Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 25

Văn bản gốc(Tây Tạng)

Trang 18 / 21 (50.000 ký tự/trang)
ུངས། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་
ཅིང་བརྗོད་དུ་མེད། །རྒྱུ་དང་འབྲས་ལས་ཐམས་ཅད་འབྱུང་། །དེ་སྐད་བརྗོད་ལ་ཆོས་རྣམས་ཀུན། །རྣམ་དག་སྦྱོར་བ་གསལ་བ་ལས། ཧོཿཡིས་སློབ་མའི་ལག་པ་རུ། །མདའ་དང་གཞུ་བྱིན་དེས་ཀྱང་ནི། །བསྐྱོད་དེ་ཕྱོགས་བཞིར་འཕེན་ཚུལ་བྱ། །སྟེང་འོག་དབུས་སུ་དེ་ཉིད་ཀྱིས། །
བདུད་བཞི་ལས་ནི་རྣམ་རྒྱལ་བྱ། །དེ་ནས་ཡི་གེ་ཧཱུཾ་གིས་ནི། །འཁོར་ལོ་བྱིན་ལ་འདི་སྐད་བརྗོད། །དེང་ནས་བཟུང་སྟེ་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་མེད་པས། །ཀུན་དུ་སྡིག་མེད་དྲི་མེད་པའོ། །དེ་ཚེ་ལག་ཏུ་དུང་བྱིན་ཏེ། །ཁྱོད་ཀྱིས་
ཐེ་ཚོམ་དོགས་མེད་པས། །སེམས་ནི་ཡིད་གཉིས་མེད་པ་ཡིས། །ཆོས་དུང་བླ་ན་མེད་པ་ནི། །དྲི་མ་མེད་པས་ཀུན་དགའ་ཡིས། །ཆོས་ཀྱི་དེ་ཉིད་བསྟན་པ་དང་། །ཞི་རྒྱས་དབང་དང་དགུག་པ་དང་། །སྡང་བྱེད་གསོད་བྱེད་བསྐྲད་པ་དང་། །གང་གང་བཤད་པ་དེ་དེ་རྣམས། །
ཡང་ན་དང་པོའི་དབང་དུ་ཀུན། །བསྲུང་དང་བཟའ་སོགས་སྡོམ་པར་བཅས། །ཆོ་ག་དེར་ཡང་རྫོགས་པར་འདོད། །དེ་ནས་རྩ་བའི་དཀྱིལ་འཁོར་དུ། །ཞུགས་ནས་སྔོན་བཞིན་འཆི་མེད་དང་། །བཟའ་བཏུང་ལ་སོགས་ཀུན་སྤྱད་ལ། །ལུང་བསྟན་འདི་ནི་སྦྱིན་བྱ་སྟེ། །ལྷ་ཡི་རྣལ་
འབྱོར་དང་ལྡན་པས། །ལག་པ་གཡོན་པའི་ཁུ་ཚུར་གྱིས། །ཆོས་གོས་ཐ་མ་སྙིང་གར་བཟུང་། །གཡས་པ་མི་འཇིགས་ཚུལ་གྱིས་གནས། །དེ་ནས་ཚིག་འདི་བརྗོད་པར་བྱ། །འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་
བསྒྲུབ་པ་ཡིས། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧོ་ཤྲཱི་ཨ་མུ་ཀཾ་བཛྲ་ཏ་ཐཱ་ག་ཏ་སིདྡྷ་ཡ། ཧོ་ཤྲཱི་ཨ་མུ་ཀཾ་བཛྲ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ། དེ་ཚེ་ཧེ་རུ་ཀ་དཔལ་དང་། །མཁའ་འགྲོ་མ་དང་སློབ་དཔོན་བཅས། །མགྲིན་གཅིག་ལུང་སྟོན་བསམ་པར་བྱ། །དེ་ནས་དབུགས་

དབྱུང་སྦྱིན་བྱ་བ། །གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །མཐོང་བ་དང་ནི་བཅུག་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བར། །ཁྱོད་ནི་ཤིན་ཏུ་དི་རིང་ནས། །སློབ་དཔོན་བརྙས་པར་མི་བྱ་ཞིང་། །གུས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་དྲིལ་
བུ་ཕྱག་རྒྱ་ཡང་། །ཡོངས་སུ་གཏང་བར་མི་བྱའོ། །དམ་ཚིག་སྡོམ་པ་བསྲུང་བྱ་སྟེ། །རྣམ་པར་རྟོག་པས་གོས་མེད་པ། །རང་ལྷའི་རྣལ་འབྱོར་གནས་པ་ཡིས། །འདོད་པའི་ཡོན་ཏན་བསྟེན་པར་བྱ། །ཁྱོད་རང་སངས་རྒྱས་ཀུན་རིགས་སྐྱེས། །འདི་ནི་སློབ་མ་དབུགས་
དབྱུང་བའོ། །དེ་ནས་སློབ་མ་དང་ལྡན་པས། །རྟ་དང་གླང་པོ་ཤིང་རྟ་དང་། །སྲོག་ནོར་རིན་ཆེན་སྣ་ཚོགས་དང་། །ནོར་བུ་མེ་ཏོག་རྒྱན་སོགས་པས། །ཕྱག་བྱས་བླ་མ་དམ་པ་ལ། །མ་ཞེན་པ་ཡི་སེམས་ཀྱིས་དབུལ། །སློབ་དཔོན་མཉེས་བྱས་དེ་རྗེས་ལ། །སློབ་མས་རྡོ་རྗེ་དྲིལ་
བཟུང་ལ། །སློབ་དཔོན་དམ་པས་སློབ་མའི་མགོར། །གདུགས་བཟུང་བཀྲ་ཤིས་སྤྱོད་ལྡན་པས། །སློབ་མས་དཀྱིལ་འཁོར་ལན་གསུམ་བསྐོར། །དེ་ཡི་རྗེས་ལ་ཤར་ཕྱོགས་ནས། །ཕྱག་བྱས་ལངས་ལ་དེར་གནས་ལ། །རྣལ་འབྱོར་མ་ཡི་ཚོགས་རྣམས་ཀྱིས། །བཟའ་
བཏུང་ལ་སོགས་དགའ་བ་ཡི། །རོལ་མོ་ཕུལ་ལ་སྨོན་ལམ་གདབ། །དེ་ནས་ཅི་བདེར་གཤེགས་སུ་གསོལ། །དེ་ནས་ཐོ་རངས་དུས་སུ་ནི། །ཚོན་རྩི་ལ་སོགས་ཐམས་ཅད་ཀུན། །བསྡུས་ཏེ་གསེར་གྱི་བུམ་བཅུག་སྟེ། །ཆུ་བོ་ཆེན་པོར་དོར་བར་བྱ། །བུམ་པ་གཞན་རྣམས་མ་
ལུས་ཀུན། །ཆུ་བོ་ཆེན་པོར་བཀྲུ་བར་བྱ། །དེ་ནས་མི་འཆི་བཅུ་ཕྱེད་དང་། །བ་ཡི་རྣམ་ལྔ་ཙནྡན་དང་། །གུར་གུམ་སྦྱར་བའི་ཚོན་གྱིས་ནི། །ཐིག་མི་མངོན་པར་དབྱི་བར་བྱ། །དེ་ནས་ཞི་བའི་སྦྱིན་སྲེག་ནི། །མེ་ཡི་ལས་ལས་འབྱུང་བ་ལྟར། །བདག་དང་སློབ་མར་བཅས་པ་རྣམས། །
སྡིག་པ་ཞི་ཕྱིར་སྦྱིན་སྲེག་བྱ། །བུམ་པ་མ་གསལ་མཚན་མེད་གོ་སྐབས་མེད་མོད་ཀྱང་། །རྒྱུད་ཆུད་དམ་པར་སློབ་མའི་རྨི་ལམ་གསལ་མེད་ནས། །དཀྱིལ་འཁོར་ཆོ་ག་མ་མཐོང་དེ་དོན་གསལ་བ་དང་། །ཅུང་ཟད་བླ་མའི་གདམས་དག་ལ་བརྟེན་རིམ་པ་གསལ། །དེ་ལ་མ་གསལ་

བླ་མ་དམ་པས་བཟོད་པར་གསོལ། །ཞེས་པ་བསྡུས་པའི་རྒྱུད་དག་ཏུ། །རིམ་པ་གསལ་བ་མ་མཐོང་ནས། །རིམ་པ་གསལ་ཞེས་བྱ་བ་ཡི། །དཀྱིལ་འཁོར་ཆོ་ག་སྦྱར་བ་ལས། །དེ་ཡིས་བསོད་ནམས་གང་ཐོབ་པ། །བདག་དང་སེམས་ཅན་ཐམས་ཅད་ཀུན། །སྒྱུ་འཕྲུལ་ཆེ་དང་མཉམ་
འགྱུར་ཤོག །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ་ནག་པོ་སྤྱོད་པ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀརྨྨ་བཛྲ་དང་། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། ༄། །སྤྱིའི་ཆོས་སྤྱོད་བཞུགས།
༄༅། །རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལས་དང་པོ་པའི་རྣལ་འབྱོར་པས། བྱང་ཆུབ་ཏུ་སེམས་བརྟན་པར་གྱུར་པས། བྱང་ཆུབ་སྒྲུབ་པའི་ལམ་མ་ནོར་བའི་སྒོ་ནས་འཇུག་པའི་ཐབས། ལུས་ངག་ཡིད་གསུམ་མི་དགེ་བ་ལས་བཟློག་ནས། དགེ་བའི་ཆོས་
སྤྱོད་ལ་འཇུག་པའི་རིམ་པ་ནི་དང་པོར་གནས་ཡིད་དུ་འོང་བར། སྲོག་ཆགས་བསལ་བའི་ས་ལ་འཇིམ་པ་བྱས་ལ། མཎྜལ་གཞུང་བཞིན་དུ་བྱས་ཏེ། ཨོཾ་བཛྲ་རེ་ཁེ་ཧྲཱིཿཞེས་བརྗོད་ཅིང་། བའི་རྫས་ལྔས་འོག་མ་ཡང་བྱའོ། །དེ་ལྟར་མཎྜལ་བྱེད་པའི་དུས་སུ་ཕན་ཡོན་ཡང་བརྗོད་པར་བྱ་སྟེ།
ཆུར་བཅས་ལྕི་བ་སྦྱིན་ཡིན་ཏེ། །སྐྱོང་ནུལ་བྱ་བ་ཚུལ་ཁྲིམས་ཡིན། །གྲོག་མོ་སོགས་བསལ་བཟོད་པ་ཡིན། །བྱ་བ་བརྩོན་པ་བརྩོན་འགྲུས་ཡིན། །དེ་རྩེ་གཅིག་པ་བསམ་གཏན་ཏེ། །རི་མོ་སྙོམས་པ་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བྱས་པས་ཕ་རོལ་ཕྱིན་དྲུག་འདི་དག་རྙེད་པར་
འགྱུར། །ལྷ་མི་ཁྱད་པར་ཅན་སྐྱེ་ཟླ་ལྟར་གཟི་འཕགས་ཤིང་། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། །རྒྱལ་རིགས་འབྲུ་དང་གསེར་སོགས་འབྱོར་པས་གང་བར་སྐྱེ། །དེ་ནས་ལྷ་མི་མཆོག་གི་ཁྱིམ་དུ་ལུས་ལས་བྱ། །ཞེས་བརྗོད་ཅིང་མཎྜལ་བྱའོ། །དེ་ནས་མེ་
ཏོག་དགྲམ། མཆོད་པ་དང་གཏོར་མ་བཤམ། ལུས་ཀྱི་སྒོ་དག་པར་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། བདག་ཉིད་ལྷག་པའི་ལྷ་གང་ཡིན་དུ་བསྒོམས་ལ། ཧཱུཾ་གིས་ལྕེ་དང་ལག་པ་བྱིན་གྱིས་བརླབས་ལ། །པདྨའི་བསྐོར་བ་དང་བཅས་པས་རྡོ་རྗེ་དྲིལ་བུ་བླངས་ཏེ།

བརླ་སྟེང་གཉིས་སུ་བཞག་ནས། ཧཱུཾ་དང་ཨཱཿས་རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབས་ལ། དེ་ཁོ་ན་ཉིད་འདི་བརྗོད་དེ། ཧཱུཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་བདག་པོ་
གཙོ། །ཞེས་བརྗོད་ལ་རྡོ་རྗེ་གསོར་ཞིང་། །ཨོཾ་མ་ཧཱ་བཛྲ་ཧཱུཾ་ཞེས་བརྗོད་དོ། །དྲིལ་བུའི་དེ་ཁོ་ན་ཉིད་འདི་བརྗོད་དོ། ཨཱཿསྲིད་པ་རང་བཞིན་དག་པའི་ཕྱིར། ངོ་བོ་ཉིད་ཀྱིས་གདོད་ནས་དག །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །ཅེས་བརྗོད་ལ་དྲིལ་
བུ་གསིལ་ཞིང་། ཨོཾ་བཛྲ་གྷཎྜེ་ཨཱཿཞེས་བརྗོད་དོ། །དེ་ནས་ཨོཾ་བཛྲ་རཀྵ་རཀྵ་ཀུ་རུ་ཧཱུཾ་ཕཊ། ཅེས་བརྗོད་པས་བསྲུང་བར་བྱའོ། །དེ་ནས་མཆོད་པ་རྣམས་ཀྱི་སྟེང་དུ་ཧཱུཾ་དཀར་པོ་རེ་རེ་བསམས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས་ཧཱུཾ་འོད་དུ་ཞུ་ནས། བདུད་རྩི་རུ་བྱིན་གྱིས་བརླབས་ལ།
དེ་ནས་བདག་ཉིད་ཀྱི་ལྷ་གང་ཡིན་པའི་སྙིང་གའི་ས་བོན་ལས་འོད་འཕྲོས་པས། ལྷུན་གྱིས་གྲུབ་པའི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་བླ་མ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ་དངོས་སུ་འབྱོར་ན་དབུལ་ཏེ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུཾ།
ཞེས་པས་ཡོན་ཆབ་དབུལ། ཨོཾ་པཱ་ཏྱཾ་པྲ་ཏཱིཙྪ་ཨཱཿཧཱུཾ། ཞེས་པས་ཞབས་བསིལ་དབུལ། ཨོཾ་ཨཉྩ་མཱ་ནཾ་པྲ་ཏཱིཙྪ་ཨཱཿཧཱུཾ། ཞེས་པས་ཞལ་བསིལ་དབུལ། ཨོཾ་པདྨ་ཀ་མ་ལ་པྲ་ཏཱིཙྪ་ཨཱཿཧཱུཾ། གདན་གྱིའོ། །ཨོཾ་བཛྲ་མཎྜལ་པྲ་ཏཱིཙྪ་ཨཱཿཧཱུཾ། མཎྜལ་གྱིའོ། །ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཨཱཿཧཱུཾ།
ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བི་ཏྱ་པྲ་ཏཱིཙྪ་ཨཱཿཧཱུཾ། ཨོཾ་བཛྲ་གཱི་ཏི་པྲ་ཏཱིཙྪ་ཨཱཿཧཱུཾ། ཞེས་པས་མཆོད་པ་རྣམས་ཕུལ་ལ། དེ་ནས་ཡན་ལག་བདུན་པ་རྣམས་བྱ་སྟེ། ན་མོ་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་བླ་མ་དམ་པ་དང་བཅས་པ་བདག་ལ་དགོངས་སུ་གསོལ། བདག་གིས་འཁོར་བ་ནས་འཁོར་བའི་ཚེ། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་དང་། སོ་སོའི་སྐྱེ་བོ་ཁྱད་པར་ཅན་གྱི་དགེ་བ་ཐམས་ཅད་ལ་ཡི་རང་ཞིང་སྤྲོ་བར་བགྱིད་དོ། །བདག་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་སངས་རྒྱས་དང་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་
དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། ཇི་སྲིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྒྲུབ་པའི་སླད་དུ་ཇི་སྲིད་དུ་མྱ་ངན་ལས་འདས་པའི་འབྲས་བུ་མ་ཐོབ་པ་དེ་
སྲིད་དུ་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཐེག་པ་ཆེན་པོའི་གསང་སྔགས་བླ་ན་མེད་པའི་ལམ་བསྟེན་པར་བགྱིའོ། །བདག་གི་རྣམ་པར་སྨིན་པའི་ལུས་ཀྱི་དངོས་པོ་འདི་ཡང་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཆོད་པར་བགྱིའོ། །ན་མོ་བདག་གི་དགེ་བའི་རྩ་བ་ཐམས་
ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བར་བགྱིའོ། །དེ་ནས་བསྟོད་པ་བྱ་སྟེ། སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་བ། །ཆེ་དགུས་མཆོད་ཅིང་ཡོན་ཏན་སྤྲིན་ཚོགས་འདུས། །གོ་འཕང་མཆོག་བརྙེས་སྟོན་པ་ཆོས་ཆར་འབེབས། །སངས་རྒྱས་དཀོན་མཆོག་
དེ་ལ་ཕྱག་འཚལ་འདུད། །སྐྱོབ་པའི་ཆོས་ལ་ལེགས་པའི་ཚོགས་འདུས་པའི། །ཤིན་ཏུ་ཕན་དང་བདེ་བ་ངེས་མཛད་གསུང་། །འཁོར་བ་རྟག་བདེ་མྱ་ངན་མི་འདའ་བའི། །དམ་ཆོས་དཀོན་མཆོག་དེ་ལ་རྟག་ཕྱག་འཚལ། །དགེ་འདུན་ཆེ་ལ་མཐུ་རྩལ་རྨད་མངའ་
བའི། །བསླབ་གཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་པ། །བདག་གཞན་དོན་ཕྱིར་སྒྲུབ་པའི་ལམ་ཞུགས་པའི། །དགེ་འདུན་དཀོན་མཆོག་དེ་ལ་ཕྱག་འཚལ་བསྟོད། །དེ་ནས་གསང་སྔགས་དང་གཟུངས་སྔགས་བཟླས། དེ་ནས་མདོ་འདོན། བསྐོར་བ་བྱ། །
གཏོར་མ་གཏང་། སྨོན་ལམ་བཏབ་པོ། །དེ་ནས་སྤྱན་དྲངས་པའི་ལྷ་རྣམས་གཤེགས་སུ་གསོལ་ཏེ། མི་དམིགས་པར་བསྒོམ་མོ། །མདོ་རྒྱུད་རྟོགས་པའི་དགོངས་པའི་འགྲེལ་མཛད་ཅིང་། །ཉོན་མོངས་མི་མཐུན་ཕྱོགས་སྤོང་ཐབས་བསྟན་ནས། །ཡོན་ཏན་མཆོག་རྣམས་

རྒྱུད་ལ་སྦྱོར་མཛད་པ། །དུས་གསུམ་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་དད་ཅིང་། །རྩ་བ་ཡན་ལག་དམ་ཚིག་ལ་གནས་ནས། །མཆོག་དང་ཐུན་
མོང་དངོས་གྲུབ་མྱུར་ཐོབ་ནས། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱེད་ཤོག །སྤྱིའི་ཆོས་སྤྱོད་སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། ༄། །རིགས་ལྔ་མཁའ་འགྲོའི་བསྟོད་པ་བཞུགས། ༄༅། །ཨོཾ་རྗེ་བཙུན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཐབས་དང་
ཤེས་རབ་བདག་ཉིད་ཅན། །ཐུགས་རྗེས་སྐུར་སྤྲུལ་འགྲོ་དོན་མཛད། །སྐུ་གསུང་ཐུགས་ཀྱི་དབང་ཕྱུག་གཙོ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཞལ་བཞི་ཕྱག་བཞི་སྤྱན་གསུམ་མཛེས། །ཞབས་གཉིས་ཕྱེད་ཀྲུང་གར་ཚུལ་གྱིས། །པདྨ་ཉི་མའི་གདན་ལ་བཞུགས། །མི་བསྐྱོད་
པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཚོག་དཀྱིལ་འཁོར་གསུམ། །བུདྡྷ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་
བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་གཉིས་དག་པས་གོས་པ་མེད། །རཏྣ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་མི་འཆིང་འདོད་ཆགས་ཆེ། །རྣམ་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་
འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིགས་ལྔ་མཁའ་འགྲོའི་བསྟོད་པ་རྫོགས་སོ།། ༄། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ལ་བསྟོད་པ་བཞུགས།
༄༅། །རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཆེར་འབར་བའི། །འཇིགས་བྱེད་མཆེ་བ་གཙིགས་པ་པོ། །གཡས་སེར་གཡོན་ལྗང་རྒྱབ་ཞལ་དཀར། །མཉམ་མེད་སྐུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བདག །རིགས་བཙུན་

རིག་མ་མགུལ་ནས་འཁྱུད། །དབུ་ལ་རིགས་ཀྱི་བདག་པོ་བཞུགས། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །སྒེག་དང་དཔའ་བྱད་འཇིགས་སུ་རུང་། །དྲག་དང་དགོད་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ལ། །ཉམས་དགུ་ཡོན་ཏན་ཁྱོད་ལ་འདུད། །ནམ་མཁའི་འོད་
ཀྱིས་ཁེབས་མཛད་ཅིང་། །འཇིགས་པ་པོ་ཡང་འཇིགས་པར་མཛད། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །བདེ་གཤེགས་སྐུ་ལ་ཕྱག་འཚལ་ལོ། །གཡས་གཡོན་དང་པོ་མདའ་དང་གཞུ། །ལྷག་མ་ཐོད་པ་ཁ་ཊྭཱཾ་འཛིན། །མགོ་ཕྲེང་བརྒྱ་ཕྱེད་དོ་ཤལ་བྱས། །མགོན་
པོ་ཁྱོད་ལ་ཕྱག་འཚལ་ལོ། །དབུ་སྐྲ་ཁམ་པ་གྱེན་དུ་བསྒྲེང་། །ཀ་པཱ་ལ་ལྔས་དབུ་ལ་བརྒྱན། །ན་ར་སྟོད་གཡོགས་སྟག་ལྤགས་བསྣམས། །འཇིགས་རུང་ཁྱོད་ལ་ཕྱག་འཚལ་འདུད། །དངོས་པོའི་རང་བཞིན་ཀུན་གྱི་མཆོག །སྐུ་ལ་མཚན་དང་དཔེ་བྱད་རྫོགས། །འགྲོ་བའི་
དོན་ནི་མཛད་པ་པོ། །སྐུ་གསུམ་བདག་ཉིད་ཁྱོད་ལ་འདུད། །ཁྱོད་ཀྱི་ཡེ་ཤེས་སྤྱན་ཟུར་གྱིས། །མི་མཐུན་ཕྱོགས་རྣམས་སྐྲག་མཛད་ཅིང་། །རྒྱལ་མཚན་དྲིལ་བུས་སླར་གསོ་མཛད། །ཐུགས་རྗེ་ཅན་ལ་ཕྱག་འཚལ་འདུད། །སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད། །བདེ་བར་གཤེགས་
པ་ཀུན་གྱི་གཙོ། །འགྲོ་བའི་མི་ཤེས་གཅོད་པ་པོ། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །དེ་ཉིད་བརྟན་པར་གཡོ་བཅས་པ། །ཁམས་གསུམ་འདི་དག་ཐམས་ཅད་ཀྱི། །བདག་ཉིད་ཆེན་པོ་ཁྱོད་ལ་འདུད། །འགྲོ་བའི་སྡུག་བསྔལ་སེལ་
བྱེད་ཅིང་། །ཕུན་སུམ་ཚོགས་པ་ཀུན་སྟེར་བ། །བྱང་ཆུབ་ལམ་ནི་སྟོན་པ་པོ། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་བསྟོད། །བསམ་མེད་དཔེ་དང་བྲལ་བས་བརྗོད་དུ་མེད། །བདེ་ཆེན་སྐུ་སྟེ་མི་འགྱུར་འདུས་མ་བྱས། །དངོས་དང་དངོས་མེད་རྣམ་སྤངས་དམིགས་པ་མེད། །བདེ་ཆེན་རྡོ་
རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །ཤར་ཕྱོགས་ལྷ་མོ་རྡོ་རྗེའི་རིགས། །བྱམས་པའི་བདག་ཉིད་སྐུ་མདོག་སྔོ། །ས་ཁམས་མེ་ལོང་ཡེ་ཤེས་བདག །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་ལྷ་མོ་རིན་ཆེན་རིགས། །སྙིང་རྗེའི་བདག་ཉིད་སྐུ་མདོག་སེར། །ཆུ་ཁམས་མཉམ་

ཉིད་ཡེ་ཤེས་བདག །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་ལྷ་མོ་པདྨའི་རིགས། །དགའ་བའི་བདག་ཉིད་སྐུ་མདོག་དཀར། །མེ་ཁམས་སོ་སོར་རྟོག་རང་བཞིན། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །བྱང་ཕྱོགས་ལྷ་མོ་ལས་ཀྱི་རིགས། །
བཏང་སྙོམས་རང་བཞིན་སྐུ་མདོག་ལྗང་། །རླུང་ཁམས་བྱ་བ་གྲུབ་རང་བཞིན། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཐམས་ཅད་ཞལ་བཞི་ཕྱག་བཞི་མ། །ཕྱག་ན་རང་རང་མཚན་མ་འཛིན། །མཚན་དང་དཔེ་བྱད་སྐུ་ལ་རྫོགས། །རིགས་ལྔའི་སངས་རྒྱས་ཕྱག་འཚལ་བསྟོད། །
སྐུ་ལ་འོད་ཀྱི་ཕྲེང་བ་འཕྲོ། །མི་མགོ་ཁྲག་འཛག་དོ་ཤལ་བྱས། །ཞབས་གཉིས་ཉི་མར་ཕྱེད་ཀྲུང་བཞུགས། །འཁོར་གྱི་ལྷ་མོ་ཕྱག་འཚལ་བསྟོད། །ཕྱག་རྒྱ་རྣམ་པ་ལྔ་དང་ལྡན། །ཀ་པཱ་ལ་ལྔས་དབུ་ལ་བརྒྱན། །སྒེག་པ་ལ་སོགས་ཉམས་དང་ལྡན། །ལྷ་མོའི་འཁོར་ལ་ཕྱག་འཚལ་
བསྟོད། །རྗེ་བཙུན་འཁོར་དང་བཅས་པ་ལ། །བདག་གིས་བསྟོད་པའི་བསོད་ནམས་ཀྱིས། །སེམས་ཅན་ཀུན་གྱིས་རྗེ་བཙུན་གྱི། །གོ་འཕང་བླ་མེད་ཐོབ་པར་ཤོག །རྗེ་བཙུན་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་བསྟོད་པ་རྫོགས་སོ།། ༄། །བདུན་ཚིགས་ཀྱི་ཆོ་ག་བཞུགས།
༄༅། །གང་ཞིག་ཚེ་འཕོས་ཏེ་བདུན་ཚིགས་ཀྱི་དུས་སུ་དགེ་རྩ་བྱེད་ན་མིང་བྱང་ངམ་གོས་ལ་སོགས་པའི་མཚན་མ་ཅིག་ལ་རྟེན་བཅས་ལ། དེ་ནས་མཎྜལ་བྱ་བ་དང་། མཆོད་པ་དང་གཏོར་མ་གཞུང་བཞིན་དུ་བཤམས་ཏེ། དེ་ནས་བདག་ལྷག་པའི་ལྷར་བསྒོམས་ལ། ཡེ་ཤེས་ཀྱི་
དཀྱིལ་འཁོར་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བསྒོམས་ལ། མཆོད་པའི་ཁྱད་པར་རྣམས་ཀྱིས་མཆོད། མཁའ་འགྲོ་མ་རྣམས་ལ་གཏོར་མ་བསྔོས་ལ། དེ་ནས་བསྟོད་པ་དང་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བདག་ཉིད་ཀྱི་སྙིང་གའི་ས་བོན་གྱིས་
འོད་ཟེར་སྤྲོས་ཏེ། ཚེ་འདས་ཀྱི་སེམས་ཡི་གེ་ཨ་ཐུང་ངུའི་གཟུགས་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ལ། །རྟེན་གང་ཡིན་པ་དེ་ལ་བསྟིམ་སྟེ། རྣམ་སྨིན་གྱི་ལུས་དེ་ཉིད་དུ་བསམས་ཏེ། བདག་གི་སྙིང་གའི་ས་བོན་གྱིས་འོད་ཟེར་སྤྲོས་ཏེ། བསྒྲུབ་བྱའི་སྙིང་གར་ཐིམ་པས།

ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་སྒྲིབ་པ་སྦྱངས་ནས།ལུས་ཤེལ་དག་པ་དང་འདྲ་བར་བསམ་མོ། །དེ་ནས་ནམ་མཁའ་ལ་བསྒོམས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་ཀྱི་རིག་པའི་ལྷ་མོ་རྣམས་ཀྱིས་ཕྱག་ན་བསྣམས་པའི་བུམ་པའི་བདུད་རྩིའི་ཆུ་རྒྱུན་རྣམས་ཀྱིས་དབང་
བསྐུར་བས། སྒྲིབ་པ་ཐམས་ཅད་བྱང་བར་བསམ། །དེ་ནས་བཟླས་པ་བྱ་སྟེ། བདག་གི་སྙིང་གའི་ས་བོན་གྱི་ཡི་གེ་ལས། བཟླས་པའི་སྔགས་ཀྱི་ཕྲེང་བ་ལས་སྦྲུལ་འཁྱིལ་པའི་ཚུལ་དུ་བསྐོར་བར་བསམས་ལ། དེ་ནས་ཕྲེང་སྔགས་གང་ཡིན་པའི་བཟླས་པ་བྱས་ལ་
སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས་པས། བསྒྲུབ་བྱའི་སྙིང་གར་ཐིམ་ནས་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཀྱི་སྒྲིབ་པའི་དྲི་མ་ཐམས་ཅད་སྦྱངས་པར་བསམ་ཞིང་བཟླས་པ་བྱའོ། །དེ་ནས་སྨོན་ལམ་གདབ་ཅིང་དགེ་བའི་རྩ་བ་བསྔོ། །དེ་ནས་བསྒྲུབ་བྱའི་ཤེས་
པ་ཨ་ཐུང་ངུ་དེ་ཡང་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས། ནམ་མཁའ་ལ་བཞུགས་པའི་གཙོ་བོའི་ཐུགས་ཀར་ཐིམ་པར་བསམས་ཏེ་གནས་བཏབ་པའོ། །གལ་ཏེ་རྟེན་མེད་པར་གྱུར་ན། གང་ཡིན་པའི་རྣམ་སྨིན་གྱི་ལུས་དེ་ཉིད་མངོན་སུམ་དང་འདྲ་བར་བསམས་ལ། བསམ་
རྒྱུད་གོང་མ་བཞིན་དུ་བྱའོ། །དེ་ལྟར་བདུན་པ་ཐམས་ཅད་ལ་བྱའོ། །སློབ་དཔོན་ཆེན་པོ་ནག་པོ་པས་མཛད་པ་རྫོགས་སོ།། ༄༅༅། །སཱཙྪ་གདབ་པའི་མན་ངག་ལ་དང་པོ་འཇིམ་པ་བྱས་ནས་མདུན་དུ་བཞག་སྟེ། རང་ཉིད་ལྷག་པའི་ལྷར་བསམས་ལ། ཚད་
མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་འཇིམ་པ་མི་དམིགས་པར་བསྒོམས་ལ། ཆོ་ག་གསུམ་གྱིས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བསྐྱེད་དོ། །དེ་ནས་སྙིང་གའི་ཧྲཱིཿའམ་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་བཀུག་ལ། །ཧེ་རུ་ཀ་ཡབ་ཡུམ་ལ་བསྟིམ་པར་བྱ། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་སུ་གནས་པ་ལས་ཧེ་རུ་ཀའི་སྙིང་པོ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡང་དེ་ཉིད་ཀྱིས་གདབ་པར་བྱའོ། །སཱཙྪ་རེ་རེ་ཡང་ཧེ་

རུ་ཀ་རེ་རེར་བསམས་ལ། དེ་རེ་རེ་ལས་ཧེ་རུ་ཀ་མང་པོ་སྤྲོ་བ་དང་། བསྡུ་བ་བྱས་པ་ལས། བདག་དང་གཞན་གྱི་དོན་རྫོགས་པར་བསམ་མོ། །དེ་ནས་རྟེན་འབྲེལ་གྱི་སྔགས་ཀྱིས་མཇུག་བསྡུའོ།། ༄༅༅།།རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་
ཨི་ཏི་ཀྲམ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་རྫོགས་པའི་རིམ་པ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་དངོས་པོ་ཐམས་ཅད་རྣམ་པར་དག་ནས། སོ་སོར་རང་རིག་པའི་ངོ་བོ་ཉིད་ཐིག་ལེ་ཡུངས་ཀར་ཙམ་
ཞིག་ཏུ་གསལ་བར་བསྒོམ། དེ་ནས་ཐིག་ལེ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་རྣམ་རྟོག་ཐམས་ཅད་བསྲེགས་ནས། སྒྱུ་འཕྲུལ་ཆེན་མོའི་སྐུར་གསལ་བར་བྱས་ཏེ། དེ་ནས་སླར་འདུས་ཏེ་ཐིག་ལེ་ལ་ཐིམ་ནས་ཐིག་ལེ་དེ་ཡང་འོད་དུ་ཞུ་བས།
རྡོ་རྗེའི་གུར་དང་དུར་ཁྲོད་བརྒྱད་དང་། གཞལ་ཡས་ཁང་དང་། ལྷ་མོ་བཞི་དང་ལྡན་པ་སྒྱུ་འཕྲུལ་ཆེན་མོ་བསྐྱེད་དོ། །དེ་ནས་དེ་དག་ཀྱང་སྒྱུ་འཕྲུལ་ཆེན་མོ་ལ་བསྡུ་སྟེ། རྡོ་རྗེའི་གུར་ནི་དུར་ཁྲོད་ལ་ཐིམ་དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ་ཐིམ། །གཞལ་ཡས་ཁང་ལྷ་མོ་བཞི་
ལ་ཐིམ། ལྷ་མོ་བཞི་རིག་མའི་ཞལ་བཞིར་ཐིམ། རིག་མ་ཐབས་ལ་ཐིམ་པ་དང་། དེ་ནས་སྒྱུ་འཕྲུལ་ཆེན་མོའི་སྙིང་གའི་པདྨའི་ནང་ན་གནས་པའི་ཡི་གེ་ཨའི་གཟུགས་དེ་པདྨ་དམར་པོ་འདབ་མ་བཞི་པར་བསམ་པར་བྱའོ། །དེའི་ལྟེ་བ་གསང་བ་ན་གནས་པའི་རླུང་དང་། སྙིང་
ག་ན་གནས་པའི་ཆུའི་རླུང་རྣམ་པར་དག་པ་ཟླ་བའི་དཀྱིལ་འཁོར་དུ་བསམས་ཏེ། དེ་ནི་རྡོ་རྗེ་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་མ་གཉིས་ཀྱི་རང་བཞིན་ནོ། །དེའི་སྟེང་དུ་རང་གི་རིག་པའི་ངོ་བོ་ཉིད་སྒྱུ་འཕྲུལ་ཆེན་མོའི་འོད་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་འོད་ཟེར་
ལྔ་དང་ལྡན་པ་ཅིག་བསམ་མོ། །དེའི་སྟེང་དུ་མགྲིན་པ་ན་གནས་པའི་མེའི་རླུང་དང་། །སྤྱི་བོར་གནས་པའི་རླུང་གི་དཀྱིལ་འཁོར་དང་གཉིས་རྣམ་པར་དག་པ་ཉི་མའི་དཀྱིལ་འཁོར་དུ་བསམས་ལ། དེ་ནི་པདྨ་མཁའ་འགྲོ་དང་། སྣ་ཚོགས་མཁའ་འགྲོའི་རང་བཞིན་ནོ། །

དེ་ལྟར་བསྐྱེད་ནས་ཉི་ཟླ་གཉིས་ཀྱི་བར་ན། སྒྱུ་འཕྲུལ་ཆེན་མོ་རང་རིག་པའི་ངོ་བོ་ཉིད་ཐིག་ལེ་དེ་འོད་ཟེར་ལྔ་དང་ལྡན་པར་དམིགས་པར་བསམ་མོ། །དེ་ལྟར་ཡང་དང་ཡང་དུ་འདྲིས་པར་བསམས་པས་གྱེན་དུ་རྒྱུ་བ་དང་། ཐུར་དུ་རྒྱུ་བའི་རླུང་རིམ་པ་ཇི་ལྟར་འགོག་པ་དེ་བཞིན་དུ་
མཚན་མ་རིམ་གྱིས་སྐྱེ་བར་འགྱུར་རོ། །གསང་བའི་ས་སྙིང་གར་གནས་པའི་ཆུ་ལ་ཐིམ་པས་ནི། ཀུན་མཉམ་པའི་བློས་ཟག་པ་མེད་པའི་ལམ་གྱི་ཡེ་ཤེས་དང་པོ་སྐྱེའོ། །ཆུ་མེ་ལ་ཐིམ་པས་ནི་སེམས་ལ་དབང་ཐོབ་སྟེ་དུ་བ་དང་འདྲ་བར་མཐོང་ངོ་། །མེ་རླུང་ལ་ཐིམ་པས་ནི་
ཏིང་ངེ་འཛིན་འབའ་ཞིག་དང་ལྡན་ཏེ་གློག་གི་རྣམ་པ་ལྟ་བུར་མཐོང་ངོ་། །རླུང་རྣམ་པར་རིག་པ་ལ་ཐིམ་པས་འདོད་པ་ཐམས་ཅད་དང་བྲལ་ཏེ། མར་མེ་ལྟ་བུར་མཐོང་ངོ་། །རྣམ་པར་རིག་པ་ནམ་མཁའ་དང་མཉམ་པའི་བདེ་བ་ལ་ཐིམ་པས་ཐམས་ཅད་སྣང་བ་རང་རིག་པ་ནམ་མཁའ་
ལྟ་བུར་མཐོང་ངོ་། །རང་རིག་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུས་སྨོན་ལམ་དང་སྙིང་རྗེ་ཆེན་པོའི་དབང་གིས་འགྲོ་བའི་དོན་དུ་གཟུགས་སྐུ་རྣམ་པ་གཉིས་སུ་སྣང་བར་གྱུར་ཏེ། ཇི་ལྟར་འདུལ་བ་བཞིན་དུའོ། །སློབ་དཔོན་ཆོས་ཀྱི་ཞབས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་སྒྱུ་འཕྲུལ་
ཆེན་མོའི་རྫོགས་པའི་རིམ་པའི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཞི་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། སྒྱུ་མ་ཆེན་
མོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞལ་བཞི་པ་ལ་ཕྱག་བཞི་པ། །དེ་བཞིན་ལྷ་མོ་རྣམས་ཀྱི་སྐུ། །ཕྱོགས་བཞི་པོ་ནི་གཞན་རྣམས་ལ། །སྒྱུ་འཕྲུལ་ཆེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཆེན་པོ་ཉིད། །སྙིང་རྗེས་འཇིགས་པའི་རྣམ་པ་ཅན། །
སྒྱུ་མ་ཆེན་མོ་ཞེས་བྱ་ཡི། །སྒྲུབ་ཐབས་ལེགས་པར་བཤད་པར་བྱ། །འདིར་བསྒོམ་པའི་དབང་དུ་བྱས་ཏེ། །ལྷ་མོ་བཞིའི་གླུ་བཞིས་བསྐུལ་ནས་རྣམ་པར་སད་པའི་སྔགས་པས་ནང་པར་སྔར་ལངས་ཏེ། རང་གི་སྙིང་གའི་ཉི་མ་ལ་གནས་པ་ཧཱུཾ་ཡིག་གི་འོད་ཟེར་

རྣམས་ཀྱིས་བདག་སྦྱང་བ་དང་། ཁ་དག་པ་ལ་སོགས་པ་བྱའོ། །ཧཱུཾ་ཕཊ་ཅེས་བྱ་བས་གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བྱ་སྟེ། བསམ་གཏན་གྱི་ཁང་པར་ཞུགས་ལ། ཧཱུཾ་ཡིག་གིས་ཡོན་ཆབ་ལ་བཟླ་ཞིང་སྟན་བདེ་བ་ལ་འདུག་ནས། མདུན་གྱི་ནམ་
མཁའ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟས་ལ། སྙིང་གའི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ཡོ་བྱད་ལྔ་ཡིས་ཡང་དག་པར་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་སོ་སོར་བཤགས་པ་དང་། སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། བདག་གི་དགེ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཀྱི་བར་དུ་དཀོན་མཆོག་
གསུམ་ལ་སྐྱབས་སུ་མཆི་བ་ནི། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ལའོ། །ཨེ་མའོ་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་ཆེད་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་ནས་ཤིན་ཏུ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་དང་། བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱའོ། །དེའི་རྗེས་ལ་འདི་དག་ནི་སེམས་ཉིད་དེ། མེད་པ་ཉིད་རྣམ་པ་དེ་དང་དེས་སྣང་བའོ། །འདི་ལྟ་སྟེ། རྨི་ལམ་ལྟ་
བུར་མོས་པ་བྱས་ལ། རྣམ་པ་ཐམས་ཅད་ཡོངས་སུ་སྤངས་པ་དྲི་མ་མེད་པའི་ནམ་མཁའ་ལྟ་བུ་སྣང་བ་མེད་པ་མཐའ་ཡས་པ་གསལ་བ་ཙམ་དུ་བལྟ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧོ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་མདུན་གྱི་ནམ་མཁར་ཧཱུཾ་ཡིག་གིས་སྣ་
ཚོགས་རྡོ་རྗེ་རྣམ་པར་བསམས་ལ། དེའི་འོད་ཟེར་འབར་བ་འཕྲོས་པ་རྣམས་ཀྱི་ས་འོག་ཏུ་རྡོ་རྗེའི་ས་གཞི་དང་། ཕྱོགས་སུ་རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེའི་གུར་དང་། ནང་དུ་མིའི་རུས་པའི་དུར་ཁྲོད་བསྒོམ་པར་བྱའོ། །དེའི་དབུས་སུ་གཞལ་ཡས་ཁང་ཁྱམས་གཅིག་པ་རིན་པོ་ཆེ་

ཐམས་ཅད་ཀྱི་བདག་ཉིད་ཅན་བལྟའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པའོ། །དྲ་བ་ལ་སོགས་ལྷ་མོ་བཞིས། །སྟེགས་བུ་བཞིར་ནི་བརྒྱན་པའོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ཏེ། དེའི་ལྟེ་བར་ཐོག་མ་དང་ཐ་མ་
མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཐིག་ལེ་མུ་ཏིག་འབྲས་བུ་ལྟར་གསལ་བར་བསམ་པར་བྱའོ། །དེ་ལྟར་ན་འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནོ། །དབུས་ཀྱི་ཐིག་ལེ་དེ་ཉིད་ལས་ཕྱོགས་རྣམས་སུ་ཐིག་ལེ་རྣམས་སྤྲོས་པས། ས་བོན་གྱི་རྣམ་པ་ཡོངས་སུ་གྱུར་པར་བལྟ་བ་ནི།
གོ་རིམས་བཞིན་དུ་ཧཱུཾ་དང་སྭཱ་དང་ཨ་དང་། ཧཱ་ཞེས་བྱའོ། །དེ་དག་ལས་གོ་རིམས་བཞིན་དུ་རྡོ་རྗེ་དང་ནོར་བུ་དང་། པདྨ་དང་། ལས་ཀྱི་རིགས་ཅན་དང་། དེའི་རིགས་རྣམས་ཡང་དག་པར་སྤྲོ་བ་དང་། ཡང་དེ་ཉིད་ལ་བསྡུས་ནས། དེ་ཡོངས་སུ་གྱུར་པ་ལས་
རྣལ་འབྱོར་མ་བཞི་བལྟ་སྟེ། ཤར་གྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཞལ་སྔོ་བ་དང་སེར་བ་དང་། དཀར་པོ་དང་ལྗང་གུ། རྡོ་རྗེ་དང་། ཐོད་པ་དང་དྲིལ་བུ་དང་དབྱུག་ཏོ་འཛིན་མའོ། །ལྷོའི་འདབ་མ་ལ་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ཞལ་སེར་
བ་དང་། སྔོ་བ་དང་དཀར་པོ་དང་ལྗང་གུ། རིན་ཆེན་སྣ་ཚོགས་དང་རྩེ་གསུམ་དང་མགྲིན་པ་བསྡམས་པའི་ཅེ་སྤྱང་དང་བ་དན་འཛིན་མའོ། །ནུབ་ཀྱི་འདབ་མ་ལ་པདྨ་མཁའ་འགྲོ་མ་སྐུ་མདོག་དཀར་མོ། ཞལ་དཀར་བ་དང་། སེར་བ་དང་སྔོ་བ་དང་ལྗང་གུ །སྣ་ཚོགས་པདྨ་དང་།
མདའ་དང་ཐོད་པ་དང་གཞུ་འཛིན་མའོ། །བྱང་གི་འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་སྐུ་མདོག་ལྗང་གུ །ཞལ་ལྗང་གུ་སེར་བ་དང་། དཀར་བ་དང་སྔོ་བའོ། །རལ་གྲི་དང་ཅང་ཏེའུ་དང་། ཞགས་པ་དང་ཐོད་པ་འཛིན་མའོ། །ཐམས་ཅད་ཟླ་བའི་གདན་དང་འོད། །ལྷག་མ་
འདི་ཡི་གཙོ་བོ་བཞིན། །རྡོ་རྗེ་ཡི་ནི་གླུ་འདི་ཡིས། །དེ་རྣམས་མགོན་པོ་བཞེངས་བྱེད་ཡིན། །ཧ་ལེ་ས་ཧི་བྷ་ཨི་ཨི་ཨ་ཀ་མ་ལུ་བ་བྷོ་ཧི་ཨུ་བཛྫེ། ཨ་ལ་ལ་ལ་ལ་ཧོ་མ་ཧཱ་སུ་ཧེ་ཎ། ཨཱ་རཱ་ཧི་ཨུ་ཎེ་དྷེ། ར་བི་ཀི་ར་ཎཾ་ཎ་བི་ཕུལླི་ཨུ་ཀ་མ་ལུ་མ་ཧཱ་སུ་ཧེ་ཎ། ཨ་ལ་ལ་ལ་ལ་ཧོ། །མ་ཧཱ་སུ་ཧེ་ཎ།

ཨཱ་རཱ་ཧི་ཨུ་ཎེཏྟཾ། དེ་ནས་གླུ་བླངས་པའི་ནུས་པས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་དེ་བོར་ནས་ས་བོན་གཉིས་ཀྱི་རྣམ་པར་གྱུར་ཏེ། ཨོཾ་དང་ཧཱུཾ་ངོ་། །དེ་ནས་ཨོཾ་ཡིག་ལས་རྣམ་པར་སྣང་མཛད་དང་། དེའི་རིགས་སྤྲོ་བ་དང་བསྡུ་བའོ། །ཧཱུཾ་ཡིག་
ལས་རྒྱལ་བ་ལྔ་དང་། དེའི་རིགས་རྣམས་ཀྱང་ངོ་། །དེ་ནས་ཨོཾ་ཡིག་ལས་བྱུང་བའི་སངས་རྒྱས་མཁའ་འགྲོ་མ་དང་ལྷན་ཅིག་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཧཱུཾ་ཡིག་ལས་བསྐྱེད་པར་བྱའོ། །ཐལ་བས་བྱུགས་ཤིང་སྐུ་མདོག་གནག །ཉི་མའི་གདན་དང་འོད་ཀྱིས་མཛེས། །དབུ་སྐྲ་ཁམ་པ་
གྱེན་དུ་བརྫེས། །ཐོད་པའི་དབུ་རྒྱན་གྱིས་བརྒྱན་པ། །སྔོ་དང་སེར་དང་དཀར་བ་ཆེ། །ལྗང་གུའི་ཞལ་དང་བཞི་པའོ། །ཐོད་པ་མདའ་དང་ཁ་ཊྭཱཾ་ག་དང་གཞུ་འཛིན་པ་སྟེ་བཞིའོ། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །འཁོར་ལོ་རྣ་ཆ་མགུལ་རྒྱན་ཅན། །ལག་གདུབ་དང་ནི་
སྐེ་རགས་སོ། །མི་ཡི་པགས་པའི་ན་བཟའ་འཛིན། །བཅུ་གཉིས་སྤྱན་ཏེ་དམར་བའོ། །འབར་བའི་ཕྲེང་བས་དཀྲིགས་པས་ཁྲོ། །མཆོག་ཏུ་དགའ་བས་མཛེས་པ་ཡིན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གར་དགུ་ཡི་ནི་ཉམས་དང་ལྡན། །འོད་ཟེར་མཐའ་ཡས་ལས་
བྱུང་བའི། །རྒྱལ་བའི་ཚོགས་ཀྱིས་འགྲོ་དོན་བྱས། །བདག་པོ་དང་མཚུངས་མཚོན་ཆ་དམར། །དཔལ་ལྡན་སངས་རྒྱས་མཁའ་འགྲོ་དམར། །སེར་དང་དཀར་དང་ལྗང་གུའི་ཞལ། །སངས་རྒྱས་དབང་བསྐུར་རི་ཁྲོད་མ། །ཇི་ལྟར་དགྱེས་པའི་རྡོ་རྗེར་གསུངས། །དེ་བཞིན་སངས་
རྒྱས་མཁའ་འགྲོ་མ། །ཧེ་རུ་ཀ་དང་ཡང་དག་ལྡན། །འདི་དམར་སངས་རྒྱས་སེམས་ཅན་རྣམས། །སངས་རྒྱས་སྐུ་ཡིས་མཆོད་པའི་ཕྱིར། །ཆོས་དག་པ་ཡི་རང་བཞིན་གྱིས། །གསུང་གི་བདག་པོ་དཀར་པོ་ཉིད། །འདིར་ལྷ་ཐམས་ཅད་ཀྱང་རོའི་སྙིང་ག་མནན་པའོ། །དེའི་རྗེས་
ལ་བཅོམ་ལྡན་འདས་ཀྱི་མིག་གི་དབང་པོ་ལ་ཨོཾ་ཡིག་དམར་པོ། རྣ་བའི་དབང་པོ་ལ་ཧཱུཾ་ཡིག་སྔོན་པོ། སྣའི་དབང་པོ་ལ་ཙི་ཡིག་སེར་པོ། ལྕེའི་དབང་པོ་ལ་ཨ་ཡིག་དཀར་པོ། གཙུག་ཏོར་གྱི་གནས་སུ་རེ་ཕ་ལྗང་གུ། ཡིད་ལ་ཁེ་ཡིག་དཀར་པོ་བསམ་པར་བྱའོ་ཞེས་བྱ་སྟེ།

དབང་པོ་དྲུག་ཏུ་ཡི་གེ་དྲུག་བཀོད་པ་ནི་གོ་ཆའོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སྟེ། གོ་རིམས་བཞིན་དུ་མགོ་བོ་དང་མགྲིན་པ་དང་སྙིང་གར་རོ། །ནུ་མའི་བར་དུ་ཉི་མ་ལ་གནས་པའི་རང་གི་ལྷའི་ས་བོན་ཡེ་ཤེས་ཀྱི་རང་བཞིན་བལྟ་སྟེ། དེའི་འོད་ཟེར་གྱི་
ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཧཱུཾ་ཡིག་གིས་བགེགས་བསྐྲད་ཅིང་ཡོན་ཆབ་དབུལ་ལོ། །ཛཿཧཱུཾ་བཾ་ཧོཿཞེས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའོ། །དེ་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་པའི་དམ་ཚིག་གི་དཀྱིལ་འཁོར་བལྟའོ། །དེ་ནས་
ཡེ་ཤེས་ཀྱི་ས་བོན་གྱིས་འོད་ཟེར་རྣམས་བསྐུལ་བས། དེ་བཞིན་གཤེགས་པ་རྣམས་ཀྱིས་བཏང་བའི་རྣལ་འབྱོར་མ་ལྔ་འོངས་ཏེ། ཡེ་ཤེས་ལྔའི་ཆུ་ཡིས་བཀང་བའི་རིན་པོ་ཆེའི་བུམ་པས་བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་དབང་བསྐུར་བར་བྱའོ། །དབང་བསྐུར་བས་སྤྱི་བོར་
རང་གི་རིགས་ཀྱི་བདག་པོ་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས་ལ་མི་བསྐྱོད་པའོ། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་གོ་རིམས་བཞིན་དུ་རྟག་པ་དང་མི་བསྐྱོད་པ་དང་རིན་ཆེན་བདག་པོ་དང་གསུང་གི་བདག་པོ་དང་དོན་ཡོད་གྲུབ་པའོ། །དེ་ནས་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱི་སྒོ་ནས་
ཡོ་བྱད་ལྔ་དང་འདོད་པའི་ཡོན་ཏན་ལྔའི་མཆོད་པ་རྣམས་ཀྱིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་མཆོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོའི་ཞལ་ནས་བསྟོད་པ། མཆེ་བ་གཙིགས་ཤིང་འཇིགས་ཆེན་པོ། །རྒྱུ་མའི་ཕྲེང་བས་བརྒྱན་པ་སྟེ། །ཤ་ཆེན་པོ་ནི་གསོལ་བར་
མཛད། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །དེ་ནས་ཕྱོགས་ཀྱི་ལྷ་མོ་རྣམས་སྤྲོས་པའི་སྦྱོར་བས་སངས་རྒྱས་མཁའ་འགྲོ་མར་ནུབ་པར་འགྱུར་རོ། །དེ་ནས་འདིའི་མགོ་བོ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་དག་ཏུ་གོ་རིམས་བཞིན་དུ། ཨོཾ་ཧཱུཾ་སྭཱ་ཨཱཿ
ཧཱ་ཞེས་པ་དེ་རྣམས་རྣམ་པར་བསྒོམ་མོ། །དེ་རྣམས་གཅིག་ལ་གཅིག་སྤྲོས་པས། འདིའི་ལུས་མངོན་པར་ཁྱབ་པར་བྱས་པ་དེས། ཧྲཱིཿཡིག་ལས་པདྨ་དམར་པོ། ཨཱཿཡིག་ལས་སྐྱེས་པ་མུ་ཏིག་ལྟ་བུའི་ཟེ་འབྲུ་དང་། དེ་བཞིན་དུ་ཧཱུཾ་ཡིག་ལས་སྐྱེས་པའི་ནོར་བུ་དང་། ཨ་ནུ་རཱ་ག་

ཡ་མི་ཞེས་བྱ་བའི་སྔགས་འདིས་དགའ་བ་རབ་ཏུ་བསམ་མོ། །དེ་ནས་ནོར་བུ་གཉིས་ཀྱིས་འོད་ཟེར་བསྐུལ་བས། དེ་བཞིན་གཤེགས་པ་རྣམས་བྱོན་ནས་ཁར་རབ་ཏུ་ཞུགས་ཏེ། ཞུ་ཞིང་པདྨའི་ནང་དུ་ལྷུང་བ་དེ་ནི་ཡེ་ཤེས་ལྔའི་བདུད་རྩི་སྟེ། ལྕེ་རྩེར་ཟིལ་
པས་ལེན་པར་བྱེད་པར་བསམ་ཞེས་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་ལྔ་དང་། བཅོམ་ལྡན་འདས་བདག་ཉིད་ཀྱི་སྐུ་ལས་སྤྲིན་སྤྲོས་པ་རྣམས་ཀྱིས་
སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི་གོ་རིམས་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཤིན་ཏུ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། རྡོ་རྗེ་འཛིན་པ་ཆེན་པོའི་
གོ་འཕང་ཐོབ་པར་བསྐྱེད་ཅིང་། རང་གི་སྐུའི་སྤྲིན་རྣམས་རྩ་བའི་སྐུ་རུ་བསྡུས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པའོ། །གང་གི་ཚེ་ཡང་རྣལ་འབྱོར་པ། སེམས་བརྟན་པར་བྱེད་པར་འདོད་པས། ཏིང་ངེ་འཛིན་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པ་དེའི་ཚེ། མདོར་བསྡུས་
ནས་ཏིང་ངེ་འཛིན་གསུམ་པོ་བསྒོམ་པར་བྱའོ། །ལྟེ་བའི་པདྨའི་ཟེའུ་འབྲུ་ལ་ཟླ་བ་དང་ཉི་མའི་ཁ་སྦྱོར་མཐའ་སྐོར་མཚམས་མེད་པར་བསམས་ཏེ། དེའི་དབུས་སུ་ཡུངས་ཀར་ཕྲ་མོ་ཙམ་ལ་དཀར་ཞིང་གསལ་བ་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་བདེ་བ་ཆེན་པོའི་བདག་ཉིད་དཔའ་
བོ་ཆེན་པོ་བསམ་པར་བྱའོ། །དེའི་འོད་ཟེར་གྱི་རི་མོ་པདྨའི་སྐུད་པ་ལྟ་བུ་ཟླ་བའི་དབུས་ནས་བྱུང་བས་ཁ་སྦྱོར་གྱི་ངོས་གཉིས་ལན་གསུམ་དཀྲིས་ཤིང་བཅིངས་ཏེ་གནས་པར་བལྟའོ། །ཟླ་བའི་སྟེང་དུ་གནས་པ་དཀྲིས་པ་གསུམ་གྱི་ཕྱེད་ལ་སོ་སོར་ཡི་གེ་བཅུ་དྲུག་གིས་བརྒྱུས་
པར་བལྟའོ། །དཔལ་སྡོམ་པ་བླ་མ་ལས་གསུངས་པ། ཀ་ཡེ་ལ་སོགས་ད་ཡི་མཐར། །ང་ཉ་སྤངས་ཏེ་དགོད་པར་བྱ། །དྷ་ཡིག་ལ་སོགས་ཀྵ་ཡི་མཐར། །ཕྲེང་བ་གཉིས་པོ་མཉམ་པར་བྲི། །དབུས་སུ་ཨ་ཡི་ཕྲེང་བ་སྟེ། །དགོད་བྱ་ཟླ་བའི་དཀྱིལ་འཁོར་ལ། །ཞེས་བྱའོ། །

འདིར་ཡང་གསུངས་པ། བཟང་པོ་ཡི་གེའི་ཕྲེང་བ་ཡིས། །ཞེས་བྱའོ། །དེ་ལྟར་ལྟེ་བའི་པདྨ་ཟེའུ་འབྲུ་ལ། །ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་དཔའ་བོ་བསྒོམ་པར་བྱའོ། །བསྒོམས་པ་ཡོངས་སུ་སྨིན་པར་མོས་པར་བྱ་བ་དེའི་ཕྱིར། གཉིས་པ་ཉིད་དེ་འོད་ཟེར་ཕྲ་མོའི་རི་མོ་འབར་ཞིང་
གཅིག་གྱེན་དུ་འབར་བའི་གནས་སྐབས་བལྟའོ། །དེའི་འོད་ཀྱིས་འཛག་པའི་བདུད་རྩིས་གང་བ་ཐོབ་པའི་དཔའ་བོ་དང་འོད་ཟེར་དེ་ཡང་འདྲ་བའོ། །དེ་ནས་དཔའ་བོ་ངེས་པར་བྱས་པས་ཇི་སྲིད་སེམས་བརྟན་པ་ཐོབ་པའི་མཚན་མ་ཉེ་བར་མཚན་པ་དེ་སྲིད་དུ་བལྟའོ། །
ཉེ་བར་མཚོན་པ་བརྟན་པ་བདེ་བའི་ཚེ། འོད་ཟེར་གྱི་རི་མོ་གསལ་བར་སྣང་བས་སྣ་ཚོགས་པ་སྣང་བར་བསམས་ཏེ། ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་བལྟའོ། །ཏིང་ངེ་འཛིན་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པ་ཞེས་བྱ་སྟེ། ཐིག་ལེའི་རྣལ་འབྱོར་རོ། །རིག་པ་
བཟླས་པའི་དངོས་གྲུབ་ཅེས་པས་བཟླས་པ་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལྷ་དྲུག་གི་འཁོར་ལོ་དང་ལྡན་པའི་རྣལ་འབྱོར་པས། ལྟེ་བར་པདྨའི་ཟེའུ་འབྲུ་ལ་གནས་པ་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་དཔའ་བོ་བསམ་པར་བྱའོ། །དེ་ཉིད་ཀྱི་འོད་ཟེར་གྱི་རི་མོ་ལ་ཡི་གེའི་ཕྲེང་བ་
གསུམ་གྱིས་བརྒྱན་པ་དེ་ལ་ཁ་སྦྱོར་དཀྲིས་ཤིང་བཅིང་བར་སྔགས་ཀྱི་བཟླས་པ་བྱའོ། །རྒྱུད་འདིར་སྔགས་ཀྱི་ཡི་གེ་གསུམ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱི་སྔགས་ནི་ཨོཾ་ཧཱུཾ་ཧཱུཾ་ངོ་། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་གོ་རིམས་བཞིན་དུ་ཨོཾ་ཨོཾ་ཧཱུཾ་ངོ་། །ཨོཾ་ཧཱུཾ་ཧཱུཾ་ངོ་། །
ཨོཾ་སྭཱ་ཧཱུཾ་ངོ་། །ཨོཾ་ཨཱཿཧཱུཾ་ངོ་། །ཨོཾ་ཧཱ་ཧཱུཾ་ངོ་། །ཇི་ལྟར་བཟླས་པ་བྱ་ཞེ་ན། ཁ་སྦྱར་གྱི་ནང་དུ་བཟླས་པར་བྱ་སྟེ། ས་བོན་གྱི་ཡི་གེ་བཀོད་ལ། དེའི་མགོ་བོར་དཔའ་བོ་བླང་བར་བྱའོ། །ཨོཾ་ཡིག་ཡི་གེ་བརྗོད་པ་ན། དཔའ་བོ་ལས་འོད་ཟེར་གྱི་རི་མོ་དབུགས་དབྱུང་བའི་རླུང་དང་ལྷན་ཅིག་
སྟེང་དུ་སོང་བ་དེས་སྣང་བར་བྱས་ནས། འགྲོ་བ་རྣམས་སངས་རྒྱས་ཀྱི་བདག་ཉིད་དུ་བྱའོ། །ས་བོན་གྱི་ཡི་གེ་ཧཱུཾ་བརྗོད་པ་ན། སངས་རྒྱས་དེ་ཐམས་ཅད་རང་གི་ལྷའི་རང་བཞིན་དུ་མོས་པར་བྱའོ། །ཐ་མའི་ཧཱུཾ་ཡིག་བརྗོད་པ་ན། དབུགས་རྔུབ་པའི་རླུང་དང་ལྷན་ཅིག་འགུགས་པས་

སངས་རྒྱས་ཀྱི་བདག་ཉིད་འགྲོ་བ་དེ་རྣམས་དཔའ་བོ་ལ་བསྡུ་བར་བྱའོ། །དེ་ལྟར་ཇི་སྲིད་མི་སྐྱོ་བའི་བར་དུ་ཡང་དང་ཡང་དུ་བྱའོ། །སྐྱོ་ན་ངལ་བསོ་སྟེ། དགེ་བ་འདི་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་
དུ་ཡོངས་སུ་བསྔོའོ། །སྔ་མ་བཞིན་དུ་མཆོད་པ་བྱ་སྟེ། རང་གི་སྙིང་གའི་ཡི་གེ་ལ་དཀྱིལ་འཁོར་ནུབ་པར་བྱའོ། །དེ་ནས་ལངས་ནས། རང་གི་ལྷའི་ངོ་བོར་བདག་ཉིད་མོས་པར་བྱ་ཞིང་བྱེད་པ་ཐམས་ཅད་དང་བཟའ་བ་ཐམས་ཅད་ས་བོན་ལྔ་ཡེ་ཤེས་ལྔའི་བདག་ཉིད་དུ་བྱ་སྟེ། །རང་གི་སྙིང་
གར་ལྷའི་འཁོར་ལོར་མོས་པར་བསམ་པར་བྱའོ། །ལྕེའི་ཧོམ་གཟར་ལས་འཛག་པའི་བདུད་རྩི་བསྲེག་པར་བྱའོ། །ཁྲུས་བྱེད་པ་ན་ལྷའི་དབང་བསྐུར་བའི་ཆོ་གར་མོས་པར་བྱའོ། །ཉི་མ་ཕྱེད་དང་དགོངས་ཀའི་དུས་སུ་དཀྱིལ་འཁོར་གྱི་ཁང་པར་བཞུགས་ཤིང་། རང་གི་སྙིང་གའི་འོད་ཟེར་
གྱིས་རྟེན་གྱི་དཀྱིལ་འཁོར་སྤྲུལ་པར་བྱའོ། །དེ་ནས་ས་བོན་དེ་ཉིད་ལས་རྣལ་འབྱོར་མ་བཞི་པོ་རིམ་གྱིས་སྤྲོས་ཏེ། གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །སྔ་མ་བཞིན་དུ་དབང་ལ་སོགས་པ་ཆོ་ག་ཐམས་ཅད་རྗེས་སུ་བསྒྲུབ་པ་དང་དཀྱིལ་འཁོར་ནུབ་པར་བྱའོ། །དེ་ནས་ལངས་པ་ན་སྔ་མ་
བཞིན་དུ་མཉམ་པར་གཞག་པའི་རྣལ་འབྱོར་བྱའོ། །ནམ་ཕྱེད་ཀྱི་དུས་སུ་ཁྱད་པར་འདི་ཡིན་ཏེ། ཡང་དག་པར་མཆོད་པ་དང་ཡོན་ཆབ་ཕུལ་ཏེ། ཨོཾ་བཛྲ་མུཿཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བ་དང་། རང་གི་ཡེ་ཤེས་ཀྱི་ས་བོན་ལ་དམ་ཚིག་གི་དཀྱིལ་འཁོར་
ནུབ་པ་དང་། སྣང་བ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་མོས་པར་བྱས་པས་ཉལ་ལོ། །དེ་ལྟར་ཉི་མ་གཞན་ལ་ཡང་ལྷ་མོའི་གླུས་བསྐུལ་ནས་ལྡང་བ་དང་ཐམས་ཅད་སྔ་མ་བཞིན་བྱའོ། །དེ་ལྟར་ཉིན་རེ་བཞིན་དུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་རྙེད་པ་དེ་སྲིད་དུའོ། །དེ་ལ་དཀྱིལ་འཁོར་
གྱི་བདག་པོའི་སྔགས་འབུམ་བཟླས་པས་འགྲུབ་པོ། །ལྷག་མ་ནི་ཁྲི་བཟླས་པས་འགྲུབ་བོ། །ཕྲེང་བའི་སྔགས་ནི་རྒྱུད་གཞན་ལས་བླང་བར་བྱའོ། །དེ་ཐམས་ཅད་རང་གི་སྙིང་གར་ཉི་མའམ་ཟླ་བ་ལ་ཅི་རིགས་པར་ཟླུམ་པོར་བྱས་ལ། མར་མེའི་ཕྲེང་བ་བཞིན་འབར་བ་སེམས་

ཀྱིས་མངོན་པར་བྲིས་ཤིང་། ཡིད་ཀྱིས་བརྗོད་པ་བཞིན་བཟླས་པ་བྱའོ། །སྒྱུ་འཕྲུལ་ཆེན་མོའི་སྒྲུབ་པའི་ཐབས། །བདག་གིས་སྨྲས་ལས་གང་སྐྱེས་པའི། །དགེ་བ་དེ་ཡིས་བདག་སངས་རྒྱས། །སྣ་ཚོགས་དོན་གྲུབ་དབང་ལྡན་ཤོག །སློབ་དཔོན་མཁས་པ་ཆེན་པོ་དཔལ་
རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ། བཟླས་པའི་སྔགས་སོ། །ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་
ཨཱ་གཙྪ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱི་ནཾ། ཧྲྀ་ད་ཡ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཧཱུཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་སྭཱ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཨཱཿ། ཨོཾ་
བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཧཱཿཨོཾ་སརྦ་ཌཱ་ཀི་ནཱི་ཡོ་གི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཧཱུཾ་ཧ་ཧ་ཧ་ཧ་ཧྲཱིཿ། དེ་ལྟར་ན་གཏོར་མའི་ཆོ་གའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ནཾ་མཎྜ་ལ་བི་དྷིཿ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག །དཔལ་
རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་དུས་ཆུ་ཡི་མདོག་ཅན་བརྒྱད་ཕྱེད་ཞལ། །ཕྱག་བཞི་ཞབས་གཉིས་བདུད་ཀྱི་སྙིང་གར་མནན། །རང་རིག་འོད་ཀྱིས་འཁྲིལ་ཞིང་བདེ་གང་ཡིན། །བདེ་གཤེགས་ཀུན་
འབོད་རྡོ་རྗེ་འཛིན་ལ་བདུད། །སྐྱེ་བོ་རྟོག་པའི་དབའ་རླབས་གཡེངས་པ་ཡིས། །སོ་སོའི་གཞུང་མངས་བལྟ་བར་མི་ནུས་ཕྱིར། །ལུང་དང་མན་ངག་རིགས་པས་གཞུང་བཀོད་དེ། །མདོར་བསྡུས་དྲན་པ་ཙམ་གྱིས་བྲི་བར་བྱ། །དེ་ལྟར་རེ་ཞིག་དང་པོར་སློབ་མ་དབང་བསྐུར་བའི་སྣོད་
དང་སྐལ་བར་ལྡན་པ་ནི། དེ་ཡང་། འཇམ་ཞིང་སྙན་སྨྲ་སྙིང་རྗེར་ལྡན། །དགེ་བའི་ལས་ལ་མངོན་པར་བརྩོན། །ཐེག་པ་ཆེ་ལ་ལྷག་པར་དང་། །རྒྱུན་དུ་བླ་མ་ལ་གུས་ཤིང་། །སྦྱིན་དང་གཏོང་ལ་མངོན་དགའ་བ། །སློབ་མ་དེ་ནི་ཡོངས་སུ་གཟུང་། །དེ་བས་ན་མཚན་ཉིད་དེ་ལྟ་བུ་དང་ལྡན་

པའི་སློབ་མས་དབང་ནོད་པའི་འོས་སུ་གྱུར་པའི་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ལ་མཁས། །དེས་ནི་དཀྱིལ་འཁོར་བྲི་བར་བྱ། །དེ་བས་ན་དེ་
ལྟ་བུ་དང་ལྡན་པའི་སློབ་དཔོན་ལ་ལན་གཉིས་ནས་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་གལ་ཏེ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་རྫས་དང་། ཡོ་བྱད་འདི་དང་འདི་ལ་སོགས་པ་འབྱོར་རམ་མི་འབྱོར་ཞེས་དྲི་བར་བྱའོ། །དེ་ནས་དེ་དག་འབྱོར་
བར་ཁས་ལེན་ན། དེའི་ཚེ་གནང་བ་བྱིན་ལ་སློབ་མ་སྦྱོང་ཞིང་བསྲུང་བ་བྱ་སྟེ། སློབ་མའི་རྐང་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། གསང་བར་རཾ་ལས་མེའི་དཀྱིལ་འཁོར། སྙིང་གར་ལས་དང་ཉོན་མོངས་པའི་སྡིག་པའི་ངོ་བོ་པཾ་མམ། ཀཾ་ནག་པོ་ཅིག་བསམས་
ལ། དེ་ནས་རླུང་གིས་མེ་སྦར་བས་སྙིང་གའི་ཀཾ་བསྲེགས་ཏེ། ལས་དང་ཉོན་མོངས་པའི་སྡིག་པ་མི་དགེ་བ་ཐམས་ཅད་སྦྱང་བར་བསམས་ལ། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བཀོད་ལ། འཁོར་ལོ་ཅན་གྱི་སྔགས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླས་ཏེ་བསྲུང་བ་
བྱའོ། །དེ་ནས་སློབ་དཔོན་གྱིས་བསྙེན་པ་ལ་འཇུག་སྟེ། མཎྜལ་དང་མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས། ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་བལྟས་ལ། མཆོད་པ་ལ་སོགས་པ་བྱ། དེ་ནས་ལྷའི་ཏིང་ངེ་འཛིན་དང་ལྡན་པས་བཟླས་པ་བྱ་སྟེ། འཁོར་ལོ་
ཅན་གྱི་འབུམ་ཕྲག་གཅིག་ཏུ་བཟླས་ལ། ལྷ་མོ་རྣམས་ཀྱི་ཁྲི་ཕྲག་རེ་རེ་བཟླས་སོ། །དེ་ནས་ཡང་ས་མཆོད་པ་ལ་སོགས་བྱས་ལ། གྲོགས་བཟང་པོ་དག་དང་བཅས་པས་ས་བརྟག་ཅིང་སྦྱང་བར་བྱ་སྟེ། དེ་ཡང་། གཙུག་ལག་ཁང་དང་ཚོང་དུས་དང་། །ལྡུམ་ར་
གྲོང་ངམ་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་ཡི་ཆར། །མཉམ་པར་གཞག་ཅིང་གཟུང་བར་བྱ། །དེ་བས་ན་དེ་དག་ཏུ་བརྟགས་པའམ། ཡང་ན་དུར་ཁྲོད་དང་ནགས་ཚལ་ལ་སོགས་པ་གང་དང་གང་ཡིད་དུ་འོང་བའི་གནས་དེར་ས་སྦྱང་བར་བྱ་སྟེ། དེ་ལ་འང་

གཉིས་ཏེ། ཕྱི་སྦྱང་བ་དང་། ནང་གི་སྦྱང་བའོ། །ཕྱི་ལ་ཡང་གཉིས་ཏེ། ལས་ཀྱིས་སྦྱང་བ་ནི་ཞི་བའི་ཐབ་ཁུང་དུ་མི་རུས་ཀྱི་ཕྱེ་མ་ལ་སོགས་པས་སྦྱིན་སྲེག་བྱས་ལ། ཉེ་བར་ཞི་བར་བྱས་ལ་བྱ་བས་སྦྱང་བ་ནི། དེ་ཡང་། པུས་ནུབ་ཙམ་དུ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་
བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་འདོད་པ་ཡིན། །དེ་བས་ན་པུས་ནུབ་ཙམ་དུ་བརྐོས་ལ་སའི་སྐྱོན་རྣམས་བསལ་ནས། དེ་ཉིད་ཀྱིས་ལེགས་པར་བཀང་སྟེ། གཞུང་དང་མཐུན་པར་བྱས་ལ། དེ་ནས་ཆུའི་ལྟས་བསྟན་པར་བྱ་སྟེ། དེ་ཡང་། མཐོ་གང་ཟླུམ་པོར་
བརྐོས་ནས་ནི། །བ་ཡིས་བྱུགས་ལ་ཆུ་ཡིས་དགང་། །མ་ཡེངས་སེམས་ཀྱིས་ཤར་ཕྱིན་ལ། །སླར་ལོག་ལྟས་ནི་བརྟག་པར་བྱ། །དེ་བས་ན་ཆུའི་ལྟས་རབ་འབྲིང་གསུམ་བརྟགས་ལ་དེ་ནས་དྲི་ཞིམ་པོ་དང་བཅས་པའི་སས་ཁུང་བུ་ལེགས་པར་བཀང་ནས། རིན་པོ་ཆེ་ལྔ་དང་འབྲུ་
ལྔས་སའི་དབུས་སུ་བཅུག་ལ་ལེགས་པར་བཅགས་ཏེ། བའི་རྫས་ལྔས་བྱུག་ཅིང་ཉེ་འཁོར་དུ་མེ་ཏོག་སིལ་མ་བཀྲམ་པ་དང་། ཕྱོགས་མཚམས་སུ་བ་དན་དང་། གདུགས་དང་། རྒྱལ་མཚན་ལ་སོགས་པ་བཙུགས་ལ་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་གཏོར་བ་
ནི་བྱ་བས་སྦྱང་བའོ། །ནང་གི་སྦྱང་བ་ནི་ནང་ལ་གཞོལ་བའི་སེམས་ཀྱིས་ཆོས་ཉིད་ཀྱི་སྔགས་བཟླས་ཏེ་སྟོང་པ་ཉིད་དུ་བསྒོམས་ལ། དེའི་ངང་ལས་ཡི་གེ་ཧཱུཾ་ལས་རྡོ་རྗེའི་ས་གཞིར་བསྒོམ་ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུཾ་ཞེས་པས་བྱིན་གྱིས་བརླབ་པའོ། །དེ་ནས་ས་བསླང་སྟེ། མཆོད་
པ་བཤམས་ལ་སའི་དབུས་སུ་ལྷའི་ཏིང་ངེ་འཛིན་ལ་གནས་པས་སྙིང་རྗེ་ཆེན་པོ་དམིགས་ཏེ། ལག་པ་གཡས་པ་ས་ལ་བརྡབས་པས་ས་གས་པའི་སེར་གནས། སའི་ལྷ་མོ་སྐུ་མདོག་སེར་མོ། ཞི་བའི་བཞིན་ཅན་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ་ཅིག་བྱུང་བར་བསམས་
ལ། མཆོད་པ་དང་གཏོར་མ་ཕུལ་ཏེ། དཔལ་ཧེ་རུ་ཀ་མཆོད་ཅིང་། མ་མ་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་ས་བསླངས་ལ། དེ་ནས་གསོལ་བ་གདབ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་

པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ལ་དེ་ཉིད་དུ་ཐིམ་པར་བསམ་མོ། །
ས་བཟུང་བ་ནི་སློབ་དཔོན་སའི་དབུས་སུ་འདུག་སྟེ། མེ་ཏོག་གི་ཕྲེང་བ་དང་། ཅོད་པན་ལ་སོགས་པས་བརྒྱན་ཏེ། རྡོ་རྗེ་དྲིལ་བུ་གཟུང་སྟེ་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པ་ལ་སློབ་མ་བཞིས་རྒྱན་ཆ་དང་རྡོ་རྗེ་དྲིལ་བུ་འཛིན་པས་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷ་མོ་བཞིར་བསྒོམས་
ལ། ཕྱོགས་བཞི་ནས་གསོལ་བ་གདབ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་འཛིན་པ་ལས་བྱུང་བའི། །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མ་ཐམས་ཅད་ཡང་དག་
སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོང་། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་
བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །དེ་ནས་བདག་ལྷའི་ང་རྒྱལ་གྱིས་བསྒྱིངས་པ་དང་བཅས་པས་མིག་གཡས་པར་ཨ་ལས་ཟླ་བ་གཡོན་པར་ཊ་ལས་ཉི་མ་བསམས་ཏེ། རྐང་པའི་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་
གདེངས་པ་བསྒོམས་ལ། དབང་ལྡན་དུ་སོང་ལ་རྡོ་རྗེ་གསོར་ཏེ། ཧཱུཾ་རིང་པོ་བརྗོད་ལ། དེང་སློབ་དཔོན་ས་ཕྱོགས་འདིར་སློབ་མའི་དོན་དུ་ལས་འདི་བརྩམས་ཀྱིས། འདི་ན་གནས་པའི་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་སྲིན་པོ་ལ་སོགས་པ་
གང་དག་གནས་པའི་སའི་བདག་པོ་རྣམས་མྱུར་དུ་དེང་ཤིག །འདི་ལྟར་དཔལ་ཧེ་རུ་བཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཤིག་གང་དག་མི་འགྲོ་བ་དེ་དག་ལ་ངའི་རྡོ་རྗེ་དང་བཅས་པའི་ཁ་ཊྭཱཾ་ག་འདིས་མགོ་ཚལ་པ་བརྒྱར་བཀས་པར་བྱའོ་ཞེས་བྱ་བ་ལན་གསུམ་དུ་བརྗོད་ནས་དེ་ནས་ཡང་རྡོ་རྗེ་

གསོར་ནས། ཧཱུཾ་ལུས་ངག་སེམས་དང་ལྡན་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ཁ་ཊྭཱཾ་གས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་བདག་ཚིག་ལས་འདས་ན། །ཞིག་འགྱུར་
འདིར་ནི་ཐེ་ཚོམ་མེད། །གཡས་བརྐྱང་དང་གཡོན་བསྐུམ་ལ་སོགས་པའི་རྡོ་རྗེའི་འགྲོས་ཀྱིས་ཀུན་དུ་བསྐོར་ཞིང་བཅགས་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་ཙནྡན་དམར་པོ་བསྐུས་ཏེ། མེ་ཏོག་དམར་པོ་བཏགས་པ་དགུ་དབུས་དང་ཕྱོགས་མཚམས་སུ་དགུ་བཏབ་ལ་ལྷ་ལ་ཕྱག་བྱའོ། །ས་བསྲུང་བ་ནི་དཀྱིལ་འཁོར་གྱི་
སའི་དབུས་གནས་ལ་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར། རབ་དང་དྲ་བ་དང་ས་གཞི་ལ་སོགས་པའི་སྲུང་བའི་འཁོར་ལོ་བསྒོམས་ལ། སྙིང་ག་ནས་བགེགས་མཐར་བྱེད། སྟོད་ཁྲོ་བོ་སྨད་ཕུར་བུའི་དབྱིབས་ཅན་དུ་བྱུང་སྟེ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ།
སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱཛྙཱ་པ་ཡཱ་ཏི། ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བགེགས་རྣམས་ཕུར་བུས་བཏབ་སྟེ། ཨོཾ་རཀྵ་རཀྵ་ཞེས་པ་དང་འབྲུ་གསུམ་བཟླས་པར་བྱའོ། །དེ་ནས་ལྷ་སྟ་གོན་ལ་གནས་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུས་
དབུས་སུ་སོར་བཅུ་པ་གྲུ་བཞིར་བྱུགས་ལ། ཕྱོགས་བཞིར་ལྷ་མོ་རྣམས་ཀྱི་གནས་སུ་ནི་སོར་དྲུག་པའི་ཟླུམ་པོར་བྱས་ལ། སོ་སོར་མེ་ཏོག་རེ་རེ་གཞག་སྟེ། སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ལ་བཀུག་ལ་མཆོད་པའི་ཁྱད་པར་གྱིས་མཆོད་དེ། དེའི་རྗེས་ལ་བསྟོད་
པ་བྱ་སྟེ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རྟག་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་ལ་བདག་ཕྱག་འཚལ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་
མཁའ་འགྲོ་ཕྱག་འཚལ་བསྟོད། །མི་བསྐྱོད་པ་ཡི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་བསྟོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་

གོས་མེད་པའི། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨའི་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་
རབ་རྫོགས་བྱེད། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། དེ་ནས་བསྐོར་བ་བྱས་ལ་བདུད་རྩི་ལྔ་དང་ལྡན་པའི་བདུག་སྤོས་ལག་ཏུ་ཐོགས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་འདི་སྐད་ཅེས་གསོལ་བ་
གདབ་སྟེ། ཧེ་རུ་ཀ་དཔལ་དཔའ་བོའི་མཆོག །རིག་པའི་རྒྱལ་ལ་ཕྱག་འཚལ་འདུད། །ཁྱེད་རྣམས་ལ་ནི་མཆོད་པ་དང་། །སློབ་མ་རྣམས་ལ་བརྩེ་བྱའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། །དཀྱིལ་འཁོར་ས་ནི་བསྒྲུབ་པར་འཚལ། །བཅོམ་ལྡན་
བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པར་འོས། །འགྲོ་བའི་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་མགོན་པོ་བརྩེར་ལྡན་དང་། །བྱང་ཆུབ་སེམས་དཔའི་དགྲ་བཅོམ་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །
གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་རྡོ་རྗེའི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རྡོ་རྗེ་ཆེ་གེ་མོ་བདག་གིས། །ཧེ་རུ་ཀ་འབྱུང་དཀྱིལ་འཁོར་མཆོག །ཡོ་བྱད་ཅི་འབྱོར་བདག་གིས། །
འགྲོ་བ་དག་ཕྱིར་བདག་སྒྲུབ་ན། །བདག་དང་སློབ་མར་བཅས་པ་ལ། ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པ་ནི་ལྷ་སྟ་གོན་ལ་གནས་པའོ། །
དེ་ནས་ལས་ཀྱི་བུམ་པ་སྟ་གོན་ལ་གནས་པའི་བུམ་པ་མཚན་ཉིད་དང་ལྡན་པ་གཅིག་དྲི་ཞིམ་པོས་བྱུགས་ཏེ། ལས་ཐམས་ཅད་པའི་མཚན་མ་བྲིས་ལ། དེ་ཉིད་ཀྱི་སྔགས་ཀྱིས་ཡུངས་ཀར་གྱིས་བརྡེག་གོ། །གུ་གུལ་གྱིས་བདུག་ལ་དེར་ཆུ་དང་འབྲུ་དང་སྨན་དང་རིན་པོ་ཆེ་རྣམས་སྩལ་ཏེ།

ཁ་རྒྱན་དང་མགུལ་ཆིངས་དང་ཕྲེང་བ་ལ་སོགས་པས་བརྒྱན་ལ། དེ་ནས་སྟོང་པ་ཉིད་དུ་བསྒོམ། །དེའི་ངང་ལས་པཾ་ལས་པདྨ། བཾ་ལས་བུམ་པ། དེའི་ནང་དུ་པདྨ་ལ་གནས་པའི་ཁྲོ་བོ་བསྐྱེད་ལ་སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་ཁྲོ་བོ་བཀུག་སྟེ་བཅུག་ནས་མཆོད་པ་དང་གཏོར་མ་
གཏང་བ་དང་། ཁ་རྒྱན་གྱི་སྟེང་དུ་རྡོ་རྗེ་བཞག་སྟེ། ལས་ཐམས་ཅད་པའི་སྔགས་འབྲུ་གསུམ་དང་སྤེལ་བ་བཟླས་ལ། བཅོམ་ལྡན་འདས་རིག་པའི་རྒྱལ་པོས། །བདག་ཅག་གིས་ལས་འདི་མ་གྲུབ་ཀྱི་བར་དུ་བགེགས་ཐམས་ཅད་བཟློག་ཅིག་ཅེས་བརྗོད་ལ་སྒོ་ཕྱོགས་སུ་བཞག་
གོ། །སློབ་མ་སྟ་གོན་ལ་གནས་པ་ནི་སྔར་བསྟན་པ་ལྟར་ཤིན་ཏུ་བརྟགས་པའི་སློབ་མ་ཁྲུས་བྱས་ལ་གོས་གསར་པ་བགོས་ནས་མཎྜལ་བྱས་ཏེ། ལག་ན་མེ་ཏོག་དང་བཅས་པ་དཀྱིལ་འཁོར་གྱི་དྲུང་དུ་བཞག་སྟེ། པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་གནས་པ་ལ། སློབ་དཔོན་གྱིས་
འདི་སྐད་བརྗོད་དེ། སྔགས་ཀྱི་དངོས་གྲུབ་དོན་དེ་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །གང་དག་འཇིག་རྟེན་ཕ་རོལ་གཉེར། །དག་པ་ཆེན་པོར་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ལ། །བློ་ལྡན་དཀྱིལ་འཁོར་
གཞུག་བྱ་སྟེ། འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བྱ་བ་བསྒྲགས་ལ། དེ་ནས་སློབ་མས་འདི་སྐད་གསོལ་བ་གདབ་
སྟེ། སངས་རྒྱས་མཁའ་འགྲོས་ཡོངས་འཁྱུད་པའི། །དཔའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བདག་ལ་བྱང་ཆུབ་
སེམས་ཀྱང་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་བརྗོད་དོ། །བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །

ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །སྔགས་སྤྱོད་ཚུལ་གྱིས་ཆོ་ག་རྣམས། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་གིས་ནི་གསང་སྔགས་
ཀྱི། །ཆོ་ག་ཡིས་ནི་འདི་བསྒོམས་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །ཤཱཀྱ་སེང་གེ་སྐྱོབ་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །དཔུང་ཆེན་དག་ཀྱང་དེས་བཅོམ་ནས། །འཇིག་
རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་བྱོས་ཤིག །ཅེས་བརྗོད་ལ། དེ་ནས་སློབ་མས་སེམས་བསྐྱེད་ཅིང་། །སྡོམ་པ་བཟུང་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་
ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་ཡི་རངས་ཏེ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །དེ་ནས་རྩ་བའི་སྔགས་ཀྱིས་བསྲུངས་ནས། སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ། ཨོཾ་ཨཱཿཧཱུཾ། ཞེས་པས་བྱིན་གྱིས་བརླབས་ལ། དེ་ནས་ཁུ་ཚུར་གཡས་པས་
རྡོ་རྗེ་བཟུང་སྟེ་ལངས་ལ། ཙནྡན་གྱི་ཆུ་དང་བཅས་པས་སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བརྗོད་ཅིང་ཉེ་རེག་བྱའོ། །དེ་ནས་སྔགས་དང་བཅས་པས་སྤྱི་བོར་མེ་ཏོག །མདུན་དུ་སྤོས། མིག་སྔར་མར་མེ་བྱིན་ལ། དེ་ནས་སོ་ཤིང་ཨ་ཤྭཏྠ་ལ་སོགས་པ་ལས་བྱུང་བ་
གས་ཆག་མེད་ཅིང་དྲང་བ་སོར་བཅུ་གཉིས་པའི་ཚད་ལ་རྩེ་མོའི་ཕྱོགས་སུ་མེ་ཏོག་དང་བཅས་པ་ལ་རྩ་བའི་སྔགས་མངོན་པར་བཟླས་ཏེ་བྱིན་ལ་རྩེ་མོ་མེ་ཏོག་དང་བཅས་པ་འཆོས་ཏེ། བ་ལང་གི་ཀོ་བ་ཙམ་གྱིས་མཎྜལ་བྱུགས་ལ། ཁ་ཤར་དུ་བལྟས་ཏེ་དྲང་པོར་དོར་རོ། །རྩེ་མོ་ཕྱོགས་
གང་དུ་བལྟས་པ་ལས། ལས་དང་དངོས་གྲུབ་ཀྱི་ལྟས་བརྟག་པར་བྱའོ། །དེ་ནས་དྲིའི་ཆུ་ལ་ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནིཤྩ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ་ཞེས་པས་མངོན་པར་བསྔགས་ལ་ལན་གསུམ་བླུད་དོ། །དེ་ནས་ཡི་གེ་དྷཱིཿཞེས་བཟླས་པའི་ཀུ་ཤ་སྔས་སུ་བྱིན་ལ།

ཧ་བཟླས་པ་ནི་སྟན་དུ་སྦྱིན་ནོ། །དེ་ནས་ཨཱཿཧཱུཾ་ཞེས་པའི་སྐུད་པས་མདུད་པ་གསུམ་དང་ལྡན་པ་དཔུང་པར་གདགས་སོ། །དེ་ནས་སྤྲོ་བ་བསྐྱེད་ཅིང་ཆོས་བཤད་དོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་
ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་
ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་
ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་
བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐབས་ཅད་མཁྱེན་པ་ཡི། །དེ་བཞིན་
གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ལ། དེའི་རྗེས་ལ་སློབ་མ་རྩ་བའི་སྔགས་ཀྱིས་བསྲུངས་ལ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྡོམ་པ་འཛིན་དུ་གཞུག་གོ། །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང་། །འཁོར་ལོ་ལྷ་ཡི་དེ་
ཉིད་དང་། །སློབ་དཔོན་ཡོངས་སུ་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །གསང་བའི་སྡོམ་པ་བླ་མེད་གསུངས། །ཞེས་སོ། །དེ་ནས་རྨི་ལམ་ཅི་མཐོང་བ་ང་ལ་སྨྲོས་ཤིག །ཅེས་བསྒོ་ལ་རང་རང་གི་གནས་སུ་བཏང་སྟེ། ལྷ་ལ་ལྷག་པར་མོས་

པས་ཉལ་ལ་རྨི་ལྟས་བརྟག་གོ། །དེ་ནས་སློབ་དཔོན་གྱིས་ནང་དུ་ཞུགས་ཏེ། སློབ་མ་བསྲུང་བའི་ཕྱིར། འཁོར་ལོ་ཅན་གྱི་སྔགས་བཟླས་ནས་གཏོར་མ་གཏང་ངོ་། །ནང་པར་སློབ་མ་བོས་ནས་རྨི་ལྟས་དྲིས་ལ། མི་དགེ་བའི་ལྟས་མཐོང་ན་རྩ་
བའི་སྔགས་བཟླས་ལ་བསྲུང་ངོ་། །སློབ་མ་སྟ་གོན་ལ་གནས་པའོ། །དེ་ནས་ཐིག་བྲི་ཞིང་གདབ་སྟེ། དེ་ཡང་། རས་བལ་ལ་སོགས་ལེགས་བཀལ་བའི། །གསར་ཞིང་སྦོམ་ཕྲ་འཇུར་མདུད་མེད། །དཀྱིལ་འཁོར་ཉིས་འགྱུར་ཚད་ཀྱིས་ནི། །མཁས་པས་
དཀྱིལ་འཁོར་ཐིག་གདབ་བྱ། །དེ་ནས་ལས་ཐམས་ཅད་པའི་སྐུད་པས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཐིག་གདབ་སྟེ། དེ་ཡང་། དང་པོར་ཚངས་ཐིག་གཉིས་བཏབ་ནས། །དེ་འོག་མཚམས་ཀྱི་ཐིག་གཉིས་བྲིས། །དེ་ནས་དཀྱིལ་འཁོར་ཚད་དང་ནི། །མཐུན་པར་གྲུ་བཞིར་གདབ་པར་
བྱ། །ཕྱོགས་དང་མཚམས་དང་ཐིག་གི་བར། །མཉམ་བོར་ཆ་སྙོམས་གདབ་པར་བྱ། །དེ་ནས་སློབ་དཔོན་དབུས་འདུག་ལ། །དབུས་སུ་ཕུར་པ་བཏབ་ནས་ནི། །ཐིག་སྐུད་ཉིས་ལྟབ་ཕུར་ལ་གདགས། །དེ་འོག་སྙིང་པོ་ཕོ་བྲང་ནི། །ཇི་ཙམ་རིགས་པར་ཟླུམ་པོར་བསྐོར། །
དེ་ནས་དབང་ལྡན་ཕྱོགས་ནས་ནི། །སློབ་མས་རིམ་པ་གཉིས་བསྐོར་ནས། །རྡོ་རྗེའི་ར་བ་མེ་རི་བཅས། །ཟླུམ་པོ་གཉིས་སུ་བསྐོར་བྱས་པས། །དབུས་སུ་སྣ་ཚོགས་པད་འདབ་བརྒྱད། །རྡོ་རྗེ་ཕྲེང་བ་བཅས་པར་འགྱུར། །དེ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་ཚོན་སྣ་ལྔ་ཁ་
དོག་བསྒྱུར་བའི་སྐུད་པ་སྣོད་སོ་སོར་བཞག་ལ་བདག་ཉིད་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པ་དང་། མིག་གཉིས་སུ་ཊ་དང་མ་ལས་ཉི་མ་དང་ཟླ་བ་བསམས་ལ། འབར་བའི་ལྟ་བས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ལ་བཀུག་སྟེ། དེར་དགུག་པ་དང་གཞུག་པ་
དང་བཅིང་བ་དང་དབང་དུ་བྱས་ནས་བདུད་རྩི་ལྔས་གཏོར་རོ། །དེ་ཡང་། རབ་ཕྱུང་མྱུར་བར་བསྐུལ་བའི་མིག །མིག་གི་རྫི་མས་འགུགས་བྱེད་པའི། །འབར་བའི་ལྟ་བ་ཞེས་བྱ་སྟེ། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །ཅེས་སོ། །དེ་ནས་ཨོཾ་ཨ་བྷ་ག་བཱན་ཤ་ཤྭ་སྭ་

ཏེ་སུ་ཏྲཾ་པྲ་ཡཙྪ་སྭ་ཙ་ཀྲ་སཱུ་ཏྲ་ནཱ་ཡ་ཧཱུཾ་ཞེས་པས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལས། ཡེ་ཤེས་ཀྱི་སྐུད་པ་བླངས་ཏེ། དེ་ཡང་། ཕན་ཚུན་རྗེས་སུ་རྟོག་པ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་རྗེས་སུ་ཡང་། །འགྲོ་བ་ཕན་ཚུན་རྗེས་སུ་བརྗོད། །ཅེས་བརྗོད་
ལ། སློབ་མ་རྡོ་རྗེ་མཁའ་འགྲོ་མར་བསྒོམས་པ་དང་གཉིས་ཀྱིས་ལྷན་ཅིག་ཏུ་བསྒྲིལ་ཏེ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྥ་ར་སྥ་ར་སརྦ་དྷརྨཱཿཨ་ནུ་པྲ་བིཥྛ་སརྦ་དྷརྨཱ་ཧཱུཾ། ཞེས་བརྗོད་ཅིང་གཅིག་ཏུ་བསྒྲིལ་ལོ། །དེ་ནས་བདག་ཉིད་ནུབ་ཕྱོགས་སུ་གནས་ལ། རྡོ་རྗེ་ལ་དཀྲིས་པའི་
སྐུད་པ་ཁུ་ཚུར་གཡོན་པས་བཟུང་སྟེ། ཤར་ཕྱོགས་ན་གནས་པའི་སློབ་མ་ལ། ཛཿཛཿཛཿཞེས་གཏད་ལ་ཚངས་ཐིག་དང་པོ་གདབ་སྟེ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ། སེམས་ཅན་དོན་བྱེད་དུས་སུ་ནི། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས། །དེ་དག་འདིར་ནི་
གཤེགས་བྱའི་ཕྱིར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བྱ། །ཞེས་བརྗོད་ལ་གདབ་བོ། །དེ་ལྟར་ནམ་མཁའ་ལ་ཐིག་ཐེབས་པ་ནི་ཐིག་སྐུད་ཀྱི་སྒྲས་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ་བྱོན་པར་འགྱུར་རོ། །དེ་ནས་བསྐོར་བའི་ཕྱོགས་སུ་སོང་སྟེ། གཤིན་རྗེའི་ཕྱོགས་སུ་གནས་
པས་བྱང་ཕྱོགས་ན་གནས་པའི་སློབ་མ་དང་ཚངས་ཐིག་གཉིས་པ་གདབ་པོ། །དེ་བཞིན་ས་ལ་ཡང་གདབ་པོ། །དེ་ནས་མེ་མཚམས་སུ་སོང་སྟེ། དབང་ལྡན་གྱི་མཚམས་ན་གནས་པ་དང་ཤར་ཕྱོགས་ཀྱི་ཐིག་གདབ་པོ། །དེ་བཞིན་དུ་སྐོར་ཕྱོགས་དང་སྦྱར་ལ་ས་ཐིག་ཇི་ལྟར་གནས་པ་དེ་
བཞིན་དུ། ནམ་མཁའ་དང་ས་ལ་ཡང་གདབ་པོ། །དེ་ནས་ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་ལོ། །དེ་ནས་བྲི་ཚོན་ཏེ། གསེར་ལ་སོགས་པའི་ཚོན་རྩི་ལྔའམ། མ་འབྱོར་ན་འབྲས་ཕྱེ་ལ་སོགས་པའི་ཕྱེ་མ་ཞིབ་ཏུ་བཏགས་ཏེ། དྲི་ཞིམ་པོས་བདུགས་
ཏེ། ཐོད་པའི་སྣོད་དུ་བཞག་ནས་ཐིག་གི་སྐབས་དང་འདྲ་བར་འབར་བའི་ལྷའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་མངོན་པར་བསྔགས་ལ། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་

རྣམས་སྒྲོལ་བྱེད་པའི། །ཧེ་རུ་ཀ་དཔལ་རྒྱལ་ཆེན་གྱི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་བརྗོད་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་ཚོན་རྩི་རྣམས་སོ་སོར་བཟུང་ལ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རི་མོ་ཕན་ཚུན་མ་འབྱར་བ་དང་། ཡ་ཡོ་མེད་པར་
གཡས་སྐོར་དུ་བྲི། དེའི་རིམ་པ་ལ་ནི་ནང་རོལ་ནག་པའོ། །དེའི་ཕྱིར་དཀར་པོའོ། །དེའི་ཕྱི་རོལ་སེར་པོ། དེ་ནས་དམར་པོ། ཐ་མར་ལྗང་གུའོ། །དེ་ལྟར་རི་མོ་ལྔ་པོ་ཅུང་ཟད་ཅིག་བྲིས་ནས། ཁམ་ཕོར་ལ་སོགས་པས་བཀབ་ལ་ཕྱི་ནས་མཚན་མ་བརྟག་གོ། །ཕྱི་ནས་སློབ་མ་རྣམས་
ཀྱིས་ཅི་བདེར་བྲིས་ཏེ། རྡོ་རྗེ་ཕྲེང་བས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་ནི་དཀར་པོའོ། །དེའི་ཕྱི་རོལ་གྱི་པདྨ་འདབ་མ་བརྒྱད་ནི་དམར་པོའོ། །རྡོ་རྗེའི་ཕྲེང་བ་ནི་ནག་པོའོ། །དེའི་ཕྱི་རོལ་དུ་ནག་པོ་ལ་དུར་ཁྲོད་བརྒྱད་དོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་མེ་འོད་དང་བཅས་པའོ། །དབུས་
ཀྱི་སྙིང་པོ་ཕོ་བྲང་ལ། ཉི་མ་ལ་གནས་པའི་ཐོད་པའམ།ཁ་ཊྭཱཾ་ག་བྲིའོ། །ཤར་དུ་ཉི་མའི་སྟེང་དུ་རྡོ་རྗེའོ། །ལྷོར་ཉི་མའི་སྟེང་དུ་རིན་པོ་ཆེའི་ལྕུག་མའོ། །ནུབ་ཏུ་ཉི་མའི་སྟེང་དུ་པདྨའོ། །བྱང་དུ་ཉི་མའི་སྟེང་དུ་རལ་གྲིའོ། །ཕྱི་རོལ་དུར་ཁྲོད་བརྒྱད་རྣམས་ནི་ཤིང་ལོ་ལ་གནས་པའི་ཕྱོགས་
སྐྱོང་གི་གདན་གྱི་མགོ་རྡོ་རྗེའི་ཕྲེང་བ་དང་མེ་འོད་ཅི་རིགས་པར་བྲིའོ། །དེ་ནས་བགེགས་བསལ་བ་ནི་བདག་ཉིད་ཁྲོ་བོ་ལས་ཐམས་ཅད་པའི་སྐུར་བསྒོམས་ལ། །རྡོ་རྗེ་དྲིལ་བུ་གསོར་ཞིང་ལན་གསུམ་དུ་བསྐོར་ལ། ཧཱུཾ་ཞེས་བརྗོད་ཅིང་གཡས་བརྐྱང་ལ་སོགས་པ་ལས་ཀྱི་སྦྱོར་བ་དང་། ཁྲོ་བོའི་
ཕྲེང་སྔགས་བཟླས་པའི་ངག་གི་སྦྱོར་བ་དང་། སྟོང་པ་ཉིད་བསྒོམས་པའི་སེམས་ཀྱི་སྦྱོར་བས་བགེགས་བསལ་ལོ། །དེ་ནས་བུམ་པ་གཞུང་དང་མཐུན་པར་རྩ་བ་ནག་པོ་ལ་སོགས་པའི་སྐྱོན་མེད་པ་ལྔ་ལ། ལྷ་སོ་སོའི་མཚན་མ་བྲིས་ནས། །གོང་དུ་སྨོས་པའི་ཆོ་གས་བྱིན་གྱིས་བརླབས་
ལ། དབུས་ཀྱི་བུམ་པར་དཔལ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་ནས་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་ལྷ་བཀུག་ནས་བསྟིམ་སྟེ། མེ་ཏོག་ལ་སོགས་པས་མཆོད་ནས། རྡོ་རྗེ་ཁ་རྒྱན་གྱི་སྟེང་དུ་བཞག་སྟེ། རྩ་བའི་སྔགས་འབྲུ་གསུམ་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་ནས། དེ་ནས་

ཡབ་ཡུབ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་ཆུར་གྱུར་པར་བསམ་མོ། །དེ་བཞིན་དུ་བུམ་པ་བཞི་ལ་ཡང་རྫོགས་པར་བྱའོ། །གཞན་ཡང་ཡོན་ཆབ་ལ་སོགས་པའི་མཆོད་པ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་གདན་དང་གོས་ཀྱིས་དག་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་
འཁོར་བསྒྲུབ་པ་ནི། དཀྱིལ་འཁོར་གྱི་ཕྱི་རོལ་དུ་བའི་ལྕི་བས་བྱུགས་ལ། མེ་ཏོག་སིལ་མ་བཀྲམ། བླ་བྲེ་དང་། རྒྱལ་མཚན་ལ་སོགས་པ་བྲེ། བུམ་པ་ཀུན་ནས་སོ་སོར་བཞག་སྟེ། རྣམ་པར་རྒྱལ་བའི་བུམ་པ་གཞག་པའམ་ཡང་ན་ཤར་ཕྱོགས་ཀྱི་སྒོའི་ནང་དུ་གཞག་གོ། །
ལས་ཐམས་ཅད་པའི་བུམ་པ་ནི། བསང་གཏོར་བྱ་བའི་ཕྱིར་སྒོའི་གཡས་ཕྱོགས་སུ་གཞག་གོ། །བུམ་པ་ཀུན་ལས་ཆུ་ཉུང་ཟད་བསྡུས་ལ་པདྨའི་སྣོད་དུ་བླུགས་ཏེ། རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་གཞག་གོ། །དེ་ནས་སློབ་དཔོན་བདག་ཉིད་ཁྲུས་བྱས་ཏེ། རྒྱན་ཆས་ལྡན་པར་
བྱས་ལ་ནང་དུ་ཞུགས་ཏེ། སྟན་བདེ་བ་ལ་འདུག་ནས་རིམ་པ་འདི་གཉིས་ཀྱིས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། ལོ་བཅུ་གཉིས་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བུ་མོའམ་ཡང་ན་འོད་ཀྱི་རིག་མ་སྙིང་ག་ནས་ཕྱུང་ལ། ཡབ་ཡུམ་གཉིས་ལྷའི་སྐུར་བསྒོམས་ནས། གསང་གནས་
གཉིས་བྱིན་གྱིས་བརླབས་ཏེ། སྙོམས་པར་ཞུགས་ནས་བདེ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་བདག་ལ་བཅུག་སྟེ། བདག་ལ་འཁོར་ལོའི་ཚུལ་དུ་ནམ་མཁའི་ཁམས་ལ་ཁྱབ་པར་སྤྲོས་ནས་སླར་བསྡུས་ཏེ། ཡེ་ཤེས་ཀྱི་ལྷ་དང་འདྲེས་ནས་སོ་སོར་ཞུགས་
པའམ། ཡང་ན་སྟོང་པ་ཉིད་དུ་བསྒོམ་པའི་ངང་ལས་ཧཱུཾ་གི་སྣང་བ་ལས་ར་བ་དང་དྲ་བ་དང་ས་གཞི་བསྒོམས་ལ། དེའི་ནང་དུ་སྣ་ཚོགས་པདྨ་བསམས་ཏེ། དེའི་རྗེས་ལ་དབུས་དང་ཕྱོགས་བཞི་ཆར་ལ། ཉི་མ་ལ་ཐིག་ལེ་ཕྲ་མོ་རེ་རེ་བསྒོམ། དེ་ནས་ཤར་ཕྱོགས་ཀྱི་ཐིག་ལེ་ལས་རྡོ་རྗེའི་
རིགས་དཔག་ཏུ་མེད་པ་སྤྲོས་ཏེ། ཡེ་ཤེས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས། ཤར་ཕྱོགས་ཀྱི་ཐིག་ལེ་ལ་ཐིམ་པས་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་དོ། །དེ་བཞིན་དུ་མཁའ་འགྲོ་མ་གསུམ་ཡང་བསྐྱེད་དོ། །དབུས་ཀྱི་ཐིག་ལེ་ལས་རིགས་ལྔ་ཆར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་ལ་སོགས་པ་སྤྲོས་ཏེ། སླར་འདུས་ཏེ་དབུས་ཀྱི་ཐིག་ལེ་ལ་ཐིམ་པས་སངས་རྒྱས་མཁའ་འགྲོ་མ་དང་བཅས་པའི་དཔལ་རྡོ་རྗེ་ཧེ་རུ་ཀ་བསྐྱེད་ལ། དེ་ནས་ཡང་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་པའི་ངོ་བོ་འོད་དུ་ཞུ་སྟེ་འོད་ཀྱི་གོང་བུར་གནས་པ་ལ།
ཕྱོགས་བཞིའི་ལྷ་མོ་བཞིས་གླུས་བསྐུལ་བས་ཡབ་ཡུམ་དུས་གཅིག་ཏུ་སྐུར་བཞེངས་པར་བསྒོམ་མོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པའི་ལྷའི་འཁོར་ལོ་སྤྲུལ་ནས། དེ་ནས་ཕྱིའི་མཆོད་པ་ཡོན་ཆབ་ལ་སོགས་པ་རོལ་མོའི་བར་གྱིས་མཆོད་པའོ། །ནང་གི་མཆོད་
པ་ནི་བདུད་རྩི་མྱང་བ་ནས་ནང་གི་ཚོགས་ཀྱི་མཆོད་པའོ། །གསང་བའི་མཆོད་པ་ནི་དབང་པོ་གཉིས་ཀྱི་བདེ་བའོ། །བླ་ན་མེད་པའི་མཆོད་པ་ནི་གཉིས་སུ་མེད་པའི་བསྒོམ་པའོ། །དེ་ནས་སྔར་སྨོས་པའི་བསྟོད་པས་བསྟོད་ནས་ལྷ་རྣམས་ཀྱི་སྔགས་འབྲུ་གསུམ་དང་སྤེལ་བ་ཅི་ནུས་
པས་བཟླས་ལ་ཡང་ཕྱི་ནང་གི་མཆོད་པས་མཆོད་ནས། དེ་ནས་གཏོར་མ་རྒྱ་ཆེན་པོ་གཏང་ངོ་། །དེ་ནས་ནང་དུ་ཞུགས་ཏེ་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པའི་ཕྱིར། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་རབ་ཏུ་
བསྒྲལ་སླད་དུ། ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལྷ་ལ་གསོལ་བ་བཏབ་ལ། དེ་ནས་དཀྱིལ་འཁོར་གྱི་བདག་པོས་བདག་ལ་གནང་བ་བྱིན་ནས་དཀྱིལ་འཁོར་དུ་ཞུགས་པ་ནས་རྗེས་སུ་གནང་བའི་བར་དུ་རྫོགས་པར་བསྐུར་བར་བསྒོམ་མོ། །དེ་ནས་དམ་ཚིག་གི་གླུས་
བསྟོད་དེ། ཨོཾ་ནམ་མཁའ་ལས་བྱུང་མཚན་མེད་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །
མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། འདོད་ཆགས་ཀུན་དུ་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །

ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་སྙེམས་མ་བདག་པོའི་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །
སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་པའི་དམ་ཚིག་གི་གླུས་བསྟོད་པ་བྱའོ། །དེ་ནས་བདེན་པའི་བྱིན་གྱི་རླབས་འདི་བརྗོད་དོ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །
བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་སྐོང་བྱེད་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་དང་། །དེ་
བཞིན་ཁོ་ན་ཉིད་ལས་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སེམས་ཅན་རྣམས། །དྲི་མེད་ཐམས་ཅད་ཐོབ་པར་ཤོག །ཅེས་སོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། སློབ་མ་ཁྲུས་བྱས་ཏེ་གོས་གསར་པ་བགོ