་བྱུང་བ། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སེམས་ཅན་རྣམས། །དྲི་མེད་ཐམས་ཅད་མཐོང་བར་ ཤོག །ཅེས་བརྗོད་དོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། སློབ་མ་ཁྲུས་བྱས་ཏེ་གོས་སར་པ་གྱོན་ལ་དར་དམར་པོས་གདོང་གཡོགས་ཏེ། ཡོལ་བའི་ཕྱི་རོལ་དུ་བཞག་ལ། ལས་ཀྱི་བུམ་པའི་ཆུས་གཏོར་ཏེ་མེ་ཏོག་བཟུང་ནས་གནས་པ་ལ། སློབ་དཔོན་གྱིས། འདོད་པའི་དགའ་བ་ཁྱོད་སུ་ཡིན། ། ཞེས་དྲིའོ། །དེས་ཀྱང་། བདག་ནི་སྐལ་བཟང་བདེ་ཆེན་པོ། །ཞེས་སྨྲའོ། །ཡང་སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །རབ་ཏུ་འཇུག་པར་ཁྱོད་སྤྲོའམ། །ཞེས་བྱའོ། །སློབ་མས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །བདག་ནི་འཇུག་པར་འཚལ་ལགས་སོ། །ཞེས་ལན་གདབ་བོ། ། དེ་ནས་ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེ་ནས་སྡོམ་པ་བཟུང་སྟེ། ཐོག་མའི་དུས་ན་འཁོར་བ་ནས། །བདག་གིས་སྡིག་པ་ཅི་བགྱིས་དང་། །བགྱིད་སྩལ་གང་ལགས་དེ་རིང་བཤགས། །གཙོ་ལ་སླར་ཡང་སྡོམ་པར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་དང་། ། འགྲོ་གཞན་དགེ་བ་གང་བགྱིས་པ། །དེ་དག་ཀུན་ལ་ཡི་རང་སྟེ། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དེ་རིང་བདག་ནི་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་བཅད་པ་དང་། །དགེ་བ་རྣམས་ནི་སྤེལ་བའི་ཕྱིར། །བྱང་ཆུབ་སེམས་གཉིས་བསྐྱེད་ ནས་སུ། །འགྲོ་རྣམས་བདག་གིས་མགྲོན་དུ་གཉེར། །སངས་རྒྱས་གྱུར་ནས་འགྲོ་བ་རྣམས། །མ་ལུས་སྲིད་མཚོ་ལས་བསྒྲལ་བགྱི། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བཟླས་སོ། །དེའི་རྗེས་ལ་ དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་གྱིས། །གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་རྣམས་ལའང་མ་ཡིན་ནོ་ཞེས་བསྒོ་ཨཱ་ཁཾ་བཱི་ར་ ཧཱུཾ་ཞེས་པས་ཡོལ་བའི་ནང་དུ་བཅུག་ལ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཏེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཡེ་ཤེས་ང་ཡིས་བསྐྱེད་པར་བྱ་ ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་དམ་ཚིག་གི་རྡོ་རྗེ་སྟེ་གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། ཁྱོད་དམ་ཚིག་གི་རྡོ་རྗེ་འདིས་མགོ་འགས་པར་ བྱེད་དོ་ཞེས་བརྗོད་ལ། སླར་ཡང་རྡོ་རྗེ་སྙིང་གར་གཞག །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དོ། །དེ་ནས་མནའ་བསྒགས་ཏེ། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ གི་པདྨའི་སྣོད་ཀྱི་ཆུ་ལ། ཨོཾ་ཨ་མྲྀ་ཏ་ཨུ་ད་ཀ །ཞེས་པར་མངོན་པར་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་བརྗོད་དོ། །དེ་རིང་ཕྱིན་ཆད་ ཁྱོད་ཀྱིས་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས། ངས་གང་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་བརྙས་པར་ཡང་མ་བྱེད་ཅིག་བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏ་རེ་ཞེས་བསྒོའོ། །དེ་ནས་སློབ་མས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་གསོལ་ཞེས་གསོལ་བ་བཏབ་ལ། དེ་ནས་སློབ་མའི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེས་མཚན་པ་ལ་ཧཱུཾ། མགྲིན་པར་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་ལ་བཾ། སྤྱི་བོར་རླུང་གི་དཀྱིལ་ འཁོར་བ་དན་གྱིས་མཚན་པ་ལ་ཧ། རྐང་མཐིལ་དུ་རླུང་དང་། མེ་ཡིས་མཚན་པའི་དཀྱིལ་འཁོར་ལ་ཛྷཻ་དམར་པོ་བསྒོམས་ལ། རྡོ་རྗེ་གསོར་ཏེ། དྲིལ་བུ་དཀྲོལ་ཞིང་བསྒྱིངས་པ་དང་བཅས་པས། ཨོཾ་ཨཱ་བེ་ཤ་ཡ། སྟམྦྷ་ཡ། ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨ་ཧཾ་ཛྷཻ་ཞེས་ལན་ བརྒྱ་བཟླས་ལ་དབབ་པོ། །བབས་ན་ལྕེ་ལ་ཨ་དམར་པོ་བསམས་ལ། གསུངས་ཤིག་རྡོ་རྗེ་དགེ་མི་དགེ་ཞེས་དྲིས་ནས་ལེགས་ཉེས་གང་ཡིན་པ་སྟོན་པར་འགྱུར་ཏེ། དེ་ཡང་ཐུགས་བབས་ན་ཡོངས་སུ་ཤེས་པ་སྐྱེའོ། །གསུང་བབས་ན་སྔགས་སྨྲའོ། །སྐུ་བབས་ན་ནམ་མཁའ་ལ་ གནས་སོ། །ཨོཾ་ཏིཥྛ་བཛྲ་ཞེས་པས་བབས་པ་བརྟན་པར་བྱའོ། །འདི་ནི་དབབ་པའི་ཆོ་གའོ། །དེ་ནས་སློབ་མས་མཎྜལ་བྱས་ཏེ། མེ་ཏོག་བཀྲམ་ལ་ལྷ་དང་བླ་མ་ལ་ཡོན་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་བོ། ། དེ་ནས་སློབ་དཔོན་གྱིས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡིན་དེ་དག་ཤོག །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བདེན་པའི་བྱིན་རླབས་བརྗོད་ལ། དེ་ནས་མིག་སྔར་སྣང་བའི་འོད་ཀྱི་ཁ་དོག་དྲིའོ། །དེས་ཀྱང་སྨྲ་སྟེ། དཀར་པོ་ལ་སོགས་པ་ལ་གང་མཐོང་བ་ལས་གང་འགྲུབ་པའི་ལྟས་བརྟག་གོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྔར་ སྨོས་པའི་བསྟོད་པས་བསྟོད་ལ་མེ་ཏོག་དོར་བར་བྱ་སྟེ། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་བོར་བས། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །གང་ཡིན་དེ་ལ་བབས་གྱུར་ཅིག །ཅེས་བརྗོད་ནས་པྲ་ཏཱིཙྪ་ཧོ། །ཞེས་པས་མེ་ཏོག་དོར་བར་བྱའོ། །དེ་ནས་མེ་ཏོག་ གང་དང་གང་དུ་ལྟུང་བ་དེ་ལས་དེ་དང་མཐུན་པའི་ལྷ་དཔོག་པར་བྱ་སྟེ། དེ་ཡང་། རིན་ཆེན་མེ་ཏོག་ལ་སོགས་པའི། །གང་ལ་བབས་པ་རིགས་ཀྱི་ལྷ། །གཙོ་བོ་རིགས་དེ་བསྒོམས་ནས་ནི། །དངོས་གྲུབ་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་བརྗོད་ནས་མེ་ཏོག་བླངས་ཏེ་སློབ་མའི་མགོ་ལ་བཅིང་ སྟེ། དེ་ནས་སློབ་མའི་མིག་གཉིས་སུ་ཨོཾ་བསྒོམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་དེ་གདོང་གཡོགས་དགྲོལ། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག ། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ལྷ་ཡིན་ནོ། །ཞེས་བརྗོད་ལ། དཀྱིལ་འཁོར་བལྟར་བཅུག་ལ། སྒོ་སྲུང་ནས་ཡར་རིམ་པས་གཙོ་བོའི་བར་དུ་མིང་བརྗོད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་སྟེ་དཀྱིལ་འཁོར་དུ་གཞུག་པའོ། །དེ་ནས་དབང་ བསྐུར་ཏེ། དེ་ཡང་། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པས་དེ་སྐད་གསུངས། །དེ་བས་ན་དངོས་གྲུབ་ཀྱི་ཕྱིར་རྗེས་སུ་མཐུན་པའི་ཡོན་བླ་མ་ལ་ཕུལ་ནས་གསོལ་བ་བཏབ་ལ་ཕྱག་བྱའོ། །སློབ་དཔོན་གྱིས་ དེ་ལ་དབང་བསྐུར་བའི་ཕྱིར། རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྙིང་པོའི་དཀྱིལ་འཁོར་ཕྱེད་ཙམ་གྱི་དཀྱིལ་འཁོར་གྲུ་བཞི་པ་ལ་དབུས་སུ་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ་ལྷོ་རུ་ལྷ་མོ་བཞིའི་མཚན་མ་སྤངས་ལ་དེར་སློབ་མ་བཞག་སྟེ་ཤིས་པའི་ཆོ་ག་བྱའོ། །དེ་ཡང་ཡུངས་ཀར་ལ་ རྩ་བའི་སྔགས་བཟླས་ཏེ། ལག་པ་གཡོན་གྱི་ཁུ་ཚུར་གྱིས་བཟུང་ནས་ལག་པ་གཉིས་སུ་བསྐོར་ནས་ཁམ་ཕོར་གྱི་མེའི་ནང་དུ་བླུགས་སོ། །དེ་བཞིན་དུ་ལན་གསུམ་དུ་བྱའོ། །དེ་ཡང་རྩ་བའི་སྔགས་ཀྱིས་བསྲུངས་ལ་ཉེ་རེག་བྱས་ཏེ། རྩ་བའི་སྔགས་ཀྱིས་བཏབ་པའི་དྲི་སྙིང་ གར། མེ་ཏོག་མགོ་ལ། མར་མེ་མིག་སྔར། མར་དང་། སརྫ་ར་ས་བསྲེགས་པའི་བདུག་པས་བདུགས་ཏེ་ཤིས་པའི་ཆོ་ག་བྱའོ། །དེ་ནས་ཧེ་རུ་ཀ་དམིགས་ལ་མིག་ལ་སོགས་པ་བྱིན་གྱིས་བརླབས། སྟེང་དུ་བླ་རེ་གཡས་ཕྱོགས་སུ་ཧཱུཾ་བཟླས་པའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་བཟུང་ ངོ་། །གཡོན་དུ་རྒྱལ་མཚན་དང་། བ་དན་བསྒྲེང་བ། ཟངས་དུང་དང་། དུང་གིས་བུད་པ་ལ་སོགས་པ་རོལ་མོའི་སྒྲས་ནམ་མཁའ་གང་བར་བསམས་ལ། རྡོ་རྗེ་དང་དྲིལ་བུ་དཀྲོལ་ཏེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་ སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་ པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་སྦྱིན་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། ། ཞེས་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་གླུ་བླངས་ལ་དབང་བསྐུར་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་སྐུ་ཁྲུས་གསོལ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཏ་ཐཱ་ག་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བརྗོད་ཅིང་། དང་པོར་རྣམ་ རྒྱལ་གྱི་བུམ་པའི་ཆུས་གཏོར། དེ་ནས་ལྷ་མོ་རྣམས་ཀྱི་བུམ་པས་སོ། །དེ་ནས་ནང་གི་དབང་བསྐུར་ཏེ། སྙིང་གའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ལ་བཀུག་ལ། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །འདི་ལ་དབང་བསྐུར་རབ་ཏུ་ གསོལ། །ཞེས་ཡིད་ཀྱིས་དབང་བསྐུར་ནས། དེ་དག་རང་གི་འོད་ལས་བྱུང་བའི་དབང་བསྐུར་བར་བསམས་ལ། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །བཛྲ་ཨ་བྷི་ཥིཉྩ་ ཧཱུཾ། ཞེས་བརྗོད་ཅིང་བཀྲུའོ། །དེ་ནས་བཅོམ་ལྡན་འདས་རིགས་དང་བཅས་པ་དེ་དག་སློབ་མའི་བུ་གར་བཙུད་དེ། ལུས་ཐམས་ཅད་ལ་དེའི་རང་བཞིན་དུ་བྱས་ནས་མི་བསྐྱོད་པའི་ཅོད་པན་གྱི་སྦྱོར་བས་གནས་པར་བསམས་ཏེ། མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་ངོ་། །དེ་ནས་གསེར་ལ་ སོགས་པའི་ཁམས་ཀྱི་རང་བཞིན་ལས་བྱས་པའམ། མ་འབྱོར་ན་དར་དང་རས་ལ་སོགས་པའི་ཅོད་པན་བཅིངས་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་དབང་ཕྱུག་གི་གཟུགས་ཀྱིས་དེར་བཞུགས་པར་བསམས་ཏེ། བདག་པོའི་རྟགས་ཀྱིས་མཚན་པ་ཡི། ། རྟགས་ཀྱི་དམ་པ་ཅོད་པན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །འགྲོ་བའི་མགོན་སྐྱབས་བྱེད་པར་ཤོག །ཨོཾ་རཏྣ་མུ་དྲ་ཨ་བྷིཥིཉྩ་ཞེས་པས་དབང་བསྐུར་ཏེ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅོད་པན་གྱི་དབང་ངོ་། །དེ་ནས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ། སློབ་མའི་གནས་གསུམ་དུ་ གཏུགས་ལ། སངས་རྒྱས་ཀྱི་ནི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །དེ་ནི་སངས་རྒྱས་ཐམས་ཅད་ཉིད། །རབ་བསྒྲུབ་ཕྱིར་ནི་རྡོ་རྗེ་གཟུང་། །མཧཱ་བཛྲ་ཧཱུཾ། ཞེས་པས་ལག་པ་གཡས་སུ་རྡོ་རྗེ་བྱིན་ཏེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱི་རྡོ་རྗེའི་དབང་ངོ་། །དེ་ནས་ལག་པ་ གཡོན་དུ་དྲིལ་བུ་བྱིན་ལ། ཤེས་རབ་དྲིལ་བུའི་དབང་བསྐུར་བ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་ཆོས་ཀྱི་དབྱིངས་ཞེས་གསུངས། །མ་ཧཱ་བཛྲ་གྷཎྜེ་ཨ། ཞེས་པས་གཡོན་པར་དྲིལ་བུ་བྱིན་ལ། གཡས་གཡོན་བསྣོལ་ཏེ་འཁྱུད་པའི་ ཚུལ་དུ་བྱའོ། །འདི་ནི་དམ་ཚིག་རྡོ་རྗེའི་རང་བཞིན་བདག་པོའི་རང་བཞིན་གྱི་དབང་ངོ་། །དེ་ནས་རྡོ་རྗེ་དང་དྲིལ་བུ་སློབ་མའི་སྤྱི་བོར་བཟུང་ལ། གང་གང་སྣང་བ་དེ་དང་དེ། །ཧེ་རུ་ཀ་དཔལ་བདག་ཉིད་གཙོ། །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ ཉིད། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་པས་མིང་གི་དབང་བསྐུར་ཏེ། ཀྱེ་དཔལ་ཆེ་གེ་མོ་ཞེས་རིགས་དང་མཐུན་པའི་མིང་ལས་གང་འདོད་པ་སྦྱིན་ནོ། །འདི་ནི་རྟག་པའི་རང་བཞིན་གྱི་མིང་གི་དབང་ངོ་། །དེ་དག་ནི་གོ་ རིམས་བཞིན་དུ་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་རང་བཞིན་ནོ། །དབང་བསྐུར་བ་རྣམ་པ་ལྔ་པོ་དག་གིས་ནི། རྒྱུད་ལ་སོགས་པ་མཉན་པ་དང་། བཤད་པ་དང་། སྒྲུབ་པའི་སྣོད་དུ་འགྱུར་རོ། །དེ་དག་ནི་སྤྱན་ལ་སོགས་པའི་རིག་པ་ལྔའི་ལས་ཡིན་པ་དང་། མ་རིག་པ་བཟློག་པས་ན་རིག་པའི་དབང་ངོ་། །དེ་ནས་སློབ་དཔོན་གྱི་དབང་བསྐུར་ཏེ། བདག་དང་གཞན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་ བཀའ་དྲིན་གྱིས། །དེ་རིང་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པ་དང་། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་སློབ་མ་ལ་དབང་བསྐུར་ལ། །དེའི་རྗེས་ལ་དམ་ ཚིག་གསུམ་པོ་འཛིན་དུ་གཞུག་སྟེ། ཧཱུཾ་གིས་རྡོ་རྗེ་བསྒོམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་གཟུང་བར་བྱ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ ཧི་ཧི་ཧི་ཧི་ཧཱུཾ་ཞེས་པས་རྡོ་རྗེ་གཏད་དེ་བཟུང་ལ། དེ་ཁོ་ན་ཉིད་འདི་བརྗོད་དོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིང་པོ་བདག་ཉིད་གཙོ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་ བུའོ། །དེ་ནས་ཨཱཿལས་སྐྱེས་པའི་དྲིལ་བུ་བྱིན་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པས་དྲིལ་བུ་བྱིན་ལ། །སྲིད་པ་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ ཀྱིས་གདོད་ནས་དག །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་ཝེ་བཛྲ་དྷ་ར་ཧྲྀ་ད་ཡ་ཨ་པྲ་ཏི་ཧ་ཏ་སོ་ཤཱ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་དཀྲོལ་བར་བྱ་སྟེ་ དྲིལ་བུའི་བརྟུལ་ཞུགས་སོ། །དེ་ནས་ཕྱག་རྒྱའི་བརྟུལ་ཞུགས་སྦྱིན་ཏེ། དེ་ལ་ཤེས་རབ་ལོ་གྲངས་བཅུ་གཉིས་ཀུན་དུ་འཁྱུད་བྱས་ཏེ། རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་སོ། །དེ་བས་ན་རང་གི་ལྷའི་ཕྱག་རྒྱར་བྱིན་གྱིས་བརླབ་པ། ། དེ་ཡང་། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་རབ་ཏུ་གྲགས། །རང་གི་ལུས་ཀུན་བརྟན་བྱེད་པ། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པས་རང་གི་ལྷའི་མངོན་པར་རྟོགས་པ་བསྐྱེད་དེ། མེ་ཏོག་ལ་སོགས་པས་ཀུན་ནས་མཆོད་ཅིང་བསྟོད་པ་བྱ་སྟེ། དེ་ཡང་ སྙེམས་པ་དང་བཅས་པས། མེ་ཏོག་གཅིག་སློབ་མའི་མགོ་ལ་དོར་ལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཅིང་། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཧཱུཾ། སྒེག་དང་བཅས་པས་ཕྲེང་བ་འཕང་། ། སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འདས་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། ཧྲཱིཿ། དེ་ཉིད་ཐལ་ མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱོས། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། ། ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་འགྱུར་བས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུཾ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་ རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་འབར་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་དེ་བཞིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ། དེའི་རྗེས་ལ་གསེར་གྱི་ཐུར་མ་ལ་བཅོམ་ལྡན་ འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཡ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། དེ་ནས་མེ་ལོང་བསྟན་ཏེ། གསལ་ཞིང་དག་ལ་རྙོག་ པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །རང་བཞིན་དག་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྒྱལ་བའི་སྲས་སུ་སྐྱེ། །དེ་ནས་ཧོ་ཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་ གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་བསྒོ་ལ། །ཕྱོགས་བཞིར་མདའ་རེ་འཕང་བ་དང་། འོག་ཏུ་ཡང་མདའ་འཕེན་དུ་གཞུག་གོ། །དེ་ནས་བཛྲ་ཧེ་ཏུ་ཀྲུཾ་ཞེས་བྱ་བས་འཁོར་ལོ་རྐང་པའི་བར་དུ་གཞག །ཡང་ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་སུ་དུང་གཏད་ནས། གཡོན་པར་མ་ཧཱ་མཱ་ཡཱའི་པུསྟི་བྱིན་ཏེ་དྲིལ་བུ་ཡང་དཀྲོལ་ཞིང་། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །གཞན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། ། སྔགས་སྤྱོད་ཚུལ་གྱིས་ཆོ་ག་རྣམས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད་དོ། །དེ་ནས་སོ་སོའི་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་བྱས་ ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་ཆོས་ཀྱི་གནས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་ཚིག་བཅུག་ལ་ཚིགས་སུ་བཅད་པ་ ལྔས་རྗེས་སུ་གནང་བ་བྱིན་ལ་དེ་ནས་ཡང་། ཞི་རྒྱས་དབང་དང་གསད་པ་དང་། །དགུག་བསྒྲལ་བཅིང་དང་བསྐྲད་པ་དང་། །དབྱེ་དང་གནས་པ་ལ་སོགས་པའི། །ལས་དེ་ཐམས་ཅད་འགྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་ མ་ཡིས་དངོས་གྲུབ་རྣམས། །དེ་དག་ཅི་དགར་བསྒྲུབ་པར་གྱིས། །ཞེས་བྱ་བས་རྗེས་སུ་གནང་བའོ། །དེ་ནས་བདག་ཉིད་ལངས་ཏེ། སངས་རྒྱས་ཀྱི་གཟུགས་སུ་དམིགས་ནས་གཡོན་པས་སྙིང་གར་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མི་འཇིགས་པ་སྦྱིན་པ་ལྟར་བྱས་ ཏེ། རྡོ་རྗེ་མིང་གི་དབང་བསྐུར་བས་ལུང་བསྟན་ཏེ། ཨོཾ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་དག་ལས་བཏོན། །ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་བྷུརྦྷུ་ཝ་སྭཿགང་ཚུལ་འདི་དང་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ ཆོ་ག་འདིས་ལུང་བསྟན་པ་དེ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་རྣམས་མགྲིན་གཅིག་ཏུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ་ཞེས་བྱ་བས་དད་པ་བསྐྱེད་པའོ། །དེ་ནས་གསང་ བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ནམ་ཡང་བྱ་བ་མ་ཡིན་ནོ། །མ་ཧཱ་མཱ་ཡཱ་ཧ་ན་ཧཱུཾ་དེ་ནས་སློབ་མའི་སྤྱི་བོར་གདུགས་བཟུང་ལ། གདུགས་དང་བཅས་པར་བསྐོར་བ་བྱ་སྟེ། དེ་ནས་དཀྱིལ་ འཁོར་གྱི་དྲུང་དུ་གདུགས་དང་བཅས་པས་སྤྱི་བོར་གཏུགས་ལ། སྔགས་རྣམས་འཛིན་པར་གྱུར་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། ཞེས་བརྗོད་ལ་གདུགས་བཞག་ལ་འདི་སྐད་ཅེས་བརྗོད་དོ། །དེ་རིང་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་དབུགས་དབྱུང་སྟེ། གསང་ཆེན་མཆོག་ གི་དཀྱིལ་འཁོར་དུ། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱོད་ནི་དགེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་གནོད་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་ གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་ཞིག་བསྐྱེད་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ཀྱང་སྨད་མི་བྱ། །ནམ་ཡང་དོར་བར་ཡོང་ མི་བྱ། །མི་ཤེས་པའམ་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་ཞིང་། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པས་ན། །དེ་ལ་སྨོད་བྱེད་གང་ཡིན་པ། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །རང་བདག་ཡོངས་སུ་སྤངས་ནས་སུ། ། དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེར་གནས་ནས། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཁྱོད་ནི་དེ་རིང་འབྲས་བུ་ཡོད། །ལྷ་དང་དམ་ཚིག་མཉམ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་དང་མཚུངས་པར། །རྟག་ཏུ་ཁྱོད་རྣམས་གྲོལ་བར་འགྱུར། །དབུགས་དབྱུང་ བའོ། །དེ་ནས་སློབ་མས་ཕྱག་བྱས་ཏེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླང་ངོ་། །འདི་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །དེ་ནས་གསང་བའི་དབང་བསྐུར་ཏེ་ས་ཕྱོགས་དབེན་པར་བྱ་སྟེ། ཡོལ་བས་བར་བཅད་ ནས། །རྒྱུད་ནས་གསུངས་པའི་ལོ་བཅུ་གཉིས་མ་ལ་སོགས་པའི་དམ་ཚིག་ཅན་བླ་མ་ལ་ཕུལ་ལ། ཀྱེ་བཅོམ་ལྡན་འདས། བྱང་ཆུབ་ཞི་བ་དགའ་བ་ཆེ། །རྡོ་རྗེ་སྦྱོར་བས་ཡང་དག་བྱུང་། །མི་ཕྱེད་ཕྱག་རྒྱར་རབ་ཏུ་བསྒྲུབ། །རྡོ་རྗེ་སྦྱོར་བ་ཅི་ལ་གུས། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། ། གཙོ་བོས་བདག་ནི་མཛད་དུ་གསོལ། །འཁོར་བའི་འདམ་གྱི་རྒྱ་མཚོ་རུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབ། །ཅེས་གསོལ་བ་བཏབ་པ་དང་། དེ་ནས་དཔལ་ལྡན་སློབ་དཔོན་ནི། །རྗེས་སུ་བརྩེ་དང་ལྡན་པ་ཡིས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །རྡོ་རྗེ་འཛིན་པར་མཛད་པ་ལ། །ཤ་ ཆང་བཟའ་བཏུང་ཡིད་དུ་འོང་། །མེ་ཏོག་བདུག་སྤོས་དྲི་ལ་སོགས། །རྒྱལ་མཚན་དྲིལ་བུར་བཅས་པ་ཡིས། །སློབ་མས་རྡོ་རྗེ་ཅན་ལ་མཆོད། །དེ་ནས་ཕྱག་རྒྱ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། ཕྱག་རྒྱ་ཁུ་བ་དང་ལྡན་པ་དེ་སྲིད་དུ་བསྟེན་ལ་སྙོམས་པར་ཞུགས་པ་ལས་བྱུང་ བ་སྟེ། །སློབ་མ་དང་ཕྱག་རྒྱ་གཉིས་མིག་བཀབ་ལ། སློབ་མ་ལ་དབང་བསྐུར་ཏེ། ཇི་ལྟར་བདེ་གཤེགས་ཐུབ་ཆེན་གྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །དེ་བཞིན་གཤེགས་པའི་དབང་བསྐུར་བས། །བདག་གི་སེམས་རྒྱུད་འདི་ཡིས་བཀྲུ། །བོ་དྷི་ཙིཏྟ་ཨ་བྷི་ ཥིཉྩ། །ཞེས་བརྗོད་ལ་སློབ་མས་ཀྱང་། ཨ་ཧོ་སུ་ཁ་ཞེས་བརྗོད་དོ། །བདེ་བ་རྫོགས་པར་གཞུག་གོ། །ཤེས་རབ་ཀྱིས་ཀྱང་དེ་ལྟར་བྱ་སྟེ། །ཐབས་དང་ཤེས་རབ་ཀྱི་གསང་བའི་དབང་བསྐུར་བའོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། སློབ་མས་སྔ་མ་ལྟར་ གསོལ་བ་བཏབ་ནས། མཚན་དང་ལྡན་པའི་ཤེས་རབ་མ་བྱིན་གྱིས་བརླབས་ཏེ་གཏད་ལ། མགོ་བོར་ལག་པ་བཞག་སྟེ། དགའ་སྟེར་གནས་ཏེ་བུ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་འོང་བ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་ནས་མཆོད་པ་རབ་ཏུ་བྱ། ། ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་གསུམ་པོ་འདི་ཡིས་དག །དེ་བས་ཁྱོད་ཀྱིས་ནམ་ཡང་ནི། །འདི་དང་བྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་ བརྗོད་ལ་སྦྱིན་ནོ། །དེས་ཀྱང་འདི་སྐད་བརྗོད་དོ། །བཤང་གཅི་ཁྲག་དང་ཁུ་བ་དང་། །ཤ་ཆེན་ལ་སོགས་བཟའ་བ་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་སྤྲོ་བར་བྱེད་ནུས་སམ། །ཅེས་བརྗོད་དོ། །བུ་མཆོག་དེས་ཀྱང་། ལྷ་མོ་ཅི་ཕྱིར་བདག་ མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨར་འོ་བགྱིའོ། །ཞེས་བརྗོད་དོ། །ཡང་ཤེས་རབ་ཀྱིས། ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། ། བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་དོ། །དེའི་རྗེས་ལ་ཇི་སྐད་དུ་བཤད་པའི་ཀ་ར་ན་བྱས་ལ་སྙོམས་པར་ཞུགས་ཏེ། མན་ངག་གིས་དེའི་སྐད་ཅིག་མཚོན་པར་བྱའོ། །དབང་བཞི་པ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །སྒྱུ་ འཕྲུལ་ཆེན་མོའི་སྒྲུབ་གཞུང་ལ། །དད་ཅིང་འཇུག་པར་བྱ་བའི་ཕྱིར། །བླ་མའི་ལུགས་བཞིན་བསྡེབས་ཏེ་བྲིས། །དགེ་རྩ་ཕྱི་རབས་རྣམས་ལ་བསྔོ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་བརྙེས་པ་ཀུ་ཀུ་རིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནཱ་ ཝི་ཀོ་ཊ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བའོ།། <མ་ཧཱ་མཱ་>ཡཱའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་བཞུགས། ༄༅༅། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་མཁའ་འགྲོ་མ། །ལྷན་ཅིག་སྐྱེས་པའི་རོ་སྙོམས་ཤིང་། །བདག་མེད་ངོ་བོ་ཕྱག་རྒྱ་ཆེ། །སངས་རྒྱས་ མཁའ་འགྲོ་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་མཆོག་རྣམ་པར་དག །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །མཆོག་སྦྱིན་མ་ནི་བདེ་བ་ཆེ། །མི་ཟད་རྡོ་རྗེ་ནོར་བུའི་དབྱིངས། །བླ་ན་མེད་པའི་དབང་བསྐུར་བ། །རིན་ཆེན་ མཁའ་འགྲོ་ཕྱག་འཚལ་བསྟོད། །དྲི་མེད་ཆོས་ནི་རྣམ་པར་དག །སྐུ་གསུང་ཐུགས་ནི་མཚན་མ་བྲལ། །དྲི་མེད་ཡེ་ཤེས་ཆེ་བསྙེམས་པ། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་ལས་ནི་ཐོགས་པ་མེད། །རྣལ་འབྱོར་དབང་ཕྱུག་འགྲོ་བའི་མགོན། །ནན་ཏན་ཡེ་ཤེས་ཆེ་བསྙེམས་པ། །ལས་ཀྱི་ མཁའ་འགྲོ་ཕྱག་འཚལ་བསྟོད། །དཔལ་མ་ཧཱ་མཱ་ཡཱའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ། སློབ་དཔོན་ཆེན་པོ་ཀུ་ཀུ་རི་པས་ཞལ་གཟིགས་པའི་ཚེ་བསྟོད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟཱ་ཨུ་པ་དེ་ཤ །བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ ལ་ཕྱག་འཚལ་ལོ། །གང་གི་སྙིང་གར་པདྨ་ཁ་སྦྱར་དབུས་གནས་གསལ། །ཕྲ་བར་བལྟ་བ་རང་བྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བའི་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་ སྦྱར་བའི། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། །ཁམས་གསུམ་བསྐྱེད་པའི་རྒྱུ་ཉིད་དུ་ནི་ཉེར་འགྲོ་བ། །མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་འགྱུར། །སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །ཆོས་ནི་རྗེས་སུ་དྲན་པར་བསྒོམ། །ཆོས་རྗེས་དྲན་པའི་སྦྱོར་བ་ཡིས། །ཆོས་ཀྱི་ སྐུར་ནི་རང་ཉིད་འགྱུར། །དབུས་ན་གསལ་བྱེད་རྣམ་པར་བསྒོམ། །ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་བསྒོམས་པ་གོམས་པ་ལས། །འབར་བ་འདི་ནི་ཐེ་ཚོམ་མེད། །སྙིང་ལ་རྟག་ཏུ་གནས་པ་ཡིས། །ཐིག་ལེ་གཅིག་པུ་ཡི་གེ་མེད། །སྐྱེས་བུས་དེ་ནི་བསྒོམས་ གྱུར་ན། །ཡེ་ཤེས་སྐྱེ་བར་འགྱུར་བའི་མཆོག །རྡོ་རྗེ་མཁའ་འགྲོ་ཐུགས་རྗེ་ཅན། །འདི་ཉིད་དུ་ནི་གནས་མཛད་ཅིང་། །རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། །འགྲོ་བ་གསུམ་པོ་འདི་ལ་གནས། །འདི་ཉིད་མཆོད་པ་ཉིད་ཀྱིས་ནི། །མཆོད་འོས་ཐམས་ཅད་མཆོད་པ་ཡིན། ། གང་ཞིག་འདི་ལ་རྟག་ལྟ་བ། །དེ་ནི་རྒྱལ་བ་མཆོད་པར་བཞེད། །ནང་གི་སྦྱོར་བའི་རྡོ་རྗེ་ཡིས། །རྣལ་འབྱོར་རྡོ་རྗེ་ཅན་དུ་འདོད། །དེ་བས་རྡོ་རྗེ་མཆོད་པ་ཡིས། །ཡིད་འདོད་རྣམས་ཀྱིས་ལུས་ལ་མཆོད། །མཆོད་པ་ལྔ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་པར། །གང་འདི་རྒྱུད་ ལས་གསུངས་པ་དག །དེ་ནི་ཕྱི་རོལ་གཞན་དུ་འདོད། །དངོས་མེད་གཞི་ལ་དགོད་པ་ཡིས། །ལྷ་ཡི་གཟུགས་སུ་བསྒོམ་པ་ནི། །མཉམ་ཉིད་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའོ། །བསྟེན་པ་ཙམ་དུ་ལེགས་འབྱུང་བའི། །རྒྱུད་འདི་དོན་དམ་མ་ཡིན་ཏེ། ། དོན་དམ་ཡང་དག་སྐྱེས་པས་ན། །སྟོན་པ་མེད་ཅིང་བསྟན་པ་མེད། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡི། །གནས་སོགས་དེ་ཉིད་ལ་གནས་ཏེ། །དེ་བས་དེ་ཀུན་འཁོར་བ་ཉིད། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་ཡི་འཁྲུལ་པས་ཅི་ཞིག་བྱ། །འོན་ཏེ་དེ་ཉིད་ལྡན་གྱུར་ན། ། དེ་ལ་འཁྲུལ་པ་ཅི་ཞིག་ཡོད། །གནས་དང་ཉེ་བའི་གནས་སོགས་རྣམས། །བསྟེན་པས་དྲི་མ་མེད་པར་འགྱུར། །ཡང་ན་མི་ནུས་བག་མེད་པའི། །མི་ཡིས་གནས་ནི་བསྒྲག་པར་བྱ། །ང་ཡིས་འདི་ལྟར་བཤད་པ་ནི། །སེམས་ཅན་བསམ་པའི་དབང་གིས་ཏེ། །བསམ་གཏན་ལས་གཞན་བདེན་ མེད་ཕྱིར། །དེ་བས་བསམ་གཏན་མཆོག་གཞོལ་བྱ། །རྣལ་འབྱོར་པ་ནི་ཕྱི་རོལ་འཁོར། །དེ་ཡིས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེའི་རྣལ་འབྱོར་ཅན། །རྣམ་དག་ཡེ་ཤེས་སྤྱན་གྱིས་ནི། །ཐུགས་རྗེ་ཐུགས་གདུང་ རིང་པོ་ནས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་གཟིགས། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཅི་འདོད་པར་ནི་བརྩོན་པར་འགྱུར། །དེས་ནི་རྗེ་བཙུན་ཡེ་ཤེས་ཀྱང་། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །སྣ་ཚོགས་སྤྱོད་པས་ཡང་དག་ལྡན། །སྤྱོད་དང་བརྟུལ་ཞུགས་བཤད་པ་ཡི། ། སྤྱོད་དང་བརྟུལ་ཞུགས་འདིར་སྤངས་ལ། །དེ་ཉིད་བརྟུལ་ཞུགས་ལ་དགའ་བྱ། །གང་ཡང་རུང་བའི་ཟས་གནས་ལ། །རྣམ་པ་ངེས་བྱས་བརྟུལ་ཞུགས་ཅན། །བསམ་གཏན་ཟས་མཆོག་གཞོལ་གྱུར་པས། །སྨོན་པའི་སྤྱོད་པས་གནས་པར་གྱིས། །གཅེར་བུའམ་ཡང་ན་གཅེར་བུ་མིན། ། གང་རུང་ཇི་ལྟ་དེ་ལྟ་བུར། །རང་གིས་ལྷག་པའི་ལྷར་དམིགས་ལ། །དེ་ཉིད་གཅིག་པུ་རྣམ་པར་བསམ། །ལྐུགས་པའི་དངོས་པོར་ཐལ་འགྱུར་བས། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་ཅན་གྱིས་ཉེར་བརྟེན་ན། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་སྒྲོལ་ མ་མཆོག་མཐོང་ན། །རྣལ་འབྱོར་མ་རྣམས་ལེགས་འདུས་ཏེ། །པདྨའི་འབྱུང་གནས་ཉམས་དགའ་ལ། །དད་པའི་ཚོགས་འདུས་ཇི་བཞིན་ནོ། །མིག་འཕྲུལ་མཁན་ལྟར་འཇིག་རྟེན་དུ། །འགྲོ་དོན་ཀུན་ནི་བྱེད་པའོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ནི། །མངོན་འགྱུར་འདི་ལ་ཐེ་ཚོམ་མེད། ། སྤྱོད་དང་འདིས་ནི་ངེས་པར་ནི། །ཇི་སྐད་བཤད་པར་དེར་འགྱུར་བས། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །གང་ཕྱིར་ཤིན་ཏུ་གསང་བས་ན། །དེ་ཉིད་བདག་གིས་གསལ་མ་བྱས། །དེས་ན་བླ་མ་ཡང་དག་པར། །མཉེས་བྱས་ཡང་ དག་འདོད་པས་བླངས། །དགེ་ལ་དམིགས་པས་ཉེ་བར་བསགས་ཏེ་འཕེལ་བ་ཡིས། །བློ་གྲོས་བརྟན་རྣམས་མངོན་དགའི་དངོས་གྲུབ་གནས་སུ་འགྲོ། །འགྲོ་བའི་སྤྱོད་པ་དེ་ལྟར་སྙིང་ལ་ཡོངས་བསྒོམས་ལ། །དགེ་ལ་མངོན་པར་དགའ་བར་སྐད་ཅིག་རེ་རེས་གྱིས། །དེ་ཉིད་བསྟན་པ་ལེགས་ བྲིས་ལས། །བདག་གིས་དགེ་བ་གང་བསགས་པ། །དེས་ནི་སེམས་ཅན་མ་ལུས་ཀུན། །དེ་ཉིད་རིན་ཆེན་རབ་གསལ་ཤོག །ཁོ་ན་ཉིད་ཀྱི་མན་ངག་ལེགས་པར་བྲིས་པ་སློབ་དཔོན་བློ་བཟང་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་མཱ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་ བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཏཏ་ཏྭ་ཨུ་པ་དེ་ཤ་བྲྀཏྟི། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག་གི་འགྲེལ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་དུ་སྙིང་གི་པདྨ་ཁ་སྦྱར་དབུས་ གནས་གསལ། །ཕྲ་བར་བལྟ་བ་རང་བྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །ཞེས་པ་ལ། གང་དུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་བ་དང་སྦྱར་ཏེ། འདི་ནི་གནས་ བཞི་སྟེ་བདུན་པ་ཡིན་ལ། གང་དད་དེ་གཉིས་ནི་རྟག་ཏུ་འབྲེལ་པ་ཡིན་པའི་ཕྱིར་དེ་ལ་ཕྱག་འཚལ་བ་ཡིན་ནོ། །དེ་ལ་ཆོས་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཡང་དག་པའི་མཐའ། །དེ་འཛིན་པར་ཆོས་ཀྱི་དབྱིངས་ཏེ། དྷཱ་ཏུ་ནི་བསྟུན་ཞེས་བྱ་བ་དབྱེ་བའི་ཚིག་གིས་ནི་གང་དུ་ཆོས་ཀྱི་དབྱིངས་ཡིན་པ་དེ་ནི་ ཁམས་གསུམ་པ་ཉེ་བར་འགྲོ་ཞིང་སོང་བ་ཡིན་པས་དེ་ལ་ཕྱག་འཚལ་བའོ། །གང་དུ་ཞེ་ན། སྙིང་གི་པདྨ་ཁ་སྦྱར་དབུས་གནས་ཞེས་བྱ་བ་སྨོས་ཏེ། སྙིང་གི་ནི་སྙིང་པོ། པདྨ་ནི་ཆུ་སྐྱེས་ཏེ། འདབ་མ་བཞི་པ་ཁ་དོག་དམར་པོ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ནོ། །དེ་ལ། ལྟེ་བའི་ དབུས་གནས་ཁ་སྦྱར་གསལ། ཞེས་བྱ་བ་ཟླ་བ་དང་ཉི་མ་གཉིས་ལས་ཡོངས་སུ་གྲུབ་པ་སྟེ། འདི་གཉིས་ཀ་ཡང་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་དོ། །དེ་ལ་ཟླ་བ་ནི་ས་དང་ཆུའི་རང་བཞིན་ནོ། །ཉི་མ་ནི་མེ་དང་རླུང་གི་རང་བཞིན་ཏེ། ཁ་སྦྱར་དེའི་དབུས་སུ་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ ན་ཁ་སྦྱར་གྱི་དབུས་ན་གནས་པའོ། །དེ་ལ་འདིའི་དོན་ནི་འདི་ཡིན་ཏེ། ཡོན་ཏན་བརྒྱད་ཀྱི་ཕྲེང་བའི་རྣལ་འབྱོར་མའི་ངོ་བོ་ཉིད་ཀྱི་དབུས་ན་བཞུགས་པ་དེ་ནི་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐར་ཐུག་པའོ། །གསལ་བྱེད་ཅེས་བྱ་བ་ ནི་འབར་བ་སྟེ། གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་སྣང་བར་བྱེད་པའོ། །ཇི་ལྟ་ཞེ་ན་ཕྲ་བར་བལྟ་བ་ཞེས་བྱ་བ་སྨོས་ཏེ། ཕྲ་བ་ནི་བཅོམ་ལྡན་འདས་ཡིན་ལ། དེ་ནི་ཕྲ་བ་རྣམས་ལས་ཀྱང་ཕྲ་རབ་ཏུ་གྱུར་པ་རྡོ་རྗེ་ནམ་མཁའི་ཁམས་དང་མཉམ་དུ་འཇུག་པའོ། །དེ་ལ་མྱོང་བ་ནི་ཉེ་བར་འགྲོ་ བའོ། །དེར་བལྟ་བ་ནི་རྣམ་པར་བལྟ་བ་སྟེ། པདྨའི་རྩ་བའི་སྣལ་མ་ཤིན་ཏུ་ཕྲ་བའི་བུ་ག་ལ་མི་ཡེང་བར་བལྟ་བའོ། །ཡང་ན་ཕྲ་བ་ཡང་ཡིན་ལ་བལྟ་བ་ཡང་དེ་ཉིད་ཡིན་པས་ན་ཕྲ་བར་བལྟ་བ་ཞེས་བྱ་བར་སྦྱར་རོ། །དེའི་རང་བྱུང་བ་ནི་རྒྱུན་གྱིས་འབབ་པས་རབ་ཏུ་འཇུག་པའོ། །དེ་ལ་མྱོང་བ་ རིང་པོ་མ་ཡིན་པས་བར་མ་ཆོད་པར་ཉེ་བར་འགྲོ་བའོ། །སེམས་ཀྱིས་འཇུག་པ་ནི་སེམས་ལས་བྱུང་བ་ནི་འཇུག་པ་གང་ཡིན་པ་སྟེ། རྒྱུ་དེའི་ཕྱིར་རོ། །དེ་ཡང་གང་ཞེ་ན། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་ནི་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་ མེད་པ་སྟེ། དེ་རྣམས་གཅིག་ཏུ་བསྡུས་པ་ནི་ཁམས་གསུམ་མོ། །བསྡུས་པའི་དོན་གྱིས་ཁམས་གསུམ་པ་སྟེ། ཁམས་གསུམ་གྱི་ངོ་བོ་ཉིད་ནི་ཁམས་གསུམ་པའོ། །མ་ལུས་པ་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །གཉིས་སུ་མེད་པར་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་སོང་བ་སྟེ། བསྡུས་པའི་ ཚུལ་གྱིས་སོ་སོར་སྣང་ཞིང་འདི་དག་ཐམས་ཅད་ནམ་མཁའི་གཟུགས་སུ་ཡོངས་སུ་དག་པར་གྱུར་པའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། དེར་འགྲོ་ཡིད་ཀྱི་གོང་བུ་ལྟར། །གཟུགས་གཅིག་ཏུ་ནི་སྒོམ་པར་བྱེད། །ཅེས་བཤད་པ་དང་། གཞན་ཡང་འགྲོ་བ་རྣམས་ཀྱི་དེ་ཉིད་གཅིག་པུ་ཉིད་ ཅེས་བཤད་པས་སོ། །ཇི་ལྟར་ན་གཉིས་སུ་མེད་པར་འགྲོ་བ་ཡིན་ཞེ་ན། ཅུང་ཟད་ཙམ་ཡང་མི་གསལ་བ་མ་ཡིན་གྱི། རྙོག་མ་མེད་པ་ལ་གསལ་བར་གྱུར་པ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །ཆོས་ཀྱི་དབྱིངས་ ཀྱི་ཡེ་ཤེས་དེ་ལ་ཕྱག་འཚལ་ནས། ཅི་ཞིག་བྱ་ཞེ་ན། དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་སྦྱར་བའི། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། །ཁམས་གསུམ་སྐྱེ་བའི་རྒྱུ་ཉིད་དུ་ནི་ཉེར་འགྲོ་བ། །མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་འགྱུར། །ཞེས་སྨོས་ཏེ། འཕེལ་ བ་དང་འགྲིབ་པ་བཤད་པར་བྱ་སྟེ། ཡེ་ཤེས་ནི་ཡང་དག་པའི་མཐའོ། །མཐོང་བ་ནི་སོ་སོར་རྟོག་པར་བྱེད་པ་སྟེ། དེ་ལྟ་བུའི་རྣལ་འབྱོར་འདི་དྲི་མ་མེད་པའི་དཔལ་དུ་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟ་ན་ནི་བཟློག་པར་དཀའ་བའི་དབང་པོ་འདི་དག་ནི་རྟ་ལྟ་བུ་ཡིན་ན་རྣལ་འབྱོར་པ་འདི་ཇི་ལྟར་ནམ་མཁའ་ དང་འདྲ་བར་འགྱུར་ཞེ་ན། དབང་པོ་ཞེས་བྱ་བ་སྨོས་ཏེ། དབང་པོའི་ཚོགས་དྲུག་པོ་ནི་གཡོ་ཞིང་མི་སྲུན་ལ། རང་གི་ཡུལ་རྣམས་ལ་འཕྱར་ཞིང་བརྐམ་པས་རྟ་དང་འདྲ་བའི་ཕྱིར་ན་རྟ་སྟེ། དེ་ལྟ་བུའི་རྣམ་པར་གཡེང་བར་བྱེད་པ་ཐམས་ཅད་ནང་དུ་སེམས་ཀྱིས་ཡང་དག་པར་བསྡུ་བ་ལ་ངེས་ པར་སྦྱར་ཞིང་། གཡོ་བ་མ་ལུས་པ་ངེས་པར་བརྟགས་པའོ། །དེ་ལྟར་མ་ལུས་པའི་མཐར་ཐུག་པ་ཐོབ་པའི་རྣལ་འབྱོར་པ་ནི་ཕྱི་ནས་དྲི་མ་མེད་པར་འགྱུར་རོ། །ཡེ་ཤེས་དེ་ཡང་ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྒྱལ་བ་མ་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་ནི་སྡིག་པ་ཐམས་ཅད་ལས་རྒྱལ་བའི་ ཕྱིར། སངས་རྒྱས་བཅོམ་ལྡན་འདས་ལ་བྱའོ། །མ་ལུས་ཞེས་བྱ་བ་ནི་ཕྱིས་འབྱུང་བ་དེ་དང་མཚམས་སྦྱར་བའོ། །དེ་རྣམས་ཀྱིས་འདུས་པ་ནི་ཡང་དག་པར་འདུ་བར་མཛད་པ་སྟེ། དེ་ལྟ་བུའི་སྣོད་དང་གནས་སུ་གྱུར་པ་ཡིན་ནོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ ཐམས་ཅད་ནི་ཡེ་ཤེས་ལས་སྐྱེས་པ་ཡིན་ལ། རྒྱལ་བ་མཆོག་གཅིག་པུ་དེ་ལས་འཁྲུངས་པར་མ་ཟད་ཀྱི། །ཁམས་གསུམ་པོ་དེ་ཡང་དེ་ལས་སྐྱེས་པ་ཡིན་ཏེ། ཁམས་གསུམ་སྐྱེད་པའི་རྒྱུར་གྱུར་པ་ནི་ཁམས་གསུམ་མ་ལུས་པ་ཡེ་ཤེས་ཀྱི་རྣམ་པ་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་ པའི་ཕྲ་བའི་རྡོ་རྗེ་མཐོང་བར་གྱུར་པའི་བསྒོམ་པ་ནི་ནམ་མཁའ་དང་འདྲ་བར་གྱུར་པ་ཡིན་ཏེ། ནམ་མཁའ་ནི་གོ་འབྱེད་པ་ཡིན་ཏེ། དེ་དང་འདྲ་བའི་དྲི་མ་མེད་པའི་ཡེ་ཤེས་དཔལ་གྱིས་མཛེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྣམ་པར་རྟོག་པའི་གདོན་གྱིས་ཟིན་པས་འགྲོ་བ་ རྣམས་ལ་གཉིས་སུ་སྣང་བ་ཡིན་ཏེ། ཇི་སྐད་དུ། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ འདི་ཇི་ལྟར་བསྒོམ་པར་བྱ་སྟེ། སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་པའི་སྦྱོར་བ་ཡིས། །ཆོས་ཀྱི་སྐུར་ནི་རང་ཉིད་འགྱུར། །ཞེས་སྨོས་ཏེ་འདིར་སངས་རྒྱས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་རྩ་བ་ནས་བཏོན་པ་ལ་བྱ་ བར་བཤད་ལ། རྡོ་རྗེ་རྣལ་འབྱོར་མ་བཞི་ནི་གཟུགས་ལ་སོགས་པའི་རང་བཞིན་ཏེ། འདི་རྣམས་ཀྱི་དབུས་ན་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་དེ་དང་ལྷན་ཅིག་ཡང་དག་པར་སྦྱར་བར་བྱའོ། །སྦྱོར་བ་དེས་ཅི་ཞིག་བྱ་ཞེ་ན། ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་ཞེས་ བྱ་བ་ནི་ཁ་སྦྱོར་གྱི་ནང་ན་བཞུགས་པའི་བཅོམ་ལྡན་འདས་ཡིན་ལ། དེ་ཡང་སྔ་མ་བཞིན་དུ་བསྒོམས་པས་ཕྱིས་ཆོས་ཀྱི་དབྱིངས་སུ་ཡང་དག་པར་སྐྱེ་ཞིང་། ནམ་མཁའ་སྣང་བར་ཉེ་བར་འགྲོ་སྟེ། རྣལ་འབྱོར་པ་རང་ཉིད་ཆོས་ཀྱི་སྐུར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པར་འགྱུར་ བ་དེ་ཡིན་ཏེ། པདྨའི་སྟེང་དུ་ཐིག་ལེ་བཞི་ལས་ལྷ་མོ་བཞིར་བསྐྱེད་ལ། ལྟེ་བའི་ཐིག་ལེ་ལས་བཅོམ་ལྡན་འདས་བསྐྱེད་པ་ནི་རང་གི་བདག་པོར་བྱ་སྟེ། དེའི་ཐུགས་ཀའི་པདྨ་ཁ་སྦྱར་གྱི་དབུས་ན་ནི་ཆོས་ཀྱི་དབྱིངས་སོ། །ཇི་ལྟ་ཞེ་ན། གང་གི་ཚེ་རྣལ་འབྱོར་པ་འགྲོ་བ་དང་འོང་བ་ དང་གནས་པའི་རིམ་གྱིས་དལ་བུ་དལ་བུས་སྐད་ཅིག་རེ་རེ་ལ་སློབ་པར་བྱེད་པས་དེའི་ཚེ་ཞི་བ་ཉིད་ལ་རབ་ཏུ་འཇུག་པར་འགྱུར་རོ། །ཞི་བར་གྱུར་ནས་ནི་རྩ་དབུགས་གཉིས་འགག་པར་འགྱུར་རོ། །དེ་གཉིས་འགགས་ནས་ཀྱང་དངོས་པོ་མེད་པའི་གནས་སུ་འགྱུར་རོ། །ཇི་སྐད་དུ། འགྲོ་དང་འོད་དང་གནས་པ་ཉིད། །དལ་གྱིས་དལ་བའི་རིམ་གྱིས་ནི། །དེ་ནས་དངོས་པོ་མེད་འགྱུར་ཏེ། །ཞི་བ་གཅིག་པུ་མངོན་ཕྱོགས་ནས། །ཞེས་བཤད་པ་ནི་མན་ངག་གོ། །ཡེ་ཤེས་དེ་བསྒོམས་པ་ལས་ཁྱད་པར་ཅི་ཞིག་སྐྱེ་ཞེ་ན། དབུས་ན་གསལ་བྱེད་རྣམ་པར་ཤེས། ། ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་བསྒོམས་པ་གོམས་པ་ལས། །འབར་བ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ལ། དབུས་ཀྱིས་གསལ་བར་བྱེད་པ་ནི། །དབུས་ན་གསལ་བར་བྱེད་པའོ། །གསལ་བར་བྱེད་པ་ཡིན་པས་ན་གསལ་བར་བྱེད་པའོ། །ཉེ་བར་སྣང་བར་བྱེད་པའི་ཡེ་ཤེས་ཏེ། དབུས་ན་གསལ་བར་བྱེད་པ་དང་རྣམ་པར་ཤེས་པ་ཞེས་བྱ་བར་སྦྱར་རོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་སེམས་ལ་བྱ་སྟེ། ཇི་སྐད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་གྲངས་སུ་བཤད་པའི་ཕྱིར་རོ། །དེའི་དབུས་སུ་གསལ་བར་བྱེད་པའི་ཡེ་ཤེས་ནི་སྙིང་གའི་པདྨ་ཁ་སྦྱར་ གྱི་ནང་དུ་ཆུད་པའི་མི་གཡོ་བས་ལྟ་བར་བྱེད་པའི་ཡེ་ཤེས་ཏེ་ཆོས་ཀྱི་དབྱིངས་སུ་གྱུར་པའོ། །དེ་གང་ཞིག་ཅེ་ན། མཆོག་གི་ཡེ་ཤེས་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱིའོ། །གྱི་ན་ཙམ་གྱིས་འབྱུང་བར་འགྱུར་རམ་ཞེ་ན། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་ཡང་རྒྱུན་མི་འཆད་པར་སྦྱོར་བས་སྒོམ་ཞེ་ན། སེམས་པས་རྒྱུན་མི་ཆད་པར་གོམས་ཤིང་བསླབ་པའི་ཚུལ་གྱིས་རྣམ་པར་ལྟ་བའི་རྒྱུ་དེ་ན་འབར་བར་འགྱུར་ཞིང་འདི་ན་སྟེ། སྙིང་ལ་གསལ་ཞིང་སྣང་བར་འགྱུར་བར་ཐེ་ཚོམ་མེད་དོ། །འདིའི་དོན་ནི་འདི་ཡིན་ཏེ། ཏིང་ངེ་འཛིན་གྱི་ གནས་སྐབས་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ་ནི་སྐད་ཅིག་ཙམ་གྱིས་ཡ