Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 25
Văn bản gốc(Tây Tạng)
Trang 12 / 21 (50.000 ký tự/trang)
ས་ བཞི་མ་བྱུང་ལས། །ལུང་དང་བསྟན་པ་མི་རྟག་གོ །བྱང་ཆུབ་སེམས་ནི་རྡོ་རྗེ་ཉིད། །རྡོ་རྗེ་མཁའ་འགྲོ་ཞེས་གསུངས་སོ། །དེ་མཐུན་རྡོ་རྗེ་མཁའ་འགྲོ་མ། །སེམས་ཉིད་ནམ་མཁའ་སྤྱོད་པར་འགྲོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །བཅོམ་ལྡན་འདས་ཀྱིས་འོད་ཟེར་ཅན། །དེ་ཡི་ འཇིག་རྟེན་ཁམས་ཉིད་ལ། །རྡོ་རྗེ་མ་ལུས་གསུངས་པ་ཞེས། །བྱཱ་ཀ་ར་ཎ་ཡོད་པར་གསུངས། །དེ་ནས་སྒྲ་ཉིད་འདི་ལྟར་བསྒྱུར། །ནམ་མཁར་འགྲོ་ལ་རྗེས་ཞེས་པ། །དབྱིངས་ནི་དེ་ནས་བཏགས་པ་སྟེ། །ནམ་མཁའ་ལ་སྤྱོད་གྲུབ་ཐམས་ཅད། །ཌཱ་ཀི་ནཱི་ཞེས་བྱ་བར་གྲགས། །དེ་དག་ གང་ན་གྲག་ཅེ་ན། །འབྱུང་ལ་སོགས་པའི་དབྱངས་ལས་ནི། །མཁའ་འགྲོ་མ་ཞེས་བྱ་བ་ཡི། །དེ་དག་ཉིད་ཀྱི་བཤད་པ་རྫོགས། །དེ་ནས་བཤད་པ་འདི་ཉིད་ནི། །མ་རིག་རི་ནི་རྣམ་པར་འཇོམས། །རྡོ་རྗེ་ཡེ་ཤེས་ལ་སོགས་གསུངས། །ཊཱ་ཞེས་བྱ་བ་གསུངས་ པ་ནི། །མཚོན་པའི་སྐད་ལ་ཊཱ་ཉིད་བསྟན། །སྐྱེས་བུ་དག་ནི་ཐམས་ཅད་གྲག །བདེ་བ་ཉིད་ནི་ཐམས་ཅད་རིག །ཤེས་རབ་མ་ཉིད་སྟོང་ཉིད་བསྟན། །དེ་བས་འདི་ནི་སྙིང་རྗེ་སྟོང་། །དེ་དག་ཉིད་ནི་གཉིས་སུ་མེད། །བྱང་ཆུབ་སེམས་ཉིད་ཡོངས་སུ་བཟུང་། །གཏན་ཚིགས་རིམ་པས་ གང་ཉིད་རིག །དེ་ནས་མཁའ་འགྲོ་མ་རྣམས་ཉིད། །རྣལ་འབྱོར་མ་རྣམས་ཉི་ཤུ་བཞི། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས། །དོན་ཉིད་བཤད་པའི་གྲུབ་པ་པོ། །གསང་བའི་དབང་ཕྱུག་མ་རྣམས་ཀྱིས། །གསང་བ་རྣམས་དང་སྐུ་གསུང་ཐུགས། །འཁོར་ལོ་གཟུགས་ཀྱིས་རྣམ་པར་གནས། ། དེ་ནས་དབང་ཕྱུག་མ་རྣམ་གསུམ། །གསང་བའི་དབང་ཕྱུག་རྗེ་དཔོན་མ། །དེ་དག་གསང་བའི་དབང་ཕྱུག་མ། །ཡང་དག་གསང་བ་ཞེས་བྱ་སྟེ། །ས་ལ་སོགས་པ་འབྱུང་བ་ལྔ། །དེ་དག་གསང་བ་མཆོག་ཉིད་དེ། །རྣལ་འབྱོར་མ་ལྔ་རྣམ་པར་དག །གསང་བའི་མཆོག་ནི་ རྣམ་པར་གསུང་། །ས་ཡི་ཁམས་ནི་ལྟུང་བྱེད་བཤད། །ཆུ་ཁམས་གསོད་བྱེད་མར་ནི་གྲགས། །མེ་ཡི་ཁམས་ནི་འགུགས་བྱེད་མ། །རླུང་ཁམས་གར་གྱི་དབང་ཕྱུག་མ། །ནམ་མཁའི་ཁམས་ནི་རབ་ཏུ་གསུངས། །རྒྱུ་འཕྲུལ་ཆེན་པོ་དབང་ཕྱུག་ཆེ། །དེ་རྣམས་རྣལ་འབྱོར་ མ་ལྔ་བསྟན། །སྒྲ་ཡི་དེ་ཉིད་རྒྱུད་དངོས་ཏེ། །སྒྲ་རྒྱུད་གཉིས་སུ་མེད་པ་ལ། །དེ་དག་ཡང་དག་གསང་བའི་མཆོག །དེ་ལྟར་འདི་ནི་རབ་ཏུ་གསལ། །དེ་ཕྱིར་འཁོར་ལོ་གསུམ་པ་ལས། །དམ་ཚིག་མཆོག་ནི་བཞི་པའོ། །ཡེ་ཤེས་པདྨ་ཡང་དག་གནས། །མཁའ་འགྲོ་མ་ལྔ་སྨྲ་བ་ པོ། །ཡང་དག་གསང་བའི་རྒྱུ་ཉིད་རབ། །དེ་དོན་འགུགས་པ་རབ་ཏུ་བསྟན། །དེ་ལྟར་རྒྱུད་འདི་དག་གིས་བཤད། །སྤྲོས་པར་བཤད་པར་བྱ་བའི་དོན། །ཡང་ན་ཅི་ཡང་གསང་བའི་ཕྱིར། །ལྷ་མོ་ཐམས་ཅད་མི་མཉམ་སྟེ། །འོན་ཀྱང་གཙོ་བོ་གཞན་དང་དབྱེ། །གཙོ་བོ་དབང་ མོ་ཉིད་བྱས་ལ། །རྗེ་དཔོན་མ་ཉིད་སོ་སོར་བསྟན། །མ་ལུས་ཚངས་པའི་སྒོ་ཉིད་ཁྱབ། །གཡོ་བ་དང་ནི་མི་གཡོ་བ། །ཁྱབ་ཅེས་བྱ་བ་ཉི་ཚེར་བྱས། །མ་ལུས་ཞེས་བྱ་ཇི་སྙེད་དོ། །ཚངས་པའི་སྒོ་ཉིད་ཁམས་ཡིན་ཏེ། །འདོད་ཁམས་རྒྱལ་པོ་ཆེན་པོ་བཞི། །གཞན་འཕྲུལ་དབང་བྱེད་ མན་ཆད་དུ། །ཚངས་པའི་ཁམས་སོགས་བཅུ་བདུན་ཏེ། །གཟུགས་ཀྱི་ཁམས་ལ་སྐལ་བར་བྱ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། །འདུ་ཤེས་མེད་པའི་སྐྱེ་མཆེད་དང་། །ཡོད་མིན་མེད་མིན་སྐྱེ་མཆེད་དང་། །ཚངས་པའི་ཁམས་ཉིད་དེ་བཞིན་ཏེ། །གཡོ་དང་མི་གཡོ་ལྡན་པ་ སྟེ། གཡོ་བ་ཞེས་བྱ་འགྲོ་དྲུག་ཉིད། །མི་གཡོ་ཞེས་བྱ་མི་འགུལ་རྣམས། །དེ་དང་ལྡན་པར་སྤྱོད་པ་སྟེ། །གཡོ་དང་མི་གཡོ་ཚངས་པའི་ཁམས། །གཞན་གྱི་ལྟ་བ་ཉིད་ལ་གྲགས། །འདོད་ཁམས་བཤད་པའི་རིམ་པ་ཡིས། །རླུང་གི་ཕུང་པོ་རིམ་པ་བཞིན། །ཡང་ཀུན་འགྲོ་ དང་རྣམ་པར་འགྲོ། །ཡང་དག་འགྲོ་བ་རབ་ཏུ་འགྲོ། །སོ་སོར་འགྲོ་དང་ཡོངས་འགྲོ་རྫོགས། །དེ་སྟེང་དབང་ཕྱུག་བདུན་རྣམས་གནས། །རིག་པའི་བདེན་བྲལ་དབང་ཕྱུག་དང་། །ཚངས་པའི་གནས་དང་ཚངས་པའི་གཞི། །དུས་ཀུན་ཞི་བ་མཐུ་ཡི་སྐུ། །སྤྱད་སྐུ་ཉིད་དང་བདུན་པ་ རྫོགས། །དེ་སྟེང་རླུང་མེ་ཆུ་དང་ས། །དེ་ལྟར་ཐམས་ཅད་གྲུབ་བྱས་ལ། །གཏི་མུག་རང་གི་བློ་གྲོས་དང་། །ཡོན་ཏན་འདོད་ཆགས་རིགས་པ་སྟེ། །སྒྲིན་པ་སྒྱུ་མ་མཐར་ཕྱིན་ཏེ། །སྒྲིབ་པ་བཅུ་གསུམ་དེ་ལ་གནས། །དེ་ཡི་སྟེང་དུ་བྲག་བཟང་སྟེ། །དེ་ཡི་སྟེང་དུ་ཚངས་པའི་ཁམས། །གང་དག་ གིས་ནི་ཐམས་ཅད་ཁྱབ། །གང་གིས་སྡེ་དཔོན་མར་གྱུར་ཏེ། །ཨ་ལ་ལ་སྟེ་ཁམས་གསུམ་ཁྱབ། །བཅོམ་ལྡན་འདས་མ་ཆེན་མོ་ཉིད། །ཡ་མཚན་ཆེ་ཡང་ཡ་མཚན་ཆེ། །ལྷ་མོ་ཀུན་མཁྱེན་རྒྱུ་ལ་སོགས། །རྒྱུ་དང་འབྲས་བུ་སྤྱོད་པ་ལགས། །སྐྱེ་བའི་རྒྱུ་ནི་སྐྱེ་བ་ཉིད། །དངོས་པོ་རྣམས་ ཀྱིས་སྐྱེ་བའམ། །འདི་ཉིད་ལས་ནི་སྐྱེ་བའི་རྒྱུད། །དོན་མང་བཟུང་བ་དབང་པོ་ལས། །ཇི་ལྟར་དབང་གསུངས་ཤེས་པར་བྱ། །ལྷ་མོ་ཐམས་ཅད་གང་ཉིད་དེ། །ལྟུང་བྱེད་ལ་སོགས་ལྷ་མོ་བཞི། །དྲག་མོ་ལ་སོགས་ཉི་ཤུ་བཞི། །ཁ་དའི་ཞལ་མ་ལ་སོགས་བརྒྱད། །དེ་རྣམས་ཐམས་ ཅད་ལྷ་མོ་ཉིད། །ལྷ་མོ་རྣམ་ཉིད་སུམ་ཅུ་དྲུག །ལྷ་མོ་ཀུན་བཞིན་ཞེས་སུ་བཤད། །ཚངས་པ་ལ་སོགས་ཤེས་བྱ་གང་། །ཚངས་པ་ཞེས་བྱ་རྣམ་པར་སྣང་། །སྐུ་ཡི་རྡོ་རྗེ་འཕྲོ་བ་ལས། །སྟོབས་ཆེན་ལ་སོགས་རྡོ་རྗེ་སེམས། །ཚངས་པ་ཞེས་བྱ་དཔའ་བོ་བརྒྱད། ། དེ་རྣམས་ཀྱི་ནི་གང་ཉིད་ལྔ། །སྤྱན་མི་སྡུག་ལ་སོགས་པ་ཡི། །ཐོད་པ་དུམ་སོགས་ཡན་ཆད་དུ། །སྐུ་གསུང་ཐུགས་ལ་འཕྲོ་བ་རྣམས། །དཔའ་བོ་རྣམས་ནི་བཅུ་དང་དྲུག །ཚངས་པ་དཔའ་བོ་ཉི་ཤུ་བཞི། །དེ་རྣམས་སྣང་མཛད་རིམ་པ་ཡིན། །ཚངས་པ་རྣམས་ཀྱི་རྒྱུ་བའི་རྒྱུ། །དེ་ ཉིད་ལས་ནི་བྱུང་བའི་དོན། །ཅི་སྟེ་ཆེན་མོ་མཐུ་ལྡན་ཉིད། །འདི་ལྟར་བཅོམ་ལྡན་འདས་མ་ཆེ། །མཚན་ནི་དེ་ཡང་བསྟན་པར་བྱ། །འདི་ལྟར་ཐེ་ཚོམ་མཁྱེན་བྱས་ལ། །འདི་ཉིད་སྒྱུ་འཕྲུལ་ཆེན་མོ་གསུངས། །མི་སྲིད་ཡོན་ཏན་བརྟན་པ་མོ། །གང་བཤད་རྒྱུ་ནི་ཕྲིན་ལས་བཞི། ། དོན་ཕྱིར་གཟུགས་ནི་སྤངས་བྱས་ལ། །འདི་རྣམས་གཟུགས་བཞིན་ལྡན་པ་སྟེ། །ལྷུང་བྱེད་མ་ནི་སྒྱུ་འཕྲུལ་བཞི། །འདི་རྣམས་ལས་ཆེ་སྒྱུ་རྒྱུ་ཆེ། །འདི་རྣམས་ལས་ནི་དེ་ཉིད་བཟང་། །དེ་ཉིད་ཆེན་མོར་ཕྱིར་གསུངས་པ། །དེ་འདི་ཉིད་ནི་གསང་བ་སྟེ། །དེ་རྣམས་འབྱུང་བའི་ བདག་ཉིད་གཅིག །ལྷུང་བཟེད་ལ་སོགས་འདི་བཞི་ཡིན། །འབྱུང་བ་ལྔ་ཡི་བདག་ཉིད་མ། །གསང་བར་ཆེན་མོ་དེ་ཕྱིར་ཡིན། །དེ་ཕྱིར་སྒྱུ་འཕྲུལ་ཆེན་མོ་གསུངས། །འབྱུང་བ་རང་བཞིན་ཡང་དག་གནས། །རྡོ་རྗེ་རྗེ་དཔོན་མ་ཉིད་གསུངས། །རྡོ་རྗེ་འབྲས་བུ་རྡོ་རྗེ་མཚན། །རྗེ་དཔོན་མ་ ནི་སྒྱུ་འཕྲུལ་ཆེ། །དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། །གཞན་ལས་དེ་ཉིད་དབང་ཕྱུག་མ། །དེ་ཉིད་ཆེན་པོ་དབང་ཕྱུག་ཆེ། །ཡོན་ཏན་ལྡན་པ་གཅིག་བུ་མིན། །བཅོམ་ལྡན་སྒྱུ་འཕྲུལ་ཆེན་མོ་ཅན། །ལྷ་མོ་ཀུན་དང་ཚངས་སོགས་ཀྱིས། །སྐྱེད་བྱེད་མ་ནི་བསྟན་པར་གསུངས། །སྒྱུ་འཕྲུལ་ དྲག་ཆེན་ལ་སོགས་ན། །དེ་ཉིད་བཅོམ་ལྡན་སྒྱུ་འཕྲུལ་ཆེ། །དྲག་ཆེན་དྲག་པོ་ལས་བྱེད་མ། །ལྷ་མོ་རྣམས་ཀྱི་བསྐྱེད་པའི་རྒྱུ། །རྒྱུ་ཕྱིར་དེ་ཉིད་དྲག་མོ་མིན། །འདི་ཉིད་ཡང་ནི་དྲག་པོར་གོ། །ཅི་སྟེ་འདི་ཉིད་འདི་ལྟར་བསྒྱུར། །འབྱུང་བོ་ཉིད་ཀྱི་སྡུད་བྱེད་མ། །འབྱུང་པོ་ཞེས་བྱ་སྲོག་ཆགས་ ཉིད། །ཁམས་ཉིད་དང་ནི་འདུས་བྱེད་དེ། །བྱེད་པའི་རང་བཞིན་ག་ལ་ཡོད། །དེ་ཕྱིར་འབྱུང་པོ་སྡུད་བྱེད་མ། །དེ་ཕྱིར་བཅོམ་ལྡན་འདས་ཀྱིས་ནི། །སྐྱེ་བ་དང་ནི་རབ་ཏུ་བརླག །གཏན་ཚིགས་ཉིད་ནི་བསྟན་པ་ལ། །སྟོང་ཉིད་སྙིང་རྗེ་གཉིས་མེད་དེ། །ཡན་ལག་གཉིས་ནི་སོ་ སོར་བསྟན། །ལྷ་མོ་མང་པོས་ཁྱད་པར་ཅན། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱར་གྲགས། །དེ་ཕྱིར་ཐེ་ཚོམ་ཟ་བྱས་ལ། །དེ་མ་ཐག་ཏུ་ཚིགས་སུ་བཅད། །གཉིས་པ་དྲན་ཕྱིར་དེ་ཉིད་གསུངས། །གང་གིས་མ་ལུས་ཁྱབ་ལ་སོགས། །བཅོམ་ལྡན་འདས་མས་འདི་དག་ཁྱབ། །དེ་དག་ཉིད་ འདི་སྒྱུ་འཕྲུལ་ཆེ། །གང་དེ་ཉིད་ནི་སྒྱུ་འཕྲུལ་ཆེ། །དེ་ཉིད་སྲིད་པར་ཡང་དག་ཁྱབ། །འདི་ཡིས་ཡེ་ཤེས་སྐུ་གཅིག་ཁྱབ། །གང་ཡང་བྱེད་པ་གལ་ཏེ་གསུངས། །འདི་རྣམས་དེ་ཉིད་ཀྱིས་ནི་བསྡུ། །བཅོམ་ལྡན་འདས་བདེ་ཆེན་པོ་ཡི། །ཁམས་གསུམ་ཉིད་ནི་ཡང་དག་བསྡུ། །སྐྱེད་ བྱེད་མ་ཕྱིར་དེ་ཉིད་ཀྱི། །དེ་ཉིད་ཀྱིས་ནི་ཡང་དག་གོ། །གསང་པ་རྣམས་ཀྱི་གཟུངས་མ་འདི། །གསང་བ་པོ་རྣམས་སངས་རྒྱས་ལྔ། །རྣམ་པར་སྣང་མཛད་ལ་སོགས་ཉིད། །དེ་དག་རྣམས་ནི་ཡུམ་ཉིད་འདི། །སངས་རྒྱས་ཀུན་གྱི་སྐྱེད་བྱེད་མ། །དྲི་མའི་སྙིང་པོ་ལས་ཀྱི་ཕྱག །དེ་དག་ ཉིད་ནི་སྤང་བར་གསུངས། །ཡེ་ཤེས་ཕྱག་རྒྱ་མ་རབ་རྟོགས། །བླ་མེད་བྱང་ཆུབ་རྒྱུ་ཡི་ཕྱིར། །རྒྱལ་འགྲོ་སྐྱེད་བྱེད་མ་ནི་བསྒོམས། །ལེགས་ལྡན་ཕྱག་རྒྱ་མ་སོགས་ཉིད། །བཅོམ་ལྡན་འདས་མ་རྫུ་འཕྲུལ་ཆེ། །ལེགས་ལྡན་ཕྱག་རྒྱ་མ་ཉིད་འཐད། །ལེགས་ལྡན་ཕྱག་རྒྱ་མ་ཉིད་དོན། ། གསང་བ་པོ་རྣམས་དང་ནི་སྲིད། །གསུམ་ལས་འདས་པ་རྣམས་ཀྱིས་ཏེ། །ཅི་སྟེ་འདི་ཉིད་ཡུམ་དུ་འགྱུར། །ཐེ་ཚོམ་ཟ་ཕྱིར་འདི་ལྟར་གསུངས། །སྒྱུ་མའི་སྒྱུ་མ་རྣམ་གྲགས་སོགས། །བྱེ་བྲག་འདི་སྒོ་གང་ཉིད་ཀྱིས། །ཀུན་གྱིས་བཀུར་ཉིད་རྣམ་པར་གྲགས། །མཚན་གྱི་ གཏན་ཚིགས་མེད་མ་ཡིན། །བ་དང་གླང་མ་དེ་ལྟར་དོན། །ཁྱད་པར་ཉིད་ནི་ད་ལྟར་གསུངས། །འདུས་པ་དང་ནི་རྒྱ་ཆེ་ཉིད། །བྱང་ཆུབ་སེམས་ཀྱི་རིམ་པ་གཉིས། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་གསུངས། །རྒྱལ་བ་སྐྱེད་བྱེད་མཐུ་དང་ལྡན། །དེ་ཕྱིར་རྒྱལ་བ་རྣམས་ཀྱི་ཡུམ། ། ཡུམ་འདི་ཉིད་ནི་རིགས་ཡིན་ཏེ། །འོན་ཀྱང་བྱང་ཆུབ་སེམས་ཉིད་འདི། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་སྟེ། །གང་ཕྱིར་དོན་ངེས་འདི་ལྟར་ཡིན། །དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། །བཤད་པའི་རྒྱུད་ལས་བསྟན་པ་ཉིད། །ཚིགས་སུ་བཅད་པའི་སྡེ་ གཉིས་གསུངས། །ཨ་ར་ལི་ཉིད་ཁུ་བར་བསྒྱུར། །ཤེས་རབ་མ་ཉིད་བདེ་ཆེན་གསུངས། །ཨ་ར་ལི་དང་རྣལ་འབྱོར་ནི། །སྒྱུ་འཕྲུལ་ཆེན་པོ་དེ་ཉིད་གསུངས། །གལ་ཏེ་བཅོམ་ལྡན་འདས་མ་འདི། །གསང་བ་རྣམས་ཀྱང་སྐྱེད་བྱེད་མ། །ལྷ་སྦྱིན་ལ་སོགས་མ་གྱུར་ཏེ། །རྒྱ་ཆེ་འདི་ ཉིད་སྐྱོན་དུ་འགྱུར། །ཐེ་ཚོམ་མཐོང་བྱས་ལན་གཉིས་གསུངས། །རིག་མ་འཇིག་རྟེན་གསུམ་ཉིད་དེ། །ལུས་ངག་ཡིད་དང་སྐུ་གསུང་ཐུགས། །འཇིག་རྟེན་གསུམ་ཉིད་གང་གིས་གྲུབ། །སངས་རྒྱས་ཉིད་ནི་མ་ལུས་སྦྱོར། །འཇིག་རྟེན་གསུམ་གྲུབ་ཡེ་ཤེས་དངོས། །ཅི་སྙེད་ ཆོས་ཉིད་འགྲོ་བྱེད་དངོས། །འདོད་པ་ཐམས་ཅད་གཟུགས་སྒྲ་རྣམས། །འདོད་པ་ཐམས་ཅད་རབ་སྦྱིན་མ། །བཟླས་བརྗོད་བསྒོམ་སོགས་ཉོན་མོངས་པས། །འདོད་པ་ཐམས་ཅད་སྦྱིན་བྱེད་མ། །འདི་ཉིད་མང་པོས་འབྲས་བུ་གཅིག །དེ་ཕྱིར་ཉོན་མོངས་ཤེས་རྣམས་ཀྱིས། །དེ་ལྟར་ སྦྱིན་པ་ཉིད་ནི་བརྟེན། །གང་གིས་རྣམ་པར་ཤེས་ཙམ་སོགས། །གང་གིས་ཞེས་གཞན་མེད་ཅེས་གསུངས། །སྒྱུ་འཕྲུལ་ཆེན་མོ་རྣམ་པར་ཤེས། །རྣམ་པར་ཁྱད་པར་ཤེས་ཙམ་གྱིས། །ཡང་ན་ཅི་ལྟར་དེ་ཉིད་དེ། །ཐེ་ཚོམ་གོ་བྱས་འདི་ལྟར་གསུངས། །རིག་མ་ཡེ་ཤེས་ཕྱག་རྒྱ་མ། ། གྲུབ་བྱེད་དབང་ཕྱུག་མ་ཞེས་བྱ། །གྲུབ་པ་པོ་ནི་མཁའ་འགྲོ་མ། །དབང་ཕྱུག་མ་ཉིད་ཧེ་རུ་ཤེས། །འདི་ལྟར་ཤེས་པ་ཙམ་གྱིས་ནི། །གྲུབ་པ་པོ་ལ་བཅོམ་ལྡན་གྲུབ། །ཉོན་མོངས་མ་བྱས་ཐམས་ཅད་གྲུབ། །གྲུབ་པ་པོ་ལ་རབ་ཏུ་བསྟན། །རྣལ་འབྱོར་མ་མོ་ལ་སོགས་གང་། །འཁོར་ ལོ་གསུམ་སྤྱོད་རྣལ་འབྱོར་མ། །སྒོ་ལ་གནས་དང་གྲྭ་ལ་གནས། །སྲུང་མ་རྣལ་འབྱོར་མ་མོ་བརྒྱད། །འཇིག་རྟེན་ཁམས་གསུམ་གང་ཉིད་དེ། །ཡུལ་ལུས་ས་བཅུ་ཉི་ཤུ་བཞི། །དེ་རྣམས་འདིར་ནི་འདུས་བྱས་ལ། །སྐུ་གསུང་ཐུགས་ནི་འཁོར་ལོ་གསུམ། །ཁམས་གསུམ་ཞེས་བྱ་ རབ་ཏུ་བཤད། །ཅི་སྙེད་མ་ལུས་གྲུབ་ལ་སོགས། །ཅི་སྙེད་ཅེས་བྱ་ཕུང་པོ་ཁམས། །སྐྱེ་མཆེད་ཆོས་ནི་ཇི་སྙེད་དོ། །དེ་རྣམས་མ་ལུས་ཅི་ཡང་གྲུབ། །ལྷ་ཡི་རྣམ་པས་འགྲུབ་པར་འགྱུར། །ཅི་སྟེ་གྲུབ་འདི་གལ་ཏེ་བཟླ། །ཐམས་ཅད་སྒྱུ་མ་སྤྲུལ་པ་ཡིན། །ཐམས་ཅད་ཅེས་བྱ་བར་ མེད་གསུངས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཉིད། །བཅོམ་ལྡན་འདས་མ་སྔར་གསུངས་མཚན། །སྒྱུ་འཕྲུལ་ཆེན་མོ་ཉིད་ཀྱིས་ཏེ། །གྲུབ་པ་པོ་ཉིད་ལས་ནི་སྤྲོ། །དངོས་ནི་ཅི་སྟེ་གྲུབ་མི་འགྱུར། །རྣལ་འབྱོར་དབང་ཕྱུག་མ་བྱེད་གར། །ས་ཡི་ཁམས་ལ་སོགས་པ་དབང་། ། རྣལ་འབྱོར་གྱིས་ནི་ཐམས་ཅད་བརྩམ། །དབང་ཕྱུག་བྱེད་པའི་རང་བཞིན་ཉིད། །རྣལ་འབྱོར་དབང་ཕྱུག་བྱེད་པ་མོ། །དེ་ལྟར་སྒྱུ་འཕྲུལ་བྱེད་པ་ཡི། །མངོན་མ་མཐོང་བའི་རྣལ་འབྱོར་གྱིས། །གཞན་གྱི་ཕོ་བྲང་ལ་སོགས་དགོས། །མི་སྣང་བ་རྣམས་གང་ཉིད་དེ། །གཞན་གྱི་ཕོ་ བྲང་གཞན་གྱིས་ལུས། །ཐོག་མའི་ལུས་ནི་མི་བཟུང་བ། །མི་སྣང་ཞེས་བྱ་གཞན་མི་མཐོང་། །འདི་ལྟར་བསྟན་པའི་ལེའུ་ལས་ནི། །སེང་གེ་རྣམ་པར་རོལ་ལ་སོགས། །དེ་དག་བདག་གིས་བཤད་པར་བྱ། །ཡང་ན་ཅི་སྟེ་མིང་ཙམ་གྱིས། །ལས་རྣམས་བྱེད་པ་དགའ་བ་གང་། །གལ་ ཏེ་དབང་ནི་བཟླ་བར་བྱ། །རྣལ་འབྱོར་སྒྱུ་འཕྲུལ་རིག་པ་སོགས། །རྣལ་འབྱོར་དེ་དག་ཡི་གེ་ཉིད། །སྒྱུ་འཕྲུལ་ཞེས་བྱ་སྔགས་གཟུགས་རིགས། །དེ་ཉིད་རྣལ་འབྱོར་སྒྱུ་འཕྲུལ་རིག །ཡི་གེ་དང་ནི་སྔགས་གཟུགས་ཀྱིས། །ལས་རྣམས་འདི་ནི་གསལ་བར་གསུངས། །རྣལ་འབྱོར་མ་ རྣམས་རབ་ཏུ་གྲུབ། །བག་ཞད་རྐང་པ་མི་བརྐོས་བསྟན། །ཨཱ་ལི་ཀཱ་ལི་རྣལ་འབྱོར་ཏེ། །དེ་ཉིད་ཀྱིས་ནི་མཐོང་བ་མྱོང་། །ཉིད་ཀྱི་ཡོན་ཏན་བསྟན་པ་སྟེ། །དེ་ཉིད་ཀྱིས་ནི་སྒྱུ་འཕྲུལ་ལྟར། །དེ་ཡི་རྣལ་འབྱོར་སྒྱུ་འཕྲུལ་ཏེ། །དེ་ཉིད་ཀྱིས་ནི་གོ་བར་བྱེད། །རྣལ་འབྱོར་སྒྱུ་འཕྲུལ་སྒྱུ་ འཕྲུལ་རིག །ཡི་གེ་ཞེས་བྱ་མི་འགྱུར་ཏེ། །སྔགས་ཀྱིས་གཟུགས་ཉིད་རབ་ཏུ་གསལ། །ཡི་གེ་སྔགས་ཀྱི་རང་བཞིན་འདི། །རྣལ་འབྱོར་རྫུ་འཕྲུལ་རིག་པ་ཡིས། །ཡི་གེ་སྔགས་ཀྱི་གཟུགས་ཀྱིས་སྤྲོ། །སྤྲོ་ཞེས་བྱ་བ་སྔོན་དང་འབྲེལ། །ཅི་ལྟར་དེ་ཉིད་རྣལ་འབྱོར་རྣམས། །གང་ ཕྱིར་འདི་ལྟར་སྤྲོ་བར་འགྱུར། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །ཀློག་དང་བསམ་པར་བྱེད་པ་དང་། །ཏིང་ངེ་འཛིན་གྱིས་བསྒོམ་རྣམས་སོགས། །འདི་ལྟར་མདོར་ན་གོ་བར་བྱ། །རིག་པ་ཀློག་པ་བྱེད་ཅེས་བྱ། །རྣལ་འབྱོར་སྒྱུ་འཕྲུལ་རིག་པ་ཉིད། །སྔོན་གསུངས་ལས་ཀྱི་མཚན་ ཉིད་ཀྱི། །གང་རིག་གྲུབ་པར་བསྟེན་བྱས་ལ། །ཀློག་པ་ཙམ་གྱིས་འགྲུབ་པར་འགྱུར། །གྲུབ་པ་པོ་ཉིད་བསྙེན་སོགས་ཏེ། །དཀའ་བར་མཐོང་བྱས་མི་སྤྱོད་དེ། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །བསྙེན་གནས་དང་ནི་བརྟུལ་ཞུགས་དང་། །ཉོན་མོངས་མི་དགོས་ལ་སོགས་ཏེ། །འདི་ལྟར་ ལས་རྣམས་འགྲུབ་པར་འགྱུར། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །བདེ་དང་དགའ་རྣམས་ལ་སོགས་ཏེ། །བཅོམ་ལྡན་འདས་ནི་ཤེས་རབ་མ། །དེ་ཉིད་ཀྱིས་ནི་སྒྱུ་འཕྲུལ་ཆེ། །ཐབས་བཅོམ་ལྡན་ཉིད་ཧེ་རུ་ཀ །ཐོག་མ་དེ་ཉིད་རྣལ་འབྱོར་མཆོག །ཤེས་རབ་ཐབས་ལ་སོགས་ རྣམས་ཀྱིས། །ཐབས་དང་ཤེས་རབ་སྒྲུབ་ཐབས་ལ། །ལུང་འབོགས་བདག་གིས་བསྟན་པར་བྱ། །མདོ་ལ་རྣལ་འབྱོར་ཉིད་ནི་ཁྱོད། །དེ་ལྟར་ཉིད་ནི་བསྟན་པར་གསུངས། །ལྟེ་དཀྱིལ་དཔའ་བོ་གནས་ལ་སོགས། །ལྟེ་བའི་དཀྱིལ་ན་ཞེས་བྱ་གང་། །ལྟེ་དཀྱིལ་སྤྲུལ་པའི་འཁོར་ལོ་ཉིད། །དེ་ཉིད་སྤྲུལ་པའི་ འཁོར་ལོ་ལ། །དཔའ་བོ་བཅོམ་ལྡན་ཨ་རལླི། །ཐམས་ཅད་ལ་ནི་དེ་ཉིད་མེད། །འོན་ཀྱང་གང་ཕྱིར་ཕྱོགས་ན་བསྟན། །ཟེའུ་འབྲུ་སྤྱོད་ཡུལ་ལ་ཞེས་བྱ། །ཟེའུ་འབྲུ་འདབ་མ་དྲུག་ཅུ་བཞི། །སྙིང་པོ་བར་གྱི་ཡན་ལག་ཉིད། །གསང་བ་མ་ཚོར་ཡེ་ཉིད་དེ། །དེ་ཡི་སྤྱོད་ཡུལ་དེ་དག་ལ། །ཟེའུ་འབྲུ་གསང་ བའི་སྤྱོད་ཡུལ་ལ། །དུས་ཀུན་འགྲོ་དོན་མཛད་ལྡན་ཉིད། །ཨ་རལླི་ནི་ཞུགས་པར་འགྱུར། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །སེམས་དང་སེམས་མིན་སེམས་དངོས་ལ། །ཐོག་མེད་སེམས་དངོས་དོན་ཕྱིར་སེམས། །དག་པ་ཉིད་ལ་ཡང་དག་དགའ། །ཉོན་མོངས་གནས་ སྐབས་དབྱེ་བའི་ཕྱིར། །བསྐུལ་བའི་བདག་ཉིད་བསམས་པ་ཡིས། །ཡང་དག་རབ་འབྱོར་མིན་པ་ལས། །བསྐུལ་བ་མེད་ཕྱིར་སྐྱེས་ལྟ་བུར། །སེམས་དངོས་མིན་པར་སྒྱུར་ལ་སོགས། །ཐེ་ཚོམ་གོ་བྱས་འདི་ཉིད་གསུངས། །སེམས་དངོས་ཞེས་བྱ་བསམ་རིག་གོ། །འདི་ལྟར་དངོས་པོ་ཉིད་ ཡིན་ཏེ། །སེམས་ཉིད་རང་གསལ་རང་བཞིན་ཏེ། །ཤེས་དང་ཤེས་བྱའི་རང་བཞིན་གང་། །གོ་ཕྱིར་ཡེ་ཤེས་ཐབས་ཉིད་དེ། །སྙིང་རྗེ་ཤེས་རབ་རང་བཞིན་ཏེ། །ཤེས་པར་བྱ་བར་བདེ་མཆོག་སྟོང་། །འདི་དག་གཉིས་ནི་གཅིག་ཏུ་བསྒྱུར། །ཤེས་དང་ཤེས་བྱ་རང་བཞིན་ཏེ། །བྱང་ ཆུབ་སེམས་དཔའ་ཞེས་བྱ་ཉིད། །གང་ན་ཅི་སྟེ་འདི་ལྟར་ནི། །བཅོམ་ལྡན་འདས་ཉིད་ཤེས་པར་བྱ། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །སངས་རྒྱས་བསྟན་པ་ཟབ་པ་སྟེ། །དེ་དག་བདག་གིས་བསྟན་པར་བྱ། །ཉན་ཐོས་རང་རྒྱལ་རྣམས་ཀྱིས་ནི། །རབ་མེད་ཕྱིར་ན་ཟབ་ཉིད་དེ། ། སངས་རྒྱས་རྣམ་ཤེས་སྐུ་གསུང་ཐུགས། །དེ་རྣམས་གང་ན་བསྟན་པར་བྱེད། །སངས་རྒྱས་ཀུན་གྱི་བསྟན་པ་ཉིད། །བར་ན་གསུངས་པའི་འོག་གི་གདན། །ཅི་སྟེ་སྟན་བྱེད་གལ་ཏེ་གང་། །ཨཱ་ལི་ཀཱ་ལི་མཉམ་བྱེད་ཅེས། །ཨཱ་ལི་ཞེས་བྱ་ཨ་ལ་སོགས། །དབྱངས་ཀྱི་ཡི་གེ་བཅུ་དྲུག་ཉིད། །ཀཱ་ལི་ཞེས་བྱ་ཀ་ལ་སོགས། ། ང་ཉ་གཉིས་ནི་དྲི་མི་རྒྱུ། །དེ་ཉིད་སྤང་ཕྱིར་སུམ་ཅུ་གཉིས། །འདི་ལྟར་ཕྲེད་གཉིས་ཀཱ་ལི་ཞེས། །ཨཱ་ལི་ཕྱོགས་གཉིས་དེ་ཉིད་སྤྱོད། །ཀཱ་ལི་ཕྲེང་བ་གཉིས་སྦྱོར་མཉམ། །གྲངས་ནི་བཅུ་དྲུག་རྣམ་པར་གཞག །ཨཱ་ལི་ཀཱ་ལི་མཉམ་བྱས་ལ། །དེ་ན་ཤར་བུ་འབྱོར་བྱ་ཞེས། །གནས་ན་སངས་རྒྱས་ བསྟན་པ་ལ། །པདྨའི་སྟེང་དུ་ཟླ་མཚན་ཕྱེད། །ཡཾ་བྱུང་རླུང་གི་དཀྱིལ་འཁོར་ཞོན། །རཾ་ལས་བྱུང་བ་ཕྲེང་གསུམ་གྱིས། །ཤར་བུ་ཤེས་རབ་མ་ཉིད་གསུངས། །འདི་དངོས་རང་བྱུང་མ་ཉིད་གསུངས། །ཤེས་རབ་མ་གནས་དེ་ལས་འབྱུང་། །དེ་ཉིད་ཀྱིས་ན་གཟུགས་ཅན་མ། ། ལྟེ་བའི་དཀྱིལ་འཁོར་དེ་ཉིད་ལ། །ལས་ཀྱི་རླུང་གིས་བསྐུལ་བར་འབར། །ཐམས་ཅད་ལས་ནི་གྲུབ་བྱེད་མ། །སྒྱུ་འཕྲུལ་ཆེན་པོ་ཞེས་བྱར་གྲགས། །སྐྲ་རྩེ་སྟོང་ཕྲག་ཡན་ལག་མ། །གློག་འཕྲོ་མཉམ་པའི་འོད་བྱེད་མ། །ལྷ་སྐུ་རྣལ་འབྱོར་རྣམ་ཉིད་ལ། །བ་སྤུ་རྩེ་མོ་བུ་ག་རྣམས། ། ལྷ་དང་ལྷ་མིན་འཇིགས་བྱས་ལ། །ཕྱོགས་ཉིད་ཐམས་ཅད་མ་ལ་བྱུང་། །སྙིང་ཆོས་འཁོར་ལོ་བསྲེག་བྱས་ལ། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ལ། །དེ་དག་ཉིད་ལ་སོང་བར་བྱ། །གཡས་པའི་སྣ་སྦུབས་བྱུང་བར་བྱ། །མཛོད་སྤུ་ཉིད་འགྲོ་བུ་ག་ལ། །ཕྱོགས་བཅུ་ལ་གནས་སངས་ རྒྱས་རྣམས། །དེ་དང་བྱང་ཆུབ་སེམས་དཔའ་རྣམས། །གཡོན་སྣ་སྦུབས་ལ་ཞུགས་བྱས་ལ། །སྤྱི་བོར་འཁོར་ལོ་དག་བསྲེག་བྱས། །རྣམ་པར་མ་ལུས་དབྱུང་བར་བྱ། །སྔར་གསུངས་བུ་ག་ཡིས་ནི་ཡང་། །སྤྱི་བོ་ལ་ནི་རབ་ཏུ་འཇུག །འདི་ལྟར་སངས་རྒྱས་བསྲེག་ པ་ཡི། །ཕྱོགས་ཀྱིས་དེ་ཕྱིར་དགའ་བར་འགྱུར། །ལྟོ་ལ་དཀྱིལ་འཁོར་འོད་བྱས་ལ། །སྦ་མ་ལྟ་བུ་མི་འགུལ་ཏེ། །ཤར་བུ་སྟེང་དུ་འབར་ཞེས་བྱ། །གསུངས་པའི་རིམ་པས་ཤར་བུ་གཟུགས། །སྟེང་དུ་ཞུ་འགྲོ་གཏན་ཚིགས་འདི། །ཤེས་རབ་ཅེས་བྱ་གང་ཕྱིར་འགྱུར། །ཁུ་བའི་གཟུགས་ ཀྱིས་ཞུ་འགྱུར་སོགས། །ཅི་ཙམ་དུ་ཉིད་དེ་ལྟར་གཟུང་། །བདུད་རྩི་ཐིགས་པའི་གཟུགས་ཅན་ཉིད། །ཚེ་དང་ལྡན་པ་རྣམས་ཀྱིས་ནི། །སྐྱེ་བ་དང་ནི་འདུག་པ་དང་། །རོལ་པའི་ཕྱིར་ན་བདུད་རྩི་ཡིན། །ཐིགས་པ་རྣམ་ཤེས་ཀུན་གྱིས་ནི། །ཡི་གེ་བཅུ་དྲུག་ཡང་དག་གསུངས། །བཅུ་དྲུག་ སྒྱུ་འཕྲུལ་ཆེན་མོ་སྟེ། །ཐིགས་པ་ལྟ་བུ་ཡོངས་སུ་བསྟན། །དབྱངས་ཡིག་སྒྱུ་འཕྲུལ་ཆེན་མོ་ཉིད། །དེ་ཉིད་གོ་ཕྱིར་ཡང་ན་གསུངས། །འདི་རྣམས་སྒྱུ་འཕྲུལ་ཆེན་མོ་གནས། །དེ་ཡི་ཐིགས་པ་རྣམ་ཤེས་ཅི། །ཁམས་ཀྱི་དོན་རྣམས་བཅུ་དྲུག་ནི། །དེ་དག་གཟུགས་ཉིད་ཐིགས་པའི་གཟུགས། ། ཁམས་ཀྱི་ནོར་རྣམས་བཤད་པ་ཡིན། །ཡང་ནི་བདག་གིས་བཤད་པར་བྱ། །ལྷ་མོ་ཁྱོད་ཀྱིས་མོད་ལ་ཉོན། །ཐིགས་པའི་གཟུགས་ནི་འདི་ལ་ཡོད། །དེ་ཕྱིར་ཐིགས་པའི་གཟུགས་ཤེས་བྱ། །དབྱངས་དང་འདྲ་བར་འབྱུང་ཕྱིར་ཐིགས། །གང་གསུངས་སྨྲ་འདོན་བཤད་པའི་རྒྱུད། །གསང་ ཚིག་རྣམ་པར་བཤད་པ་ལ། །ར་ཞེས་རཀྟའི་ཁམས་ལ་སོགས། །གི་རི་ཛི་ན། ག་ཤ་དྷ་བ་ཏྲ། ཏྭ་ག་ན་དྷ། ཀུ་སུཾ་ཏྲ་མ་རི་ཎ། ཨ་རི་ན། བི་སིད་དར། གུ་ན་དུར། གད་ཏཾ་ནི་དེའི་ལ། དཾ་ས་ག་ར་ཙ། སྭ་གྷ་རེ་ཛེ་ན། འདི་རྣམས་སྙིང་པོ་ག་བུར་འགྱུར། །སྒྱུ་འཕྲུལ་ཆེན་མོ་ཁམས་བཅུ་དྲུག །ཐིགས་ པའི་རིག་པ་འབྱུང་བར་འགྱུར། །ཆུ་ཀླུང་ནཻ་རཉྫ་ན་ཉིད། །སྙན་ངག་གི་ནི་རིག་པར་འགྱུར། །སངས་རྒྱས་བཅོམ་ལྡན་བསྟན་པ་ལ། །དཔའ་བོ་གཏམ་རྒྱུད་སྐབས་འདི་ཉིད། །དེ་ཉིད་སྤང་བྱ་ཐིགས་པ་བཤད། །ཐིགས་དོན་རྣམ་པར་ཤེས་མ་བྱས། །བཅོམ་ལྡན་འདས་ཉིད་དམིགས་པར་འགྱུར། ། བཅོམ་ལྡན་དེ་ཕྱིར་ཐིགས་པ་གསུངས། །དེ་ཡི་མཚན་ཉིད་དཔའ་བོས་བཤད། །ཤེས་རབ་ཡང་དག་སྦྱོར་ལ་སོགས། །ཉིད་མགོ་ཐིགས་གཟུགས་ཞུ་བར་འགྱུར། །འདི་ལྟར་རྡོ་རྗེ་འཆང་ཉིད་དེ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཅན། །དྲི་མའི་ཕྱིར་གཞན་ཁྱད་པར་མེད། །དུག་གཞི་ རྣམས་ནི་འདྲ་བར་གཏམ། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །གང་དབང་པོ་ལམ་འདི་ཉིད་སོགས། །གང་གང་ཞེས་བྱ་འདོད་པ་ཡིས། །མིག་ལ་སོགས་ཉིད་དབང་པོར་འདུས། །དེ་སྒོ་དབང་པོ་མས་ཉིད་དེ། །གང་དབང་པོས་དེ་ཉིད་ལམ་འགྲོ། །དེ་ཡི་མཚན་ཉིད་རང་བཞིན་ གྱིས། །བྱང་ཆུབ་སེམས་ཉིད་རང་བཞིན་གྱིས། །ཡང་དག་འདོད་པའི་རྣལ་འབྱོར་ཞེས། །ཡང་དག་ཅེས་བྱ་ཐིགས་གཟུགས་ཅན། །དེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །འདོད་པ་ཞེས་བྱ་གཟུགས་ཀྱིས་ནི། །དེ་ཉིད་ཀྱིས་ནི་ཡང་དག་བཤད། །དེ་ཉིད་འདོད་པའི་རྣལ་འབྱོར་གྱིས། ། སངས་རྒྱས་ཐམས་ཅད་ཉི་ཚེ་གང་། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །རྣམ་སྣང་མཛད་སོགས་ཉིད་དག་སྟེ། །དེ་རྣམས་བྱ་བ་བྱས་ནས་ནི། །སངས་རྒྱས་ཐམས་ཅད་མཉམ་པར་འགྱུར། །རང་དང་གཞན་དང་དེ་བཞིན་གཤེགས། །ཉིད་ཀྱི་ཕྱིར་ན་མཉམ་པའི་དོན། །ཅི་སྟེ་དྲི་མ་སངས་ རྒྱས་འགྱུར། །ཐམས་ཅད་གོ་བྱས་གལ་ཏེ་བྱས། །དམ་ཚིག་ཆེན་པོ་གྲུབ་པ་དང་། །རི་ལུ་ཆེན་པོ་གྲུབ་ལ་སོགས། །གོམས་དང་ལོབས་དང་མངོན་སུམ་བྱེད། །དེ་ཕྱིར་འདི་ཉིད་དམ་ཚིག་རྣམས། །དེ་ཉིད་ཆེན་པོ་དམ་ཚིག་ཆེ། །དེ་ལྟར་དམ་ཚིག་ཆེན་པོ་རྣམས། །སངས་རྒྱས་རྣམས་ ཉིད་རྣམ་པ་ལྔ། །གྲུབ་པ་དམ་ཚིག་ཆེན་པོ་ཉིད། །རི་ལུ་ཆེན་པོ་འགྲུབ་པར་བྱ། །གང་དག་རི་ལུ་ཆེན་པོ་གྲུབ། །དེ་དག་གྲུབ་པ་ཉིད་ཀྱིས་ནི། །དམ་ཚིག་ཆེན་པོ་གྲུབ་པར་འགྱུར། །གང་ཉིད་དམ་ཚིག་ཆེན་པོ་འགྲུབ། །ཇི་ལྟར་དེ་ཉིད་རི་ལུ་ཡིན། །འགྲུབ་པ་དེ་ཡི་ཞེས་བྱ་གང་། །རྣམ་པར་ བཤད་པའི་རྒྱུད་ལས་གསུངས། །སྦྲང་རྩི་ཁྲག་དང་ག་པུར་དང་། །ཁྲག་དང་ཙནྡན་འབྱོར་བར་བྱ། །ཚོགས་ཀྱི་དཀྱིལ་ན་རབ་ཏུ་གཞག །ཐམས་ཅད་ལས་ནི་དེ་ཉིད་མཆོག །ར་ས་ཡ་ན་ཞེས་བྱ་སྟེ། །དམ་ཚིག་ཆེན་པོ་འགྲུབ་རྒྱུ་ཡིན། །རྣལ་འབྱོར་རི་ལུ་གྲུབ་པ་ཉིད། །ཇི་ལྟར་བྱ་བ་ གལ་ཏེ་བཟླས། །སྒྱུ་འཕྲུལ་ཆེན་མོར་རབ་སྦྱོར་བས། །རྣལ་འབྱོར་སྡོམ་པ་བྱེད་ལ་སོགས། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་གང་། །དེ་རྣམས་དབྱངས་ཡིག་བཅུ་དྲུག་ཡིན། །དེ་ཉིད་འདི་ནི་རབ་ཏུ་སྦྱོར། །སོ་སོར་དམ་ཚིག་སྐུ་གསུང་ཐུགས། །དེ་དག་ཉིད་ ཀྱི་རྣལ་འབྱོར་རྣམས། །སྒྱུ་འཕྲུལ་ཆེན་མོར་རབ་སྦྱོར་གྱིས། །རྣལ་འབྱོར་འབྱོར་ཉིད་ལོངས་སྤྱོད་ཡིན། །དམ་ཚིག་རྣལ་འབྱོར་སྡོམ་པ་ཉིད། །ཅི་སྟེ་བྱེད་ཅེས་གལ་ཏེར་བཟླས། །ཡོ་བྱད་རྣམ་ལྔ་ལྡན་ཞེས་བྱ། །སྤྱོད་ཡུལ་གང་ཉིད་ཡོ་བྱད་ཡིན། །མེ་ཏོག་སྤོས་ལ་ སོགས་རྣམ་ལྔ། །འདོད་པ་ལྔ་ཉིད་གཟུགས་སྒྲ་སྒྲོགས། །དེ་རྣམས་ཀྱིས་ནི་ཡང་དག་གནས། །ཡོ་བྱད་རྣམ་པ་ལྔ་དག་དང་། །འདོད་པའི་ཡོན་ཏན་ལྔ་དང་ལྡན། །འདི་རྣམས་ཅི་ལྟར་རྙེད་པ་བཞིན། །དེ་ལྟར་དེ་རྣམས་ཤིན་ཏུ་སྤྱོད། །མི་སྤང་བ་ནི་དེ་ཉིད་དོན། །འདི་ལྟར་བསྡོམས་པས་ ཅི་འགྱུར་ཏེ། །འདི་ལྟར་ཐེ་ཚོམ་གོ་བྱས་ཏེ། །གྲུབ་པའི་དབང་པོ་ཤེས་བྱ་སོགས། །ཡང་དག་རྟག་པའི་བྱ་བ་ཉིད། །རྣལ་འབྱོར་དབང་པོས་ཤེས་པར་བྱ། །བསྐྱེད་པའི་མཚན་ཉིད་གྲུབ་པ་སྟེ། །དམ་ཚིག་གྲུབ་པའི་རི་ལུ་ཉིད། །གྲུབ་པ་འདི་ཉིད་འབྲས་བུར་གསུངས། །རི་ལུ་ གཅིག་པུ་འདི་ལྟར་གྲུབ། །གྲུབ་འགྱུར་ཞེས་ནི་གལ་ཏེ་བཟླ། །གང་གྲུབ་པ་ནི་ཤེས་བྱས་གང་། །ཡེ་ཤེས་གང་གིས་གྲུབ་པ་ཡིས། །གྲུབ་པའི་དེ་ཉིད་གྲུབ་པར་འགྱུར། །གྲུབ་པ་ཉིད་ནི་གྲུབ་བྱས་ལ། །ཁམས་གསུམ་མ་ཞེས་ལྷ་ཡི་ཁམས། །རིག་འཛིན་གཟུགས་ཀྱི་རྣལ་འབྱོར་རྣམས། ། ཡང་ན་ལུས་ངག་ཡིད་རྣམ་གསུམ། །དབང་པོ་ལྔ་དང་སྤྱོད་ཡུལ་ལྔ། །དེ་རྣམས་གང་ན་རྟེན་པར་བྱེད། །དེ་ཉིད་ཁམས་གསུམ་ཞེས་བྱ་ཉིད། །སྲིད་གསུམ་སྐུ་ནི་བཅོམ་ལྡན་འདས། །བྱང་ཆུབ་སེམས་ནི་རྡོ་རྗེ་འཆང་། །གང་འཁོར་ཁམས་ནི་སུམ་ཅུ་ལ། །དེ་རྣམས་ཀྱིས་ནི་འདི་ལྟར་ཐོབ། ། བདག་གིས་ཡེ་ཤེས་རབ་བཤད་བྱ། །ལྷ་མོ་སྒྱུ་འཕྲུལ་ཆེན་མོ་བདེན། །བརྫུན་མིན་བདེན་པར་བདག་གིས་བཟླ། །གལ་ཏེ་ངེས་པར་འདི་ལྟར་གསུངས། །ལེགས་སོ་ལེགས་སོ་བཅོམ་ལྡན་འདི། །རང་བདག་ཁྱོད་ནི་སྒྱུ་འཕྲུལ་ཆེ། །དེ་ཉིད་ཡེ་ཤེས་སྒྱུ་འཕྲུལ་ཆེན། །བསྟན་ཟླ་སྨྲ་དང་དེ་བཞིན་བཤད། ། ལས་གཉིས་མ་ཉིད་གོ་བར་བྱ། །ཁྱོད་ནི་ཡེ་ཤེས་བརྩོན་འགྲུས་ཉིད། །མཁས་པ་རྣམས་ཀྱིས་རིག་པ་སྟེ། །རིག་མ་འཇིག་རྟེན་གསུམ་གྲུབ་མ། །སྲིད་པ་གསུམ་གྱི་སྐྱེད་བྱེད་མ། །སྐུ་གསུང་ཐུགས་ཉིད་རབ་གྲུབ་བྱེད། །རྣལ་འབྱོར་དབང་ཕྱུག་ཅེས་བྱ་སྟེ། །ཆེན་པོ་ཡང་ཡིན་རྣལ་འབྱོར་ ཡིན། །བསམ་གྱིས་མི་ཁྱབ་མཚན་ཉིད་དེ། །ཨཱ་ལི་ཀཱ་ལི་སྔོན་དུ་བསམ། །རྣལ་འབྱོར་ཆེན་པོས་ངལ་སོར་གསུངས། །ལྟོ་བའི་དཀྱིལ་གནས་གང་བ་ཡི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ལྟེ་དཀྱིལ་སེམས་ཉིད་འགྲོ་བ་ལ། །ཡི་གེ་དེ་ཉིད་དབང་རབ་གསུངས། །དེ་ནི་རྗེ་དཔོན་མ་ ཉིད་དངོས། །རྣལ་འབྱོར་དབང་ཕྱུག་ཆེན་མོ་སྟེ། །ཅི་ལྟར་དེ་ཉིད་ཡེ་ཤེས་ཡིན། །ལེགས་ལྡན་ཁྱོད་ཀྱིས་གལ་ཏེ་བསྟན། །ཀུན་གྱིས་རང་བཞིན་དངོས་ལེགས་ཉིད། །དེ་དག་ཉིད་ནི་ལེགས་ལྡན་ཏེ། །ཆུ་སྦྱིན་ལྟ་བུ་ལེགས་ལྡན་ཏེ། །ཡང་དག་འབྱོར་ལས་སྐྱེ་བ་དང་། །རབ་འབྱོར་ ལས་ཀྱི་དེ་ལྟར་གཉིས། །ཡང་དག་འབྱོར་སྐྱེ་ཞེས་བྱ་བ། །བྷ་ག་དཀྱིལ་ན་ཡང་དག་གནས། །བདེ་བ་ཐམས་ཅད་སྦྱིན་པའོ། །ཐམས་ཅད་བྱིས་པ་རྨོངས་པས་ན། །དེ་ལ་གནས་པ་མ་ཤེས་སོ། །ཐེ་ཚོམ་གཅད་པའི་ཕྱིར་ན་གསུངས། །ཡི་གེ་ཕྲེང་རྣམས་ཞེས་བྱ་གང་། །ཡི་གེ་རྣམས་ནི་ ཨ་དང་ཀ །དབྱངས་དང་མཚོན་དང་གསུམ་རྣམས་ཀྱིས། །ཕྲེང་བ་རྣམས་ཀྱི་ཞེས་བྱ་བ། །ཡི་གེ་ཕྲེང་བ་རྣམས་ཀྱི་ཤར། །དོན་མི་སྤོང་ཕྱིར་ཡི་གེ་ཡིན། །མི་དམིགས་པ་ནི་བདེ་མཆོག་ཡིན། །དེ་རྣམས་ཀྱི་ནི་ཚོར་བའི་ཕྱིར། །དེ་ཡི་ཕྱིར་ན་ལེགས་ལྡན་ཡིན། །ཡང་ན་ལེགས་ལྡན་ དཔེ་མེད་ཉིད། །ཡི་གེ་ཕྲེང་བ་རྣམས་ཀྱི་སྟེ། །ཨཱ་ལི་ཀཱ་ལི་རྣམ་སྣ་ཚོགས། །ལས་ཀྱི་ཡེ་ཤེས་ཡིན་པ་སྟེ། །སྔགས་ཀྱི་ཤར་བ་སྤྱོད་པ་ཡི། །ཆོ་གའི་ལེའུ་བཞི་བཅུ་རྩ་གཅིག །ཚིག་བཤད་སུམ་བརྒྱ་ཨཱ་ལི་ཀཱ །ལི་ནི་རབ་ཏུ་བསྟན་པ་ཡིན། །ཨཱ་ཡིག་ཐིག་ལེ་མེ་འོད་ཟེར། །དམར་ པོས་བརྒྱན་པར་བྱས་པ་སྟེ། །བསྒྲུབ་བྱ་སྙིང་དང་སྤྱི་བོ་གསང་། །དེ་བཞིན་ལྟེ་བར་རྣམ་པར་བསམ། །ཨ་ཡིག་ཐིག་ལེ་ལྡན་བཟང་རིས། །མཚལ་དང་འདྲ་བའི་མདོག་ཏུ་སྟེ། །བསྒྲུབ་པར་བྱ་བའི་སྤྱི་བོ་ལ། །བསེ་འབྲས་འདྲ་བའི་མདོག་ནི་བསམ། །མྱོས་དང་བརླག་དང་གསང་དང་ བསམ། །ཡེ་ཤེས་ཉིད་ཀྱི་མཐུ་ནི་བརྟན། །གང་དག་བསམས་ཙམ་གྱིས་སོགས་འདི། །གཡོ་བ་ཅེས་བྱ་སྐྱེ་བོ་རྣམས། །མི་གཡོ་ཞེས་བྱ་མི་འགུལ་རྣམས། །གཡོ་དང་མི་གཡོ་འགྲུབ་པར་འགྱུར། །གཡོ་བ་ཅེས་གྲུབ་ཐར་པ་ཡིན། །ཡང་ན་ཅི་སྟེ་དེ་ལྟར་གྲུབ། ། ལེགས་ལྡན་མི་གཡོ་མི་འགྲུབ་པོ།།བྱས་པའི་འབྲས་བུའི་རིག་པ་དང་། །ཡེ་ཤེས་ཕྱེ་བའི་བཞི་པ་ལ། །དེ་ལྟར་དོན་ཉིད་ཚོལ་བ་དང་། །ཡེ་ཤེས་ཉིད་དགོངས་པ་རྣམས་ཀྱིས། །བསྙེན་གནས་ཉིད་ལ་གནས་མི་བྱ། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །འདོད་པའི་ལོངས་སྤྱོད་ཐམས་ ཅད་སོགས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །རྣལ་འབྱོར་པ་རྣམས་ཅི་འདོད་སྤྱོད། །ཡེ་ཤེས་འདི་ནི་གྲུབ་པར་འགྱུར། །ཡེ་ཤེས་འདི་ནི་གྲུབ་པ་ཡིས། །ཡེ་ཤེས་ཅན་གྱིས་གལ་ཏེ་བཟླ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །རྣལ་འབྱོར་དུས་ཀུན་རྩེ་ལ་སོགས། །རྡོ་རྗེ་ཞེས་བྱ་ཡེ་ཤེས་ཉིད། །འདི་ ལྟར་རྣལ་འབྱོར་རྡུལ་ཕྲན་ཉིད། །དེ་ཉིད་གཟུགས་ཀྱིས་ཡང་དག་འབྱོར། །དེ་ཉིད་གང་ལ་སྣང་བ་དེ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཏེ། །དེ་དག་རྣལ་འབྱོར་མ་རྣམས་ཀྱིས། །དུས་ཞེས་བར་ཆད་མེད་རྟག་ཏུ། །དེ་རྣམས་ལྷན་ཅིག་རྩེ་བས་འགྲུབ། །འདོད་པའི་དོན་ཀུན་གྲུབ་པར་ འགྱུར། །དེ་ཕྱིར་དེ་ཉིད་བརྟན་པར་བཤད། །ཆང་དང་ཁུ་བ་དགུག་པ་དང་། །གོང་དུ་དེ་བཞིན་དགུག་ལ་སོགས། །བ་སིཏ་ཆེན་པོ་རྟོག་པ་ཆེ། །བདུན་འཁོར་ཀུན་གྱི་ཤ་ཟའམ། །ལྷ་མིག་དང་ནི་རྫུ་འཕྲུལ་ཆེ། །མངོན་པར་ཤེས་པ་ལྔ་ལ་སོགས། །ཡོན་ཏན་ཡོད་ཕྱིར་ མི་འགག་གསུངས། །ཉིན་རེ་བཞིན་དུ་ཟླ་འཐུང་སོགས། །ཟླ་བ་ཞེས་བྱ་བདུད་རྩི་ཡིན། །སོ་སོར་རྣམ་ལྔ་བཏུང་བར་བྱ། །སྔར་གསུངས་འབྲས་བུ་འགྲུབ་པར་བསྟན། །རྣལ་འབྱོར་དབང་ཕྱུག་ཅེས་མངོན་བཤད། །ལྷག་མེད་ལས་བྱེད་རིག་མ་ཆེ། །གྲུབ་པ་རིག་མ་ཆེན་མོ་ ཡི། །གང་ཉིད་རྣལ་འབྱོར་འབྱོར་དབང་མ། །དེ་ཉིད་རྣལ་འབྱོར་དབང་ཕྱུག་མ། །དེ་རྣམས་རིག་པའི་སྐྱེས་བུ་ཉིད། །རྣལ་འབྱོར་དབང་ཕྱུག་མ་རྣམས་ཀྱི། །ཐབས་དང་ཤེས་རབ་དེ་ཉིད་ཀྱིས། །རྣལ་འབྱོར་དབང་ཕྱུག་རིག་པ་ཆེ། །དེ་ཡི་རྒྱུད་དང་གཏན་ཚིགས་དང་། །དེ་ནི་རྣམ་ པར་བསྟན་པ་སྟེ། །དེ་བཞིན་ཡོངས་སུ་བཅད་པ་ནི། །དེ་ཉིད་ཀྱིས་ནི་རོལ་པར་འགྱུར། །སྦྱོར་བ་ཙམ་གྱིས་མི་འགུག་བརྟེན། །ཡི་གེ་གཉིས་འབྱོར་ལ་ཞེས་བྱ། །ཡི་གེ་མ་ཡིན་ཐིག་ལེ་ཙམ། །རྒྱུད་ལས་གསུངས་པ་འདི་ལྟར་ཡོད། །སྤང་པ་དག་དང་དྲི་མེད་དེ། །བྱང་ཆུབ་ སེམས་ཞེས་རྣམ་པར་བཤད། །དུང་ཟླ་མེ་ཏོག་ཀུན་ད་འདྲ། །དེ་ཡི་རྣལ་འབྱོར་གྱིས་ནི་བདག །ཡི་གེ་གཉིས་པ་རྣལ་འབྱོར་གྱིས། །བསྒོམ་པ་ཉིད་ནི་གོམས་པར་བྱེད། །བསྒོམ་བྱ་ཞེས་བྱ་རྣམ་པར་བསྒོམ། །དཀར་དང་དམར་དང་མ་ལུས་འབྱོར། །རྒྱུད་ལས་འདི་ལྟར་ གསུངས་པ་ཉིད། །མདོག་ནི་དམར་པོ་བསམ་བྱས་ལ། །བསམ་གཏན་ལ་ནི་ཞུགས་པར་བྱ། །གཟུངས་མ་དང་ནི་ཡང་དག་ལྡན། །ཁམས་གསུམ་དག་ནི་བསྒོམ་པར་བྱ། །དགུག་པར་གཟབས་པས་གསལ་བྱས་ལ། །ཡང་ན་རབ་ཏུ་ཞུགས་པར་བྱ། །ཁམས་གསུམ་ཐམས་ཅད་ དབང་དུ་འགྱུར། །དབང་དང་དགུག་པ་བསྟན་བྱས་ལ། །གོང་བུ་ཆེན་པོ་དགུག་པར་གསུངས། །ཨ་ཡིག་ཡང་དག་འབྱུང་ཞེས་བྱ། །ཐིག་ལེ་དང་བྲལ་ཨ་ཡིག་སྟེ། །ཡང་དག་འབྱུང་ཞེས་སྐུ་གསུང་ཉིད། །ཡང་དག་སྦྱོར་བསྒོམ་གོང་བུ་དགུག །དེ་དག་རྣམ་པར་གོམས་ པར་བྱ། །གང་དེ་དེ་ལས་ཡང་དག་འབྱུང་། །གང་དེ་གོང་བུ་དགུག་པར་བྱ། །རྣམ་བརྒྱད་རྒྱུད་ལ་བསྟན་པར་གསུངས། །ཨ་ཞེས་ཡི་གེ་ལས་ནི་གྲུབ། །སྐུ་མདོག་དཀར་པོ་ཞལ་བཞི་སྟེ། །རྡོ་རྗེ་ཁྭ་དང་བཞིན་དུ་དཔའ། །ཟླ་བ་ཕྱེད་ཀྱིས་ཐོད་མཆོག་བྱས། །ཀ་ཕལ་དང་ ནི་ཙ་ས་ཀ །དབུགས་ནི་མི་འགུལ་བསམ་པར་བྱ། །རླུང་དང་མེ་ཉིད་ཞོན་ལ་སོགས། །གོང་བུ་དགུག་པ་བསྟན་བྱས་ལ། །དེ་བཞིན་ཁུ་བ་དགུག་པར་གསུངས། །ཁེ་ཞེས་ཡི་གེ་ཡང་དག་ལྡན། །ཁེ་ཡིག་ཡང་དག་དང་ལྡན་གང་། །ཐོག་མའི་དབྱངས་ཡིག་མཚན་ཉིད་ གསུངས། །བསྒྲུབ་བྱ་ཐིག་ལེ་ལ་ནི་བསམས། །ཁུ་བ་ཉིད་ནི་ཞུ་བར་བྱ། །ཁུ་བའི་དགུག་པ་གསུངས་བྱས་ལ། །དེ་བཞིན་ཆང་གི་དགུག་པ་གསུངས། །ཅི་ཞེས་ཡེ་ཤེས་གྲུབ་པར་བྱ། །རྣམ་པར་བཤད་པའི་རྒྱུད་ལས་གསུངས། །ཞལ་བཞི་ཕྱག་བཞི་མདོག་ནི་སེར། ། ཐོད་མཆོག་ཀ་པཱ་ལ་ཕྲེང་བྱས། །སྡིགས་མཛུབ་རྡོ་རྗེ་དང་ནི་ཞགས། །ཀ་པཱ་ལ་ཡང་གཡོན་པའི་ཕྱག །གཡས་པ་རྡོ་རྗེ་འབར་བ་ཉིད། །དེ་བཞིན་གཞན་ལ་ལྕགས་ཀྱུ་སྦྱིན། །རྟ་ཡི་ཞལ་དང་འདྲ་བྱས་ལ། །ཆང་གི་དགུག་པ་མཆོག་གི་མཆོག ། དེ་ནས་ཁྲག་གི་དགུག་པ་གསུངས། །ར་ཞེས་ཡེ་ཤེས་ཉིད་ཀྱིས་འགྲུབ། །སྐུ་མདོག་དམར་པོ་འབར་བ་ཆེ། །དཔའ་བོ་ཀ་པཱ་ལ་ཕྲེང་འཛིན། །རྒྱན་རྣམས་ཀྱིས་ནི་བརྒྱན་པར་བྱས། །ཕྱག་བཞི་ཞལ་བཞི་ཅེ་སྤྱང་ཞལ། །དེ་དག་རྒྱན་གྱིས་རྣམ་པར་བརྒྱན། །གཡོན་པའི་ ཕྱག་ན་ཁ་ཊྭཱཾ་དང་། །དེ་བཞིན་ཀ་པཱ་ལ་ཡང་འཛིན། །གཞན་ལ་རྡོ་རྗེ་རལ་གྲི་འཛིན། །རཀྟ་ཤོ་ཎ་དི་ཉི་ཚེ། །འགྲུབ་པར་བྱ་བའི་གཟུགས་ནི་གཟབས། །མཁའ་འགྲོ་འཁོར་ལོ་སྤྲོ་བར་བྱ། །འཇིགས་བྱེད་རྣམས་ནི་རྣམ་པར་བསམ། །ཕྲ་མོ་རྡོ་རྗེ་མཐུ་ཡིས་ནི། །ཁྲག་གིས་ དགུག་པའི་རབ་ཀྱི་མཆོག །ཁ་དོག་དྲུག་དང་ལྡན་པ་ཞེས། །ཁ་དོག་དྲུག་ལྡན་གསུངས་པ་དེ། །དལྟར་ན་ནི་རབ་ཏུ་བསྟན། །སྙིང་དང་མགོ་དང་སྤྱི་བོ་དང་། །དཔུང་མགོ་སྤྱན་དང་ཡན་ལག་རྣམས། །ལྟེ་བ་སྙིང་དང་ཁ་དང་མགོ། །སྤྱི་བོ་མཚོན་རྣམས་ཀྱི་ནི་གནས། །རྡོ་རྗེ་སེམས་ དཔའ་སྣང་མཛད་དང་། །པདྨ་གར་གྱི་དབང་ཕྱུག་དང་། །དེ་བཞིན་དཔའ་བོ་ཧེ་རུ་ཀ །རྡོ་རྗེ་ཉི་མ་རྟ་མཆོག་ཅེས། །མཆོད་པའི་རྡོ་རྗེ་འདི་རྣམས་དྲུག །ཕག་མོ་དང་ནི་མཚན་བྱེད་མ། །མྱོས་བྱེད་དང་ནི་གཡོ་བྱེད་མ། །སྐྲག་བྱེད་མ་ནི་དྲག་མོ་སྟེ། །དེ་རྣམས་རྣལ་འབྱོར་དྲུག་ནི་བཤད། ། གནས་པ་བསམ་བྱ་དགོས་པ་གསུངས། །མཁའ་འགྲོ་མ་རྣམས་སྡོམ་པ་གྲུབ། །ཡེ་ཤེས་མཁའ་འགྲོ་མ་རྣམས་ཉིད། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཏེ། །མཁའ་འགྲོ་མ་རྣམས་ཉི་ཤུ་བཞི། །ཕྲིན་ལས་བཞི་ཡི་རྣལ་འབྱོར་མཁའ། །དེ་རྣམས་ཀྱིས་ནི་སྡོམ་པ་ཞེས། །མཁའ་འགྲོ་རྣམས་ཀྱི་ སྡོམ་པ་ལ། །གཞན་གྱི་ཕོ་བྲང་ཞུགས་པ་ཡི། །དེ་ཡི་ཕྱག་ན་སྐབས་འདི་ལ། །འཕྱང་དང་ཧ་ར་དེ་གཉིས་ཀྱིས། །དེ་དག་གཞན་ལམ་འགོག་པ་གསུངས། །མི་གཉིས་ལ་སོགས་ཤེས་བྱ་བ། །སྤྱི་བོ་ནས་ནི་རྟེན་དུ་འཕྲོ། །གཞན་གྱི་ཕོ་བྲང་ཞུགས་པའི་ཕྱིར། །མིག་ལ་སོགས་ ནི་གནས་དྲུག་སྤང་། །པུཾ་ཧཱུཾ་སྨུཾ་ཧྨྱཾ་ཡན་ཆད་དག །ས་བོན་དྲུག་རྣམས་འགོག་བྱས་ལ། །གྲུབ་པར་བྱ་བའི་ཡི་གེ་དང་། །ཡང་གསུངས་རྒྱས་པའི་ས་བོན་གྱིས། །ཡང་དག་པར་ཞེས་བྱ་བའི་དོན། །འདྲེན་པར་བཤད་པ་གཞག་སྟེ་བཏང་། །གང་གིས་ཕོ་བྲང་ བསྟན་པར་བྱ། །འདི་ལྟར་ཐེ་ཚོམ་གོ་བྱས་གསུངས། །སེང་གེ་རྣམ་པར་རྩེ་བ་ཡི། །དེ་ཡི་ཕྱག་རྒྱ་ཞེས་བྱ་ནི། །སེང་གེ་ཞེས་ནི་མནན་བྱས་ལ། །གླང་པོ་ཆེ་ནི་གསད་བྱས་ལ། །གཟུང་བྱས་རང་གནས་འོང་བར་བྱེད། །རང་གི་ཡེ་ཤེས་སེང་གེ་ཡི། །གཞན་གྱི་ཡེ་ཤེས་ གླང་པོ་ཆེ། །གང་གི་རྣམ་པར་རྩེ་བ་ཡི། །ཡེ་ཤེས་རི་དགས་ཀྱི་རྒྱལ་པོ། །རྩེད་མོ་རྣལ་འབྱོར་རིག་པ་ཡིན། །སེང་གེ་རྩེད་མོ་ཕྱག་རྒྱར་གསུངས། །སེང་གེ་རྣམ་པར་རྩེད་མོ་ཡི། །ཕྱག་རྒྱ་ཡང་དག་དེ་ཉིད་ནི། །ཡེ་ཤེས་གཉིས་ཀྱིས་ཡང་དག་དཀྲིས། །ཕྱག་རྒྱ་བྱ་བར་ གལ་ཏེ་བསྟན། །སྲོག་ཆགས་ཡང་དག་མནན་བྱས་ལ། །སྲོག་ཅེས་བྱ་བ་འཕྱང་བ་ཉིད། །ཆགས་ཅེས་བྱ་བ་ཧ་ར་སྟི། །དེ་དག་གཉིས་ནི་ཡང་དག་དག །སྲོག་དང་ཆགས་དང་ཡང་དག་མནན། །ངེས་པའི་གནས་ནི་དག་བྱས་ལ། །དེ་ཕྱིར་རྒྱུད་ལས་ཁ་ཅིག་བསྟན། །གང་དུ་གནས་ རྣམས་ལ་ནི་དག །མ་བྱས་འབྲས་བུ་མེད་པར་འགྱུར། །པུ་ར་བྱ་བ་དག་པར་གསུངས། །དེ་ལྟར་ལུས་ནི་གང་བར་བྱ། །ཀུམ་པ་ཀ་ཉིད་རེངས་པར་བྱ། །རེ་རྩེ་ཀ་ཞེས་བྱ་བ་ནི། །སྣ་ཚོགས་ཉིད་ནི་ཕྱུང་བར་བྱ། །ཞི་བ་ཉིད་ནི་ཞི་བར་འགྱུར། །སྲོག་དང་ཆགས་དང་ཡང་དག་མནན། །ཇི་ལྟར་ སྒྱུར་རམ་གལ་ཏེ་ཟླ། །བསམ་པར་བྱས་ལ་དེ་ཉིད་དུ། །སྐད་ཅིག་ལ་ནི་རབ་ཏུ་འབར། །གང་ཉིད་ཡེ་ཤེས་ཁྭ་ལྔ་ཡིས། །ཡེ་ཤེས་གཞན་ཉིད་གླང་པོ་ཆེ། །དེ་ཡི་དབང་པོ་གསོད་པར་བྱེད། །ཡེ་ཤེས་སེང་གེ་བསམ་བྱས་ལ། །བསམ་བྱས་ཇི་ལྟར་གལ་ཏེ་བཟླ། །རབ་ཏུ་འབར་ཞེས་བྱ་བ་ནི། ། འབར་བ་གཞན་ཕྱོགས་ཟད་པར་འགྱུར། །བསམ་ཕྱིར་གལ་ཏེ་འདི་ལྟར་འགྱུར། །ཁྱོད་ནི་དེ་ཕྱིར་ལེགས་པར་གསུངས། །ཇི་ལྟར་དེ་ཉིད་གལ་ཏེ་བཟླ། །འོག་མིན་ཁམས་ནི་མན་ཆོད་ནི། །རྒྱལ་པོ་ཆེན་པོ་བཞི་ལ་སོགས། །འོག་མིན་ཁམས་ནི་མན་ཆད་དུ། །འཇིག་རྟེན་ཁམས་ནི་ཉི་ཤུ་སྟེ། ། འཇིག་རྟེན་བདུན་ཞེས་བྱ་བ་ནི། །ས་འོག་བདུན་ལ་སོགས་པ་སྟེ། །མི་ཡི་འཇིག་རྟེན་མན་ཆད་དུ། །ཡེ་ཤེས་རྒྱལ་པོ་བསྒོ་བ་ཡིས། །དེ་དག་ཀྱང་ནི་གོ་མི་ནུས། །ཇི་ལྟར་དེ་ཉིད་ཤེས་པར་བྱ། །དེ་ཉིད་མི་ཤེས་ཐེ་ཚོམ་གསུངས། །ཐམས་ཅད་གོ་ཞེས་ བྱ་བ་ནི། །འགྲོ་བའི་རྩེ་མོ་ཞེས་བྱ་འདི། །འདི་དག་འཇིག་རྟེན་རོལ་མོ་ཡིན། །ཡང་དག་རྫོགས་པའི་སངས་རྒྱས་ཉིད། །དེ་རྣམས་ལ་ནི་ག་ལ་ཡོད། །འགྲོ་བའི་རྩེ་མོ་བཅད་པ་ཡིས། །འཇིག་པས་ཡེ་ཤེས་གང་བ་ཡིན། །སངས་རྒྱས་སྤྱོད་ཡུལ་ཡེ་ཤེས་ཆེ། །བཤད་པའི་ཐེ་ ཚོམ་གོ་བྱས་གསུངས། །གཟུགས་ནི་གཅིག་པུས་བསམ་པར་བྱ། །གཅིག་པུ་ཞེས་བྱ་གཉིས་སུ་མེད། །གོང་བུ་གཟུགས་ནི་གནས་པ་ཉིད། །དེ་ལ་སོང་བའི་གཟུགས་རྣམས་ནི། །གོང་བུར་འགྱུར་བའི་སེམས་རྣམས་དེ། །གོང་བུ་བསམ་གཏན་བཤད་པར་བྱ། །ཇི་ལྟར་ རྒྱུད་གཞན་ལས་ནི་བསྟན། །དེ་ཉིད་འདི་ན་རྒྱ་ཆེན་དྲངས། །པདྨ་ཆེན་པོ་མདོག་ནི་སྔོ། །ཁ་དོག་ལྟ་བུ་ག་བུར་ལྡན། །དེ་ཡི་དབང་བྱེད་གནས་ནི་གང་། །ཀུན་ད་ཟླ་བ་ལྟ་བུའི་མདོག །ཀྱེ་ལྷ་མོ་ཆེན་མོ་རྣམ་པར་ཤེས། །ཡེ་ཤེས་བདུད་རྩི་གཅིག་པུ་ཉིད། །སྲོག་གི་དངོས་པོར་སྒྲིན་ པ་སྟེ། །གོང་བུ་ལ་གནས་དེ་ཉིད་བསྟན། །ཨཱ་ལི་ཀཱ་ལི་ཡང་དག་ལྡན། །རྣལ་འབྱོར་རྣམས་ཀྱིས་ཁྱད་པར་དུ། །འཕྱང་དང་ཧ་ར་དེ་གཉིས་ཀྱིས། །ཉི་མའི་ལམ་ནས་སྒྱུ་འཕྲུལ་ལྷ། །མོ་ཉིད་དང་ནི་ལྡན་པར་འབྱུང་། །གྲུབ་པར་བྱ་བའི་སྙིང་བར་ན། །མེ་རླུང་འབར་བ་རབ་ཏུ་ཞུགས། ། རྣམ་པར་ཤེས་པ་གཟུང་བྱས་ལ། །རང་ལུས་དཀྱིལ་འཁོར་ལྟ་བུར་ཞུགས། །གཞན་གྱི་ཕོ་བྲང་རབ་ཏུ་ཞུགས། །དེ་དག་ཉིད་ནི་བསྟན་བྱས་ལ། །ར་ས་ཡ་ན་བསྟན་པར་གསུངས། །སྒོ་དགུ་ལས་བྱུང་གང་ནོར་བདག །དེ་དག་ལ་ནི་རབ་ཏུ་འགྲུབ། །བསྒོམ་པར་བྱ་ཞེས་བྱ་བ་ ནི། །ནོར་རྣམས་གསེར་དང་དངུལ་དང་སྲོག །རྩ་བ་རྣམས་ནི་བསྒོམ་པར་བྱ། །ཡང་ན་བཤད་རྒྱུ་སོ་སོར་རྒྱུ། །ཡང་ན་ས་ལ་སོགས་པ་ཡི། །འབྱུང་བ་ལྔ་ཉིད་ནོར་རྣམས་ནི། །འདི་ལྟར་ལུས་ཉིད་ནོར་བདག་སྟེ། །ལུས་འདི་ར་ས་དབང་པོ་སྟེ། །ལས་ཀྱིས་བདག་གི་སྐལ་པ་ཡི། ། དེ་ཡི་དབྱེ་བ་ངེས་པ་ལས། །དང་པོ་དེ་ཉིད་མ་ལུས་བསྟན། །མིག་དང་རྣ་བ་སྣ་དང་ལྕེ། །གསང་བ་གྷིང་གྷ་ལ་སོགས་སྒོ། །དེ་ལས་བྱུང་བ་ལས་བྱུང་སྟེ། །ཇི་ལྟར་དེ་ཉིད་ར་ས་ཡིན། །དེ་ཡི་ཇི་ལྟར་འབྱོར་པ་བྱ། །གསང་བ་ལས་ནི་བཟའ་བར་བྱ། །དངོས་པོ་ཡིན་ཏེ་གཞན་མ་ ཡིན། །ཅི་ལྟར་བཟའ་ཞེས་གལ་ཏེ་བཟའ། །ཐམས་ཅད་རྣལ་འབྱོར་མ་ཉིད་ཡིན། །རྣལ་འབྱོར་གྱིས་ཞེས་བྱ་བ་ནི། །ཐམས་ཅད་རྣལ་འབྱོར་མ་དབྱངས་ཀྱིས། །དེ་དག་ཡི་གེ་བཅུ་དྲུག་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད། །ལུས་བཞི་དམ་ཚིག་བཞི་ནི་བསམ། །ཁ་ སྦྱོར་བཞི་ཡིས་རྣལ་འབྱོར་གྱིས། །པ་ཧ་ར་བཞི་རྣམ་པར་བསམ། །གྲུབ་པ་པོ་མཆོག་ཉིད་ཀྱིས་ནི། །ཇི་ལྟར་དུས་བཞི་བྱིན་གྱིས་བརླབ། །ལྷ་ཡི་འཁོར་ལོ་རྣམ་པ་རྣམས། །ཇི་ལྟར་དེ་ཉིད་རྣལ་འབྱོར་མ། །གང་གིས་བཀུར་སྟིས་རྣལ་འབྱོར་གྲུབ། །འདི་ཡི་གྲུབ་ཅེས་གལ་ཏེ་ བཟླས། །ཐམས་ཅད་རྒྱན་ནི་ཡང་དག་ཚང་། །གང་གིས་འདིས་ནི་སྐུ་གསུམ་འགྲུབ། །དེ་ལྟར་རྣལ་འབྱོར་མཆོག་གི་མཆོག །དེ་ཕྱིར་གཞན་གྲུབ་གྲུབ་པ་ཅི། །ནོར་ཚོགས་གྲུབ་ཅེས་བཟླས་པས་ནི། །ངེས་པར་གྲུབ་པ་མ་ལུས་ཐོབ། །སྐུ་གསུམ་སྨོན་ལམ་སྦྱིན་པ་པོ། །དེ་ནས་རྡོ་རྗེ་ སེམས་དཔའ་སྟེ། །སྐུ་གསུམ་གྲུབ་པ་ཐོབ་དང་ལྡན། །ནོར་གྱི་ཚོགས་ཀྱི་གོམས་པ་པོ། །ཡང་དེ་ལྟར་ནི་ཐོབ་ཅེས་བསྟན། །ཇི་སྟེ་འགྱུར་ཞེས་གལ་ཏེ་བཟླས། །དབང་པོ་གཉིས་ཀྱིས་རབ་ཏུ་སྦྱོར། །དབང་པོ་གཉིས་ཀྱིས་རབ་སྦྱོར་བས། །ལས་བྱུང་སྐུ་གསུམ་གྲུབ་པ་ ཉིད། །ནོར་ཚོགས་དབང་པོ་གཉིས་ལས་བྱུང་། །མི་ཤིགས་པ་ཡི་ཕྱིར་འདི་ཉིད། །འདི་ལྟར་སྐུ་གསུང་གྲུབ་པ་བསྟན། །བླ་མེད་དེ་ཉིད་གྲུབ་པར་བསྟན། །འདི་ནི་དམ་པ་ཅི་ཡོད་དོན། །དེ་ནས་རྒྱུད་འདི་ལས་ནི་བསྟན། །མ་ལུས་བསྟན་པ་སོ་སོར་བསྟན། །དེ་ཉིད་དག་ནི་གསལ་ བར་བཤད། །དོན་མིན་གྲུབ་པ་པོ་ཉིད་གོ། །འདི་ལ་བསྟན་པའི་གྲུབ་པ་རྣམས། །འགྲུབ་པར་བྱ་ཞེས་གོ་བྱས་བཤད། །འདི་ནི་ཚིགས་སུ་བཅད་པར་འགྱུར། །ཚིགས་སུ་བཅད་རྣམས་ཚིགས་སུ་བཅད། །ཕྱེད་ཀྱང་ཚིགས་སུ་བཅད་པ་སྟེ། །དེ་ནས་གོང་བུ་དོན་གྱིས་སྙན། །དངགས་ རབ་ཏུ་ནི་བརྟག་པ་པོ། །ཚིགས་སུ་བཅད་པ་གལ་ཏེ་བཟླ། །གཟུགས་རྣམས་དང་ནི་ཕྱག་རྒྱ་རྣམས། །མཚན་མ་རྣམས་ལ་དེ་བཞིན་དུ། །གཟུགས་རྣམས་ལ་ནི་དབྱིབས་རྣམས་ཏེ། །ལྷ་ཡི་རྣམ་པའི་གཟུགས་རྣམས་ཉིད། །ཕྱག་རྒྱ་རྣམས་ལ་ཞེས་བྱ་གང་། །ཕྱག་རྒྱ་ དབུ་རྒྱན་ལ་ནི་རིགས། །དེ་དག་བདག་པོ་བཞག་པ་སྟེ། །མཚན་མ་རྣམས་ཀྱིས་ཕྱག་མཚན་མཚོན། །དེ་དག་གཟུགས་ལ་སོགས་པ་ཡི། །དབང་བསྐུར་ཡན་ཆད་ཡན་ལག་བཞི། །ཏིང་འཛིན་འདོད་པའི་ནོར་རྣམས་ནི། །དམ་ཚིག་བཅུ་རྣམས་བསམ་གཏན་ཏེ། །དེ་ཉིད་ནོར་ནི་འབར་བྱེད་ དང་། །སྲོག་བྱེད་དེ་ཉིད་སྡོམ་པ་སྟེ། །རིལ་བུ་དངོས་གྲུབ་རྣམས་ནི་དེ། །ཐབས་ནི་སྣ་ཚོགས་མ་ལུས་བསྟན། །ཧར་དང་འཕྱང་བའི་འགྲོ་བ་སྟེ། །སྔགས་ཀྱིས་བཀོད་པའི་ཕྲིན་ལས་ཉིད། །རི་ལུ་རབ་ཏུ་གྲུབ་ལ་སོགས། །ཀྱེ། ལྷ་མོ་སྒྲུབ་ཐབས་སོགས་ཡིད་འོང་། །དེ་དག་རབ་ཏུ་བསྟན་པ་སྟེ། ། ལྷ་མོ་ཡིད་མགྱོགས་རྣམ་པར་བསྟན། །ཁྱིམ་ན་རྟག་ཏུ་འདི་ལྟར་འགྱུར། །འདུ་བྱེད་སྔགས་འདི་མཆོད་པ་བྱེད། །འཆང་བྱེད་ཀློག་བྱེད་བསམ་བྱེད་དེ། །ཇི་སྙེད་ད་མ་བསྒྲགས་མི་འགྱུར། །དེ་ཉིད་རྣལ་འབྱོར་དབང་ཕྱུག་མ། །རྟག་ཏུ་ཀུན་དུ་བསྲུང་བར་འགྱུར། །རྣལ་འབྱོར་དབང་ཕྱུག་མ་ཉིད་ ནི། །རྫུ་འཕྲུལ་ཆེན་པོ་བསྲུང་བའི་དོན། །སྒྱུ་འཕྲུལ་ཆེན་མོ་མཁའ་འགྲོ་མའི་རྒྱུད་རྣམ་པར་བསྟན་པའི་ལེའུ་གསུམ་པ་རྫོགས་སོ།། །།སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལ་རྡོ་རྗེ་སློབ་དཔོན་མཁས་པ་དཔལ་དུ་ཛ་ཡ་ཙནྡྲས་སྒྱུ་འཕྲུལ་དང་ལྡན་པའི་འགྲེལ་པ་བྱས་པ་རྫོགས་སོ། །གཏི་མུག་མུན་པས་ ལྡོངས་རྣམས་ལ། །འགྲེལ་པ་འདི་ཉིད་མིག་སྨན་བྱས། །དགེ་བ་འདོད་རྣམས་ཅིས་ནི་མདོ། །འགྲེལ་པ་སྒྱུ་མ་ཅན་ལ་དགའ། །རྗེ་ཡི་མངའ་རིས་མདོ་སྨད་དབྱར་མོ་ཐང་། །རྡོ་རྗེ་རིན་ཆེན་གླིང་བཙུན་དབེན་གནས་སུ། །ཡེ་ཤེས་སེམས་དཔས་མོས་པའི་དད་པས་ཞུས། །བདེ་བར་གཤེགས་ པའི་གྲགས་པས་ཐུགས་རྗེས་གནང་། །ལུང་རིགས་དང་མི་འགལ་བར་བསྒྱུར་བ་རྫོགས་སོ། །འགྲེལ་པ་དང་ལྡན་རྒྱུད་ཉིད་དེ། །བསྒྱུར་བ་མར་མེ་འདྲ་བྱས་ལ། །མཁན་པོ་བདེ་གཤེགས་གྲགས་པ་ཡིས། །རི་རབ་ལྟ་བུའི་དགེ་རྩ་འདིས། །སེམས་ཅན་ཉོན་མོངས་མེས་བསྲེགས་རྣམས། ། ཡང་དག་ཡེ་ཤེས་དང་ལྡན་འགྱུར།། ༄༅༅། །རྒྱ་གར་སྐད་དུ། གུ་ཎ་ཝ་ཏྱཾ་ཤྲཱི་མ་ཧཱ་མཱ་ཡཱ་ཊཱི་ཀཱ བོད་སྐད་དུ། དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གིས་ཡོན་ཏན་རྣམས་ཀྱི་དོན་ཕྱིར་རིགས་རྣམས་དང་། །ལྷ་མོ་རྣམས་དང་རིགས་ཀྱི་གཙོ་བོའི་སྐུར་མཛད་ཅིང་། །སྐུ་ཡི་མཚན་མ་རྗེས་འགྲོ་དེ་ཉིད་གཅིག་པུ་ཡི། །རྡོ་རྗེ་འཛིན་པ་ཞི་བའི་དོན་དུ་ངེས་བསྟེན་བྱ། །གང་ཞིག་ ཚིག་ཚོགས་རབ་ཏུ་མང་པོ་དཔལ་ལྡན་སྒྱུ་འཕྲུལ་ཆེན་མོའི་རྒྱུད། །མདོ་དོན་མ་ལུས་ཡོངས་སུ་ཤེས་པའི་སྐྱེ་བོ་དིང་སང་འགའ་ཙམ་སྲིད། །དེ་བས་ཐོས་ལྡན་གསལ་ཞིང་དག་པའི་སྐྱེ་བོ་རྣམས་ཀྱིས་དེ་ཡི་ནི། །ཚིག་དོན་སོ་སོར་ཤེས་པ་རྙེད་པར་བྱ་ཕྱིར་བདག་གིས་འགྲེལ་པ་འདི། །སྐྱེ་བོའི་ འདོད་པ་ཐ་དད་རྣམས་ལ་གཟིགས་ནས་ནི། །བདེ་བར་གཤེགས་པས་བྱང་ཆུབ་ལམ་ནི་སྣ་ཚོགས་གསུངས། །འདོད་ལྡན་མང་དུ་རང་ཉིད་འཇུག་པ་སྲིད་པས་ན། །རྣམ་འགྲེལ་ཡོན་ཏན་ལྡན་འདི་བྱ་བར་འོས་པ་ཡིན། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྒྱུད་འདི་ནི་རང་གི་རྒྱུད་མ་ ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་གཞན་དང་འགྲེལ་པ་སྟེ། དེ་བས་ན་དེ་ནས་ཞེས་བྱ་བའི་དོན་རྒྱུད་འདི་རྒྱུད་སྔ་མ་ལ་ལྟོས་པའི་རྗེས་ཐོགས་ཡིན་པར་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འདིའི་དང་པོར་འདི་སྐད་བདག་གིས་ཐོས་པ་ལ་སོགས་གླེང་གཞིའི་ཚིག་ཕྲད་སྦྱར་བར་མ་མཛད་དེ། སྔ་མ་ཉིད་ལ་སྦྱར་བའི་ཕྱིར། དཔེར་ན་དཔལ་རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་བཞིན་ནོ། །དེ་ནས་ཞེས་བྱ་བའི་སྒྲས་གང་གི་ཕྱིར་མདོར་བསྡུས་པ་ལ་དགའ་བ་རྣམས་འདི་ཉིད་ཀྱིས་མྱུར་དུ་བྱང་ཆུབ་བསྒྲུབ་པའི་ཕྱིར་ཏེ། དེ་ནས་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་དང་སྦྱར་ཏེ། རབ་ ཏུ་རྣམ་པར་ཕྱེ་སྟེ་བཤད་པ་ནི་རབ་ཏུ་བཤད་པར་བྱ་བའོ། །རྒྱུད་ཅེས་བྱ་བ་ནི་རབ་ཏུ་རྒྱས་པ་སྟེ། རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དེ་རྣམ་པ་གསུམ་མོ། །དེ་ལ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་རྒྱུད་དེ་ས་བོན་ནོ། ། དེ་གང་གི་ས་བོན་ཞེ་ན། བྱང་ཆུབ་ཀྱི་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིའོ། །དེ་ཉིད་ནི་བླ་ན་མེད་པའི་འབྲས་བུ་ཡིན་པའི་ཕྱིར་འབྲས་བུའོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བའི་སེམས་གློ་བུར་གྱི་སྒྲིབ་པ་ཐམས་ཅད་ཟད་པས་རྣམ་པར་དག་པའི་མཚན་ ཉིད་སངས་རྒྱས་རྣམས་ཀྱི་ཆོས་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་བསྡུས་པའི་ཡོན་ཏན་མཐའ་ཡས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་དུ་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཆོས་ཀྱི་སྐུ་སྟེ། རྡོ་རྗེ་འཛིན་པ་ཆེན་ པོའི་གོ་འཕང་ངོ་། །རྒྱུ་དེ་ལས་དེའི་འབྲས་བུ་རྫོགས་པར་བྱེད་པ་ནི་ཐབས་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་སྒྲུབ་པའི་ལམ་འཁོར་དང་བཅས་པའོ། །གསང་སྔགས་ཀྱི་ཐེག་པ་ལ་ནི་ བྱང་ཆུབ་ཀྱི་ལམ་ནི་ཤིན་ཏུ་རྒྱ་ཆེན་པོ་དེ་ཉིད་མདོར་བསྡུས་པའི་རང་བཞིན་ཤིན་ཏུ་མྱུར་བ་དང་། ཤིན་ཏུ་བདེ་བར་བྱང་ཆུབ་སྒྲུབ་པའི་ཐབས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ལམ་འཁོར་དང་བཅས་པའོ། །རྒྱུ་དང་། འབྲས་བུ་དང་། ཐབས་དེ་དག་གི་དབང་དུ་བྱས་ནས་གང་བསྟན་པ་དེ་ དག་ནི་རྒྱས་པ་སྟེ་གོ་རིམས་བཞིན་དུ་རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དེ། རྒྱུད་རྣམ་པ་གསུམ་པོ་འདི་དག་རབ་ཏུ་བཤད་པར་བྱའོ། །འོ་ན་རྒྱུད་དེའི་མིང་ཅི་ཞེ་ན། མཆོག་ཏུ་གསང་བ་ཞེས་པའི་སྒྲ་ནི་ཟད་པར་མི་འགྱུར་བ་དང་། གྲགས་པ་ལ་འཇུག་པ་ སྟེ། མཆོག་ཏུ་གསང་བ་ཞེས་བྱ་བའི་མིང་ཅན་དུ་གྲགས་པ་ཞེས་བྱ་བའི་དོན་ཏོ། །གང་རྣམས་ཀྱིས་མཆོག་ཏུ་གསང་བ་ཡིན་ཞེ་ན། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས། །ཞེས་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ་མཁའ་འགྲོ་མ་མ་ལུས་པ་རྣམས་ཀྱི་མཆོག་ཏུ་གསང་བའི་རྒྱུད་ཅེས་བྱ་བའི་ བར་དུ་མཆོད་པའི་དོན་དང་སྦྱར་བར་བྱའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ། །དེ་ནི་ནམ་མཁའ་ལ་འགྲོ་བ་སྟེ། ཨེ་ཨར་བྱས་ནས་དྷ་གསུམ་པའི་དོན་དུ་སྦྱར་བས་ཌྷས་ནམ་མཁའ་ལ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཨ་ཀ་ཨ་ག་ནི་གྱ་གྱུར་འགྲོ་བའོ། །འདིར་ཐམས་ཅད་དུ་འགྲོ་བ་ནི་གྱ་གྱུར་ འགྲོ་བའོ། །ཌཱས་གྱ་གྱུར་འགྲོ་བའི་ངང་ཚུལ་གང་རྣམས་ལ་ཡོད་པ་དེ་དག་ནི་ནམ་མཁའ་ལ་འགྲོ་བ་རྣམས་ཏེ། རྫུ་འཕྲུལ་གྱིས་བྱེ་བ་ཕྲག་བརྒྱ་སྟོང་གི་སྐུས་ཅིག་ཅར་ཐམས་ཅད་དུ་འགྲོ་བ་མི་རྣམས་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། །དེ་ནི་ནམ་མཁར་འགྲོ་མ་ཞེས། །ཁམས་ལས་ འདིར་ནི་རྣམ་པར་བརྟག །ནམ་མཁའ་ཀུན་དུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་བརྡར་བཏགས་སོ། །ཞེས་གསུངས་སོ། །རྡོ་རྗེའི་སྒྲ་སྨོས་པ་ནི་ཕྱི་རོལ་གྱི་མཁའ་འགྲོ་མ་རྣམ་པར་གཅད་པའི་དོན་ཏོ། །རྡོ་རྗེ་ཡང་ཡིན་ལ་མཁའ་འགྲོ་མ་ཡང་ཡིན་པས་རྡོ་རྗེ་མཁའ་འགྲོ་མ་ རྣམས་ཏེ། སྤྲོས་པ་མེད་པའི་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཇི་ལྟ་བུ་ཞིག་ཡིན་ཞེ་ན། །གསང་བའི་དབང་ཕྱུག་མ་ཞེས་གསུངས་ཏེ། འདིར་རིགས་ལྔ་ནི་གསང་བ་ཡིན་ལ། དེ་རྣམས་དེ་ལ་འབྱིན་པ་དང་ཡང་དག་པར་སྡུད་པར་བྱེད་པས་ན་དབང་ཕྱུག་ མའོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་མོ་ནི་སངས་རྒྱས་མཁའ་འགྲོ་མའོ། །རྡོ་རྗེའི་རིགས་ཀྱི་ནི་རྡོ་རྗེ་མཁའ་འགྲོ་མའོ། །ནོར་བུའི་རིགས་ཀྱི་ནི་རིན་ཆེན་མཁའ་འགྲོ་མའོ། །པདྨའི་རིགས་ཀྱི་ནི་པདྨ་མཁའ་འགྲོ་མའོ། །ལས་ཀྱི་རིགས་ཀྱི་དབང་མོའི་ནི་སྣ་ཚོགས་ མཁའ་འགྲོ་མའོ། །དེ་རྣམས་ཀྱི་ཡང་དབང་མོ་ནི་སྒྱུ་འཕྲུལ་ཆེན་མོ་སྟེ། གང་གི་ཕྱིར་འདི་ནི་གསང་བ་ལས་ཀྱང་ཤིན་ཏུ་གསང་བ་ཡིན་པ་དེའི་ཕྱིར། མཆོག་ཏུ་གསང་བའོ། །དེ་རྗོད་པར་བྱེད་པའི་ཚིག་ལ་ཡང་དེ་སྐད་ཅེས་བྱ་སྟེ། རོལ་སྙེད་མ་ཕྲོགས་པའི་སྙན་ངག་བཞིན་ནོ། ། མིང་འདི་ཉིད་ཀྱི་དོན་བསྟན་པར་བཞེད་ནས། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ཞེས་བྱ་བ་ལ། བྷརྨ་ནི་ཏ་སྟེ་རྒན་པོ་ཡིན་ལ། མ་ན་ནི་རྐྱེན་ཡིན་ཏེ། ཡི་གེ་རྣམ་པར་བསྒྱུར་བའི་ངེས་པའི་ཚིག་ཏུ་བྱས་པས་ཚངས་པར་འགྱུར་ཏེ། འདིར་འཇིག་རྟེན་ཐམས་ ཅད་ཀྱི་བླ་མར་གྱུར་བས་ཐམས་ཅད་ལས་རྒན་པས་ན་ཚངས་པ་སྟེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྒོ་ང་ནི་སྐྱེ་གནས་ཏེ། ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཁྱད་པར་དུ་གྱུར་པའི་ཐར་པ་ནི་ཚངས་པ་ ཡིན་ལ། །སྐུ་ཉིད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་སྒོ་ང་ཡང་ཡིན་པས་ཚངས་སྒོང་སྟེ་ཆོས་ཀྱི་སྐུའོ། །འདིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཀྱི་སེམས་ཅན་གྱི་འཇིག་རྟེན་རྣམས་ནི་རྒྱུ་བའོ། །དེ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ནི་འདིར་ མི་རྒྱུ་བའོ། །དེ་རྣམས་དང་ལྷན་ཅིག་འཇུག་པས་ན། རྒྱུ་མི་རྒྱུ་བཅས་ཚངས་སྒོ་ང་སྟེ། དེ་དག་ལ་གང་གིས་ཁྱབ་པ་ཞེས་བྱ་བར་འབྲེལ་ཏེ། མ་ལུས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་དག་ཀུན་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་ལྟར་ཚངས་པའི་སྒོ་ང་ལ་དེས་ ཁྱབ་ཅེ་ན། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཚངས་པའི་སྒོ་ང་སྟེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ལ་དེས་ཁྱབ་ཅེ་ན། དེ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། ལྷ་མོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ གསུངས་ཏེ། ལྷ་མོ་ཐམས་ཅད་ནི་རིགས་ལྔའི་མཁའ་འགྲོ་མ་རྣམས་སོ། །ཚངས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། རིགས་དེ་དག་མཐའ་ཡས་པ་དེ་རྣམས་སྐྱེད་པར་བྱེད་པ་ནི་རྒྱུར་གྱུར་བའི་ཕྱིར་རོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་མཐུ་ཆེ་བའོ། །དེ་སུ་ཞིག་ ཅེ་ན་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོའི་སྒྲས་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཆོག་ཏུ་གསང་བའི་སྐུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བསྟན་ཏོ། །དབང་ཕྱུག་ཆེ་ཞེས་བྱ་བ་ལ། གང་གི་ཕྱིར་ཚངས་པ་ལ་སོགས་པ་འབྱིན་པར་བྱེད་པས་དེ་དག་ནི་དབང་ཕྱུག་ ཡིན་ལ། དེ་དག་ཀྱང་འདིས་འབྱིན་པར་བྱེད་པས་ན་འདི་ནི་དབང་ཕྱུག་ཆེའོ། །གང་གི་ཕྱིར་དབང་ཕྱུག་ཆེན་མོ་ཡིན་པ་དེའི་ཕྱིར། དེ་རྣམས་ཀྱིས་ནི་གསང་ཆེན་འདི། །ཞེས་གསུངས་ཏེ། དེ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །གསང་ཆེན་ནི་མཆོག་ཏུ་གསང་བའོ། ། འདི་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའོ། །འདི་ལྟར་རྒྱ་ཆེན་པོ་ལ་ལྟོས་ནས་ཕྲ་བའི་རང་བཞིན་ནི་གསང་བར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་རིགས་རྣམས་ལས་རིགས་ཀྱི་བདག་པོ་ལྔ་ནི་གསང་བ་ཡིན་ཏེ་རིགས་རྣམས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་མཁའ་འགྲོ་མ་ལྔ་ནི་གསང་བ་ དེ་ལས་ཀྱང་གསང་བར་གྱུར་པའོ། །འདི་ལྟར་རང་རང་གི་རིགས་ལ་ཁྱབ་པའི་རིགས་ཀྱི་དབང་པོ་རྣམས་ནི་གསལ་བའི་མཚན་ཉིད་དེ། དངོས་པོའི་ཆ་གཙོ་བོར་བྱས་པས་ན་དེ་དག་ནི་རིགས་པའོ། །མཁའ་འགྲོ་མ་རྣམས་ནི་གསལ་བ་དེ་ཉིད་ཀྱིས་སྟོང་བའི་མཚན་ཉིད་དེ། །དངོས་པོ་མེད་ པའི་ཆ་གཙོ་བོར་བྱས་ནས་དེ་དག་ནི་དེ་བས་ཕྲ་བའོ། །དེ་བས་ན་གསང་བ་ལས་ཀྱང་ཤིན་ཏུ་གསང་བར་གྱུར་པ་རྣམས་ཀྱི་ཡང་གསང་བ་ནི་སྒྱུ་མ་ཆེན་མོ་སྟེ་འདི་ལྟར་རིགས་སོ་སོའི་ཆོས་ཉིད་ཀྱི་མཚན་ཉིད་ནི་རྒྱ་ཆེ་བ་ཡིན་ལ། །འདི་ནི་ལྔ་ཆར་གྱི་ཆོས་ཉིད་མཉམ་པ་ཉིད་ཐུན་མོང་བ་སྟེ། དེས་ན་འདི་ནི་གསང་བ་དེ་རྣམས་ཀྱི་ཡང་གསང་ཆེན་ནོ། །དེ་རྗོད་པར་བྱེད་པའི་རྒྱུད་ལ་ཡང་གསང་ཆེན་ཞེས་བརྗོད་དོ། །གསང་ཆེན་ཞེས་བརྗོད་མོད། ཡང་ཅིའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཡིན་ཞེ་ན། དེའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ནི་དྲག་ མོ་ཆེན་པོ་སྟེ། མཆོག་ཏུ་རྣམ་པར་འཚེ་བའི་ཕྱིར་རོ། །གང་ལས་ཤེ་ན། གང་གི་ཕྱིར། འབྱུང་བ་ཡང་དག་སྡུད་མཛད་མའོ། །མ་རིག་པ་ལས་བྱུང་བས་ན་འབྱུང་བ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ལ་སྒྲིབ་པ་ཐམས་ཅད་དོ། །དེ་ཡང་དག་པར་སྡུད་པ་ནི་དེ་འཇིག་པར་མཛད་པ་ དེ། དེ་བཅོམ་པས་ན་ཐར་པའི་མཆོག་ཏུ་གྱུར་པའོ། །འདི་སྙམ་དུ་རྣམ་པར་འཚེ་བ་ནི་མ་ཡིན་ལ། ཨི་ཨར་བྱས་པས་མར་གྱུར་ཏེ། ཌྞ་རྐྱེན་དུ་སྦྱར་བས་ཡང་འདྲེན་པར་བྱེད་དེ། དེས་ན་མཱ་ཡཱ་ཞེས་བྱ་བར་དགོངས་སོ། །རྣམ་པ་གཞན་གསུངས་པ། གང་གིས་ཞེས་བྱ་བ་དང་། འཇིག་རྟེན་ གསུམ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཞེས་ཡོངས་སུ་དག་པའོ། །རྒྱུ་མི་རྒྱུར་བཅས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཁྱབ་པ་ཞེས་བྱ་བ་ནི་དེ་ལས་བྱུང་བ་སྟེ།གང་གི་ཕྱིར་རྒྱུ་མི་རྒྱུར་བཅས་པ་རྣམས་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་ངེས་པར་སྤྲུལ་པ་ནི་སྒྱུ་མ་སྟེ། མའི་མཱ་ལ་ཎའི་རྐྱེན་སྦྱར་བས་ཡ་དྲངས་པས་མཱ་ཡཱར་འགྱུར་བར་དགོངས་སོ། །རྣམ་པ་གཞན་གསུངས་པ་དེ་ནས་དེ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གཞན་ཏེ་རྣམ་པ་གཞན་ཞེས་བྱ་བའི་དོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་ཧེ་རུ་ཀའི་གཟུགས་ཅན་གྱི་སྒྱུ་ འཕྲུལ་ཆེན་མོས་སོ། །བསྡུས་ཞེས་བྱ་བ་དང་། འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་གཟིགས་པས་བསྒྱེལ་ཏེ་ཐལ་བར་མཛད་པའོ། །ཡང་ཞེས་བྱ་བ་ཕྱི་ནས་སོ། །སྤྲོའོ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱིས་ཞེ་སྡང་མེད་པར་མཛད་ ནས་རྒྱལ་མཚན་ཆེན་པོའི་དྲིལ་བུའི་སྒྲ་རྣམས་ཀྱིས་སླར་གསོ་བར་མཛད་པའོ། །དེས་ཅིར་འགྱུར་ཞེ་ན། གསང་བ་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་རྡོ་རྗེ་རིགས་ཀྱི་ལྷ་རྣམས་ནི་ཅུང་ཟད་གསང་བར་གྱུར་པས་ན་གསང་བའོ། །དེ་རྣམས་ཀྱིས་མ་ནི་མར་གྱུར་པ་སྟེ། དེ་བས་ན་འདི་ནི་སྒྱུ་མའི་བདག་ཉིད་ཅེས་རྣམ་གྲགས་ཞེས་གསུངས་ཏེ། སྒྱུ་མའི་སྒྲུབ་པ་ནི་སྔར་བཤད་པ་བཞིན་དུ་དགོངས་སོ། །རྣམ་པར་གྲགས་པ་ནི་རབ་ཏུ་གྲགས་པར་གྱུར་པའོ། །དེ་ལྟ་བུར་གྱུར་པའི་བདག་ཉིད་ཅན་ཡིན་མོད་དེས་སྒྲུབ་པ་པོ་རྣམས་ལ་ཅི་ཞིག་བྱེད་ཅེ་ན། དེའི་ ཕྱིར་འཇིག་རྟེན་གསུམ་སྒྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་རིག་པ་སྟེ། སྒྱུ་མའི་བདག་ཉིད་དུ་གྲགས་པའི་རིམ་པས་སྒྲུབ་པ་པོ་རྣམས་ལ་འཇིག་རྟེན་གསུམ་པོ་སྒྲུབ་པའོ། །འདོད་པ་ཐམས་ཅད་ནི་བསམ་པ་ཐམས་ཅད་དེ། རིག་འཛིན་ལ་སོགས་པའོ། །སྟེར་བ་ནི་དེ་དག་ཁྱད་པར་དུ་སྟེར་བར་བྱེད་པ་སྟེ། ཚིགས་སུ་བཅད་པ་ཕྱེད་པོ་འདི་ནི་བསྟན་པའོ། །འདི་ཉིད་ཀྱིས་ཉེ་བར་བསྟན་པ་ནི། གང་ཞིག་ཅེས་བྱ་བ་ནས་སྒྱུ་མའི་རིག་པ་འདི་ཞེས་བྱ་བའི་བར་ཡིན་ཏེ། གང་ཞིག་ཅེས་བྱ་བ་ནི་རིག་པའོ། །རྣམ་པར་ ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་ཉམས་སུ་བླངས་པ་ཙམ་སྟེ། སྒྲུབ་པོ་རྣམས་ལ་འགྲུབ་པར་འགྱུར། ཞེས་བྱ་བ་དང་འབྲེལ་ཏེ། སྒྲུབ་པའི་དབང་ཕྱུག་ཅེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་དབང་ཕྱུག་སྟེ་རིག་པ་ཉིད་དོ། །ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ལྷ་དང་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ལྷ་ནི་བརྒྱ་བྱིན་ལ་སོགས་པའོ། །ནོར་བདག་ནི་ཡི་དགས་རྫུ་འཕྲུལ་ཅན་ནོ། །དྲི་ཟ་ནི་ཡུལ་འཁོར་སྐྱོང་ལ་སོགས་པའོ། །བཅས་པ་ནི་དེ་དག་དང་ལྷན་ཅིག་ཏུ་འཇུག་པའོ། །སྒྲུབ་པོ་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་དབང་དུ་གྱུར་ པའོ། །དབང་དུ་འདུ་ཞེས་བྱ་བ་ནི་དབང་དུ་གྱུར་པ་ཉིད་དོ། །འབྱུང་པོ་ནི་སེམས་ཅན་རྣམས་སོ། །ཆུ་ལས་སྐྱེས་པ་ནི་ཆུ་སྲིན་ལ་སོགས་པའོ། །ཐང་ལས་སྐྱེས་པ་ནི་སྟག་ལ་སོགས་པའོ། །དེ་ལྟར་རེ་ཞིག་ཕྱི་རོལ་གྱི་འཇིག་རྟེན་གསུམ་པོ་སྒྲུབ་པ་ངེས་པར་བསྟེན་ནས་འཇིག་ རྟེན་ལས་འདས་པའི་འཇིག་རྟེན་གསུམ་པོ་སྒྲུབ་པ་ངེས་པར་བསྟན་པའི་ཕྱིར་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཚིག་རྐང་དང་པོ་གཉིས་ཀྱིས་ནི་རྒྱུའི་རྒྱུད་མདོར་བསྡུས་ནས་བསྟན་ཏོ། །རང་བྱུང་ཡེ་ཤེས་ལྔ་པར་འགྱུར། །ཞེས་བྱ་བ་ནི་འབྲས་བུའི་རྒྱུད་དོ། ། ཚིག་རྐང་པ་གསུམ་པ་དང་། ལྔ་པ་དང་། དྲུག་པས་ནི་ཐབས་ཀྱི་རྒྱུད་བསྟན་ཏོ། །རང་བཞིན་ནི་གཉུག་མའི་རང་བཞིན་ནོ། །འོད་གསལ་བ་ནི་སྣང་ཞིང་གསལ་བ་སྟེ། ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཅེ་ན། ཆོས་རྣམས་ཏེ། རང་བཞིན་མཚན་ཉིད་འཛིན་པས་ ན་ཆོས་ཏེ། དངོས་པོའི་ཆོས་ཐམས་ཅད་དོ། །དེ་ཡང་འདི་ལྟར་དངོས་པོ་ཐམས་ཅད་སེམས་ཙམ་སྟེ། དཔེར་ན་རྨི་ལམ་ན་ཁང་ཁྱིམ་དང་། སྐྱེད་མོས་ཚལ་དང་། རྫིང་བུ་དང་། རྟ་དང་། གླང་པོ་དང་མི་ལ་སོགས་པའི་གཟུགས་སུ་སེམས་ཉིད་སྣང་བ་ལྟར་སེམས་ཉིད་དངོས་པོ་ དེ་དང་དེའི་རྣམ་པར་སྣང་སྟེ། སེམས་ལས་བྱུང་བ་ནི་སེམས་ལས་གུད་ན་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ས་བཅུ་པ་ལས། ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་ལ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། ། ཕྱི་རོལ་དོན་ནི་ཡོད་མིན་པས། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེས་གསུངས་ཏེ། བག་ཆགས་ཀྱིས་དཀྲུགས་པ་ནི་བག་ཆགས་ཀྱིས་བཅོམ་ཞིང་བསླད་པའོ། །ཆོས་ཐམས་ཅད་སེམས་ཙམ་ཡིན་མོད། ཡང་དེ་རང་བཞིན་གྱིས་སྣང་ཞིང་འོད་གསལ་ པའི་ཕྱིར་ཡིན་ཞེ་ན། གདོད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོད་ནས་ནི་ཐོག་མ་མེད་པ་ཉིད་ནས་སོ། །ཐོག་མ་མེད་པ་ཉིད་ནས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པས་ན་དག་པའོ། །སྒྲིབ་པ་རྣམས་ཀྱི་བག་ཆགས་མེད་པས་ན་རྙོག་པ་མེད་པའོ། །ཅིང་ཞེས་བྱ་བ་ནི་གང་གི་ ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་གདོད་མ་ནས་དག་པའི་ཕྱིར་རང་བཞིན་གྱིས་སྣང་ལ་རྙོག་པ་མེད་པའི་ཕྱིར་རང་བཞིན་གྱིས་འོད་གསལ་པའོ། །འོ་ན་དྲི་མ་རྣམས་ཀྱང་ཡོད་ལ་དེའི་བག་ཆགས་རྣམས་ཀྱང་ཡོད་བཞིན་དུ་ཅིའི་ཕྱིར་དག་པ་དང་རྙོག་པ་མེད་ཅེ་ན། དེ་ དག་གི་རང་བཞིན་དེ་མ་ཡིན་པའི་ཕྱིར་ཏེ། ནམ་མཁའ་ལ་རྡུལ་དང་། དུ་བ་དང་། ཁུག་རྣ་ལ་སོགས་པ་བཞིན་དུ་དྲི་མ་རྣམས་དེ་ལ་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་བས་ན་ཆོས་རྣམས་ནི་རང་བཞིན་གྱིས་འོད་གསལ་བའོ། །ཅི་སྟེ་དེ་ལྟར་མ་གྱུར་ན་འགའ་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་དྲི་མར་གྱུར་ན་སེམས་ཡོད་པ་དེ་ཟད་པར་འགྱུར་བ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་ཀྱིས་འོད་གསལ་བའི་སེམས་ཉིད་བྱང་ཆུབ་ཀྱི་རྒྱུ་ཡིན་ལ། བྱང་ཆུབ་ཀྱི་འབྲས་བུ་ཡིན་ནོ། །བྱང་ཆུབ་དེ་ཡང་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ ཟད་པས་སེམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེ་ཉིད་ནི་ཆོས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་བསྡུས་པའི་ཆོས་རྣམས་ཀྱི་གཞི་དང་གནས་སུ་གྱུར་པས་ན་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ཉིད་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་བྱུང་བ་ ཡིན་ཏེ། སྒྲིབ་པ་ཐམས་ཅད་ཟད་པས་རང་ཉིད་འབའ་ཞིག་ཏུ་གྱུར་པ་སྟེ། རང་གི་རང་བཞིན་ཁོ་ན་སྣང་ངོ་ཞེས་བྱ་བའི་དོན་ཏོ། །སྐུ་གསུམ་གྱིས་ནི་ཡེ་ཤེས་ལྔ་པོར་འགྱུར་ཏེ། དེ་ལ་དེ་དག་གི་ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མེ་ལོང་དྲི་མ་མེད་པ་ལྟར་དག་ཅིང་མཐའ་མེད་ལ་རྟག་པ་སྟེ། ཡེ་ཤེས་བར་མ་གསུམ་གྱི་གནས་སུ་གྱུར་པ་དང་། ཡེ་ ཤེས་གཞན་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བའི་གནས་ཡིན་ལ། གཟུགས་བརྙན་གང་ཞིག་ཤར་བས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་གཟིགས་པར་གྱུར་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྟག་ཏུ་བྱམས་པ་ཆེན་པོ་དང་སྙིང་ རྗེ་ཆེན་པོ་དང་མཚུངས་པར་ལྡན་པས་སེམས་ཅན་ཐམས་ཅད་བདག་ཉིད་ཁྱད་པར་མེད་པར་མཁྱེན་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཐམས་ཅད་ཀྱི་གནས་སུ་གྱུར་པས་འཁོར་གྱི་དཀྱིལ་འཁོར་དུ་བདག་ ཉིད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་སྟོན་པར་མཛད་ཅིང་། ཆོས་ཀྱི་ཆར་ཆེན་པོ་འབེབས་པར་མཛད་པའོ། །ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཐམས་ཅད་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་རྣམས་ཀྱིས་མཐའ་ཡས་པའི་ སེམས་ཅན་རྣམས་ཀྱི་དོན་མཛད་པ་དེ་ནི་དེ་རྣམས་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་གཟིགས་པ་སྟེ། མཚན་མའི་དྲི་མ་ཐམས་ཅད་ཤིན་ཏུ་མི་སྣང་བས་དེ་ཙམ་དུ་གཟིགས་པ་སྟེ། དེ་ནི་དེ་རྣམས་ཀྱི་ ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ལ་ཡེ་ཤེས་དང་པོ་གསུམ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བཞི་པ་ནི་སྤྲུལ་པའི་སྐུའོ། །ལྔ་པ་ནི་ཆོས་ཀྱི་སྐུའི་ཕྱོགས་གཅིག་སྟེ། རང་བྱུང་ཡང་ཡིན་ལ་ཡེ་ཤེས་ལྔ་པ་ཡང་ཡིན་པས་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ལས་ ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྒྱུ་དེ་ལས་སོ། །ཐབས་བརྗོད་པ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་དེ་རྣམས་ལ་ཐབས་གཙོ་བོར་གྱུར་པར་བསྟན་པ་སྟེ། འདི་ལྟར་རྒྱུ་ཡོད་དུ་ཟིན་ཀྱང་ཐབས་མ་རྟོགས་པར་འབྲས་བུར་འགྱུར་བ་མ་ཡིན་ཏེ། རྒྱུ་ནི་ཐོག་མ་མེད་པའི་དུས་ཅན་ཡིན་པས་ཐམས་ ཅད་ཐོག་མ་ཉིད་ནས་བྱང་ཆུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཐབས་གཙོ་བོར་གྱུར་པར་བསྟན་ཏོ། །དེ་ཅི་ཞིག་ཅེ་ན། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་རྣམས་ནི་མཁའ་འགྲོ་མ་ལྔའོ། །སྦྱོར་བའི་མ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའོ། ། ཁམས་གསུམ་པོ་ནི་མ་ལུས་ཀུན། །ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་དེ། དེ་དག་ལས་ཡང་དག་པར་བྱུང་བ་ནི་རིགས་ཀྱི་དབང་པོ་རྣམས་དང་རིགས་རྣམས་སོ། །ཅིའི་ཕྱིར་དེ་དག་ཁམས་གསུམ་པ་ཡིན་ཞེ་ན། དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་གསུམ་གྱི་རྡོ་རྗེའི་ཁམས་ སུ་འདུས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཐབས་ཡིན་ཞེ་ན། བྱང་ཆུབ་ཀྱི་སྣོད་དུ་གྱུར་པའི་མཚན་ཉིད་རྒྱུ་ཕུན་སུམ་ཚོགས་པ་ཡོད་པ་ལ་འདི་རྣམས་ཉིད་བསྒོམ་པ་དང་བཟླས་པ་འཁོར་དང་བཅས་པས་མྱུར་དུ་བྱང་ཆུབ་ཐོབ་པར་བྱེད་ལ་དེ་ཐོབ་ནས་ཀྱང་དེ་དག་ཉིད་ལོངས་ སྤྱོད་པ་དང་། སྤྲུལ་པའི་སྐུས་བསྡུས་པ་རྣམས་ཀྱིས་གཞན་རྣམས་སྣོད་ཇི་ལྟ་བ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱེད་པའི་ཕྱིར་རོ། །མ་ལུས་ལུས་པ་མེད་པ་ཞེས་བྱ་བ་ལ། མ་ལུས་པ་ནི་རྣལ་འབྱོར་མ་ལ་སོགས་པ་ཕུང་པོ་གསུམ་པོ་དེ་དག་ལས་ཕུང་པོ་གཅིག་ཀྱང་དོར་བ་མེད་པའོ། ། ལུས་ལ་མེད་པ་ནི་ཕུང་པོ་གཅིག་གིས་ཡང་ལྷ་གཅིག་ཀྱང་དོར་བ་མེད་པ་སྟེ། མ་ལུས་པ་ཡང་དེ་ཡིན་ལ་ལུས་པ་མེད་པ་ཡང་དེ་ཡིན་པས་དེ་དག་ལ་དེ་སྐད་ཅེས་བྱའོ། །གྲུབ་ཅིང་ཞེས་བྱ་བ་ནི་གང་ཞིག་རྣམ་པར་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་རྣམས་ལ་ལམ་དང་འབྲས་བུ་རང་བཞིན་གྱིས་ རྫོགས་པར་གྱུར་པའོ། །ཅིའི་ཕྱིར་འགྲུབ་ཅེ་ན། སྒྱུ་མས་ཀུན་ལ་རྣམ་པར་རོལ་པའི་ཕྱིར་ཏེ། ལམ་དང་འབྲས་བུ་ལ་སོགས་པའི་གནས་སྐབས་འདི་དག་ཐམས་ཅད་སྒྱུ་འཕྲུལ་ཆེན་མོ་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །འཇིག་རྟེན་གསུམ་བསྒྲུབ་ཅེས་གང་སྔར་བསྟན་པ་དེའི་ཉེ་བར་བསྟན་པ་ མཛད་ནས། འདོད་པ་ཐམས་ཅད་རབ་སྟེར་བ། །ཞེས་བྱ་བ་གང་སྔར་བསྟན་པ་དེ་ཉེ་བར་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་སངས་རྒྱས་རྣམས་སོ། །འཕྲོག་པ་ཞེས་བྱ་བ་ནི་བདག་གམ་བདག་གི་དོན་གྱི་ཕྱིར་དགུག་པའོ། །ལྷ་མཆོག་ནི་ ལྷའི་གཙོ་བོ་རྣམས་ཏེ། བརྒྱ་བྱིན་ལ་སོགས་པའོ། །སྤྱོད་ཅེས་བྱ་བ་ནི་བཀུག་ནས་ཉེ་བར་སྤྱོད་པའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ནོ། །དེའི་དབང་ཕྱུག་ནི་སྙོམས་པར་འཇུག་པ་དང་ལྡང་བ་དག་ལ་དབང་ཐོབ་པའོ། །མིག་འཕྲུལ་ནི་ཡོད་པ་དང་མེད་པའི་དམག་ལ་སོགས་པ་ཇི་ལྟར་ རིགས་པར་སྤྲུལ་ཏེ་སྟོན་པ་དང་། མི་སྣང་བར་ཡང་བྱེད་པའོ། །རྨོངས་པ་ནི་བརྒྱལ་བའི་གནས་སྐབས་སུ་གྱུར་པའོ། །རེངས་པ་ནི་མི་གཡོ་བར་བྱས་པའོ། །བསྐྲད་པ་ནི་གནས་ནས་གཡོ་བའོ། །བསད་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་ཤིན་ཏུ་གནོད་པར་བྱེད་པ་རྣམས་ གཞོམ་པའོ། །སོགས་པའི་སྒྲས་ནི་ཡན་ལག་ཉམས་པ་དང་། རིམས་དང་། སྲིན་པོས་བཟུང་བ་ལ་སོགས་པ་བསྡུའོ། །དབང་ནི་དབང་དུ་གྱུར་པ་སྟེ། འདི་དབང་དུ་བྱེད་པའི་ལས་ལ་དབང་ཞེས་བྱའོ། །དགུག་པ་ནི་རྣམ་པ་གཉིས་ཏེ། རྐང་པས་དགུག་པ་དང་། གོང་བུར་ དགུག་པའོ། །དང་པོ་ནི་ས་ལས་འོང་བའོ། །གཉིས་པ་ནི་ནམ་མཁའ་ལས་འོང་བའོ། །ལས་རྣམས་ནི་དབང་དང་དགུག་པའི་ལས་གསུམ་མོ། །གཞན་གྱི་གྲོང་ན་གཞན་གྱི་ལུས་ལ་འཇུག་པའོ། །སོགས་པའི་སྒྲས་ནི་གོང་དུ་འཕོ་བ་ལ་སོགས་པ་གཟུང་ངོ་། །བྱ་བ་ནི་གཞན་གྱི་གྲོང་ ལ་སོགས་པ་ལ་དེ་དག་ཉམས་སུ་བླང་བའོ། །མི་སྣང་བ་ནི་མི་མཐོང་བར་བྱ་བའོ། །ཞེ་འགྲས་པ་ནི་ཕན་ཚུན་ཆགས་པ་དང་ལྡན་པ་དག་ཀྱང་སྡང་བར་བྱ་བའོ། །རྨུགས་པ་ནི་ལྐུགས་པའོ། །ས་འོག་འགྲོ་བ་ནི་ལྷ་མ་ཡིན་གྱི་སྒོར་འཇུག་པའོ། །རིག་འཛིན་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ། རིག་འཛིན་རྣམས་ཚར་བཅད་པ་དང་རྗེས་སུ་གཟུང་བའི་ནུས་པ་ཅན་དེ་ནི་འཁོར་ལོས་སྒྱུར་བ་སྟེ་དེའི་དངོས་ནི་དེ་ཉིད་དོ། །འཆི་བ་མེད་པ་དང་། རྒས་པ་མེད་པ་དང་། ན་བ་མེད་པ་གསུམ་ནི་གོ་སླ་སྟེ། ན་བ་མེད་པ་ཉིད་དང་ཞེས་དང་གི་དོན་ཤེས་པར་བྱ་སྟེ། རྨོངས་པ་ལ་སོགས་པ་དེ་དག་ ཐམས་ཅད་རྣལ་འབྱོར་མ་སྒྱུ་མའི་རིག་པ་འདི་ཡིས་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །སྒྱུ་མ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོ་སྟེ་དེ་ཉིད་ནི་རིག་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་སྦྱོར་བས་རྣལ་འབྱོར་ཏེ། རྣལ་འབྱོར་ཡང་ཡིན་ལ་སྒྱུ་མའི་རིག་པ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ ལྟར་སངས་རྒྱས་ཐམས་ཅད་ལས་འཕྲོག་པ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ཁ་ཅིག་ནི་རྒྱུད་འདི་ཉིད་ལས་བརྗོད་པ་ཡིན་ལ། ཁ་ཅིག་ནི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ཏེ་བལྟ་བར་བྱའོ། །གང་ཞིག་རྣམ་པར་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་ཉམས་སུ་བླངས་པ་ཙམ་མོ་ཞེས་བྱ་བ་ལ་ཉམས་སུ་བླང་བ་ དེ་བསྟན་པའི་ཕྱིར། སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་སྔགས་ཀྱི་ཚོགས་སོ། །ཡི་གེའི་གཟུགས་ནི་ཡི་གེ་ལས་སྐྱེས་པའི་གཟུགས་ཏེ། སྔགས་དང་ཡི་གེའི་གཟུགས་དེ་དག་གི་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ནི་སྒྲུབ་པོ་རྣམས་སོ། །རྣམ་པར་རོལ་པ་ནི་ལས་ལ་སོགས་ པ་གྲུབ་པའི་རྣམ་པ་རྩེ་བའོ། །སྔགས་ཇི་ལྟར་ཉམས་སུ་བླང་ཞེ་ན། བཀླག་པ་དང་ནི་བསམ་པ་དང་། །ཞེས་གསུངས་ཏེ། བཀླག་པ་ནི་ངག་གི་བཟླས་པའོ། །བསམ་པ་ནི་ཡིད་ཀྱི་བཟླས་པའོ། །ཡི་གེའི་གཟུགས་ཉིད་ཇི་ལྟར་ཉམས་སུ་བླང་ཞེ་ན། བསྒོམ་པ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། བསྒོམས་པ་ནི་ཡིད་ཀྱིས་རྣམ་པ་རྒྱུན་ཆགས་སུ་འཇུག་པས་ལྟ་བའོ། །ཏིང་འཛིན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་སེམས་གནས་པའོ། །བཀླགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་ཉམས་སུ་བླངས་པའི་འབྲས་བུ་སྟོན་པ་ཡིན་ཏེ། བཀླགས་པ་ཞེས་བྱ་བ་ནི་བཟླས་ བརྗོད་དོ། །རིག་པ་ནི་སྒྱུ་འཕྲུལ་ཆེན་མོའོ། །བྱེད་པ་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའོ། །རིག་པའི་སྒྲ་གཉིས་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟོན་ཏོ། །དེ་ཡང་སྐུའི་བསྒོམ་པ་རྫོགས་པ་སྟེ། རང་གི་ལྷའི་གཟུགས་ཀྱིས་རྣམ་པར་བདག་ཉིད་གསལ་ བར་བལྟའོ། །དངོས་གྲུབ་བྱེད་པ་ནི་དེས་སྒྲུབ་པ་པོ་ཕྱག་རྒྱ་ཆེན་པོར་སྒྲུབ་པའོ། །གང་ཞེས་བྱ་བ་ནི་ལས་རྣམས་ཀྱང་སྒྲུབ་པར་བྱེད་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་རང་གི་ལྷའི་གཟུགས་སུ་རྫོགས་པར་བྱས་ལ་རང་ངམ་གཞན་གྱིས་མཐོང་བར་འགྱུར་བའོ། །བདེ་བླག་ཏུ་ཉམས་ སུ་བླང་བ་བསྟན་པའི་ཕྱིར། བརྟུལ་ཞུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མེད་ཅེས་བྱ་བའི་སྒྲས་ནི་བྱེད་པ་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་ནི་ཁྲུས་གསུམ་དང་། གོས་གསུམ་བརྗེ་བ་ལ་སོགས་པའོ། །དཀའ་ཐུབ་ནི་སྔོ་ཚོད་ དང་། སྲེད་ཟ་བ་ལ་སོགས་པའོ། །དཀའ་སྤྱོད་ནི་བསྟེན་པར་དཀའ་བ་སྟེ་འདི་ནི་བསྟན་པའོ། །འདིའི་ཉེ་བར་བསྟན་པ་ནི། སྨྱུང་བ་དང་། སྡོམ་པ་མེད་པའོ། །དེ་ལ་སྨྱུང་བ་ནི་དུས་མ་ཡིན་པར་མི་ཟ་བའོ། །སྡོམ་པ་ནི་འདོད་ཆགས་སྡོམ་པར་གྱུར་ཅིང་ཁྱིམ་པ་ཡིན་ན་ཡང་ཚངས་པར་སྤྱོད་ པའོ། །རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་སིམ་པ་ནི་བདེ་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་སིམ་པ་ནི་དགའ་བ་སྟེ། དེས་སྒྲུབ་པ་པོ་རྣམས་ལ་སྒྲུབ་པར་འགྱུར་བའོ། །བསྒོམས་པ་ལས་བྱུང་བ་ནི་མཁའ་འགྲོ་མ་ཆེན་མོ་དང་། དེའི་གཟུགས་བསྒོམ་ པའི་ཕྱི་རོལ་གྱི་བུད་མེད་ནི་ཤེས་རབ་བོ། །ཐབས་ནི་དེ་ལ་ཉེ་བར་བགྲོད་པ་སྟེ། བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་སུ་བསྒོམས་པས་ཉེ་བར་སྤྱོད་པའོ། །སོགས་པའི་སྒྲས་མཆོད་པ་རྣམ་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་གཟུང་ངོ་། །དེ་རྣམས་ཀྱིས་རྟག་ཏུ་སྟེ་ ཐུན་མཚམས་རྣམས་སུའོ། །ཤེས་རབ་དང་ཐབས་ཀྱིས་རེ་ཞིག་ཇི་ལྟར་ན་དགའ་བ་དང་བདེ་བར་འགྱུར་ཞེ་ན། ལྟེ་བའི་དབུས་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བ་ནི་པདྨའི་ལྟེ་བའོ། །དེའི་དབུས་སུ་གནས་པ་དེ་སུ་ཞིག་ཅེ་ན། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུན་མི་འཆད་པར་བར