Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 25
Văn bản gốc(Tây Tạng)
Trang 15 / 21 (50.000 ký tự/trang)
བ་རབ་ཏུ་སྟེར་བར་ནུས་པ་བཞིན་དུ་རྫོགས་པར་འགྱུར་བའོ། །དངོས་གྲུབ་ཅེས་བྱ་བ་ནི་རྫོགས་པའོ། །ངེས་པར་ཞེས་བྱ་བ་ནི། གདོན་མི་ཟ་བར་རོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་ནོར་བུའི་ལྟེ་བར་རོ། །ཡང་ན་མཚམས་བཞིར་ཞེས་བྱ་བ་ནི། དུས་ཚིགས་བཞིར་ཏེ། བླ་མ་ལ་སོགས་པ་ལས་རྗེས་སུ་གནང་བ་ཐོབ་པའི་སྔགས་རིག་པའི་བརྟུལ་ཞུགས་ཀྱི་རིམ་པས་ལྷ་ལ་སོགས་པའི་བུ་མོ་ཕྱི་དང་ནང་གི་ཡོན་ཏན་རྣམས་ཀྱིས་བརྒྱན་པར་བཀུག་ལ་མན་ངག་ཇི་ལྟ་བ་བཞིན་དུ་རང་ཉིད་གོམས་པར་བྱས་པས་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བའི་རྩ་རྙེད་ནས་ སོར་མོ་དང་ལྕེ་དག་གིས་ཡང་དག་པར་བསྐུལ་ལ། རྡོ་རྗེ་ཅུང་ཟད་བསྐྱོད་པས་ཡུལ་དང་དུས་ཀྱི་ཁྱད་པར་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་ཉམས་སུ་བླངས་ནས་ཟླ་བ་བཅུའམ་དྲུག་གམ་ཟླ་བ་གསུམ་མམ་ཟླ་བ་ཕྱེད་དམ། ཉི་མ་བཞིར་སྐྱ་རེངས་འཆར་བའི་དུས་ཆོས་ཐམས་ཅད་ དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱིས་དངོས་པོ་ཐམས་ཅད་མཁྱེན་པའི་ཕྱག་རྒྱ་དང་། ལྷན་ཅིག་ཏུ་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ཡང་གསུངས་པ། སོར་མོ་ཅུང་ཟད་བསྐུམ་ནས་སུ། །དེ་ནས་ལྕེ་ཡི་ཐུར་མ་ཡིས། །མཆོག་ཏུ་དགའ་བ་རབ་འབབ་པའི། ། རྩ་དེ་རྒྱས་པར་གྱུར་ནས་ནི། །སྔགས་པས་རིམ་གྱིས་རིམ་གྱིས་ནི། །རྡོ་རྗེ་ཅུང་ཟད་བསྐྱོད་བྱས་ལ། །ནོར་བུར་གནས་པའི་ཕཊ་ཀྱིས་ནི། །ཡིད་ལས་བྱུང་བ་བཅིང་བར་བྱ། །བྱང་ཆུབ་སེམས་ནི་མ་ཤོར་བ། །མྱུར་དུ་བདེ་བ་དམ་པ་སྐྱེ། །མ་ལུས་དེ་བདག་ཉིད་འཕྲོས་པས། །ཀུན་ དུ་སྣང་བ་རྒྱུན་མི་ཆད། །ངེས་པར་ཁྱབ་པ་བདེ་ཞི་བ། །མཆོག་གི་གནས་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་ཤོར་གྱུར་ན། །རྙེད་པ་འཇིག་ཅིང་སེམས་བརྒྱལ་འགྱུར། །སྐུ་གསུམ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་རྣམས་སོ། །མཆོག་སྟེར་བ་ཞེས་བྱ་བ་ནི། ཡོངས་སུ་དག་པ་དང་མ་དག་པའི་ཞིང་རྣམས་སུ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་གདུལ་བྱའི་སེམས་ཅན་ཇི་ལྟ་ཇི་ལྟར་དེ་ལྟ་དེ་ལྟར་མངོན་པར་འདོད་པའི་དོན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྟེར་བར་འགྱུར་བའོ། །དཔག་ཚད་བརྒྱའི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གྲུབ་པ་དང་ལྡན་པའི་ལྷན་ཅིག་ སྐྱེས་པའི་མཐུས་དཔག་ཚད་བརྒྱའི་ཞེས་བྱ་བ་ཉེ་བར་མཚོན་པས་གྲངས་མེད་ཅིང་ཚད་མེད་པའི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་སྣང་བར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་རྣམས་སུ་ཀུན་དུ་སྣང་བར་འགྱུར་རོ། །སྒོ་དགུ་ལས་ནི་བྱུང་ བ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལས་གང་བྱུང་བའོ། །རྫས་ཞེས་བྱ་བ་ནི་དམ་ཚིག་ཏུ་བཤད་དོ། །དབང་པོ་གཉིས་ཞེས་བྱ་བ་ནི། དད་པ་དང་ཤེས་རབ་ཀྱི་དབང་པོ་དག་གིས་སོ། །རབ་འབྱོར་ལས་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་སྟེ། དེས་གང་གི་ཚེ་དཔག་ ཚད་བརྒྱའི་ཁྱོན་ཙམ་དུ་ཡེ་ཤེས་ཀྱི་སྣང་བ་བྱེད་པར་ནུས་པ་དེའི་ཚེ་འགྲུབ་པར་འགྱུར་རོ། །སངས་རྒྱས་བྱང་ཆུབ་གནས་ཞེས་བྱ་བ་ལ་སངས་རྒྱས་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེའི་བྱང་ཆུབ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་ དོན་རྫོགས་པར་མཛད་པ་སྟེ། དེ་ཉིད་ནི་མཐར་ཐུག་པའི་གནས་པའོ། །ཞི་བ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་མི་འཇིག་པ་སྟེ་རྟག་པའོ། །དེ་ཉིད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པས་སོ། །བླ་ན་མེད་པའི་ཡེ་ཤེས་ཞེས་བྱ་བ་ནི། གང་རྣམ་པར་རྟོག་པ་ གཞན་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་བླ་ན་མེད་པ་ཞེས་བྱ་བ་ནི། འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། འདི་ལྟར་བདག་གི་དེ་ཁོ་ན་ཉིད་དང་གཞན་གྱི་དེ་ཁོ་ན་ཉིད་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་ དང་། སངས་རྒྱས་ཞེས་བྱ་བ་ལ་སངས་རྒྱས་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཐོབ་པའི་བྱང་ཆུབ་སེམས་དཔའོ། །དེའི་བྱང་ཆུབ་ནི་རྡོ་རྗེ་འཛིན་པའི་རང་བཞིན་ཏེ་དེ་ཉིད་ནི་བླ་ན་མེད་པའི་གནས་སོ། །ཞི་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ ཕུན་སུམ་ཚོགས་པར་མཛད་པའི་དགེ་བའི་བཤེས་གཉེན་ནོ། །སྔར་གསུངས་པའི་དོན་མདོར་བསྡུས་ཏེ་གསུངས་པ། གཟུགས་རྣམས་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་ལྷམ་བུ་ཆུ་གཤེར་ལ་སོགས་པའི་མདོག་གོ། །ཕྱག་རྒྱ་ནི་རྣལ་འབྱོར་རོ། །མཚན་མ་ནི་ཐོད་པ་ལ་སོགས་པའོ། ། རྫས་ཞེས་བྱ་བ་ནི་བདུད་རྩི་ལྔ་ལ་སོགས་པའོ། །བསམ་གཏན་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ལས་རྒྱས་པའོ། །བསྒོམ་པའོ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་རིམ་པའོ། །ཆོ་ག་ཐབས་ནི་སྣ་ཚོགས་བསྟན་པའོ་ཞེས་བྱ་བ་ནི་གཞན་གྱི་གྲོང་དུ་འཇུག་པ་ལ་སོགས་པའོ། །ལྷ་མོ་ཞེས་བྱ་བ་ནི་ བོད་པའོ། །ཡིད་འདོད་རྣམས་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པ་ནས་ཕྱག་རྒྱ་ཆེན་པོའི་མཐར་ཐུག་པའོ། །གཞན་དག་ན་རེ་སྦས་པ་བདུན་ལ་བྱའོ་ཞེས་ཟེར་བ་སྟེ། སྐུ་གསུམ་དང་ལས་ཀྱི་ཚོགས་དང་གཟུགས་ཡོངས་སུ་བརྗེ་བ་དང་། གཞན་གྱི་གྲོང་དུ་འཇུག་པ་དང་། མི་སྣང་བ་དང་། དབང་བསྐུར་བ་དང་། བདུད་རྩི་སྒྲུབ་པ་རྣམས་སོ། །ཡང་གཞན་ན་རེ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ལས་ཚོགས་ཀྱི་དེ་ཁོ་ན་ཉིད་དང་། གླུའི་དེ་ཁོ་ན་ཉིད་དང་། དམ་ཚིག་གི་དེ་ཁོ་ན་ཉིད་དང་། དམན་པའི་དངོས་གྲུབ་ཀྱི་དེ་ཁོ་ ན་ཉིད་ཅེས་ཟེར་རོ། །གང་གི་ཁྱིམ་དུ་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་གནས་སུ་དོན་ཁོང་དུ་ཆུད་པར་བྱེད་པའི་སྒྲའི་ཚོགས་ལུང་གི་བདག་ཉིད་ཀྱི་པུ་སྟི་གུས་པས་འཆང་བའོ། །རྒྱུན་དུ་ཞེས་བྱ་བ་ནི་རྟག་ཏུའོ། །འཆང་བ་ཞེས་བྱ་བ་ནི་སྒྲ་སྔོན་དུ་འགྲོ་བའི་དོན་རྟོགས་པས་ཡིད་ལ་འཛིན་པའོ། ། ཀློག་པ་ཞེས་བྱ་བ་ནི་པུ་སྟི་བལྟས་ཏེ་ཀློག་པ་དང་ཁ་ཏོན་བྱེད་པའོ། །བསྒོམ་པ་ཞེས་བྱ་བ་ནི་བསྒོམ་པ་སྔོན་དུ་འགྲོ་བའི་བཟླས་པ་ལ་སོགས་པས་དེར་སོང་བའི་ཡིད་ཀྱིས་རྟག་ཏུ་གནས་པའོ། །དེ་དག་གི་ཕན་ཡོན་གསུངས་པ། དེ་ལ་ནད་འབྱུང་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ལ་དེའི་ ལུས་ལ་ནད་ཀྱིས་གཟིར་བར་མི་འགྱུར་བ་དང་། རྒས་པར་མི་འགྱུར་བ་ཞེས་བྱ་བ་ནི་དེའི་ལུས་རྙིང་པར་མི་འགྱུར་བའོ། །འཆི་བར་མི་འགྱུར་བའོ་ཞེས་བྱ་བ་ནི་ཚེ་དང་དབང་པོ་དང་རྣམ་པར་ཤེས་པ་འགག་པར་མི་འགྱུར་བའོ། །བགེགས་རྣམས་མི་འབྱུང་བ་ཞེས་བྱ་བ་ནི། ལྷའི་བུ་ ལ་སོགས་པ་རྣམས་ཀྱིས་དེའི་སེམས་གཡེང་བར་མི་འགྱུར་བའོ། །རྒྱུན་དུ་ཞེས་བྱ་བ་ནི་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པའི་གནས་སྐབས་ཀུན་དུའོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བགེགས་རྣམས་ལས་ཞེས་བྱ་བ་ ནི་ཕུང་པོ་དང་ཉོན་མོངས་པ་དང་ལྷའི་བུ་དང་འཆི་བདག་གི་བདུད་རྣམས་ཀྱིས་བར་ཆད་དུ་འགྱུར་བའི་ལས་རྣམས་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྣལ་འབྱོར་མའི་དབང་ཕྱུག་གི་ཞེས་བྱ་བ་ལ་རྣལ་འབྱོར་མ་ཐམས་ཅད་བསྲུང་བ་སྟེ། ཆོ་ག་བཟང་པོ་མཛད་པའི་ཕྱིར་རོ། །རྡོ་རྗེ་རྣལ་འབྱོར་ མ་རྣམས་ཀྱིས་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་བྱེ་བྲག་གིས་གནས་པའི་ཞིང་སྐྱེས་མ་དང་། སྔགས་སྐྱེས་མ་དང་། ལྷན་ཅིག་སྐྱེས་མ་རྣམས་སོ། །དགོངས་པ་ནི་ཐུགས་ལ་གནས་པའོ། །མཆོག་ཏུ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པས་སོ། ། གསང་བ་ཞེས་བྱ་བ་ནི་སྦ་བར་བྱ་བ་གསང་བ་སྟེ། བདེ་བ་ཆེན་པོའི་བདག་ཉིད་ཀྱིས་སོ། །གསང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ཆེན་པོ་ཉིད་ཉེ་བའི་སྤྱོད་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ ཉིད་དོ། །དེའི་སྒྲུབ་ཐབས་ནི་བསྒོམ་པའི་རིམ་པ་སྟེ། གསལ་ལ་ཉུང་བ་རྣལ་འབྱོར་མའི་ཞལ་ནས་བྱུང་བ་རྫོགས་སོ།། །།དཔལ་ལྡན་གསང་བའི་ཉེར་སྤྱོད་ཅེས་བྱ་བ། །དྲན་པ་ལས་ནི་དགེ་བ་གང་ཐོབ་པ། །དེས་ནི་འཇིག་རྟེན་འདི་དག་མ་ལུས་པ། །བདེ་བ་ཆེན་པོ་ གཅིག་པུ་གནས་གྱུར་ཅིག །སྒྱུ་འཕྲུལ་ཆེན་མོ་ཞེས་བྱའི་རྒྱུད། །འགྲེལ་པ་དྲན་པ་ཞེས་བྱ་བ། །ནག་པོའི་ལྷ་ལ་གུས་པ་ཡི། །ནག་པོ་རྡོ་རྗེས་མཛད་པ་སྟེ། །གང་ཞིག་རྒྱུད་མཆོག་མ་མོས་དང་། །ནམ་ཡང་དབང་བསྐུར་མེད་པ་ལ། །དྲན་པ་ཞེས་བྱའི་འགྲེལ་པ་འདི། །དེ་ལ་སྦྱིན་པར་ མི་བྱའོ། །བླ་མ་དམ་པས་རྒྱུད་བསྟན་ལས། །གང་ཞིག་བརྗེད་ནས་མ་སྨྲས་པ། །དེ་ནི་བདག་བློའི་ཉེས་པ་སྟེ། །བླ་མ་རྡོ་རྗེ་ཅན་བཟོད་མཛོད། །སྒྱུ་འཕྲུལ་ཆེན་མོ་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་ཝ་ར་ དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ནཱ་མ་པཉྩི་ཀཱ །བོད་སྐད་དུ། སྒྱུ་མ་ཆེན་མོ་ཞེས་བྱ་བའི་དཀའ་འགྲེལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་བདག་གིས་ཞེས་ཅིའི་ཕྱིར་མ་གསུངས་ཤེ་ན། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། མ་ལུས་པའི་སྦྱོར་བ་དེ་ལས་ཡོངས་སུ་མྱ་ངན་ལས་འདས་པ་བྱུང་བས་སམ། ཕྱི་མའི་དུས་སུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བའི་སྡུད་པར་བྱེད་པ་དངོས་པོ་མེད་པའི་ ཕྱིར་རོ། །གཞན་དུ་ནི་སྡུད་པར་བྱེད་པས་འདུལ་བར་བྱེད་པའི་སེམས་ཅན་གྱི་དབང་དུ་དགོངས་པའི་ཕྱིར་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པས་སྡུད་པར་བྱེད་པ་བསྟན་པ་མེད་པའི་ཕྱིར་རམ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་འདི་ཕྱོགས་གཅིག་ཏུ་གྱུར་པས་སོ། ། གཞན་ཡང་རྡོ་རྗེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་པོ་རྣམས་སོ། །དེ་ཉིད་གསུངས་པ། རྒྱུ་ལྔ་ཞེས་བྱ་རིག་པ་ཡང་། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །དཻ་བཻ་ཧ་ཡས་ཡི་འགྲོ་བ་ལ། །སངས་རྒྱས་རྣམས་ཀྱིས་འདིར་སྐད་ཀྱི། །དབྱིངས་ རྣམ་པར་དག་པ་ནི། ཐམས་ཅད་ནམ་མཁའ་ལ་སྤྱོད་པར་གྲུབ་པའི་ཕྱིར་མཁའ་འགྲོ་མ་ཞེས་བྱ་བར་གྲུབ་པའམ། སྐད་ཀྱི་དབྱིངས་འདི་ལས་དང་པོར་བསྟན་པ་ན། ཨ་ཤི་ཧི་ཞེས་བྱ་བས་ཨར་བྱས་ཤིང་། ཀྭི་པ་ཞེས་པས་ཀ་དང་། ནི་མ་ཏུ་ཞེས་བྱ་བས་ཕྱི་བ་དང་། རི་ན་མེ་དང་དི་ བ་ཞེས་བྱ་བ་དག་གིས་མཁའ་འགྲོ་མར་གྲུབ་པ་སྟེ། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་མཆོག་གི་བདག་ཉིད་ཅན་རྡོ་རྗེ་མཁའ་འགྲོ་མར་འགྲུབ་པ་རྣམས་མི་དམིགས་པ་ཉིད་ཀྱི་ཕྱིར་ནམ་མཁར་བཞུགས་སོ། །གསང་བ་ཞེས་བྱ་བས་ནི་སྐུ་དང་གསུང་དང་ཐུགས་གསུམ་དུ་མངོན་པར་བརྗོད་ དེ། མངོན་སུམ་དུ་བདག་ཉིད་རིག་པ་ཉིད་ཀྱིས་གཞན་དུ་ནམ་མཁའ་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །རང་དང་གཞན་གྱི་དོན་དང་ལྡན་པའི་ཕྱིར་དབང་ཕྱུག་གོ། །འདུས་པའི་རྒྱུད་ལས་གསུངས་པ། ལྔ་དང་རིགས་བརྒྱ་རྣམ་གསུམ་ནི། །སྐུ་གསུང་ཐུགས་ཀྱི་གསང་བར་ བརྗོད། །དེ་ཉིད་ཀྱི་ཕྱིར་རིགས་བརྒྱ་ནི། །སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ནི་འདིར་སྟོན་པ་པོ་དང་། སངས་རྒྱས་ཀྱི་མཁའ་འགྲོ་མ་ནི་གཞན་སྒྱུ་མ་ཆེན་མོ་ཞེས་བྱ་བའི་མཚན་དང་ལྡན་པ་ནི་སྡུད་པར་བྱེད་པ་སྟེ། གང་བཤད་པ། །ལྷ་མོ་ང་ནི་ བདེན་པར་གསུངས། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འདིར་བརྗོད་པར་བྱ་སྟེ། དེ་ཐོབ་པར་བྱ་བའི་ཕྱིར་མངོན་པར་རྟོགས་པའི་རིམ་པའི་ཐེག་པས་དེ་ཡང་དེའི་སྒྲས་བརྗོད་པར་བྱ་སྟེ། དེ་རྟོགས་པར་བྱེད་པའང་སྦྱར། སྒྲའི་ཚོགས་ཆེན་དམ་པའི་ གསང་བ་ཡི། །ཞེས་བྱ་བ་རྙེད་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་རྒྱུད་དུ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱས་པར་མཛད་པ་དང་གོ་བར་མཛད་པ་ནི། བཅོམ་ལྡན་འདས་ཐོབ་པའི་རྒྱུར་མངོན་པར་རྟོགས་པའི་རིམ་པ་འདི་བྱས་སོ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གྲུབ་པའི་ཚིག་གོ། །གསང་ བའི་རྣམ་པར་འགྲེལ་པར་འདོད་པས་བརྗོད་པར་བྱ་སྟེ། གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་སོ། །ཁྱབ་ཅེས་བྱ་བ་ནི་དེའི་བདག་ཉིད་དེ། གང་གི་ཕྱིར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཆོས་ ཀྱི་དབྱིངས་ལས་རྣམ་པར་མི་འབྱུང་བའི་ཆོས་ཡོད་པ་མ་ཡིན་ནོ་ཞེས་རིག་པས་དངོས་པོ་རྣམས་ལས་སྟོང་པ་ཉིད་གཞན་པ་ཡང་མ་ཡིན་ཞིང་དངོས་པོ་ཡོད་པ་ཡང་མ་ཡིན་ནོ། །དེ་འདུལ་བའམ་དེའི་རང་གི་རྒྱུ་ཉིད་ཀྱང་བརྗོད་པར་བྱ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་ བཞི་པོ་དེ་རྣམས་ཀྱིས་བསྐྱེད་པའོ། །ཚངས་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་མཁའ་འགྲོ་མའོ། །སོགས་པའི་སྒྲས་ནི་སངས་རྒྱས་ཀྱི་མཁའ་འགྲོ་མ་ལ་སོགས་པའོ། །མཐུ་ཆེན་ཞེས་བྱ་བ་ནི། དངོས་གྲུབ་དང་རྫུ་འཕྲུལ་ཆེན་པོ་རང་དང་ གཞན་གྱི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་གང་ཞེ་ན་དེའི་དམ་པའི་གསང་བ་ཞེས་བྱ་བ་བརྗོད་པ་དེ་རྣམས་ཀྱིས་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་སྒོམ་པའོ། །སྒྱུ་མ་ཆེན་པོ་ཞེས་བྱ་བ་ནི་ཐིག་ལེའི་གཟུགས་དཀར་ཞིང་ཕྲ་བའོ། །དབང་ ཕྱུག་ཆེ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའི་རྒྱུའི་ཕྱིར་རོ། །སྒྱུ་མ་ཆེན་པོ་ཞེས་བྱ་བ་ནི་མིག་འཕྲུལ་ཆེན་པོའི་དངོས་པོ་ལྟར་སྟོང་པ་ཉིད་ལ་རྣམ་པ་སྣ་ཚོགས་པ་སྣང་བའི་སྒྱུ་མའི་ཕྱིར་རོ། །དྲག་མོ་ཆེན་མོ་ཞེས་བྱ་བ་ནི་བདུད་བཞི་འཇོམས་པའི་ཕྱིར་རོ། །འབྱུང་པོ་སྡུད་པར་མཛད་པ་མོ། ། ཞེས་བྱ་བ་ནི་སྤྲོ་བ་དང་སྡུད་པར་བྱེད་པའི་ཕྱིར་རོ། །ཁྱབ་ཅེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་དུས་གཅིག་ཏུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །དེ་ཉིད་གསུངས་པ། རྒྱ་ཆེར་རྣམ་པར་རོལ་པ་ལས། །སངས་རྒྱས་ཀྱིས་ནི་ཁྱབ་པར་བརྗོད། །ཅེའོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི་ འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཉིད་དེ་དེ་ཉིད་གསལ་བར་བྱ་བ་རྒྱུ་དང་མི་རྒྱུ་ཞེས་བྱ་བའོ། །འདིས་ནི་སྡུད་པར་བྱེད་པ་ཞེས་བྱ་བ་ནི་མི་སྣང་བར་བྱེད་པའོ། །འབྱིན་པར་བྱེད་ཅེས་བྱ་བ་ནི་སྤྲུལ་པར་བྱེད་པའོ། །བསྐྱེད་པ་གསལ་བར་གསུངས་པ། གསང་བའི་ཞེས་བྱ་བ་ནི་ རྡོ་རྗེ་རྣལ་འབྱོར་མའོ། །ཡུམ་ཞེས་བྱ་བ་ནི་སྐྱེད་མར་བྱེད་མ་སྟེ། གང་ཞིག་འདི་ནི་སྒྱུ་མ་ཆེན་མོའོ། །གསུངས་ཞེས་བྱ་བ་ནི་རྣམ་པར་བཤད་པའོ། །འཇིག་རྟེན་གསུམ་བསྒྲུབ་ཅིང་ཞེས་བྱ་བ་ནི་ཁམས་གསུམ་འཛིན་ཅིང་འབྱུང་བའི་ཕྱིར་རོ། །རིག་མ་ཞེས་བྱ་བ་ནི། རང་རིག་པའི་ བདག་ཉིད་ཀྱི་ཕྱིར་རོ། །འདོད་པ་ཐམས་ཅད་རབ་སྦྱིན་མ། །ཞེས་བྱ་བ་ནི་རང་དང་གཞན་གྱི་འདོད་པའི་འབྲས་བུ་ཐམས་ཅད་རབ་ཏུ་སྟེར་བའི་ཕྱིར་རོ། །ཐོས་པ་མེད་པ་ཙམ་གྱི་ཕྱིར་གསུངས་པ། རྣམ་པར་ཤེས་ཞེས་བྱ་བ་ནི། བྱེ་བྲག་མེད་པར་ཤེས་པ་སྟེ། བསྒོམ་པས་མངོན་སུམ་དུ་བྱེད་པའོ། །མ་ རིག་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱིས་རིག་པའོ། །སྒྲུབ་པོས་དབང་ཕྱུག་ཅེས་བྱ་བ་ནི། སྒྲུབ་པ་པོའི་བདག་པོའི་རྒྱུའི་ཕྱིར་རོ། །དེ་ཉིད་གསུངས་པ། ཁམས་གསུམ་མ་ལུས་པ་ལས་ནི། །འཆི་བ་དང་ནི་འཚོ་བ་ཉིད། །སྐད་ཅིག་ཙམ་གྱིས་བྱེད་པར་འགྱུར། །བསལ་བར་ནུས་ པར་ཐེ་ཚོམ་མེད། །འཇིག་རྟེན་གསུམ་གྱི་རྣམ་པར་འགྲེལ་པ་གསུངས་པ། ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒྲུབ་པོས་ཞེས་བྱ་བ་ནི། སྒྲུབ་པ་པོས་འགྲུབ་པར་འགྱུར་རོ། །ཚིག་རྐང་རྣམ་པར་འགྲེལ་པ་གསུངས་པ། དབང་དུ་བྱེད་ཅེས་བྱ་བ་ནི་གུས་པར་འགྱུར་བའོ། ། འབྱུང་པོ་རྣམས་ཞེས་བྱ་བ་ནི་བསྐྱེད་པ་བརྟེན་པར་བྱེད་པའོ། །ཆུ་སྐྱེས་ཞེས་བྱ་བ་ནི་ཆུ་སྲིན་ལ་སོགས་པ་རྣམས་སོ། །ཐང་སྐྱེས་ཞེས་བྱ་བ་ནི་མི་ལ་སོགས་པ་རྣམས་སོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ཉིད་གསུངས་པ། ཐབས་དང་ཤེས་རབ་སྙོམས་འཇུག་ པ། །རྣལ་འབྱོར་ཞེས་བྱར་མངོན་པར་བརྗོད། །རྣལ་འབྱོར་མ་མོ་ཞེས་བྱ་བ་ནི་སྒྲུབ་པ་པོའི་རིམ་པས་རྣལ་འབྱོར་དེའི་བདག་པོ་འབྱུང་བའི་ཕྱིར། འཇིག་རྟེན་གསུམ་གྱིས་བསྒྲུབ་པར་བརྗོད་དོ། །ཁམས་གསུམ་དག་ནི་མ་ལུས་པ། །ཞེས་བྱ་བ་ནི་ཐམས་ཅད་འགྲུབ་པར་འགྱུར་བའོ། །སྒྱུ་མ་རྣམ་ འཕྲུལ་བ་ཞེས་བྱ་བས་ཀྱང་སྦྱོར་བས་འགྲུབ་པར་འགྱུར་ཏེ། རྣམ་པ་སྣ་ཚོགས་རྨད་དུ་བྱུང་བ་སྒྱུ་མའི་རྣམ་པར་འཕྲུལ་པའི་གར་གྱིས་སྐྱེ་བོ་རྗེས་སུ་གཟུང་བའི་དོན་དུ་བསྟན་པར་བྱའོ། །རོལ་པ་རྣམ་པར་མཛད་པ་གསུངས་སོ་ཞེས་བརྗོད་དོ། །དེ་ཉིད་གསུངས་པ། འཕྲོག་པ་ཞེས་བྱ་བ་ལ་སོགས་ པའོ། །དེ་རྣམས་ཀྱིས་ཉེ་བའི་ལོངས་སྤྱོད་དང་། རང་གི་རིགས་ལ་མངོན་སུམ་དུ་བྱེད་པའོ། །ལྷ་མཆོག་ལ་སྐྱེས་ཞེས་བྱ་བ་ནི། ཉེ་བར་མཚོན་པ་སྟེ། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་བཀུག་ནས་རིག་པའི་བརྟུལ་ཞུགས་ལ་སོགས་པའི་དུས་སུ་སྤྱོད་པའོ། །རྣལ་ འབྱོར་ནི་རབ་ཏུ་མང་པོར་བྱེད་པ་སྟེ་སྒྱུ་མ་ཆེན་མོའོ། །མིག་འཕྲུལ་བྱེད་མ་ཞེས་བྱ་བ་ནི་སྒྱུ་མའི་དོན་དུ་བཤད་པའོ། །རྨོངས་པར་བྱེད་པ་ཞེས་བྱ་བ་ནི་རྒྱལ་བར་བྱེད་པའོ། །རེངས་པར་བྱེད་པ་ནི་གཡོ་བ་མེད་པར་བྱེད་པའོ། །གསང་བ་ནི་བསྟན་པ་དང་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའོ། ། སྐྲོད་པ་ནི་གནས་ནས་སྐྲོད་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། ཉེ་བར་འཚེ་བའི་རིམས་དང་གདོན་དང་ནད་སྐྱེད་པར་བྱེད་པའོ། །དབང་ནི་རྗེས་སུ་ཆགས་པའོ། །མཁའ་འགྲོ་དང་ཞེས་བྱ་བ་ནི་ནམ་མཁའ་ལ་རྒྱུ་བའོ། །གཞན་གྱི་གྲོང་དུ་ཞུགས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་བྲལ་བའི་ལུས་ ལ་འཇུག་པའོ། །མི་སྣང་བ་ནི་མི་མཐོང་བའོ། །རྣམ་པར་སྣང་ཞེས་བྱ་བ་ནི་ཆགས་པ་དག་མི་དགའ་བའོ། །ལྐུགས་པ་ནི་སྨྲ་མི་ཤེས་པའོ། །ས་འོག་འགྲོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེས་གསུངས་པའི་བུ་གར་འཇུག་པའོ། །རིག་འཛིན་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པའོ། །འཁོར་ལོས་སྒྱུར་ བ་ཉིད་ཅེས་བྱ་བ་ནི། གསེར་ལ་སོགས་པའི་འཁོར་ལོས་སོ། །རྒ་བ་དང་ན་བ་དང་འཆི་བ་དང་བྲལ་བ་ཉིད་དོ། །རྣལ་འབྱོར་མས་ནི་རྣམ་པར་བྱེད། །ཅེས་བྱ་བ་ནི། འབྲེལ་པར་བྱེད་པ་སྟེ། ཁྱད་པར་དུ་རྣམ་པར་བྱེད་པའོ། །འདིས་ཞེས་བྱ་བ་ནི་རིག་པས་སོ། །རིག་པ་ཞེས་བྱ་བས་ནི་ཐབས་དང་ཤེས་ རབ་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའོ། །ཡི་གེ་ནི་དབྱངས་དང་གསལ་བྱེད་རྣམས་སོ། །སྔགས་ནི་ཨོཾ་ལ་སོགས་པ་རྣམས་སོ། །དེའི་གཟུགས་ཀྱིས་ཞེས་བྱ་བ་ནི། དེའི་རང་བཞིན་གྱིས་ཏེ། ཐོས་པ་དང་སེམས་པ་དང་། བསྒོམ་པས་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ་ཞེས་བརྗོད་དོ། །འདོན་པ་ཞེས་བྱ་བ་ལ་ སོགས་པའོ། །ཏིང་ངེ་འཛིན་སེམས་རྩེ་གཅིག་པའོ། །བཟླས་འགྲུབ་ཅེས་བྱ་བ་ནི་འབྲེལ་བྱ་བ་སྟེ། བཀླགས་པ་ཙམ་ཉིད་ཀྱིས་སྡིག་པ་དང་བྲལ་བས་འདོད་པའི་དངོས་གྲུབ་བྱེད་དོ། །རིག་མའི་དངོས་གྲུབ་ཅེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ ཚངས་པའི་དངོས་གྲུབ་དམན་པ་མ་ཡིན་པའོ། །བསྒོམ་པའི་ནད་དུ་སྤང་པར་བྱ་བའི་ཕྱིར་གསུངས་པ། བརྟུལ་ཞུགས་མེད་ཅིང་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་གྲུབ་པར་འགྱུར་ཞེ་ན། བདེ་ཞིང་རངས་པས་ཞེས་གསུངས་སོ། །ཤེས་རབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་ པར་འབྱེད་པའི་བདག་ཉིད་ཅན་ཏེ། ལྷ་མོའི་རྣམ་པར་ཡོངས་སུ་གྲུབ་པའོ། །ཐབས་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། རང་གི་འདོད་པའི་ལྷའོ། །ལ་སོགས་པ་ཞེས་བྱ་བའི་སྒྲས་ནི། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་ སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡོངས་སུ་བཟུང་བའོ། །དམ་ཚིག་ཆེན་པོའི་གྲུབ་པ་དང་། །ཞེས་བྱ་བ་ནི་རིན་ཐང་མེད་པའི་དངོས་གྲུབ་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སྒྱུ་མ་ཆེན་མོའི་རབ་སྦྱོར་བས། །ཞེས་བྱ་བ་ནི། སྒྱུ་མ་ལྟ་བུའི་ཐིག་ལེ་དང་། ས་བོན་གྱི་ བསྒོམ་པ་རྣམས་ཀྱིས་སོ། །རྣལ་འབྱོར་གྱི་ནི་སྡོམ་པ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་བདེ་བ་མཆོག་ལ་རྗེས་སུ་ཆགས་པར་བྱེད་པ་སྟེ། དེ་ཡང་རྣལ་འབྱོར་གྱི་སྡོམ་པ་བླ་མའི་མན་ངག་ལས། ཡེ་ཤེས་བདག་ཉིད་ཅེས་བྱ་བ་འདིས་དབང་ལ་སྙེགས་ སོ། །མཆོད་པ་ལྔ་ཞེས་བྱ་བ་ནི། ལྷ་བཤོས་ལ་སོགས་པའོ། །འདོད་ཡོན་ལྔ་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་ལ་སོགས་པ་དམ་པའོ། །སྒྲུབ་པོའི་དབང་པོས་ཞེས་བྱ་བ་ལ་སོགས་པ་ནི། བླ་མ་དམ་པ་དང་། རིགས་པ་དང་ལུང་དག་གིས་ཤེས་པར་བྱའོ། །གང་གིས་ཡེ་ཤེས་ ཞེས་བྱ་བ་ནི། བདག་གིས་དེ་མ་ཐག་ཏུ་གསུངས་པའོ། །གྲུབ་པ་ཡིས་ཞེས་བྱ་བ་ནི་བསྒོམ་པའི་སྟོབས་ལས་གསལ་བ་ལྟ་བུའོ། །ཤིན་ཏུ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་གཉིས་ཟིལ་གྱིས་མནན་ཅིང་བསྒོམ་པའི་མཚན་ཉིད་དོ། །དངོས་གྲུབ་ཅེས་བྱ་བ་ནི་ དམིགས་པ་དང་བྲལ་བ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ནོ། །རྟག་པར་ཞེས་བྱ་བ་ནི་རྒྱུན་བརྟག་པས་འཐོབ་པའོ། །ཡི་གེ་དམ་པའི་ཕྲེང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ཏེ། བརྒྱད་ཀྱི་ཕྱེད་ཀྱི་འགྱུར་གྱིས་བསྐོར་བའི་ཐིག་ལེའི་གཟུགས་སོ། །ཐིག་ ལེའི་རྣལ་འབྱོར་ལ་སོགས་པས་སེམས་བརྟན་པར་བྱས་ན་རྣམ་པ་ཐམས་ཅད་དུ་ནུས་པར་འགྱུར་རོ་ཞེས་བརྗོད་དོ། །མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། སྤྲུལ་པ་རྣམ་པ་སྣ་ཚོགས་པ་གང་ཞིག་སྤྲུལ་པས་བྱས་ཏེ་བརྗོད་དོ། །དེ་བཞིན་གཤེགས་པས་ཞེས་ བྱ་བ་ནི། སེམས་བསྐྱེད་པའི་རིམ་པས་སམ་དབབ་པའི་རིམ་པས་སངས་རྒྱས་ཉིད་འགྲུབ་པའོ། །དངོས་གྲུབ་ཅེས་བྱ་བ་ནི་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པར་མངོན་པར་འདོད་པ་སེམས་ཅན་གྱི་དོན་ཏོ། །བཅུད་ཀྱིས་ལེན་ཞེས་བྱ་བ་ནི་གྲུབ་པའི་རྫས་ཀྱིས་སོ། །ལས་རྒྱས་པ་མདོར་བསྟན་པ་ གསུངས་པ། ཁུ་བ་ཞེས་བྱ་བ་ལ་སོགས་པའོ། །གོང་དུ་དགུག་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བར་སྣང་ནས་འོང་བའོ། །གང་གི་ཚེ་ཕྲེང་བ་སྐྱེ་བ་བདུན་པ་ལ་སོགས་པ་དང་། སྐྱེས་པའི་ཤ་ལ་སོགས་པ་བཀུག་ནས་གྲུབ་པའི་གཟི་བརྗིད་གསུངས་པ། ཚེ་རིང་ཞེས་བྱ་བ་ནི་བསྐལ་པ་ཆེན་པོར་གནས་པའོ། ཁྲོ་བོ་ཡི་ནི་ལུས་དང་ཡང་། །ཞེས་བྱ་བ་ནི་མཐོང་ན་མི་དགའ་བར་བྱེད་པའོ། །ཆོ་འཕྲུལ་ཞེས་བྱ་བ་ནི་འབར་བ་དང་བསྲེག་པ་ལ་སོགས་པའོ། །བསམ་པ་ཞེས་བྱ་བ་ནི་འདོད་པ་ཙམ་གྱིས་སོ། །གཟུགས་ནི་ཡོངས་སུ་བསྒྱུར་ཞེས་བྱ་བ་ནི། སྟག་ལ་སོགས་པའི་གཟུགས་སུའོ། །རིག་མ་ཆེན་ མོ་ཞེས་བྱ་བ་ནི་མཚན་ཏེ། ཤིན་ཏུ་བདག་ཉིད་ཆེན་མོའོ། །དབང་ཕྱུག་ཅེས་བྱ་བ་ནི་གཙོ་མོའོ། །སྒྱུ་མ་ཆེ་ཞེས་བྱ་བ་ནི་སྡིག་པ་དང་བྲལ་བའོ། །བཀླགས་པས་འགྲུབ་པ་རྨོངས་མེད་མ། །ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའོ། །འདིས་ནི་ང་དང་མཚུངས་པའི་རིག་མ་ནི་ཡོད་པ་མ་ཡིན་ཞེས་པའོ། ། ང་ཞེས་གསུངས་པ་ནི། རྡོ་རྗེ་མཁའ་འགྲོ་སྟེ་འགྲོ་བ་རྣམས་སུ་འཇིག་རྟེན་ཐམས་ཅད་ཀྱི་བདག་པོའོ། །ལུང་ནི་འདི་དག་ཤེས་པའོ། །ཁྱོད་ལ་བཤད་པ་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་མཁའ་འགྲོ་མ་ལའོ། །དེ་མ་ཐག་ཏུ་གསུངས་པ། རྣལ་འབྱོར་གྱི་དབང་ཕྱུག་རིག་མ་ཆེན་མོའི་གྲུབ་པའི་ རྡོ་རྗེའི་དངོས་གྲུབ་པོ། །མཚན་མ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་ལ་སོགས་པའོ། །དེ་རྣམས་ཀྱིས་བསྟན་པ་ཞེས་བྱ་བ་ནི་གཞུང་གང་གིས་དེ་དེ་བཞིན་དུ་གསུངས་པའོ། །དང་པོ་ཞེས་བྱ་བ་ནི་གཉིས་བ་ལ་ལྟོས་པའོ། །དེ་ནས་ཞེས་བྱ་བ་ནི་དང་པོར་བསྟན་པའི་དེ་མ་ཐག་པའོ། །གསང་བ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཕྱིར་རོ། །ཡི་གེ་ཞེས་བྱ་བ་ནི། ཨོཾ་ལ་སོགས་པ་བཟླས་པ་སྟེ། ཆོས་ཀྱི་དབྱིངས་སུ་མི་འགྱུར་བའི་ཕྱིར་རོ། །དམ་པ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ལ་སོགས་པ་སྟེ། སྲིད་པ་དང་བྲལ་བའི་ཕྱིར་རོ། །རྣལ་འབྱོར་དང་དངོས་གྲུབ་ཅེས་ བྱ་བ་ནི་ཐབས་དང་ཤེས་རབ་ཀྱིས་ཟག་པ་མེད་པའི་དགའ་བའི་བདག་ཉིད་ཀྱི་རང་བཞིན་རྫོགས་པའོ། །དེ་ཉིད་གསུངས་པ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །ཐབས་དང་ཤེས་རབ་དངོས་པོ་ཡིས། །མཚན་ཉིད་རང་བཞིན་མེད་པ་གང་། །ཞེའོ། །དེ་ཉིད་འབྲས་ ཞེས་བྱ་བ་ནི། རང་དང་གཞན་གྱི་དོན་གྱི་དངོས་གྲུབ་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེའི་སེམས་ཀྱིས་མཐོ་བའང་གསུངས་པ། གང་གིས་ཞེས་བྱ་བ་ལ་སོགས་པའོ། །མཆོག་ཅེས་བྱ་བ་ནི་མངོན་པར་འདོད་པ་སྟེ། སངས་རྒྱས་ཀྱི་ཐབས་དངོས་གྲུབ་བརྒྱད་ལ་སོགས་པ་དེ་སྦྱིན་པ་དེ་ཡིན་ ནོ། །དང་པོའི་ཡི་གེ་ཞེས་བྱ་བ་ནི་ཨོཾ་སྟེ། བཟླས་པའི་དུས་སུ་སྤྲོ་བའོ། །སྟོན་པར་བྱེད་པའི་ཚུལ་གྱི་ཕྱིར། །སྤྲུལ་པའི་སྐུ་ཡི་རང་བཞིན་ཏེ། །ཨོཾ་ནི་སྐུ་ཡི་ཡི་གེ་དང་། །ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་གྱིས་སོ། །ཧཱུཾ་ནི་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཅན་ཏེ་གནས་སུ་བསྟན་པའི་དངོས་ པོ་ལ་ཡང་ཆོས་ཀྱི་སྐུའི། ཨོཾ་ནི་སྲོག་དང་རྩོལ་བ་ཁྱབ་པས་བཟླ་བར་བྱའོ། །དབུགས་ནི་དབྱུང་བར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པ་འདིའི་དོན་ཏོ། །བརྒྱད་ཀྱི་མཐའ་ཞེས་བྱ་བ་ནི་སྡེ་ཚན་བརྒྱད་ཀྱི་མཐའ་སྟེ་ཧའི་རྣམ་པའོ། །ཨུ་ཞེས་བྱ་བ་ནི་འོག་ཏུ་ལྡན་པའོ། །ཐིག་ལེར་བཅས་པ་ཞེས་བྱ་བ་ནི་སྤྱི་ བོར་ཟླ་བ་ཕྱེད་པའོ། །དངོས་དང་དངོས་མེད་ཅེས་བྱ་བ་ནི་བསྒོམ་པ་དང་བྲལ་བའི་བཟླས་པ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །ཅེས་བྱ་བ་ནི། བདུད་རྩིའི་རྒྱུན་གྱིས་རང་དང་གཞན་གྱི་ཆ་དང་བྲལ་བས་གཞན་ནས་གཞན་དུ་བཟློག་པར་འགྱུར་ཏེ། དཀའ་ཐུབ་ཀྱི་ བདག་པོར་འགྱུར་རོ། །དེ་མ་ཐག་ཏུ་གསུངས་པའི་རྣལ་འབྱོར་གྱི་དོན་བརྗོད་པ། སྔགས་དང་ཞེས་བྱ་བ་ནི་ཧཱུཾ་ལ་སོགས་པའོ། །དབྱིབས་ཞེས་བྱ་བ་ནི་ལྷའི་རྣམ་པའོ། །ཆོས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །དེའི་བདག་ཅེས་བྱ་བ་ནི་དེའི་རང་བཞིན་ཏེ། རྣལ་འབྱོར་ཞེས་བྱ་བའི་དོན་ཏོ། །ཡི་ གེའི་མཐར་གསུངས་པ། ཡེ་ཤེས་ཞེས་བྱ་བ་ནི། སེམས་རྩེ་གཅིག་པས་བསྐུལ་བས་སྙིང་གའི་མཐར་གསུངས་སོ། །ཨ་ཐུང་ངུས་མཚོན་པའི་ལྕགས་ཀྱུ་དང་ཞགས་པའི་ལག་པ་དང་བཅས་པའི་ལྷ་ཕྱག་གཉིས་པ་སྤྲོས་ནས་ཞགས་པས་མགྲིན་པ་བཅིངས་ཤིང་། ལྕགས་ཀྱུས་སྙིང་ཕུག་ཅིང་རླུང་གི་དཀྱིལ་འཁོར་ལ་ཞོན་པར་བསྒྲུབ་པར་བྱ་བའི་ལུས་པར་སྣང་ནས་འགུགས་པར་བསམས་ན་འོང་བར་འགྱུར་རོ། །སྦྱོར་བ་གསུམ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་དང་། ཞགས་པ་དང་ལྕགས་ཀྱུའི་སྦྱོར་བ་དང་། སྐུ་ལ་སོགས་པ་ཡང་དག་པར་ གནས་པའོ། །གསུང་ཞེས་བྱ་བ་ནི་མགྲིན་པའོ། །ཁུ་བ་དགུག་པ་གསུངས་པ། ཁེ་ཞེས་བྱ་བ་ནི། སྦུ་གུའི་དབྱིབས་སུ་སྒྲ་དཀར་པོ་ཁེ་ཡིས་བྱིན་གྱིས་བརླབས་ལ་ཁ་ནས་ཕྱུང་ནས་བསྒྲུབ་བྱའི་གསང་བར་ཞུགས་ཏེ། དབུགས་དབྱུང་བས་ནི་གཞུག་པ་དང་། །རྔུབ་པས་ནི་བཀུག་ནས་ སྣོད་ནས་སྣོད་དུ་གཞག་པའམ་བཏུང་བར་བྱའོ། །ཆགས་པའི་བདག་ཅེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱིས་ཤིན་ཏུ་ཆགས་པའོ། །ཞལ་བཞི་དང་ཐོད་པའི་ཕྱག་གིས་ཞེས་བྱ་བ་ལྷའི་རྣལ་འབྱོར་གྱིས་དགུག་གོ། །ཆང་དགུག་པ་གསུངས་པ་ཙི་ཡིག་སེར་པོ་རྟའི་གདོང་གི་ལྷའི་རྣལ་འབྱོར་ པས། ཙི་ཡིག་མཚན་མའི་སྦུ་གུས་དགུག་པར་བྱའོ། །ཁྲག་དགུག་པ་གསུངས་པ། ཅེ་སྤྱང་གི་དབྱིབས་ཀྱི་གདོང་གི་ལྷའི་རྣལ་འབྱོར་པ་ཁ་དོག་དམར་པོ་ཁྲོས་པས་སྙིང་ག་ནས་པདྨའི་དབྱིབས་ཀྱི་སྐྲས་རེ་ཕས་བྱིན་གྱིས་བརླབ་པ་ཁ་ནས་བཏོན་ཏེ། བསྒྲུབ་བྱའི་ལུས་ཕུག་ནས་ ཁྲག་དག་པར་བྱའོ། །ཡན་ལག་དྲུག་གི་དགོད་པ་གསུངས་པ། ཁ་དོག་དྲུག་དང་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེ་འདི་རྣམས་ཁ་དོག་དྲུག་དང་མཉམ་པར་ལྡན་པའོ། །དྲུག་གི་གནས་སུ་ཞེས་བྱ་བ་ནི། དཔྲལ་པ་དང་མགྲིན་པ་དང་། མིག་དང་། རྣ་བ་དང་། སྣ་དང་། སྙིང་ ག་རྣམས་སུའོ། །རྗེས་སུ་བསྔགས་པས་གསུངས་པ་འགྲུབ། །ཅེས་བྱ་བ་ནི། དེ་ཉིད་བརྗོད་པར་འགྱུར་རོ། །དང་པོའི་ཡི་གེ་ཞེས་བྱ་བ་ནི་ཨོཾ་སྟེ་སྔགས་ཐམས་ཅད་ཀྱི་དང་པོར་ངེས་པར་ཕྱག་འཚལ་བར་གྱུར་པའི་ཕྱིར་རོ། །དབང་པོའི་མདོག་ཅེས་བྱ་བ་ནི། དབང་པོ་སྦས་པའི་སྲོག་ ཆགས་ལྟ་བུའམ་འབར་བའི་མེ་ལྟ་བུའོ། །ཡི་གེ་གཉིས་པ་ཞེས་བྱ་བ་ནི་ཨ་སྟེ། དབྱངས་ཀྱི་ནང་དུ་གཉིས་པའི་ཕྱིར་དང་མན་ངག་ལས་ཚེག་དྲག་གཉིས་ཀྱི་དབང་དུ་བྱེད་པའི་ཕྱིར་རོ། །བནྡུའི་མེ་ཏོག་ལྟ་བུའི་ཨ་ཐུང་ངུས་ལྷག་པར་དབང་དུ་བྱེད་པའི་ཕྱོགས་གཅིག་གི་ཕྱིར་རོ། །དགུག་ པའི་མཐར་གསུངས་པ་ཁེའི་ཡིག་འབྲུ་ཉིད་དཀར་པོའོ། །ཙི་ཐུང་ངུ་ནི་སེར་པོའོ། །རེ་ཕ་ནི་མེའི་ཁ་དོག་ཉིད་དོ། །ཡི་གེ་འདི་རྣམས་ལས་རྒྱས་པ་ལྷག་པར་བྱེད་པ་ལས་ནི་ཁ་དོག་གི་ཁྱད་པར་རོ། །ཡན་ལག་དྲུག་དགོད་པའི་དུས་སུ་ནི་ཨོཾ་འབའ་ཞིག་དཀར་པོ་སྟེ། གཞན་དག་ནི་ཇི་ སྐད་གསུངས་པའི་ཁ་དོག་ཉིད་དོ། །ཨོཾ་ནི་དཀར་པོའོ། །དབང་པོའི་མདོག་དང་མཉམ་ལྡན་པའི། །ཞེས་བྱ་བའི་དབང་པོའི་ཁ་དོག་དང་མཉམ་པར་ལྡན་པའི་ཞེས་བརྗོད་པའི་གཞུང་ཡོད་པར་བལྟ་བར་བྱ་སྟེ། དབང་པོ་ནི་ཟླ་བ་སྟེ། ཁ་དོག་དག་པའི་ཕྱིར་དཀར་པོའོ། །གཞན་དག་དབང་པོ་ དང་མཉམ་པར་ལྡན་པ་ཞེས་ཡན་ལག་དང་ཉིང་ལག་གིས་མདོར་བསྡུས་ནས་ཟུར་གྱིས་སྟོན་པར་བྱེད་དོ། །ཨིནྡྲ་ནཱི་ལའི་ཁ་དོག་ཉིད་ནི་མངོན་སྤྱོད་ཀྱི་ལྷག་པར་བྱེད་པ་ལ་བསྔགས་སོ། །བཟླས་པའི་དུས་སུ་ཡི་གེ་གསུམ་པོ་ཐམས་ཅད་དཀར་པོ་ཉིད་དོ། །ཐིག་ལེ་དཀར་པོ་ལ་འཇུག་པ་ དང་སྦྱོར་བ་ལས་བྱུང་བའོ། །དེ་ལྟར་སྔགས་རྣམས་ཀྱི་ཁ་དོག་གི་རིམ་པའི་གཞུང་གཞན་ནས་གཞན་དུ་འོང་བ་བཤད་པར་བྱ་སྟེ། བདག་གི་བླ་མའི་གཞུང་གསུངས་པ། མིག་དང་དཔྲལ་བ་དང་མགྲིན་པ་ལ་སོགས་པར་བསྒོམ་པ་གང་གི་ཚེ་སེམས་པ་གསུངས་པ། སེང་གེ་ལྟ་ བུར་རྣམ་པར་རོལ་པས་གང་གིས་ཉོན་མོངས་པའི་རི་དགས་གཞོམ་པའི་ཕྱིར་ལྐུགས་པར་བྱེད་པ་དེ་དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཕྱག་རྒྱས་བཏབ་པའི་ཕྱིར་ཕྱག་རྒྱ་ཆེའོ། །འདོད་པའི་ལྷའི་རྣམ་པའོ། །བཅིང་བར་བྱ་ཞེས་བྱ་བ་ནི། མི་གཡོ་བར་བྱ་བའོ། །རྣལ་འབྱོར་མས་ཞེས་ བྱ་བ་ནི། སེམས་རྩེ་གཅིག་པས་སོ། །སྔགས་དང་དབྱིབས་དང་ཆོས་ཀྱི་རང་བཞིན་གཉིས་སུ་མེད་པར་གྱུར་པའོ། །ལས་རྒྱས་པའི་ཁ་བསྐོང་བ་གསུངས་པ། སྲོག་དང་རྩོལ་བ་ལེགས་སྦྱར་བ། །ཞེས་བྱ་བ་ནི་དབུགས་འབྱིན་པ་དང་བསྡམ་པའོ། །སྐད་ཅིག་ཅེས་བྱ་བ་ནི་ཡི་གེ་ལ་ སོགས་པ་སེམས་པ་ནིའོ། །འབར་ཞེས་བྱ་བ་ནི་དྲོད་དང་དུ་བ་ལ་སོགས་པའི་རིམ་པས་འབར་བའོ། །ད་ནི་རྣལ་འབྱོར་གྱི་རིང་པོར་ཤེས་པ་གསུངས་པ། འོག་མིན་ཞེས་བྱ་བ་དང་འཇིག་རྟེན་བདུན་ཞེས་བྱ་བ་ནི། འདོད་པའི་ལྷ་རྣམ་པ་དྲུག་དང་འོག་མིན་གྱི་བར་ དུ་རྣམ་པ་བཅུ་བདུན་ཏེ། གཟུགས་ཀྱི་ཁམས་སུ་གཅིག་ཏུ་བྱ་བར་བརྗོད་དོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་གཞན་ཡང་གཡོ་བ་དང་མི་གཡོ་བ་སྟེ་བརྟན་པ་དང་འགྲོ་བའོ། །རྣལ་འབྱོར་མའི་བཟའ་བའི་ཁྱད་པར་གསུངས་པ། སྒོ་དགུ་ལས་ནི་བྱུང་བའི་རྫས། །ཞེས་བྱ་བ་ནི་མིག་དང་ རྣ་བ་དང་། སྣ་དང་། ཁ་དང་ཉེ་བའི་གནས་རྣམས་ལས་བྱུང་བའི་ཚེ་རྣམས་སོ། །བློ་ལྡན་ཞེས་བྱ་བ་ནི་དྲི་མ་མེད་པའི་ཤེས་རབ་པོ། །དེ་ཉིད་གསུངས་པ། བཤང་གཅི་བཟའ་བར་བྱ་བའི་དོན། །དེ་འདི་སྒྲུབ་པ་སྐལ་བར་ལྡན། །ཞེའོ། །རང་བཞིན་མེད་པ་ཡིས། ཞེས་པ་ནི་རང་ དང་གཞན་དུ་བརྗོད་དུ་མེད་པའི་དངོས་པོ་ནི་རང་བཞིན་གྱིས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །གསང་བའི་དབང་ལ་སྙེག་པའི་ཕྱིར། །མཐེ་བོང་སྲིན་ལག་དག་གིས་ཁར། །ཞེས་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་མ་བཤད་དོ། །རྣམ་རྟོག་མེད་པས་ཞེས་བྱ་བ་ནི་སྔགས་ཀྱི་ལུས་ཀྱིས་ བརྟགས་པས་སོ། །དེ་ཉིད་གསུངས་པ། སྔགས་ཀྱི་དོན་གྱིས་རྣམ་རྟོག་ནི། །རྣམ་པར་རྟོག་པ་མེད་པའི་བློ། །ཞེའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི། མངོན་པར་འདོད་པའི་དོན་སྦྱིན་པར་འདོད་པའི་ཕྱིར་རོ། །ཇི་ལྟར་འགྱུར་ཞེ་ན་མྱང་བར་བྱ་བར་གསུངས་པ། བདུད་རྩིའི་བདག་ ཉིད་ལས་བྱུང་བས། །ཞེས་བྱ་བ་ནི། བསམ་གཏན་གྱིས་ཡང་དག་པར་གྲུབ་པའི་བྱང་ཆུབ་བོ། །བརྟག་པ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པའོ། །ཤ་ལྔ་གསུངས་པ། ཕྱི་མ་རྫས་ཀྱི་ཚོགས་རྣམས་ཞེས་བྱ་བ་ནི་དེའི་རྫས་ཀྱི་ཕུང་པོའོ། །ཀུན་མཁྱེན་འབྲས་བུ་ཞེས་བྱ་ བ་ནི་སངས་རྒྱས་ཉིད་དོ། །སྦྱིན་པ་པོ་ཞེས་བྱ་བ་ནི། གཞན་ནས་གཞན་ལ་སོགས་པའི་ཐ་སྙད་དོ། །ཟོས་པ་ཞེས་བྱ་བ་ནི་ལུས་བདེ་བ་དང་ལྡན་པར་གྱུར་པ་དང་། སེམས་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་དུ་འགྱུར་བ་དང་། སེམས་མཉམ་པར་གཞག་པས་ཇི་ལྟར་འབྱུང་བ་རབ་ཏུ་ཤེས་ པར་འགྱུར་རོ། །འབྱུང་པོ་མ་མོ་ཞེས་བྱ་བ་ནི། རྡོ་རྗེ་རྣལ་འབྱོར་མའོ། །མ་ཆེན་པོ་ཞེས་བྱ་བ་ནི་དྲི་མ་ཆེན་པོ་དང་ལྡན་པ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་བརྗོད་པ་རིལ་བུ་བརྒྱད་དུ་བྱ་བ་གསུངས་པ། བཅུ་བཞི་པ་ཞེས་གསུངས་ཏེ། འཆོལ་བའི་རིམ་པས་བརྒྱད་པ་དང་པོར་ བྱས་ནས་བཅུ་བཞི་པ་ཇི་སྲིད་དུ་ཉི་མ་བདུན་དུ་འགྱུར་རོ། །ལྷན་ཅིག་ཉེ་བར་ཞེས་བྱ་བ་ནི་སྒོ་དགུ་ལས་བྱུང་བའི་རྫས་དང་ཉེ་བ་ཉིད་དོ། །ལྔ་ཞེས་བྱ་བ་ནི། གསུངས་མ་ཐག་པའི་ཤ་ལྔ་པོ་རྣམས་ཉིད་དོ། །འདིས་ནི་དེ་ཉིད་བརྗོད་པར་འགྱུར་རོ། །བརྒྱད་པར་སོན་པའི་གླང་པོ་ཆེ་ལ་སོགས་པའི་ ཤ་རྣམས་བླངས་ནས་སྒོ་དགུ་ལས་བྱུང་བ་དང་། མཉེས་ཏེ་ཅེ་སྤྱང་ཤི་བའི་ལུས་ཀྱི་ནང་དུ་བཅུག་སྟེ། ཉི་མ་བདུན་དུ་གཞག་པར་བྱའོ། །དེ་ནས་བཅུ་བཞི་པ་ལ་བཏུས་ཏེ། བཏགས་ནས་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་དུ་རིལ་བུ་བྱས་ཏེ་མེ་ལ་སོགས་པའི་ཆོ་གས་སྐམས་ཏེ་མྱང་ བར་བྱའོ། །སངས་རྒྱས་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་སོ། །སྦས་པ་ཞེས་བྱ་བ་ནི་གསང་བའོ། །འབྲས་ཆེན་མོ་ཞེས་བྱ་བ་ནི་འབྲས་བུ་ཆེན་པོའི་རྒྱུའི་ཕྱིར་རོ། །གཞན་གྱི་རྒྱུད་དུ་མ་གསུངས་སོ། །ཞེས་བྱ་བ་ནི་རྒྱུད་འདིར་བརྗོད་པའོ། །བསྒོམ་པའི་རིམ་པ་གསུངས་པ། དེ་ནས་ཞེས་ བྱ་བ་ནི་བསྒྲུབ་པར་བྱ་བའོ། །འདི་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །བསྒོམ་པའི་རིམ་པ་དེ་ཉིད་ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་པདྨ་དམར་པོ་འདབ་མ་བཞི་པ་ཞེས་ཟེར་རོ། །གཞན་དག་ན་རེ་འདབ་མ་བརྒྱད་པ་ཞེས་ཟེར་རོ། །བསྒོམ་པའི་དཀྱིལ་འཁོར་དུ་ནི་འདབ་མ་བཞི་པའོ། །རི་མོའི་དཀྱིལ་འཁོར་ ལ་ནི་འདབ་མ་བརྒྱད་པའོ། །དེར་ཉི་མའི་དཀྱིལ་འཁོར་ལ་ཐིག་ལེ་དཀར་པོ་ལྔའོ། །ཕྱོགས་བཞིར་ཟླ་བ་ལས་བྱུང་བའི་ལྷ་མོ་བཞི་དང་ལྡན་པས་ཕྱིས་གླུ་ཡིས་བསྐུལ་མ་ཐག་ཏུ། དབུས་སུ་ཐིག་ལེ་ལས་བྱུང་བ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་མཁའ་འགྲོའོ། །སངས་རྒྱས་གཟུགས་བརྙན་ཉེ་བར་མཛེས། ། ཞེས་བྱ་བ་ནི། བཅོམ་ལྡན་འདས་ཞལ་བཞི་པའོ། །སྐུ་མདོག་གསུངས་པ། ཤར་དུ་ཞེས་བྱ་བ་ལ་སོགས་པ་ནི། ལྷ་མོ་རྣམས་ཀྱང་ཞལ་བཞི་པ་དང་སྐུ་མདོག་སེར་པོ་ལ་སོགས་པའོ། །འདི་རྣམས་ཀྱི་རྩ་བའི་ཞལ་སེར་པོ་ལ་སོགས་པ་དེའི་གནས་སུ་སྔོན་པོར་བལྟ་བར་བྱའོ། །ཕྱག་བཞི་པ་ དང་སྤྱན་གསུམ་པའོ། །ལྷ་མོའི་མཚན་མ་རྣམས་གསུངས་པ། གཡོན་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་བསྐྱེད་མ་ཐག་ཏུ་བཅོམ་ལྡན་འདས་བསྐྱེད་པའོ། །གང་གིས་བཅོམ་ལྡན་འདས་བསྐྱེད་པ་དང་དུས་མཉམ་པ་ཉིད་དུ་ལྷ་མོ་རྣམས་སྐྱེད་པར་བྱེད་པ་དེ་རྣམས་ཀྱི་ གཞུང་བདག་གིས་སུན་དབྱུང་བར་བྱ་སྟེ། གང་གི་ཕྱིར། ལྷ་མོ་བཞི་དང་མཉམ་ལྡན་ཞིང་། །སངས་རྒྱས་གཟུགས་བརྙན་ཉེ་བར་མཛེས། །ཞེས་གཞུང་འདིར་ལྷ་མོ་བཞི་དང་པོར་གསུངས་ནས། ཕྱིས་ཀྱང་བཅོམ་ལྡན་འདས་སོ། །ལྷ་མོ་རྣམས་ཀྱི་མཚོན་ཆ་ལ་སོགས་པ་ དང་། ཕྱོགས་ལ་སོགས་པ་དང་པོར་གསུངས་ནས། ཕྱིས་བཅོམ་ལྡན་འདས་འདིས་མཚོན་པའི་ཕྱིར། ལྷ་མོའི་གླུས་ཡང་དག་པར་བསྐུལ་མ་ཐག་ཏུ། ཕྱིས་བཅོམ་ལྡན་འདས་ཀྱི་བསྐྱེད་པ་སྟེ། རྒྱུད་གཞན་དང་མཚུངས་པ་ནི་མ་ཡིན་ནོ། །འདིའི་གཏན་ཚིགས་བརྗོད་པ་གང་གི་ཕྱིར་ ཐ་དད་པར་གྱུར་པ་འདི་ཉིད་དེ་ནས་ཡང་འོད་ཟེར་ཅན་ལ་སོགས་པའི་རྒྱུད་དུ་བལྟ་བར་བྱ་སྟེ། ལྷ་མོ་གཞན་དག་ཉི་མའི་གཙོ་མོ་རྣམས་བསྐྱེད་པའི་འོད་ཟེར་གྱིས་བསྐུལ་བས་ཕྱིས་དབུས་སུ་བཞུགས་པའི་བཅོམ་ལྡན་འདས་མ་གཙོ་མོ་བསྐྱེད་དོ་ཞེའོ། །དང་པོའི་སྔགས་དང་ཞེས་བྱ་བ་ནི་ཨོཾ་སྟེ། ཡི་གེ་དྲུག་པོ་རྣམས་ཀྱིས་གནས་དྲུག་པོ་རྣམས་སུ་ལྡན་པར་བསྒོམ་པར་བྱའོ། །འབར་ཞེས་བྱ་བ་ནི་སྤྲོ་བ་དང་སྡུད་པར་བྱེད་པ་ཡིན་ནོ། །དེ་ལྟར་གྱུར་པའི་ལྷའི་རྣལ་འབྱོར་པས་སྒྲུབ་པ་ཐམས་ཅད་ལ་ནུས་པར་འགྱུར་རོ་ཞེས་བརྗོད་དོ། །དེ་ལྟར་ཞེས་བྱ་བ་ནི་རྫས་ཏེ་རིལ་བུ་ལ་སོགས་པའོ། ། གྲུབ་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེའི་འབྲས་བུ་ནི་གཞན་གྱི་དོན་ཏེ་སྒྱུ་མ་ཐམས་ཅད་རྣམ་པར་མཛད་པའོ། །དེ་རབ་སྦྱིན་ཞེས་བྱ་བ་ནི་དེ་གྲུབ་པའི་ཕྱིར་རོ། །དམན་པ་མ་ཡིན་པའི་དངོས་གྲུབ་སྒྲུབ་པའི་སྔགས་པ་གསུངས་པ་མི་སྣང་བ་ཞེས་བྱ་བ་ནི་མི་མཐོང་བར་ གསུངས་སོ། །བཟློག་པ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱི་རྣལ་འབྱོར་རོ། །དེ་ལ་ཞེས་བྱ་བ་ནི་རྡོ་རྗེ་ཆུ་དང་ཡང་དག་པར་ལྡན་པའི་རིལ་བུ་ཧཱུཾ་གིས་བྱིན་གྱིས་བརླབས་པའི་ཨ་ལས་སྐྱེས་པའི་ཐོད་པར་བཞག་ལ་ཕྱི་ནས་ཨོཾ་བསྒོམ་པར་བྱའོ། །མངོན་པར་བསྔགས་པའི་དོན་དུ་སྔགས་ བཏུ་བ་གསུངས་པ། བརྒྱད་ཅེས་བྱ་བ་འདི་ནི་མཐའི་ཡི་གེའོ། །ཀུན་ཞེས་བྱ་བ་འདི་ལྷ་མོ་བཞིའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས་དང་པོའི་ཡི་གེ་སྟེ་ཨོཾ་མོ། །ཨ་ནི་འདིར་མ་གསུངས་སོ། །དེའི་དོན་གསུངས་པ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཨ་དབུས་སུ་བཅུག་པ་ སྟེ། གསུམ་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །འདིས་ནི་དེ་གསུངས་པ་ཡིན་ནོ། །རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་ཨ་ལས་སྐྱེས་པའི་པདྨའི་སྣོད་དུ་བཞག་པའི་རྫས་ཧཱུཾ་དང་བཅས་པར་བསམས་ནས། །འོག་ནས་རླུང་གི་དཀྱིལ་འཁོར་དང་། འབར་བས་སྡིག་པ་བསྲེགས་ ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་དུ་བྱས་ནས། སྟེང་དུ་ཨོཾ་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྒྱལ་བའི་ཚོགས་རོ་མཉམ་པ་བྱས་ཏེ། ཨོཾ་ཨ་གུ་ཧྱ་བྷཀྵ་བྷཀྵེ་ཧཾ་ཞེས་མངོན་པར་བསྔགས་ནས་ལྕེ་ལ་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་བཀུག་ནས་བཟའ་བར་བྱའོ། །རྣལ་འབྱོར་གྱི་ སྡོམ་པ་གསུངས་པ་གསལ་བར་བཀའ་སྩལ་པ། བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་ཧཱུཾ་གིས་རྣམ་པར་སྤྲུལ་པའི་གསང་བའི་རྡོ་རྗེའོ། །དང་པོའི་ཡི་གེ་སྦྱོར་བ་ཡིས། །ཞེས་བྱ་བ་ནི། ཨོཾ་གྱིས་སྤྲུལ་པའི་ནོར་བུའོ། །ཧྲཱིཿདང་ཞེས་བྱ་བ་ནི། ཧྲཱིཿཡིས་སྤྲུལ་པའི་ལྷ་མོའི་པདྨའོ། །ཡི་གེ་མཐའ་རུ་ སྦྱར་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེའི་བུ་གར་ཕཊ་ནང་དུ་བཅུག་པའོ། །ས་བོན་ལྔ་ནི་རབ་ཏུ་སྦྱར། །ཞེས་བྱ་བ་ནི་རིགས་ལྔའི་ཆ་དང་ལྡན་པར་རོ། །ཡི་གེ་རྣམ་པར་བསྒོམ་པར་བྱ་བས་ནི་བྲུཾ་ལས་བྱུང་བའི་ལྟེ་བར་སེར་པོའོ། །དེ་ལྟར་སྦྱོར་བ་ཤེས་པར་བྱ། །ཞེས་བྱ་བ་ནི་སྙོམས་པར་འཇུག་པར་བྱས་པའོ། ། གླུ་འདིས་རྡོ་རྗེའི་གར་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཧེ་རུ་ཀའོ། །གཞུག་པར་བྱ་བ་ནི་རྡོ་རྗེའི་ལྟེ་བའི་དབུས་སུ་བསྒོམ་པར་བྱའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །རྣལ་འབྱོར་ཞེས་བྱར་མངོན་པར་བརྗོད། །རྣལ་འབྱོར་དངོས་གྲུབ་ཅེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་ བདག་ཉིད་ཅན་གྱི་དངོས་གྲུབ་བོ། །ཐུན་ཚོད་བཞིར་ནི་སྦྱོར་བ་ཡིས། །བསྒོམ་པ་མཆོག་གི་ཞེས་བྱ་བ་ནི། དམ་པར་བྱས་པས་རྒྱུན་དུ་ཡུན་རིང་པོ་དང་རབ་ཏུ་ལྡན་པ་ནི་བསྒོམ་པའི་མཆོག་གོ། །འདོད་པའི་ཡོན་ཏན་ལྔས་གང་ཞིང་། །ཞེས་བྱ་བ་ནི་མཆོད་པ་ལྔ་ཡིས་བརྒྱན་པ་སྟེ་གསུངས་མ་ ཐག་པའི་དངོས་གྲུབ་འཐོབ་བོ། །དེ་ཅིར་འགྱུར་ཞེ་ན། དེ་ལྟར་སྐུ་གསུམ་མཆོག་སྦྱིན་པ། །ཞེས་གསུངས་ཏེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་ཅན་མཆོག་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལ་མངོན་པར་འདོད་པའི་དོན་སྦྱིན་པ་སྟེ། ཇི་ལྟར་རྫོགས་པའི་སངས་རྒྱས་གཞན་དུ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཅེས་བྱ་བ་ནི་འོད་གསལ་བར་གསུངས་སོ། །དཔག་ཚད་ཅེས་བྱ་བ་ལ་སོགས་པ་ནི་མཉམ་པར་སྦྱོར་བ་བསྒོམས་པའི་མཐར་བདུད་རྩི་མྱང་བར་བྱའོ་ཞེས་གསུངས་པའོ། །སྒོ་དགུ་ཞེས་བྱ་བ་ འདིའི་འབྲས་བུ་གསུངས་སོ། །དགེ་བ་དེ་ཉིད་ཅེས་བྱ་བ་ནི་དུས་གསུམ་དུ་ཉེ་བར་འཚེ་བ་དང་བྲལ་བ་སྟེ་ཡང་དག་པའི་དོན་གྱི་ཕྱིར་རོ། །བླ་མེད་ཅེས་བྱ་བ་སྒྱུ་མ་ལྟ་བུར་རང་དང་གཞན་གྱི་ལྷག་པའི་ལྷའི་རྣམ་པའི་ཕྱིར་རོ། །གྲུབ་པར་ཞེས་བྱ་བ་ལ་སོགས་པ་ནི། ཟག་པ་མེད་པའི་བདེ་ བ་ཆེན་པོའི་རང་བཞིན་གྱི་ཕྱིར་རོ། །རྒྱུད་ཀྱི་བསྡུས་པའི་དོན་ལ་སྙེག་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་ནི། དབང་པོ་སྦས་པ་ལ་སོགས་པའི་ཁ་དོག་གོ། །ཕྱག་རྒྱ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་རོ། །མཚན་མ་ཞེས་བྱ་བ་ནི། ཐོད་པ་ལ་སོགས་པའོ། །རྫས་ཞེས་བྱ་ བ་ནི་བདུད་རྩི་ལྔ་ལ་སོགས་པའོ། །བསམ་གཏན་ནི་དགུག་པ་ལ་སོགས་པའི་ལས་རྣམས་སོ། །སྒོམ་པ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་རིམ་པའོ། །རྣམ་པ་སྣ་ཚོགས་ཐབས་ཞེས་པ་དང་། ལྷ་མོ་ཞེས་བྱ་བ་ནི་ལྷ་མོ་རྣམས་སོ། །ཡིད་ལ་འདོད་པ་ཞེས་བྱ་བ་ནི། རལ་གྲི་ལ་སོགས་པ་ དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཐར་ཐུག་པ་རྣམས་སོ། །རྒྱུད་ཀྱི་ཆེ་བའི་བདག་ཉིད་གསུངས་པ། གང་གིས་ཞེས་བྱ་བ་ལ་སོགས་པ་འདི་ནི་གླེགས་བམ་གྱི་བདག་ཉིད་ཅན་ནོ། །འཛིན་དང་ཞེས་བྱ་བ་ནི། ཁོང་དུ་ཆུད་པར་བྱེད་པའོ། །ཀློག་ཅིང་ཞེས་བྱ་བ་ནི་གླེགས་བམ་མཐོང་བ་ ལས་སོ། །སྒོམ་བྱེད་ཅེས་བྱ་བ་ནི་ཐུན་ཚོད་བཞིའི་རིམ་པས་སོ། །འདིར་ཁ་ཅིག་ན་རེ་བཅོམ་ལྡན་འདས་ནི་སྙོམས་པར་འཇུག་པ་མེད་པ་ཞེས་ཟེར་རོ། །འདིའི་དོན་ནི་ཡང་དག་པ་མ་ཡིན་པའི་སྙོམས་པར་འཇུག་པ་ཞེས་བྱ་བར་སྙེགས་ཏེ། འདིར་ངེས་པར་མངོན་སུམ་དུ་ཚིག་རྐང་ཡོད་དེ། གང་ ཞིག་གང་དུ་གསུངས་པ། ཐབས་དང་ཤེས་རབ་སོགས་སྦྱོར་བས། རྟག་ཏུ་ཞེས་བྱ་བ་ནི་དེ་བཞིན་དུ་དེ་ལྟར་མཉམ་པར་སྦྱོར་བར་ཤེས་པར་བྱ་ཞིང་། རིགས་ལྔའི་ཆ་དང་ལྡན་པ་ཉིད་རྟོགས་པར་བྱས་ནས་གསུངས་པ་སྟེ། དེ་བཞིན་དུ་རྣལ་འབྱོར་གྱི་དངོས་གྲུབ་ཏུ་འགྱུར་བའི་ཕྱིར། ཐབས་དང་ ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་གསུངས་སོ། །དེ་ནས་གཞན་ཡང་དབང་པོ་གཉིས་རབ་ཏུ་སྦྱོར་བ་གསུངས་པ་ཞེས་བྱ་བ་ལ་སོགས་པའང་། མཐོང་བ་ཡིན་མོད་ཀྱི་སྙོམས་པར་འཇུག་པ་ཉིད་ནི། བདག་གིས་མཆོག་ཏུ་དགའ་བའི་བདག་ཉིད་ཅན་གྱི་བྱང་ཆུབ་སྒྲུབ་པ་དང་། སྙོམས་པར་ འཇུག་པ་མ་གཏོགས་པའི་མཆོག་ཏུ་དགའ་བའི་བདག་ཉིད་ཅན་གྱི་མཚོན་པར་གྲུབ་པར་བྱེད་པར་ནུས་ན། དགོད་པ་དང་བལྟ་བ་འདོད་ཆགས་ཀྱི་མཚན་ཉིད་མཆོག་ཏུ་དགའ་བས་བདག་གིས་མཚོན་པ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་ཡིན་མོད་ཀྱི་དེ་ལས་བདག་གིས་ དེ་ལ་གནས་ནས་རྣམ་པར་བསྒོམ་པ་གཉིས་གཉིས་སྙོམས་པར་འཇུག་པའི་གནས་སུ་འཇུག་སྟེ། བདག་གིས་མཚོན་ཆ་རབ་ཏུ་མཉམ་པར་སྦྱོར་བས་ངེས་པར་མཚོན་པར་བྱའོ། །དཔལ་སྒྱུ་མ་ཆེན་མོ་ཞེས་བྱ་བའི་དཀའ་འགྲེལ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་རྒྱན་གྱི་ཞལ་སྔ་ ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ན་ནཱ་མ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་མའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་སྔ་བར་ལངས་ལ་སྙིང་རྗེ་ དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་གར་པདྨའི་སྟེང་དུ་ཐིག་ལེ་དཔའ་བོ་བལྟས་ལ། དེའི་འོད་ཟེར་གྱིས་བླ་མ་དང་། དཔའ་བོ་དང་། རྣལ་འབྱོར་མ་རྣམས་ཡང་དག་པར་བསྐུལ་ནས། བར་སྣང་ལ་དམིགས་པར་བྱས་ལ་མཆོད་པ་གསུམ་གྱིས་མཆོད་པར་བྱས་ཏེ། དེ་རྣམས་ཀྱི་ མདུན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་དག་བརྗོད་པར་བྱ་བ་ནི་འདིའོ། །ཨོཾ་དཔལ་ལྡན་བླ་མའི་ཞབས་རྡུལ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཨོཾ་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ ལོ། །ཞེས་པ་འདི་དག་བརྗོད་ནས་ཆོ་ག་བཞིན་དུ། སྡིག་པ་བཤགས་པ་དང་།བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་བསྟེན་པ་དང་། བདག་གི་དངོས་པོ་དབུལ་བར་བྱའོ། །དེ་ནས་ཚངས་པའི་གནས་བཞི་སྔོན་དུ་བསྒོམ་པས། སྟོང་པ་ཉིད་བསྒོམ་པར་བྱ་བ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་སྟེ། འདིའི་དེ་མ་ཐག་ཏུ་ཡི་གེ་རཾ་ལས་བྱུང་བའི་ཉི་མའི་སྟེང་དུ་ཡི་གེ་ཧཱུཾ་གནས་པ་བསམ་བར་བྱའོ། །དེའི་འོད་ ཟེར་གྱིས་ཁྱད་པར་དང་། དེ་དག་ཐམས་ཅད་ཡོངས་སུ་ཞུ་བ་ལས་ས་གཞི་རྡོ་རྗེའི་རང་བཞིན་དང་། རྡོ་རྗེའི་རྩིག་པ་དང་། རྡོ་རྗེའི་ར་བ་དང་། དུར་ཁྲོད་བརྒྱད་ཀྱི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པ་ལ། རྡོ་རྗེ་ནག་པོའི་ཕྲེང་བས་མཐའ་མ་ཡོངས་སུ་བསྐོར་བར་བསམ་པར་བྱའོ། །ཡང་ན་ཀླུ་ ལྷག་མ་ཅན་གྱི་རིམ་པས་སོ། །པདྨའི་ལྟེ་བའི་དབུས་སུ་དབྱངས་ཡིག་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་ཏེ་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་དྲུག་པོ་བསྣན་པའི་ཡི་གེ་ཀ་ལ་སོགས་པ་ཉིས་འགྱུར་དུ་བྱས་ཏེ་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །མེ་ལོང་ལྟ་བུ་ ཟླ་བར་ཡང་དག་བཤད། །མཉམ་པ་ཉིད་ནི་ཉི་མར་རབ་ཏུ་གྲགས། །འདི་དག་དབུས་སུ་ཐིག་ལེའི་རྒྱལ་པོ་སྟེ། །འདི་ལ་སྤྲོ་བསྡུ་འགྲོ་བའི་དོན་བྱེད་པ། །སོ་སོར་རྟོག་པས་བྱ་བ་ནན་ཏན་ནོ། །རྫོགས་པ་ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་བདག་ཉིད་འཁོར་ལོ་བསྒོམ། ། དེ་ནས་སྙིང་རྗེའི་བདག་ཉིད་བཅོམ་ལྡན་འདས། །རྡོ་རྗེ་མཁའ་འགྲོ་ནི་སྔོན་པོ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་དམར་དང་། ལྗང་གུའི་ཞལ་བཞི་པ་དང་ལྡན་པ། ཕྱག་བཞི་ནི་ཐོད་པ་དང་། མདའ་དང་། གཡོན་ན་ཁ་ཊྭཱཾ་ག་དང་། གཞུ་འཛིན་པའོ། །དབུ་སྐྲ་དམར་སེར་གྱེན་དུ་ འབར་བ། ཐོད་པས་བཅིངས་པ་དང་སྟག་ལྤགས་ཀྱི་སྨད་གཡོགས་དང་། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་བརྒྱ་ཕྱེད་ཀྱི་ཕྲེང་བ་དང་། མིའི་རུས་པའི་རྐང་གདུབ་དང་། སྐེ་རགས་དང་། ཕྱག་གདུབ་ དང་། དཔུང་རྒྱན་རྣམས་ཀྱི་རྒྱན་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་ཤིང་། མཆེ་བས་འཇིགས་པར་བྱེད་པ། ཁ་དོག་ལྔའི་འོད་ཟེར་གྱི་ཕྲེང་བ་ཅན། རང་ཉིད་ལྟ་བུའི་ཤེས་རབ་ལ་འཁྱུད་པ་ཅན་དུ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་སུ་རྣམ་པར་བསྒོམ་པའོ། ། ཤེས་རབ་ཀྱང་བདག་ཉིད་དང་འདྲ་བར་བལྟ་བར་བྱའོ། །འོན་ཀྱང་གཅེར་བུ་མགོའི་ཕྲེང་བ་དང་བྲལ་བའོ། །ཤར་གྱི་འདབ་མ་ལ། རྡོ་རྗེ་མཁའ་འགྲོ་མ་ཁ་དོག་སྔོན་མོ། སྔོན་པོ་དང་། སེར་པོ་དང་། དཀར་དམར་དང་། ལྗང་གུའི་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ་སྟེ། རྡོ་རྗེ་དང་། ཐོད་པ་དང་། དྲིལ་བུ་དང་། ཁ་ཊྭཱཾ་ག་འཛིན་པའོ། །ལྷོའི་འདབ་མ་ལ། རིན་ཆེན་མཁའ་འགྲོ་མ་སེར་མོ་སྟེ། སེར་པོ་དང་། སྔོན་པོ་དང་། དཀར་དམར་དང་། ལྗང་གུའི་ཞལ་བཞི་པ། ཕྱག་བཞི་པ་སྟེ། རིན་པོ་ཆེ་དང་། རྩེ་གསུམ་པ་དང་། དར་དཔྱངས་དང་། ཅེ་སྤྱང་ ཕྱག་ན་བསྣམས་པའོ། །ནུབ་ཀྱི་འདབ་མ་ལ་པདྨ་མཁའ་འགྲོ་མ་ཁ་དོག་དཀར་དམར་ཏེ། དཀར་དམར་དང་། སེར་པོ་དང་། སྔོན་པོ་དང་། ལྗང་གུའི་ཞལ་བཞི་པ་ཕྱག་བཞི་དང་ལྡན་པ་སྟེ། སྣ་ཚོགས་པདྨ་དང་། མདའ་དང་། གཞུ་དང་། ཐོད་པ་རྣམས་ཕྱག་ན་བསྣམས་པའོ། །བྱང་གི་ འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་ཁ་དོག་ལྗང་གུ་སྟེ། ལྗང་གུ་དང་། སེར་པོ་དང་། དཀར་དམར་དང་། སྔོན་པོའི་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ་སྟེ། རལ་གྲི་དང་། ཌ་མ་རུ་དང་། ཞགས་པ་དང་། ཀ་པཱ་ལ་རྣམས་ཕྱག་ན་བསྣམས་པའོ། །དེ་ལྟ་བུ་རྣམ་པར་བསྒོམས་པའི་སྙིང་གར་ མན་ངག་ཇི་ལྟ་བ་ལས་ཐིག་ལེའི་རྒྱལ་པོ་བསྒོམ་པར་བྱའོ། །དེ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རང་གི་ངོ་བོ་ཁམས་གསུམ་པ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུར་རང་གི་སེམས་དང་ཐ་མི་དད་པ། རང་བཞིན་གྱིས་འོད་གསལ་ བར་ཕྱི་ནང་གི་གཟུགས་ལ་རྣལ་འབྱོར་པས་བསམ་མོ། །དེ་ནས་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ། དམ་ཚིག་གི་འཁོར་ལོར་བཅུག་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བྱའོ། །དེ་ནས་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས། པདྨ་རྫོགས་པ་དང་། ཨོཾ་མཾ་ཧཱུཾ་ བྷྲཱུཾ་ཏྲཱཾ་ཧྲཱིཿཞེས་པའི་ཡི་གེ་རྣམས་ཤར་ལ་སོགས་པའི་འདབ་མ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ཁ་དོག་དགོད་པར་བྱའོ། །ཡི་གེ་ཧཱུཾ་གིས་རྡོ་རྗེ་རྫོགས་པར་བྱས་ལ། གླུ་འདི་དག་གིས་བསྐུལ་བར་བྱའོ། །ཀྱེ་གྲོགས་མོ་མཆོག་ནི་བདག་ཅག་གོ། །པདྨའི་ཁ་ཡིས་ རྣམ་དབྱེ་བར། །འོད་གསལ་བ་ཡི་རྡོ་རྗེ་ཡང་། །བདེ་བ་ཉིད་མཛོད་ཨ་ལ་ལ་ལ་ལ་ཧོ། །གླུ་འདི་དག་གིས་དེ་མ་ཐག་ཏུ་རྗེས་སུ་ཆགས་པས་མཆོད་ཅིང་བྱིན་གྱིས་བརླབ་པོ། །དེའི་རྗེས་སུ་བདུད་རྩི་མྱང་བར་བྱ་བ་ནི་ཐོད་པ་ལག་ཏུ་བཞག་པར་བི་དང་། ར་དང་། སུ་དང་། མ་དང་། ཆུ་ དང་། ད་དང་། གོ་དང་། ཧ་དང་། ན་དང་། ཀུ་དང་སྟེ། ཨཱ་ལི་ཀཱ་ལི་འདི་དག་གིས་བྱིན་གྱིས་བརླབས་ཤིང་། ཕྱིན་ཅི་ལོག་གི་ཡི་གེ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པས་ཡི་གེ་དེ་རྣམས་ལས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་འཐོན་ཏེ། ཕྱོགས་བཅུ་ན་ གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་ནས་ཡི་གེ་རྣམས་ཉིད་ལ་ཞུགས་པས་བདུད་རྩི་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་པར་བསམས་ཏེ། ཡི་གེ་གསུམ་པོས་རིམ་པ་དང་རིམ་པ་མ་ཡིན་པས་སྤྲོ་ཞིང་བསྡུ་བ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་མདོག་ཏུའོ། །ཨོཾ་ཨཱཿཧཱུཾ་ ཞེས་བྱ་བ་འདི་དག་ཇི་ལྟ་བའི་མན་ངག་གིས་བཟླའོ། །ཇི་ལྟར་ནུས་པར་བཟླས་བརྗོད་བྱས་ནས། དེ་ཉིད་གསུམ་དང་ཡི་གེ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ལོ། །ལྷ་མོ་བཞི་ལ་སོགས་པ་ནི། ཐིག་ལེའི་ནང་དུ་བཅུག་ལ། སྨོན་ལམ་བཏབ་པར་བྱས་ལ་ཇི་ལྟར་ བདེ་བར་འཇུག་པར་བྱའོ། །ཐུན་མཚམས་གཞན་རྣམས་སུ་ནི། དེ་ཉིད་གསུམ་པོ་བརྗོད་པས་སྔར་གྱི་དེ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། གཅིག་ཏུ་བྱས་ལ་རྗེས་སུ་ཆགས་པ་ལ་སོགས་པ་དག་ཀྱང་བྱའོ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་ཐབས་བཅོམ་ ལྡན་འདས་ཡུམ་རྡོ་རྗེ་མཁའ་འགྲོ་མ་ཉིད་ཨུ་རྒྱན་གྱི་ཡུལ་དུ་བྱོན་ནས་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཝ་དྷཱུ་ཏཱི་པའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་ཞུས་ཏེ་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ཏནྟྲ་ཨ་ནུ་ཧེ་རུ་ཀ་སཱ་དྷ་ན་ནོ་བི་ཀ །བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་ཧེ་རུ་ཀའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་རྒྱལ། ། རྡོ་རྗེ་མཁའ་འགྲོ་ཕྱག་བྱས་ཏེ། །དེ་ཡི་གཞུང་ལུགས་བསྡུས་པ་ཡི། །སྒྲུབ་ཐབས་རིམ་པ་བཤད་པར་བྱ། །དད་བྱམས་སྙིང་རྗེར་ལྡན་པ་ཡིས། །ཡང་དག་བྱང་ཆུབ་ཡིད་བྱས་ཏེ། སྦྱིན་དང་ཚུལ་ཁྲིམས་ལ་སོགས་ལྡན། །འཇིག་རྟེན་ཆོས་བརྒྱད་མཉམ་སེམས་ཤིང་། །སྔགས་རྒྱུད་ དངོས་གྲུབ་སྩོལ་རིག་པས། །རྣལ་འབྱོར་སྤྱོད་དང་མཐུན་ལ་རོལ། །བདེ་བའི་གནས་སུ་ཉེར་འདུག་སྟེ། །སྙིང་གར་ཉི་མ་ཧཱུཾ་བཞག་ནས། །འོད་ཟེར་ལས་བྱུང་མཆོད་པ་ཡིས། །མདུན་དུ་བདག་པོ་ཡོངས་མཆོད་ནས། །སྡིག་པ་བཤགས་པ་ལ་སོགས་བྱས། །དེ་ནས་སྟོང་ཉིད་བསྒོམ་བྱ་ སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ཡིད་ཀྱིས་བརྗོད་པར་བྱ། །མཁའ་ལ་དམར་པོ་འདབ་བཞི་པའི། །པདྨ་ལ་གནས་ཉི་དཀྱིལ་ལ། །ཐིག་ལེ་དཀར་པོ་ལྔ་བསམས་ཏེ། །དང་པོ་སྤྲོ་དང་བསྡུ་བྱས་ནས། །སྔོན་དུ་གོམས་པའི་བྱམས་ཆེན་དང་། །སྙིང་རྗེ་ལ་སོགས་རང་བཞིན་ ཅན། །ཕྱོགས་བཞིར་ཐིག་ལེ་ལས་བྱུང་བའི། །གར་གྱི་ཚུལ་གྱིས་འཁྱུད་དགའ་བའི། །རྟག་ཏུ་མཁའ་འགྲོ་མ་བཞི་ཡིས། །བསྐུལ་བར་རྣམ་པར་བསམ་པར་བྱ། །ཧ་ལེས་ཧི་བི་ཡ་སི་ཨ། །ཀ་མ་ལུ་པྲ་བ་ཡུ་བཛྲེ། ཨ་ལ་ལ་ལ་ལ་ཧོ། མ་ཧཱ་སུ་ཏེ་ན། ཨ་ར་ཧ་ནི་ཏེ་ན། ར་ཝི་ཀི་ར་ཎ། པྲ་ ཕུ་ལི་ཡུ་ལ། ཀ་མ་ལུ་མ་ཧཱ་སུ་ཏེ་ན། དེ་ནས་འཁོར་བའི་སྡུག་བསྔལ་ལས། །སེམས་ཅན་བསྒྲལ་བའི་བསམ་པ་ཡིས། །འགྲོ་བ་དེ་ཉིད་སྒྱུ་མ་བཞིན། །ཇི་ལྟར་འབྱུང་ལས་རྣམ་གཟིགས་ཏེ། །དབུས་མའི་ཐིག་ལེ་ལས་བྱུང་སྔོ། །ས་བོན་ཧཱུཾ་ལས་སྙིང་རྗེའི་དངོས། །ཡེ་ཤེས་ལྔ་དང་སྐུ་གསུམ་བདག །མཆོག་ཏུ་ དགའ་ཞིང་མཛེས་པ་ཡི། །ཞལ་བཞི་པ་དང་ཕྱག་བཞི་པ། །ཡན་ལག་རྣམས་ནི་ཐལ་བས་བྱུགས། །རྩ་ཞལ་ལུས་བཞིན་ཁ་དོག་སྔོ། །གཡས་པའི་ཞལ་ནི་སེར་བ་དང་། །རྒྱབ་མ་དཀར་ཞིང་དམར་བར་སྣང་། །གཡོན་པ་མརྒད་བཞིན་དུ་འབར། །སྤྱན་གསུམ་ན་རའི་པགས་ ལ་སོགས། །ཕྱག་རྒྱ་རྣམ་པ་ལྔ་ཡིས་བརྒྱན། །མགོ་སྐྱེས་ཁམ་པ་གྱེན་བསྒྲེང་བ། །མི་བསྐྱོད་ཐོད་པའི་དབུ་རྒྱན་མཐོ། །གཡས་ན་ཀ་པཱ་ལ་དང་མདའ། །ཁ་ཊྭཱཾ་ག་དང་གཞུ་ནི་གཡོན། །འོད་ཟེར་བྱེ་བ་འཕྲོ་བའི་ཚོགས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མཛད། ། རང་སྣང་སངས་རྒྱས་མཁའ་འགྲོ་མ། །འདོད་ལ་དགའ་བས་རྟག་འཁྱུད་མ། །ཞལ་ནི་ལྷ་མོ་བཞིར་གཟིགས་པའི། །གར་ལྟ་ཧེ་རུ་ཀ་བསམ་བྱ། །མཁའ་འགྲོ་མ་རྣམས་ཀྱི་མཚན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཤར་ཕྱོགས་ཀྱི་འདབ་མ་ལ་ནི་རྡོ་རྗེ་མཁའ་འགྲོ་མ་ཁ་དོག་སྔོན་པོ་སྟེ་སྔོན་ པོ་དང་།སེར་པོ་དང་། དཀར་ཞིང་དམར་བ་དང་། ལྗང་གུའི་ཞལ་བཞི་སྟེ། ས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམ་པར་དག་པ། གཡས་པ་ན་རྡོ་རྗེ་དང་ཀ་པཱ་ལ་འཛིན་པ། གཡོན་པ་ན་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ནི་མཉམ་པ་ཉིད་ ཀྱི་ཡེ་ཤེས་དང་། ཆུའི་ཁམས་ལ་སོགས་པའི་རང་བཞིན་ཅན། དཔལ་རིན་ཆེན་མཁའ་འགྲོ་མ་ཕྱག་ན་རིན་པོ་ཆེའི་རྒྱལ་མཚན་དང་ཏྲི་ཤཱུ་ལ་བསྣམས་པ། གཡོན་པ་ན་བྷནྡྷ་དང་ཅེ་སྤྱང་གི་མགྲིན་པ་དམ་དུ་འཛིན་པ་སྟེ། སེར་པོ་དང་། སྔོན་པོ་དང་། དཀར་ཞིང་དམར་བ་དང་། ལྗང་ གུའི་ཞལ་བཞིའོ། །ནུབ་ཀྱི་འདབ་མ་ལ་ནི་པདྨ་མཁའ་འགྲོ་མ་དཀར་ཞིང་དམར་བ་སྟེ། མེ་དང་སོ་སོར་ཀུན་དུ་རྟོག་པ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གཞོན་ཞིང་མཛེས་པ་སྟེ། ཞལ་དཀར་ཞིང་དམར་བ་དང་། གསེར་བཞུས་པ་ལྟ་བུ་དང་། སྔོན་པོ་དང་། ལྗང་གུའི་ཞལ་ ཅན་ནོ། །ཕྱག་གཡས་པ་ན་སྣ་ཚོགས་པདྨ་དང་མདའོ། །གཡོན་ན་ནི་ཀ་པཱ་ལ་དང་གཞུའོ། །བྱང་ཕྱོགས་ཀྱི་འདབ་མ་ལ་ནི་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་སྟེ་ལྗང་གུ་དང་། སེར་པོ་དང་། དཀར་པོ་དང་། སྔོན་པོའི་ཞལ་ཅན་བྱ་བ་གྲུབ་པ་དང་། རླུང་ལ་སོགས་པའི་རྣམ་པར་དག་ པའི་སྣ་ཚོགས་མཁའ་འགྲོ་མ་སྟེ། གཡས་པ་ན་རལ་གྲི་དང་ཌཱ་མ་རུ། གཡོན་པ་ན་ཞགས་པ་དང་ཀ་པཱ་ལའོ། །ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་པ་ཞལ་བཞི་དང་། ཕྱག་བཞི་པ་སྟེ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་མཚན་དང་དཔེ་བྱད་འབར་ཞིང་ཉི་མའི་གདན་ལ་ གནས་པ། མགོན་པོའི་གར་གྱི་ཚུལ་ལྟ་བུ། །ཕྱག་རྒྱ་ལྔ་དང་ལྡན་པ་ལ་སོགས་པའོ། །ཡན་ལག་དྲུག་ཏུ་དགོད་བྱས་ནས། །མགོན་པོ་དགུག་པ་ལ་སོགས་པས། །དབང་བསྐུར་རྒྱལ་བ་མཆོད་པ་དང་། །བསྟོད་དང་རྗེས་ཆགས་ལ་སོགས་པའོ། །དཔྲལ་བ་མགྲིན་པ་མིག་གཉིས་དང་། ། རྣ་བ་སྣ་དང་སྙིང་གར་དགོད། །ཨོཾ་ཨ་ཨཱ་ཁེ་ཙི་ར་ཞེས་པའོ། །རེ་ཕའི་སྟེང་དུ་ཧཱུཾ་བྱས་ཏེ། །རྡོ་རྗེ་མྱུར་དུ་མཉམ་སྦྱོར་བས། །ཡེ་ཤེས་དཀྱིལ་འཁོར་རྣམ་པར་དགུག །མཆོད་ཡོན་སྦྱིན་སོགས་སྔོན་བྱས་ཏེ། །རང་དང་གཅིག་ཏུ་གཞུག་པར་བྱ། །འཁོར་ལོ་གཅིག་ཏུ་མཉམ་བྱས་ པས། །ཁྱད་པར་འབྲས་བུའི་དངོས་གྲུབ་འགྱུར། །ཟངས་སོགས་ཁུ་བས་བྱུག་པ་ཡིས། །གསེར་གྱི་དངོས་པོ་འགྲུབ་པ་ལྟར། །སྙིང་ནས་སྙིང་པོའི་འོད་ཟེར་གྱིས། །ཕྱོགས་བཞུགས་མགོན་པོ་བསྐུལ་བྱས་ཏེ། །འོད་ཟེར་ལས་བྱུང་རིག་མ་རྣམས། །བདུད་རྩིའི་ཆུས་གང་ བུམ་པ་ཡིས། །རང་གི་སྤྱི་བོར་དབང་བསྐུར་བས། །མི་བསྐྱོད་གཙོ་བོའི་ཅོད་པན་དུའོ། །བཙུན་མོ་བཟང་མོ་རྣམས་ལ་ཡང་། །རྟག་པ་དང་ནི་རིན་ཆེན་དབང་། །དཔག་མེད་དོན་ཡོད་གྲུབ་པ་རྣམས། །དམ་པའི་མཆོད་པས་ལག་བྲེལ་བའི། །མཆོག་གི་ལྷ་མོ་མཉམ་ཕྱུང་ སྟེ། །རྣལ་འབྱོར་མ་དང་བཅས་མཆོད་ཅིང་། །བདག་ཉིད་ཧེ་རུ་ཀ་བསྟོད་བྱ། །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །དེ་དག་ནི་བསྟོད་པའི་གླུའོ། །མགོ་བོ་ལྟེ་ བ་གསང་གནས་དང་། །བརླ་གཉིས་ལ་སོགས་རིམ་བཞིན་དུ། །ཨོཾ་ཧཱུཾ་སྭཱ་ཨཱཿཧཱར་བཅས་པའི། །རིགས་ལྔའི་བདག་ཉིད་ས་བོན་བསམ། །ཧྲཱིཿཡིག་དམར་པོ་ཆུ་སྐྱེས་ཏེ། །བྲུཾ་ལས་བྱུང་བའི་གེ་སར་སེར། །སངས་རྒྱས་མཁའ་འགྲོ་དཔལ་དང་འདྲ། །ཆགས་པས་གཟིགས་ ཏེ་དགའ་མོས་པའི། །ལྷ་མོ་བཞི་ལ་སོགས་པ་རྣམས། །གླུ་ཡི་དབྱངས་ཀྱིས་བསྐུལ་བར་བསམ། །ཨོཾ་བྱུང་ནོར་བུ་ཧཱུཾ་རྡོ་རྗེ། །རྣམ་པ་སྣ་ཚོགས་མཛད་སོགས་པས། །རྒྱལ་བ་རྗེས་སུ་ཆགས་མཛད་པའི། །དགའ་བ་འདི་ནི་བརྩམ་པར་བྱ། །རྡོ་རྗེ་པད་བསྐྱོད་ཕཊ་ཀྱི་སྒྲས། །བཀུག་ ནས་ཀྱང་ནི་གཞུག་པར་བྱ། །རྒྱལ་བའི་ཚོགས་རྣམས་བདེ་བར་ནི། །ཞུ་བ་ལས་ནི་རྡོ་རྗེར་བྱུང་། །དེ་ནས་ལྕེ་ཡི་ཆོ་ག་བཞིན། །པདྨ་ལས་རང་སེམས་མྱོང་བྱ། །སྙིང་གར་འབྱུང་བ་བཞི་དངོས་ཀྱི། །པདྨ་དམར་པོ་འདབ་བཞི་པ། །ཉི་མ་ཟླ་གནས་ཐིག་ལེ་ལ། ། ཁ་སྦྱར་ཤིན་ཏུ་བསྐོར་བ་ནི། །པད་རྩའི་སྐུད་འདྲའི་རི་མོ་ནི། །ཕྱེད་བཅས་མདུན་གྱི་ཁྱབ་ཡིག་ཚར། །སྒྲ་དང་བཅས་ཏེ་སྟེང་བྱུང་ནས། །དེ་ནས་ཟླ་བའི་བུ་གར་ཞུགས། །རྗེས་སུ་འགྲོ་དང་འོང་འགྱུར་བ། །བརྗོད་ནས་སྤྲོ་བར་བྱ་བ་ནི། །སྲོག་དང་རྩོལ་བ་བསྡམས་ནས་སུ། །སྔགས་ ནི་དེ་བཞིན་སླར་བསྡུ་བའོ། །ཡི་གེ་གསུམ་གྱི་སྒྲ་ཡིས་ནི། །གཞུག་པ་དང་ནི་དབྱུང་བ་དང་། །སྟེང་དུ་འགྲོ་བའི་རླུང་གིས་ནི། །ཡི་གེ་ཨོཾ་གྱི་སྒྲས་དབྱུང་ཞིང་། །གཞུག་པ་ལ་ནི་བཅུག་ནས་སུ། །གནས་བྱ་ལ་གནས་རླུང་ཕྲ་མོ། །ཐིག་ལེ་དཀར་པོའི་དབུས་སུ་གནས། །ལྟེ་བར་དབྱངས་ དང་གསལ་བྱེད་རྒྱུས། །རི་མོ་ཕྱེད་བཅས་བདུན་ཡོན་ཏན། །གཞུག་དང་གནས་དང་ཕྱིར་དབྱུང་བ། །དལ་ཞིང་དལ་བས་གཞན་མི་འགྲོ། །རབ་ཏུ་སྤྱོད་པའི་སེམས་ཀྱིས་བསྒོམ། །ཨོཾ་ཨཱཿཧཱུཾ། འདི་ནི་ཡི་གེ་གསུམ་བཟླས་པའི་སྔགས་སོ། །འདོད་པའི་མཆོད་སོགས་བྱས་ནས་ ལྡང་། །དེ་ཉིད་མཐོང་ཞིང་རྣམ་གྲོལ་པས། །འགྲོ་བའི་སྡུག་བསྔལ་ལ་བལྟས་ཏེ། །བདེ་བ་ཡོངས་སུ་བསྔོ་བར་བྱ། །བདག་གིས་གང་ཞིག་བྱས་བསོད་ཀྱིས། །རྡོ་རྗེ་མཁའ་འགྲོ་བསྒོམ་གྱུར་ཅིང་། །དེ་ཡིས་རྡོ་རྗེ་མཁའ་འགྲོའི་བདག །འགྲོ་མགོན་ཕུན་ཚོགས་ཐོབ་གྱུར་ ཅིག །ལངས་ནས་བསོད་སྙོམས་ལ་སོགས་དང་། །ཉན་དང་བཤད་པ་ལ་སོགས་བྱ། །རང་གཞན་ཧེ་རུ་ཀར་བྱས་ཏེ། །སྒྱུ་མའི་རྣམ་པ་བཞིན་དུ་སྤྱད། །ཧཱུཾ་གིས་ཁ་ཟས་བྱིན་བརླབས་ཏེ། །ཨ་ལས་བྱུང་བའི་ཀ་པཱ་ལར། །འོག་ཏུ་རླུང་ལས་མེའི་འཁོར་ལོ། །འབར་བ་དྲི་མ་མེད་ བྱས་ཏེ། །སྟེང་དུ་ཨོཾ་ནི་བསམ་བྱས་ཏེ། །བདུད་རྩིའི་གཟུགས་ནི་མངོན་བསྔགས་ལ། །ལྕེ་རྩེར་རྡོ་རྗེ་བསམ་བྱས་ཏེ། །བཀུག་སྟེ་དེ་ཡིས་ཚིམ་པར་བྱ། །ཨོཾ་ཨཱཿཧཱུཾ་གུ་ཧྱ་བྷཀྵ་བྷཀྵ་ཧཾ། འདི་ནི་བདུད་རྩི་མྱང་བའི་སྔགས་སོ། །ཁྲུས་ཀྱི་དུས་སུ་སྔོན་བཞིན་དུ། །དབང་བསྐུར་ཆོ་ག་སྔོན་བཞིན་ བསྒོམ། །ཐུན་བཞི་པོ་ནི་ཐམས་ཅད་དུ། །དེ་ལྟར་བསྒོམ་ཞིང་མཉམ་པར་གཞག །བདག་གིས་རྡོ་རྗེ་མཁའ་འགྲོ་ཡི། །སྒྲུབ་ཐབས་བྱས་བའི་དགེ་བ་གང་། །ཐོབ་པ་དེས་ནི་འགྲོ་བདག་ཉིད། །དེ་བཞིན་བྱེད་པས་མཛེས་གྱུར་ཅིག །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་ འབྲང་བའི་ཧེ་རུ་ཀའི་སྒྲུབ་ཐབས་སློབ་དཔོན་ཀུ་ཀུ་རི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ས་ཏྭ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡིད་དགའི་གནས་སུ་སོང་ནས་ནི། །རཾ་ ལས་ཆོས་འབྱུང་གྲུ་གསུམ་སྟེ། །མཾ་ལས་ཉི་མ་ཡོངས་སུ་ཤེས། །དེ་དབུས་ཧཱུཾ་ལས་འོད་ཟེར་འཕྲོས། །སེམས་ཅན་ཀུན་གྱི་ལུས་ལ་ཕོག །དེ་ཡིས་སེམས་ཅན་སྨིན་བྱས་ནས། །སླར་འདུས་ཧཱུཾ་ལ་རབ་ཏུ་ཐིམ། །རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར། །སྐུ་མདོག་ དཀར་ལ་ཞལ་གཅིག་པ། །གཡས་ན་རྡོ་རྗེ་དྲིལ་བུ་གཡོན། །རྒྱན་ནི་ཅི་རིགས་པ་རུ་སྦྱར། །རང་འདྲའི་ལྷ་མོས་འཁྲིལ་བར་བསམས། །དེ་ལྟར་ཤིན་ཏུ་གསལ་བྱས་ཏེ། །པཾ་ལས་ཡོངས་སུ་གྱུར་པ་ཡི། །པདྨ་དཀར་པོ་འདབ་བཞི་པ། །སྙིང་ག་རུ་ནི་བསམ་པར་ བྱ། །དེ་ནི་འབྱུང་བཞིའི་རང་བཞིན་ཅན། །དེ་ཡི་འདབ་བཞིར་ཐིག་ལེ་བཞི། །གསལ་བ་ཉིད་དུ་བསམ་པར་བྱས། །དེ་ནི་ཚད་མེད་བཞི་ཡི་དངོས། །དེ་ཡི་ལྟེ་བར་བསམ་པ་ནི། །ཉི་དཀྱིལ་ཐིག་ལེ་ཟླ་བ་སྟེ། །དབྱིབས་ནི་གའུ་ཁ་སྦྱར་འདྲ། །ཉི་མ་ཐབས་ལ་ཤེས་རབ་ཟླ། ། བ་ཐག་ཡི་གེ་ལྡན་པ་ཡིས། །ལས་ཀྱི་རྡོ་རྗེ་ལྡན་པར་བྱ། །ཤེས་རབ་ཆ་ཡི་དབུས་སུ་ནི། །རྔ་འབྲུམ་ཕྲ་བའི་སྐར་ཁུང་བསམ། །ཡི་གེ་གསུམ་གྱིས་འགྲོ་འོང་བྱ། །དེ་ལྟར་ལན་བདུན་བྱས་ནས་ནི། །སྐར་ཁུང་དག་གི་ལམ་ནས་ནི། །ཤིན་ཏུ་འབད་པའི་བསམ་པ་ཡིས། ། དབྱིངས་ཀྱི་ཐིག་ལེ་ཉིད་ལ་བལྟ། །དེ་ལས་ཡང་ནི་ཞུགས་ནས་ནི། །མཚན་མ་ལྔའམ་བརྒྱད་འབྱུང་ངོ་། །དེ་ནས་འོད་གསལ་ལ་གནས་འགྱུར། །ཞག་དང་ཟླ་བ་ལོ་ལ་སོགས། །ཇི་སྲིད་འདོད་ཀྱི་བར་དུ་གནས། །སེམས་ཅད་དོན་ལ་སོགས་བྱ་ཀུན། །འབད་པ་མེད་པར་ལྷུན་ གྱིས་གྲུབ། །ཏིང་འཛིན་དེ་ལས་ལངས་པའི་ཚེ། །གཞན་ནི་བསམ་པར་མི་བྱ་སྟེ། །ཐིག་ལེ་གཅིག་ཏུ་རྟག་ཏུ་བཟུང་། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །ནམ་མཁའི་མཐས་གཏུགས་ཇི་སྙེད་པའི། །སེམས་ཅན་ཐམས་ཅད་འཁོར་བ་ཡི། ། སྡུག་བསྔལ་རབ་ཏུ་ཞི་གྱུར་ཅིག །ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་སློབ་དཔོན་ཀུ་ཀུ་རི་པས་མཛད་པ་རྫོགས་སོ།། ༄། །མ་ཧཱ་མཱ་ཡཱའི་སྒྲུབ་ཐབས་རྨོངས་པ་སྒྲོལ་བའི་བརྟག་པ་བཞུགས། ༄༅༅། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་ པས་སྒོ་དག་པ་ལ་སོགས་པ་བྱས་ནས། བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ས་བོན་ཧྲཱིཿཡིག་སྔོན་པོ་བལྟས་ཏེ། མདུན་དུ་རྡོ་རྗེའི་སྙིང་རྗེའི་སྟོབས་མདོག་དང་། ཕྱག་དང་མཚོན་ཆར་ལྡན་པ་འོག་ནས་འབྱུང་བ་བཞིན་དུ་རྣམ་ པར་བསམས་ཏེ། མཆོད་པ་དང་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་ལ་སོགས་པ་སྨོན་ལམ་གྱི་བར་དུ་བྱའོ། །དེ་ནས་རང་གི་ལུས་ངག་ཡིད་ལ་མིང་གི་ཡི་གེ་བསྒོམ་པར་བྱའོ། །ཧེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། ། ཧ་ཞེས་བྱ་བ་ནི། ཆོས་ཐམས་ཅད་འཕེལ་བ་དང་འགྲིབ་པ་མེད་པའོ། །ཨེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡོངས་སུ་རྟོག་པ་ལས་རྣམ་པར་གྲོལ་བའོ། །རུ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བའོ། །ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་དགའ་བ་དང་། ཨུ་ཞེས་བྱ་བ་ནི་ཆོས་ ཐམས་ཅད་སྐྱེ་ཤི་དང་བྲལ་བའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་གང་ན་ཡང་མི་གནས་པའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདེ་བ་དང་ལྡན་པའོ། །ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒོའོ་ཞེས་བྱ་བ་འདིས་སྟོང་པ་ཉིད་དུ་བསྒོམ་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་ བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་འདི་བརྗོད་པར་བྱའོ། །ཧཱུཾ་ཞེས་བརྗོད་པས་བགེགས་འཇིགས་པའི་རྡོ་རྗེ་ར་བ་ལ་སོགས་པ་བསམས་ལ། དེར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ས་བོན་ཧྲཱིཿཡིག་སྔོན་པོ་བལྟས་ ལ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ཀྱི་རང་བཞིན་ལྷ་མོ་བཞིའི་རང་བཞིན་གྱི་དབྱངས་ཀྱིས་བསྐུལ་བར་བྱ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་གླུ་དམ་པའི་སྲིད་པ་སྒྲུབ་པར་བྱེད་པ། ཀྱེ་མ་གཉེན་མཆོག་རྡོ་རྗེའི་འོད་ཀྱིས་པདྨ་ཁ་རབ་འབྱེད། །ཨ་ལ་ལ་ལ་ལ་ཧོ་ བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཉི་མའི་འོད་ཀྱིས་པདྨ་ཁ་རབ་འབྱེད་པ་བཞིན། །བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཅེས་པའི་གླུ་འདིས་རྡོ་རྗེ་སེམས་དཔའ་བསླང་སྟེ། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་མཐོང་ནས་ཧྲཱིཿལས་བྱུང་བའི་རྡོ་རྗེ་སྙིང་ རྗེའི་སྟོབས་མདོག་སྔོན་པོ་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུའི་ཞལ་བཞི། ཕྱག་གཡས་ན་མདའ་དང་། ཀ་པཱ་ལ་འཛིན་པ། གཡོན་ན་གཞུ་དང་། ཁ་ཊྭཱཾ་ག་འཛིན་པ། ཉི་མའི་གདན་ལ་བཞུགས་པ། སྤྱན་གསུམ་པ་མགོ་ རློན་པའི་ཕྲེང་བ་དང་ལྡན་པ། ཀ་པཱ་ལ་ལྔས་དབུ་བརྒྱན་པ། མིའི་རུས་པའི་རྒྱན་ཅན། མཆེ་བ་གཙིགས་པ་སྐྲ་ཁམ་པ་གྱེན་དུ་འགྲེང་བའོ། །དཔྲལ་བར་ཙི་སེར་པོ། མིག་ལ་ཨོཾ་དཀར་པོ། རྣ་བ་ལ་ཨ་དམར་པོ། སྣ་ལ་ཁེ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། སྙིང་གར་ རེ་དམར་པོ་སྟེ། འདི་ནི་གོ་ཆ་དྲུག་གོ། །རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་ནམ་མཁའ་ཐམས་ཅད་འོད་དང་ལྡན་པར་བྱེད་པ། རྡོ་རྗེ་འཛིན་པ་དབུ་ལ་བཞུགས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ནོ། །དེའི་ཤར་ཕྱོགས་ཀྱི་ འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མ་མདོག་སྔོན་པོ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུའི་ཞལ་བཞི། ཕྱག་བཞི་པ་གཡས་ན་རྡོ་རྗེ་དང་། ཀ་པཱ་ལ་དང་། གཡོན་ན་དྲིལ་བུ་དང་། ཁ་ཊྭཱཾ་ག་དང་། སའི་ཁམས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ལྷོ་ཕྱོགས་ ཀྱི་འདབ་མ་ལ་རིན་ཆེན་མཁའ་འགྲོ་མདོག་སེར་པོ། སེར་པོ་དང་། སྔོན་པོ་དང་། དཀར་པོ་དང་། ལྗང་གུའི་ཞལ་བཞི་དང་ལྡན་པ། ཕྱག་བཞི་པ་གཡས་ན་ཀ་པཱ་ལ་དང་། ཏྲི་ཤུ་ལ། གཡོན་ན་རིན་པོ་ཆེའི་རྒྱལ་མཚན་དང་། ཅེ་སྤྱང་དང་། ཆུའི་ཁམས་དང་མཉམ་པ་ཉིད་ ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་པདྨ་མཁའ་འགྲོ་མ་ཁ་དོག་དམར་པོ། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། ལྗང་གུའི་ཞལ་བཞི་ཕྱག་བཞི་པ་གཡས་ན་མདའ་དང་། སྣ་ཚོགས་པདྨ། གཡོན་ན་གཞུ་དང་། ཀ་པཱ་ལ། མེའི་ཁམས་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །བྱང་ཕྱོགས་ཀྱི་འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་ཁ་དོག་ལྗང་གུ། ལྗང་གུ་དང་། སེར་པོ་དང་། དཀར་པོ་དང་། སྔོན་པོའི་ཞལ་བཞི། ཕྱག་བཞི་གཡས་པ་ན་རལ་གྲི་དང་། རྡེའུ་ཆུང་། གཡོན་པ་ན་ཞགས་པ་དང་། ཀ་པཱ་ལ། རླུང་གི་ཁམས་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ལྷ་མོ་ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་གནས་པ། ཀ་པཱ་ལ་ལྔས་དབུ་བརྒྱན་པ། མགོ་བོ་རློན་པའི་ཕྲེང་བ་ཅན། སྤྱན་གསུམ་པ་མཆེ་བ་གཙིགས་པ། སྐྲ་ཁམ་པ་གྱེན་དུ་འབར་བ་འོད་ཀྱི་ཕྲེང་བ་འཕྲོ་བའོ། ། དེ་ལྟར་ལྷ་མོ་བཞི་དང་མཉམ་པར་ལྡན་པའི་མཚན་ཉིད། རྡོ་རྗེ་སྙིང་རྗེའི་སྟོབས་བསྒོམ་པར་བྱས་ནས་མགོ་བོ་དང་སྙིང་ག་དང་། ལྟེ་བ་དང་གསང་བར། རླུང་དང་། ས་དང་། ཆུ་དང་། མེའི་དཀྱིལ་འཁོར་མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱས་ཏེ་མ་ནིང་གི་བཟླས་པ། ཨོཾ་ཨཱཿཧཱུཾ་ བཟླས་སོ། །ངན་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཨཱཿཧྲཱིཿཧཱུཾ། འདི་ནི་གཙོ་བོའི་སྔགས་སོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཨཱཿཧྲཱི་ཧཱུཾ། དངོས་དང་དངོས་མེད་མཉམ་པ་ཡིས། ། སྔགས་དབྱིབས་ཆོས་བདག་རྣལ་འབྱོར་པ། །ཐ་མལ་རྣམ་རྟོག་ལས་གྲོལ་བས། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །རྨོངས་པ་སྒྲོལ་བའི་བརྟག་པ་ཞེས་བྱ་བ་སློབ་དཔོན་ཀུ་ཀུ་རི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ནཱི་ལ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་ བཙས་ཀྱིས་རྒྱ་གར་གྱི་དཔེའི་ཕྱི་མོ་དང་གཏུགས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ནཾ་མཎྜ་ལ་བི་དྷི། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་དུས་ཆུ་འཛིན་མདོག་ཅན་བརྒྱད་ཕྱེད་ཞལ། །ཕྱག་བཞི་ཞབས་གཉིས་བདུད་ཀྱི་སྙིང་གར་མནན། །རང་རིག་འོད་ཀྱིས་འཁྲིལ་ཅིང་བདེ་གང་བའི། །བདེ་གཤེགས་ཀུན་གཙོ་རྡོ་རྗེ་འཛིན་པར་འདུད། །སྐྱེ་བོ་རྟོག་པའི་དབའ་ རླབས་གཡེངས་པ་ཡིས། །གཞུང་མང་བལྟ་བར་མི་ནུས་རྣམས་ཀྱི་ཕྱིར། །ལུང་དང་མན་ངག་རིགས་པས་གཞུང་བཀོད་དེ། །མདོར་བསྡུས་དྲན་པ་ཙམ་ཞིག་བྲི་བར་བྱ། །དེ་ལ་རེ་ཞིག་དང་པོ་སློབ་མ་དབང་བསྐུར་བའི་སྣོད་དང་སྐལ་བར་ལྡན་པ་ནི། །དེ་ཡང་། འཇམ་ཞིང་ སྙན་སྨྲ་སྙིང་རྗེར་ལྡན། །དགེ་བའི་ལས་ལ་མངོན་པར་བརྩོན། །ཐེག་པ་ཆེ་ལ་ལྷག་པར་དད། །རྒྱུན་དུ་བླ་མ་ལ་གུས་ཤིང་། །སྦྱིན་དང་གཏོང་ལ་མངོན་དགའ་བ། །སློབ་མ་དེ་ནི་ཡོངས་སུ་གཟུང་། །དེ་བས་ན་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་སློབ་མས་དབང་ནོད་པའི་འོས་སུ་གྱུར་ པའི་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་མཁས། །དེས་ནི་དཀྱིལ་འཁོར་བྲི་བར་བྱ། །དེ་བས་ན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་ལ་ལན་གཉིས་ལན་ གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས། གལ་ཏེ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་རྫས་དང་། ཡོ་བྱད་འདི་དང་འདི་ལ་སོགས་པ་འབྱོར་རམ་མི་འབྱོར་ཞེས་དྲི་བར་བྱའོ། །དེ་ནས་དེ་དག་འབྱོར་པར་ཁས་ལེན་ན་དེའི་ཚེ་གནང་བ་བྱིན་ལ་སློབ་མ་བླང་ཞིང་བསྲུང་བར་ བྱ་སྟེ། སློབ་མའི་རྐང་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། གསང་བར་རཾ་ལས་མེའི་དཀྱིལ་འཁོར། སྙིང་གར་ལས་དང་ཉོན་མོངས་པའི་སྡིག་པའི་ངོ་བོ་པཾ་མཾ་ཀཾ་ནག་པོ་གཅིག་བསམས་ལ། དེ་ནས་རླུང་གིས་མེ་སྦར་བས་སྙིང་གའི་ཀཾ་བསྲེགས་ཏེ། ལས་དང་ཉོན་མོངས་པའི་ སྡིག་པ་མི་དགེ་བ་ཐམས་ཅད་སྦྱངས་པར་བསམས་ནས། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བཀོད་ལ་འཁོར་ལོ་ཅན་གྱི་སྔགས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླས་ཏེ་བསྲུང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་བསྙེན་པ་ལ་འཇུག་སྟེ། མཎྜལ་དང་། མཆོད་པ་དང་། གཏོར་མ་ལ་སོགས་པ་བཤམས་