Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 25

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
ྩོན་པ་དང་ལྡན་པས་ན་དཔའ་བོ་སྟེ་རྡོ་རྗེ་སེམས་དཔའོ། །དེ་འདིར་སྣོད་གང་ན་གནས་ཤེ་ན། ཀརྞི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་པདྨའི་ཀརྞི་ཀ་ལའོ། །གསང་བའི་སྤྱོད་ཡུལ་ན་གསང་ཞིང་སྦ་བར་བྱ་བའི་ཕྱིར་སྤྱོད་ཡུལ་ཏེ། ཉི་མ་དང་ཟླ་བ་
ཁ་སྦྱར་བའི་སྤྱོད་སྣོད་ཅེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་ནི་དེ་གནས་པའི་སྣོད་བསྟན་ནས་རང་བཞིན་བསྟན་པའི་ཕྱིར། སེམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་རྣམ་པར་ཤེས་པའོ། །ཚིག་གཅིག་ལ་ཡང་ངེས་པར་གཟུང་བར་སྣང་སྟེ་དཔེར་ན་ཆུ་ཙམ་
འཐུང་བ་ལ་ཟས་སུ་ཆུ་འཐུང་ཞེས་བྱ་བ་དང་། རླུང་ཙམ་ཟ་བ་ལ་ཟས་སུ་རླུང་ཟ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་འདིར་ཡང་རྣམ་པར་ཤེས་པ་ལས་མ་གཏོགས་པའི་གཟུང་བ་མེད་པས་སེམས་ཀྱི་སྒྲས་སྣ་ཚོགས་འདི་དག་སེམས་ཙམ་མོ་ཞེས་ངེས་པར་གཟུང་ངོ་། །སེམས་དེ་ཡང་སེམས་
མེད་པའོ། །ཅིའི་ཕྱིར་སེམས་ཤེ་ན། གཟུང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་སེམས་མེད་པ་ཞེ་ན། གཟུང་བ་མེད་པས་འཛིན་པ་ཡང་མེད་པའི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་ན་དོན་འཛིན་པ་ནི་རྣམ་པར་ཤེས་པར་གྲགས་ལ། རྣམ་པར་ཤེས་པ་ཉིད་ནི་སེམས་ཡིན་པས་སེམས་ཀྱང་
དེ་ཡིན་ལ་སེམས་མེད་པ་ཡང་དེ་ཡིན་པས་ན་སེམས་མེད་པའོ། །གལ་ཏེ་འཛིན་པའི་མཚན་ཉིད་ཀྱིས་སེམས་དང་བྲལ་བས། དེ་སེམས་མེད་པ་ཡིན་ན་སེམས་གང་གི་མཚན་ཉིད་དང་ལྡན་པས་དེ་ལ་སེམས་ཞེས་ཅིའི་ཕྱིར་བྱ་ཞེ་ན། སེམས་ཀྱི་གཟུགས་ཞེས་བྱ་བ་གསུངས་ཏེ།

གསལ་བའི་ཕྱིར་སེམས་ཀྱི་གཟུགས་ཏེ། སེམས་དང་། སྣང་བ་དང་། མྱོང་བ་དང་། ཡོངས་སུ་གསལ་བ་དང་། ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་བར་དུ་སྟེ། རང་བཞིན་འདི་ལ་ཡོད་པས་ན་སེམས་ཀྱི་གཟུགས་ཏེ། སེམས་ཀྱི་གཟུགས་ཀྱི་མཚན་ཉིད་དེ་དང་ལྡན་
པས་སེམས་ཞེས་བྱའོ། །འོ་ན་རྣམ་པར་ཤེས་པ་ཐམས་ཅད་དེ་ལྟ་བུ་ཉིད་ཡིན་བཞིན་དུ་དཔའ་བོ་ལ་ཡང་ཁྱད་པར་གྱི་རང་བཞིན་ཅི་ཞིག་ཡོད་ཅེ་ན། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ནི་གཉུག་མའོ། །བཞིན་ནི་དེའི་ངོ་བོ་སྟེ་དེའི་རང་བཞིན་ནོ། །འདིས་ཤེས་པར་བྱེད་པས་
ན་ཡེ་ཤེས་ཡིན་ལ་ཤེས་པར་བྱ་བས་ན་ཤེས་བྱའོ། །ཡེ་ཤེས་དང་ཤེས་བྱ་ནི་ཟླས་དབྱེ་བ་སྟེ། ཡེ་ཤེས་བྱ་བའི་རང་བཞིན་འདི་ལ་ཡོད་པས་ན་ཡེ་ཤེས་ཞེས་བྱ་བའི་རང་བཞིན་གཞག་གོ །དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་རང་བཞིན་མ་ཡིན་པ་ཡང་ཤེས་བྱར་འགྱུར་ཏེ། གཟུང་བ་དང་འཛིན་
པ་དག་དེ་དག་གིས་བརྟགས་པའི་ཕྱིར་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་དངོས་པོར་མེད་བཞིན་དུ་དེ་རྣམས་ལ་སྣང་བའི་ཕྱིར་རོ། །གང་ཡང་མེད་པ་དང་། དངོས་པོ་མ་ཡིན་པ་དེ་ནི་རྣམ་པར་ཤེས་པའི་གཉུག་མའི་རང་བཞིན་མ་ཡིན་ནོ། །འོ་ན་ཅི་ཞིག་ཅེ་ན། འཁྲུལ་པས་སྒྲོ་བཏགས་
པ་སྟེ། འཁྲུལ་པས་མཚན་མར་གཟུང་བའི་ཕྱིར་འཁྲུལ་པའི་མཚན་མའོ་ཞེས་བརྗོད་དོ། །གང་དག་གི་རང་བཞིན་མ་ཡིན་པའི་ཤེས་བྱར་གྱུར་པ་དེ་རྣམས་ཀྱི་ཡེ་ཤེས་ཀྱང་རང་བཞིན་མ་ཡིན་པར་འགྱུར་ཏེ་འདི་དག་འཁྲུལ་པའོ། །འདི་ལྟར་འཁྲུལ་པའི་དབང་གིས་མེད་པ་དང་དངོས་
པོ་མ་ཡིན་པ་ཡང་སྣང་སྟེ། དེའི་ཕྱིར་འཁྲུལ་པ་དེ་ཡང་དེ་དག་གི་ཤེས་པ་མ་ཡིན་ཏེ། སྣང་བའི་རྒྱུར་གྱུར་པའི་ཕྱིར་རོ། །འཁྲུལ་པ་དེ་ནི་བློ་ཡིས་བསླད་པ་ཡིན་གྱི་བློའི་གཉུག་མའི་རང་བཞིན་ནི་མ་ཡིན་ཏེ། དྲི་མ་རྣམས་གློ་བུར་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་མ་ཡིན་པ་ཡང་དེ་
རྣམས་ཀྱི་ཤེས་པ་ཡིན་ནོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ། སྤྲོས་པ་ནི་འཁྲུལ་བའོ། །དེ་བས་ན་དེ་ལ་སྤྲོས་པ་ཐམས་ཅད་མེད་པས་རང་བཞིན་ཉིད་དེའི་ཡེ་ཤེས་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ཏེ། སྤྲོས་པའི་མཚན་མ་ཐམས་ཅད་དེ་ལ་མི་སྣང་

ཞིང་ནུབ་པའི་ཕྱིར་རོ། །རང་བཞིན་ཉིད་དེའི་ཤེས་བྱ་ཡིན་གྱི་མེད་པ་དང་དངོས་པོ་མ་ཡིན་པ་ཡང་ནི་མ་ཡིན་ནོ། །ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་དཔའ་བོའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོའི་རང་བཞིན་དངོས་སུ་བསྟན་ནས་བདེ་བ་ཆེན་
པོའི་ངོ་བོ་ནི་ཤུགས་ཀྱིས་སྟོན་པ་སྟེ། སྤྲོས་པ་མེད་པའི་ཡེ་ཤེས་དང་བདེ་བ་ཆེན་པོ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། དམ་ཆོས་འདི་ལ་རྒྱལ་སྲས་རྣམས། །མི་རྟོག་བསམ་པས་བརྟན་གནས་ན། །རིམ་གྱིས་རྒལ་
དཀའ་རྟོག་པ་ལས། །འདས་ནས་རྣམ་པར་མི་རྟོག་རྙེད། །རབ་ཞི་མི་གཡོ་རྣམ་པ་སྟེ། །དབང་བསྒྱུར་མི་མཉམ་མཉམ་པ་ཡིན། །རྣམ་པར་མི་རྟོག་བདེ་བ་ནི། །བྱང་ཆུབ་སེམས་དཔའ་དེ་ལས་ཐོབ། །ཅེས་གསུངས་ཏེ། དམ་ཆོས་འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །རྒྱལ་
སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །བརྟན་གནས་ཞེས་བྱ་བ་ནི་མི་གཡོ་བར་གནས་པའོ། །རྣམ་རྟོག་འདི་ནི་རྒལ་དཀའ་བ་སྟེ། རྣམ་པར་རྟོག་པ་རྣམ་པ་བཞིའོ། །རིམ་བཞིན་འདས་པ་ནི་དེ་ལས་འདས་པའོ། །མི་རྟོག་རྙེད་པ་ནི་རྣམ་པར་མི་རྟོག་ཅིང་སྤྲོས་པ་མེད་པའི་
ཡེ་ཤེས་ཐོབ་པར་འགྱུར་བ་སྟེ། །དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཀྱི་བདེ་བ་ཐོབ་པར་འགྱུར་རོ། །འདིར་ཉོན་མོངས་པ་མེད་པས་ན་རབ་ཏུ་ཞི་བའོ། །ཉམས་པ་མེད་པས་ནི་མི་གཡོ་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ལས་འཕགས་པས་ན་
དམ་པའོ། །ཇི་ལྟར་འདོད་པ་དང་ཇི་སྙེད་འདོད་པ་མངོན་དུ་བྱེད་པའི་ཕྱིར་དབང་བསྒྱུར་བའོ། །དེ་ལས་གཞན་པའི་བདེ་བ་དང་རིགས་མཚུངས་པས་ན་མཉམ་པའོ། །ཁྱད་པར་བཞི་པོ་དེ་དག་གིས་ཁྱད་པར་དུ་འཕགས་པས་ན་མི་མཉམ་པ་ཡང་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དཔའ་བོ་དེ་ནི་
བདག་གིས་བཤད་པར་བྱའོ་ཞེས་བྱའོ། །ཐེག་པ་གང་ལ་གྲགས་ཤེ་ན། སངས་རྒྱས་བསྟན་པ་ཞེས་བྱ་བ་གསུངས་ཏེ། ཐེག་པ་གང་གིས་སངས་རྒྱས་སུ་འགྱུར་བའི་བསྟན་པ་ནི་སངས་རྒྱས་བསྟན་པ་སྟེ། ཐེག་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འོ་ན་སྔར་ཚིགས་སུ་བཅད་པ་ཕྱེད་ཀྱིས་དེ་བསྟན་

ཟིན་བཞིན་དུ་ཡང་བཤད་པས་ཅི་ཞིག་བརྗོད་ཅེ་ན། དེའི་ཕྱིར་ཟབ་མོ་ཞེས་བྱ་བ་གསུངས་ཏེ། ཐེག་པ་ཆེན་པོ་ལས་གསང་སྔགས་ཀྱི་ཐག་པ་ནི་ཟབ་མོ་སྟེ་གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གསང་སྔགས་ཀྱི་ཚུལ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱའི་རྣམ་པ་འཁོར་
དང་བཅས་པས་མྱུར་བ་ཁོ་ནར་བྱང་ཆུབ་བསྒྲུབ་པའི་ཕྱིར་བསྒོམ་པར་བྱ་བ་སྟེ། མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེ་ཡང་ད་དུང་མ་གསུངས་ཏེ། དེ་བས་ན་བཤད་པར་བྱ་ཞེས་གསུངས་སོ། །དེ་ཉིད་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བ་
ལའོ། །ངེས་པར་སྦྱར་ཞེས་བྱ་བ་ནི་ངེས་པར་བཅིང་བའི་ཕྱིར་སྦྱར་བའོ། །ཅི་ཞིག་ཅེ་ན། རི་མོ་སྟེ་དཔའ་བོ་དེ་ཉིད་ལས་ཟླ་བའི་དབུས་ཀྱི་བུ་ག་ཤིན་ཏུ་ཕྲ་བ་ལས་བྱུང་བ་དབྱེར་མེད་ལ་གཅད་དུ་མེད་པ་པདྨའི་རྩ་བའི་སྣལ་མ་ལྟ་བུའི་འོད་ཕྲ་མོའི་སྐུད་པ་ལྟ་བུའོ། །ཇི་ལྟར་སྦྱར་ཞེ་ན། ཨཱ་ལི་ཀཱ་ལི་མཉམ་
བྱས་ཞེས་བྱ་བ་གསུངས་ཏེ། ཨཱ་ལི་ཀཱ་ལི་དག་མཉམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དེ་སྐད་ཇི་ལྟ་བུ་ཞེ་ན། མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟ་བུར་སྦྱར་ནས་སོ། །ཇི་ལྟར་མཉམ་པར་བྱ་ཞེ་ན། གང་གི་ཕྱིར་ཀཱ་ལི་ཕྱེད་མར་བགོས་ཏེ་དུམ་བུ་གཉིས་སུ་བགོས་པ་ཀཱ་ལིའི་སྒྲས་
བཤད་ལ་དེ་ཡང་ང་དང་ཉ་སྤངས་ཏེ་བཅུ་དྲུག་པ་གཉིས་སུ་བྱའོ། །དེ་བས་ན་དེ་དག་མཉམ་པོར་གྱུར་པའི་འོད་ཀྱི་རི་མོས་ཁ་སྦྱར་བའི་རིམ་པ་གསུམ་དུ་བསྐོར་བས་དཀྲི་བར་བྱ་སྟེ། ཡི་གེ་རྣམས་ཀློག་པའི་རིམ་པ་བཞིན་དུ་ཟླ་བའི་སྟེང་དུ་བརྒྱུད་དེ་དགོད་དོ། །དེ་ལ་ཕྲེང་བ་དབུས་མ་ལ་ནི་ཨཱ་ལི་
རྣམས་སོ། །ཐ་མ་གཉིས་སུ་ནི་ཀཱ་ལི་ཕྱེད་ཕྱེད་དོ། །དེ་སྐད་དུ། བཟང་པོའི་ཡི་གེའི་ཕྲེང་བ་རྣམས། །ཞེས་འོག་ནས་བསྟན་པར་འགྱུར་ལ། དཔལ་བདེ་མཆོག་བླ་མ་ལས་ཀྱང་། ཡི་གེ་ཀ་ནས་ཧ་ཡི་བར། །ང་ཉ་སྤངས་ནས་དགོད་པར་བྱ། །དྷ་ནས་ཀྵ་ཡི་བར་ཐུག་པར། །ཕྲེང་བ་གཉིས་ནི་
མཉམ་པོར་བྲི། །ཨ་ལ་སོགས་པར་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་ལ་དགོད་བྱ། །ཞེས་གསུངས་སོ། །རི་མོའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ། འོད་ཀྱི་རི་མོ་གཞན་ཤེས་རབ་ཀྱི་འདོད་ཆགས་ཀྱི་མེ་འབར་བ་གང་གི་ཚེ་དཔའ་བོ་ལ་གྱེན་དུ་ལྡང་བ་དེའི་ཚེ་དེའི་འོག་

ཏུ་འབབ་པར་བྱེད་པར་འགྱུར་རོ། །འདི་འཛག་པ་ནི་འབབ་པའི་སྒྲས་བསྟན་ཏེ། རྒྱུན་འཛག་པ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་འབབ་པར་བྱེད་པ་དེས་ཅི་ཞིག་འཛག་པར་འགྱུར་ཞེ་ན། བདུད་རྩི་ཞེས་བྱ་བ་གསུངས་ཏེ། ཐར་པ་ཡིན་པའི་ཕྱིར་དང་། ཟད་པ་མེད་པའི་ཕྱིར་བདུད་རྩི་སྟེ། བདེ་བ་
ཆེན་པོའོ། །ཇི་ལྟ་བུ་ཞེ་ན། ཐིགས་པའི་གཟུགས་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་ཁ་དོག་དཀར་པོའི་ཐིག་ལེའི་གཟུགས་ཀྱིས་དཔའ་བོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འཛག་པར་འགྱུར་ཞེ་ན། ཁུ་བའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། རྣམ་པར་དག་པའི་ཡེ་ཤེས་ཀྱི་རོ་བསིལ་
ཞིང་བདེ་བ་ཞུ་བའི་རང་བཞིན་ཅན་ཡིན་པས་ན། ཁུ་བ་དང་ཆོས་མཐུན་པའི་ཕྱིར་ཁུ་བའི་སྒྲས་བསྟན་ཏེ། ཚུལ་དེས་འབབ་ཅིང་འཛག་པ་སྟེ། དེ་ཉིད་འཛག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་དེ་དག་གིས་ནི་དེར་དཔའ་བོ་དེ་ལེགས་པར་གནས་པ་བསྟན་ལ།
རི་མོ་སྟེང་དུ་ཞེས་བྱ་བ་ལ་སོགས་པས་ནི་དེའི་ལས་བསྟན་ཅིང་ཁུ་བའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་རང་བཞིན་གྱིས་ཁྱད་པར་བསྟན་ཏོ། །ཐིགས་པའི་གཟུགས་ཞེས་བྱ་བས་ནི་དེའི་ཕྱག་རྒྱའི་རྣམ་པ་བསྟན་ཏོ། །ཡང་དེ་ཇི་ལྟར་ན་ཕྱག་རྒྱའི་རྣམ་པར་འགྱུར་ཞེ་ན། འདིར་བརྗོད་
པར་བྱ་སྟེ། གང་ཟླ་བ་ལྟར་དཀར་བའི་ཐིག་ལེ་ཕྲ་མོ་དེ་ནི་སེམས་ཏེ། ནང་ན་གསལ་བའི་ཕྱིར་རོ། །གང་ཡང་དེ་ཙམ་ལ་སེམས་གནས་པ་དེ་ནི་སེམས་ཙམ་སྟེ། དེ་ལས་མ་གཏོགས་པའི་དོན་གཞན་མི་དམིགས་པའི་ཕྱིར་རོ། །གང་ཡང་དེའི་གཟུང་བ་མེད་པས་འཛིན་པ་མེད་
པ་དེ་ནི་དེའི་སེམས་མེད་པ་སྟེ། དེའི་ཕྱིར་འདི་ནི་སྟོང་པའི་གཟུགས་ཅན་ནོ། །གང་ཡང་དེའི་གསལ་ཞིང་བདེ་ནི་སེམས་ཀྱི་གཟུགས་སོ། །གང་ཡང་དེ་ཙམ་ལ་སེམས་གནས་པས་སྤྲོས་པ་ཐམས་ཅད་ཀྱི་མཚན་མ་ནུབ་པ་དེ་ནི་དེའི་ཡེ་ཤེས་ཞེས་བྱ་བའི་རང་བཞིན་བདག་གོ། །རྡོ་རྗེ་སེམས་
པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཤིན་ཏུ་ཕྲ་བའི་རྣམ་པ་དེ། དཔལ་གསང་བ་འདུས་པ་ལས་ཀྱང་། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་སུ་རྣམ་བསྒོམས་ནས། །ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ། །སྣ་ཡི་རྩེ་མོར་

ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་པའི། །ཡེ་ཤེས་གནས་ནི་ཉམས་དགའ་བསྒོམ། །ཞེས་གསུངས་ལ། དཔལ་རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས་ཀྱང་། ཕྲ་མོའི་རྣལ་འབྱོར་འདི་བཞི་དང་
ལྡན་པར་གསུངས་ཏེ། རིག་པར་མི་གཡོ་གནས་ནས་ནི། །བདུད་རྩིའི་བསམ་གཏན་བསམ་པར་བྱ། །བདུད་རྩི་ཐིགས་པའི་གཟུགས་ཀྱིས་ནི། །དེ་ཉིད་མཆོག་གི་བསམ་གཏན་བྱ། །ནམ་མཁའི་དབུས་སུ་ཟླ་འདྲ་བའི། །སྟོང་པའི་དེ་ཉིད་ཞེས་བྱར་བརྗོད། །ཟད་མེད་ཉམས་
མེད་ཕྲ་བ་སྟེ། །རྡོ་རྗེ་སེམས་དཔའ་མི་ཤིགས་པའོ། །གེ་སར་གསང་བའི་སྤྱོད་ཡུལ་ལ། །ལྟེ་བའི་དབུས་གནས་བཞུགས་པའི་ལྷ། །བྷ་ག་ལིང་གའི་དབུས་གནས་ནས། །ཁུ་བའི་གཟུགས་ཀྱིས་འཛག་པར་འགྱུར། །ཞེས་སོ། །དེ་བས་ན་ཇི་ལྟར་བཀླགས་པའི་རིམ་པ་བཞིན་དུ་
འདིའི་རྣལ་འབྱོར་དང་ལས་དག་བྱའོ། །གང་ཡང་ཁ་ཅིག་གི་རྒྱུད་འདིར་གནས་བཞིར་འཁོར་ལོ་བཞི་བསྒོམས་པས་གཏུམ་མོ་སྦར་བས་རང་གི་འཁོར་ལོ་བཞི་པོ་བསྲོ་བ་དང་། དེ་ལས་བྱུང་སྟེ་སྤྲོས་ནས་སངས་རྒྱས་ཐམས་ཅད་ཀྱིས་འཁོར་ལོ་བཞི་རྣམས་བསྲོས་ཏེ་ཞུ་བ་ལས་བྱུང་བ་སླར་འོང་
སྟེ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཞུགས་ནས་ཡི་གེ་ཧཾ་ལས་བདུད་རྩི་འཛག་པར་གཞན་དག་ཏུ་བསྟན་པ་དེ་ཐམས་ཅད་བཏུས་ནས་འདིར་སྦྱོར་བར་བྱེད་པ་དེ་ནི་རིགས་པ་མ་ཡིན་ཏེ། དེ་དག་སྟོན་པའི་ཚིག་མེད་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ནི་མངོན་པར་རྟོགས་པ་སྣ་ཚོགས་ཡིན་པ་དང་། རྒྱུད་འདིར་
ནི་མངོན་པར་རྟོགས་པ་ཤིན་ཏུ་མདོར་བསྡུས་པ་ཡིན་པའི་ཡང་ཕྱིར་རོ། །གང་གང་ཞེས་བྱ་བ་ལ་སོགས་པས་ནི་བྱ་བ་གཞན་གསུངས་ཏེ། དབང་པོ་ནི་མིག་ལ་སོགས་པའོ། །ལམ་ནི་ཡུལ་ཉིད་དོ། །སྐྱེ་བར་འགྱུར་ཞེས་བྱ་བ་ནི་ཐོབ་པ་སྟེ། དངོས་པོ་གང་དག་མཐོང་བ་དང་ཐོས་པ་དང་། བསྣམས་
པ་དང་། མྱང་བ་དང་། རེག་པ་དང་། ཅི་ཡང་རུང་བ་དང་དེ་དག་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ། དེ་དག་མ་ལུས་པ་སོ་སོར་སངས་རྒྱས་ཀྱི་རང་བཞིན་དུ་ངེས་པར་བྱའོ། །ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་ཞེ་ན། ངོ་བོ་ཉིད་ཀྱིས་ཏེ། རང་བཞིན་དང་བཅོས་མ་མ་ཡིན་པ་ཞེས་བྱ་བའི་

བར་དུ་སྟེ། འདི་ལྟར་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། ཆོས་ཀྱི་དབྱིངས་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་མཆོག་སྟེ། རང་བཞིན་དེས་འགྲོ་བ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །རང་བཞིན་འབའ་ཞིག་གིས་ཀྱང་
མ་ཡིན་ཏེ། མཆོག་ཏུ་གཞག་པའི་རྣལ་འབྱོར་གྱིས་ཀྱང་ཡིན་ཏེ། མ་སྨོས་མོད་ཀྱི་ཀྱང་གི་སྒྲ་བལྟ་བར་བྱའོ། །མཆོག་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤྲོས་པ་མེད་པ་དཔའ་བོ་ཞེས་བྱ་བར་གྲགས་པའོ། །དེས་གཞག་པ་ནི་བསྐྱེད་ཅིང་སྤྲུལ་པ་སྟེ། དཔའ་བོའི་རྒྱུད་
མཐུན་པར་འགྱུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་རྣལ་འབྱོར་ནི་ལྷག་པར་མོས་པ་སྟེ། མིག་ལ་སོགས་པ་ལ་གཟུགས་ལ་སོགས་པ་འདི་དག་དཔའ་བོ་ཉིད་ཀྱི་རྒྱུ་མཐུན་པ་ཡིན་ནོ་ཞེས་ལྷག་པར་མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་ཡང་
བྱ་བ་གཞན་གསུངས་ཏེ། དམ་ཚིག་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །དེ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་ནི་དམ་ཚིག་ཆེན་པོའོ། །དེའི་དངོས་གྲུབ་ནི་བསྐྱེད་པའོ། །ནི་ཞེས་བྱ་བའི་སྒྲ་ནི་ཚིག་ཁ་བསྐང་བའོ། །དངོས་གྲུབ་དེ་ནི་རིལ་བུ་ཆེན་པོས་སྒྲུབ་པ་སྟེ། རིལ་བུ་ནི་ཡེ་ཤེས་
ཀྱི་ཐིག་ལེ་སྟེ། ཐིག་ལེ་བཞི་བསྐོར་བའོ། །དབུས་ཀྱི་ཐིག་ལེ་ནི་རིལ་བུ་ཆེན་པོ་སྟེ། ཐིག་ལེ་བཞི་བསྐོར་བསྐྱེད་པའོ། །དཀྱིལ་འཁོར་གྱི་དངོས་གྲུབ་དེས་ཅི་ཞིག་བྱ་ཞེ་ན། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོ་དཔལ་ཧེ་རུ་ཀ་ནི་སྒྱུ་འཕྲུལ་
ཆེན་མོ་ཡིན་ལ། དེའི་རིག་པ་སངས་རྒྱས་མཁའ་འགྲོ་མ་ཡང་སྒྱུ་འཕྲུལ་ཆེན་མོ་སྟེ། དེ་དག་རང་བཞིན་གཅིག་པའི་ཕྱིར་རོ། །དེའི་རབ་ཏུ་སྦྱོར་བ་ནི་ཀུན་དུ་འཁྱུད་པ་དང་ཙུམྤ་ན་ལ་སོགས་པ་སྟེ། དེའི་སྦྱོར་བ་དང་སྡོམ་པ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་ལྟེ་བའི་པདྨའི་ཀརྞི་ཀར་ཉི་མ་དང་ཟླ་བ་སྦྱར་
བའི་དབུས་སུ་ཐིག་ལེ་ཕྲ་མོ་དཀར་པོ་གནས་པ་ནི་སྦྱོར་བའོ། །སྡོམ་པ་ནི་བདེ་མཆོག་སྟེ་སོ་སོར་དབུགས་དང་རྣམ་པར་བཅད་པའི་མཐར་བདེ་བ་ཆེན་པོའི་ལས་བྱ་བ་སྟེ། རི་མོའི་སྟེང་དུ་འབར་བའི་མཐར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གང་སྔར་གསུངས་པའོ། །ཅི་འདི་འབའ་

ཞིག་བྱའམ་ཞེ་ན། མཆོད་པ་ལྔ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུ་པོ་འདི་དག་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་ཐིག་ལེ་སྟེ། མཁའ་འགྲོ་མའི་པདྨའི་ནང་དུ་བབས་པའི་ཐིག་ལེ་དེ་ལས་མེ་ཏོག་ལ་སོགས་པའི་རྣམ་པ་བཅུའི་སྤྲིན་གྱིས་སོ་སོར་ཁྱབ་
པར་རིམ་གྱིས་སྤྲོ་བར་བྱ་སྟེ། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་དང་། ལྷ་བཤོས་རྣམས་ཀྱི་ཉེ་བར་སྤྱད་པར་བྱ་བས་ན་མཆོད་པ་ལྔའོ། །མ་ཐོབ་པ་རྣམས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་འདོད་པའོ། །ཐོབ་པ་རྣམས་ཡང་དང་ཡང་དུ་གོམས་པར་བྱ་ཞིང་
སྤྱད་པར་བྱ་བས་ན་ཡོན་ཏན་ཏེ། འདོད་པ་ཡང་དེ་ཡིན་ལ་ཡོན་ཏན་ལྔ་ཡང་དེ་ཡིན་པས་ན་འདོད་པའི་ཡོན་ཏན་ཏེ། གྱ་ནོམ་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །དེ་ལ་སྡོམ་པས་ནི་གསང་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བསྟན་ལ།
ལྷག་མས་ནི་ཕྱིའི་མཆོད་པ་བསྟན་ཏོ། །དེས་ལྷ་རྣམས་མཉེས་པར་བྱས་པའི་དབུས་སུ་གསུངས་པ། སྒྲུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་བྱ་བ་ཞེས་བྱ་བ་ནི་ངེས་པར་བྱ་བའོ། །རྟག་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་ཉམས་པ་མེད་པ་དང་། ཤིན་ཏུ་
ཟད་པ་མེད་པའི་ཕྱིར་ཏེ། དེ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་མདོར་བསྡུས་པའི་ཕན་ཡོན་དང་བཅས་པའི་བསྒོམ་པ་བསྟན་ནས། ད་ནི་བསྒོམ་པ་དང་ཐུན་མོང་བའི་ཕན་ཡོན་དང་བཅས་པའི་བཟླས་པ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཤེས་པ་ཞེས་བྱ་བ་ནི་རིག་པའོ། །དངོས་གྲུབ་ཀྱིས་ཞེས་བྱ་བ་ནི་ཉམས་སུ་བླངས་པས་སོ། །ལྷ་ཞེས་བྱ་བ་ནི་ལྷ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་ཡུལ་ལོ། །ལྷ་མོ་ཞེས་བྱ་བ་ནི། སངས་རྒྱས་མཁའ་འགྲོ་མ་ལ་བོད་པའོ། །ཅི་འདི་བདེན་པ་ཁོ་ན་ཡིན་ཞེ་ན།
བདེན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་ཁོ་ནས་སྨྲའི་ནམ་ཡང་བརྫུན་པ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །འོ་ན་ཡེ་ཤེས་དེའི་ལྷ་དེ་ལྷ་ནི་གང་ཞིག་ཡིན། ནུས་པ་ནི་ཅི་འདྲ། རང་བཞིན་ནི་གང་ཞིག་ཡིན་ནོ། །ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཁྱོད་ལ་ངས་བཤད་པར་བྱ་ཞེས་བྱ་བའོ། །འོག་ནས་བྱུང་བ་དང་འབྲེལ་ཏོ། །དེ་ལ་ལྷ་ནི་གང་ཞིག་ཡིན་ཞེས་བྱ་བའི་ལན་ནི་སྒྱུ་འཕྲུལ་ཆེན་མོ་ཁྱོད་དང་ང་ཞེས་བྱ་བ་ཡིན་ཏེ་རིག་པ་ཞེས་བྱ་བའི་དོན་ཏོ། །མཐུ་ནི་ཅི་འདྲ་ཞེས་བྱ་བའི་ལན་ནི། འཇིག་རྟེན་གསུམ་འགྲུབ་ཅེས་བྱ་བ་གསུངས་
སོ། །རང་བཞིན་ནི་གང་ཞིག་ཡིན་ཞེས་བྱ་བའི་ལན་ནི། སྒྱུ་འཕྲུལ་ཆེན་མོ་རྣམས་ཀྱི་ནི་བཟང་པོ་ཞེས་བྱ་བ་ཡིན་ཏེ། བཟང་པོ་ཞེས་བྱ་བ་ནི་འདིར་རོལ་ཅིང་རྩེ་བས་ན་བཟང་པོ་སྟེ། ཉི་མ་དང་ཟླ་བ་ཁ་སྦྱར་བའི་བྷ་ག་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྣལ་འབྱོར་མ་རྣམས་ཀྱི་མཉམ་པ་ཉིད་
དེ། དེ་ཉིད་ནི་རྣལ་འབྱོར་པ་རྣམས་ཀྱི་རོལ་པའི་གནས་སོ། །ཡི་གེའི་ཕྲེང་བ་རྣམས་ཞེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་རྣམ་པ་གསུམ་སྟེ། དེས་དཀྲིའོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་དབུས་སུ་གྱུར་པ་ནི་དཔའ་བོ་སྟེ་དཔལ་ཧེ་རུ་ཀ་ཡིན་ལ། ཁ་སྦྱོར་དེ་ནི་སངས་རྒྱས་མཁའ་
འགྲོ་མ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི་དཔའ་བོས་བྱིན་གྱིས་བརླབས་པ་སྟེ། དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་གསུམ་གྱིས་བརྒྱན་པའི་ཉི་མ་དང་ཟླ་བ་ཁ་སྦྱར་བ་ན་གནས་པའོ། །བསམ་པ་ཙམ་གྱིས་ཞེས་བྱ་བ་ནི་བཟླས་པ་ཙམ་གྱིས་ཏེ། བཟླས་པ་ཇི་ལྟར་བྱ་བ་ནི་ངེས་པར་བསྟན་པ་
གཉིས་པ་ལས་འཆད་པར་འགྱུར་རོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཇིག་རྟེན་གསུམ་མོ། །འགྲུབ་ཅེས་བྱ་བ་ནི་དབང་དུ་འགྱུར་བའོ། །ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་དུའོ། །བརྟེན་བྱས་ནས་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །སུ་ཡིས་ཤེ་ན། རྡོ་རྗེ་
རྣལ་འབྱོར་མ་རྣམས་ཀྱིས་སོ། །རྣལ་འབྱོར་བདག་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་སོ། །སྟོན་པར་བྱེད་ཅེས་བྱ་བ་ནི་དེས་མཐོང་བར་བྱེད་པའོ། །དངོས་གྲུབ་ཆེན་མོ་སྟེར་བར་འགྱུར། །ཞེས་བྱ་བ་ནི་རལ་གྲི་དང་། མིག་སྨན་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམ་པ་
བརྒྱད་སྟེར་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དཔལ་ནི་ཕུན་སུམ་ཚོགས་པའོ། །སེམས་ཅན་དོན་བྱེད་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་

ཀྱིས་སོ། །ཆང་ཞེས་བྱ་བ་ནི་དགུག་པ་ཞེས་བྱ་བར་སྦྱར་རོ། །ཚེ་ཞེས་བྱ་བ་ནི་ཚོ་བའོ། །བརྩོན་འགྲུས་ནི་སྤྲོ་བའོ། །གཟི་བརྗིད་ནི་མཐུའོ། །ལྷའི་མིག་ནི་མིག་གི་རྣམ་པར་ཤེས་པའོ། །རྫུ་འཕྲུལ་ནི་རྫུ་འཕྲུལ་གྱིས་མངོན་པར་ཤེས་པའོ། །ཟླ་བ་འཐུང་བ་ནི་
བདུད་རྩི་འཐུང་བའོ། །ཉིན་རེ་ཞེས་བྱ་བ་ནི་ཉིན་གཅིག་བཞིན་དུ་འཐུང་བ་སྟེ། ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་རངས་པའི་ལྷག་མའོ། །ཚེ་རིང་ཞེས་བསྟན་པ་དེ་ཉིད་ཀྱི་ཉེ་བར་བསྟན་པ་ནི། དེའི་ཚེ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེའི་ཞེས་བྱ་བ་ནི་རྣལ་
འབྱོར་པའིའོ། །འཕེལ་ཞེས་བྱ་བ་ནི་རིང་དུ་ནུར་བའོ། །འགྱུར་ཞེས་བྱ་བ་ནི་ཐོབ་པའོ། །བསྐལ་བ་ཆེན་པོའི་བར་དུ་གནས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། འདིས་སེམས་ཅན་རྣམས་ཀྱི་ཡིད་སོ་སོར་འཕྲོག་པར་བྱེད་པས་ན་ཆོ་
འཕྲུལ་ལོ། །དེ་ཡང་རྣམ་པ་གསུམ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། གོ་རིམས་བཞིན་དུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་
མངོན་པར་ཤེས་པ་སྟེ་དེ་དག་ཡིན་ནོ། །དེ་དག་བྱེད་ཅེས་བྱ་བ་ནི་རྣལ་འབྱོར་པའོ། །བལྟ་བས་མི་ངོམས་པའི་ལུས་ཞེས་བྱ་བ་ནི་མཐོང་བས་ཚིམ་པ་མེད་པའི་ལུས་ཏེ། སྟོན་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །རང་གི་གཟུགས་ནི་བདག་ཉིད་ཀྱི་ལུས་སོ། །ཡོངས་སུ་བརྗེས་
ཞེས་བྱ་བ་ནི་གཞན་གྱི་གཟུགས་ཡོངས་སུ་འཛིན་པའོ། །ཡིད་ལ་བསམས་མ་ཐག་ཏུ་ཞེས་བྱ་བ་ནི་ཡིད་ལ་བརྗོད་མ་ཐག་ཏུ་སྟེ། བདག་གཟུགས་འདིར་བྱའོ་སྙམ་པའི་རྗེས་ལའོ། །ཕན་ཡོན་གྱི་སྒོ་ནས་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། བཀླགས་པས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བཀླགས་པས་འགྲུབ་པ་ཞེས་བྱ་བ་ནི་ད་ལྟར་ཀློག་བཞིན་པ་སྟེ། བཟླས་པ་ཙམ་གྱིས་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །དོན་ཡོད་པ་ཞེས་བྱ་བ་ནི་མཐུ་དང་ལྡན་པ་སྟེ། གྲུབ་པར་གྱུར་ན་ངེས་པར་ཇི་སྐད་དུ་གསུངས་པའི་འབྲས་བུ་སྟེར་བར་བྱེད་པས་ན་དོན་ཡོད་པའོ། །རིག་

པ་ཞེས་བྱ་ཀྱེ་རིག་པ་ཞེས་བོད་པའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་དང་མཉམ་པའི་རིག་པ་གཞན་ལ་མེད་པའོ། །འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨའི་རིགས་རྣམས་སུའོ། །ལུང་ཞེས་བྱ་བ་ནི་སྒྲུབ་ཐབས་སོ། །མཛེས་མ་ཞེས་བྱ་བ་ནི་བོད་པའོ། །རྣལ་འབྱོར་
མའི་དབང་ཕྱུག་ནི་ཐབས་ཀྱི་ཆས་སོ། །རིག་མ་ཆེན་མོའི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆ་ཡིས་སོ། །དེ་དག་ཅི་ཞིག་ཅེ་ན། སྒྱུ་འཕྲུལ་ཆེན་མོའོ། །དངོས་གྲུབ་ནི་དེ་ཉམས་སུ་བླངས་པའོ། །མཚན་མ་ནི་རྟགས་ཏེ་མཐུ་རྣམ་པ་དུ་མའོ། །དེའི་དོན་ངེས་པར་བསྟན་པ་ནི་བཤད་པའོ། །དཔལ་སྒྱུ་
འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ཞེས་བྱ་བ་ལས་ངེས་པར་བསྟན་པ་དང་པོའོ།། །།དེ་ནས་དེ་ལས་རྣལ་འབྱོར་མའི་དབང་ཕྱུག་ཆེན་མོ་རྣམས་ཀྱི་ཡི་གེ་བཟང་པོ་ཞེས་བྱ་བ་ཡི་གེ་བཅུ་གཉིས་ནི་རྐང་པ་གཅིག་པའི་ཚིགས་སུ་བཅད་པའོ། །དེ་ནས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ།
དེ་ནས་ཞེས་བྱ་བ་ནི་བཟླས་པ་ཡོངས་སུ་རྫོགས་པར་བྱས་པའི་སྐབས་ཀྱི་དོན་ཏོ། །དེ་ལས་ཞེས་བྱ་བ་ནི་ལྷའི་སྐུ་བསྒོམས་པའི་རྗེས་ཐོགས་ལའོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རྣམས་ཀྱི་ཞེས་བྱ་བ་ནི་བཟང་པོ་ཞེས་བྱ་བ་དང་སྦྱར་ཏེ། བཟང་པོ་ཞེས་བྱ་བ་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་
སྨོད་དེ། ལྟེ་བའི་པདྨའི་ཀརྞི་ཀ་ལ་བསམ་མོ་ཞེས་པ་ནི་ལྷག་མའོ། །འདིར་ཅི་ཞིག་བཟླས་པར་བྱ་ཞེ་ན། གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྦ་བར་བྱ་བས་ན་གསང་བ་སྟེ་མངོན་དུ་མི་འབྱུང་བའོ། །ཡང་ན་འདིས་ལྷའི་དེ་ཁོ་ན་ཉིད་བསྡུས་པས་ན་གསང་བ་སྟེ། གསང་བ་ཡང་དེ་
ཡིན་ལ་ཡི་གེ་ཡང་དེ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །སྦྱོར་བ་ཞེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་ཏོ། །དངོས་གྲུབ་ནི་དེ་རྫོགས་པའོ། །འབྲས་བུ་ནི་རྫོགས་པ་དེའི་རྒྱུ་མཐུན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རབ་ཏུ་སྟེར་བ་ནི་དེ་ཉིད་ཀྱི་ཁྱད་པར་དུ་སྟེར་བ་སྟེ། སྦྱོར་བའི་དངོས་གྲུབ་ཀྱི་
འབྲས་བུ་རབ་ཏུ་སྟེར་བའོ། །བསམ་པ་ཙམ་གྱིས་ཞེས་བྱ་བ་ནི་སྦྱོར་བ་འདིའི་དངོས་གྲུབ་མ་གཏོགས་པར་བཟླས་པ་ཙམ་གྱིས་ཀྱང་དོན་དུ་གཉེར་བའི་མཆོག་སྟེ་རིག་འཛིན་ལ་སོགས་པའི་མཆོག་སྟེ་སྟེར་བའོ། །ཁ་སྦྱོར་གྱི་དབུས་སུ་གསང་བའི་ཡི་གེ་བལྟས་ལ་དེའི་མགོ་བོར་དཔའ་བོ་གཞག་

སྟེ་བཟླས་པ་བྱའོ་ཞེས་དགོངས་སོ། །ཇི་ལྟར་བཟླས་པར་བྱ་ཞེ་ན། དང་པོའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཡི་གེ་ནི་རབ་སྔགས་ཏེ། སྔགས་ཕལ་ཆེར་གྱི་དང་པོར་མཐོང་བའི་ཕྱིར་རོ། །དེའི་སྦྱོར་བ་ནི་དལ་བར་བརྗོད་པའོ། །དབུགས་བཏང་བ་ནི་སྲོག་
སྟེང་དུ་འགྲོ་བའོ། །བྱ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཞེས་བྱ་བ་དང་འབྲེལ་ཏོ། །བརྒྱད་པའི་མཐའ་ཞེས་བྱ་བ་ནི་ཡི་གེ་ཧའོ། །ཨུ་དང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཧའི་འོག་ཏུ་ཨཱུ་སྦྱར་ལ་ཧའི་མགོར་ནི་ཐིག་ལེ་དང་བཅས་པར་བྱ་བ་སྟེ་བསྡུས་པས་ཧཱུྃ་ཞེས་བྱ་བར་འགྱུར་རོ། །ཇི་ལྟ་བུའི་
དབུགས་གཏོང་བར་རྔུབ་པ་ཡིན་ཞེ་ན། དངོས་དང་དངོས་མེད་དུ་སྤངས་པ། །ཞེས་བྱ་བ་གསུངས་ཏེ། གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལ་ཨོཾ་གྱི་དོན་ནི་ཡེ་ཤེས་ཙམ་སྟེ། དཔལ་གསང་བ་འདུས་པ་ལས། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །ཧཱུཾ་
གི་དོན་ནི་སྐུ་དང་གསུང་དང་ཐུགས་སྣང་བ་མེད་པ་ཉིད་ཀྱིས་མཉམ་པ་ཉིད་དེ། ཧཱུཾ་ནི་སྐུ་གསུང་ཐུགས་རྡོ་རྗེ། །གསུམ་པོ་མི་ཕྱེད་མཉམ་ཐོབ་པ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཨོཾ་གྱིས་སྣ་ཚོགས་འདི་དག་སེམས་ཙམ་ཉིད་དུ་བསྟན་པ་ལ་བལྟས་པས་ནི་དངོས་པོ་རྣམ་པར་སྤངས་པའོ། །
སྣ་ཚོགས་འདི་དག་སེམས་ཙམ་པོ་ད་ཉིད་དངོས་པོ་མེད་པ་སྟེ། སེམས་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་སྣ་ཚོགས་པའི་སེམས་ཙམ་པོ་དེ་ཉིད་ཀྱང་སྣང་བ་མེད་པས་མཉམ་པ་ཉིད་དུ་འཇུག་པར་ཧཱུཾ་གིས་སྟོན་པར་བྱེད་དེ། །དེ་ལ་བལྟས་པས་ནི་དངོས་པོ་མེད་པ་རྣམ་པར་སྤངས་པའོ། །འོ་ན་
འདིར་སེམས་ཙམ་དང་མཉམ་པ་ཉིད་ལ་འཇུག་པ་ཇི་ལྟར་ལྟ་ཞེ་ན། འདིར་མན་ངག་ནི་རབ་སྔགས་བརྗོད་ནས་དཔའ་བོ་ལས་དབུགས་གཏོང་བ་ནི་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་འོད་ཟེར་སྟེང་དུ་རྒྱུ་བར་བལྟས་ལ། དེ་སྤྲོས་པས་སྣ་ཚོགས་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ཏེ། ས་བོན་གྱི་ཡི་གེ་བརྗོད་ནས་སྣ་
ཚོགས་སངས་རྒྱས་སུ་བྱས་པ་དེ་དག་རང་གི་ལྷའི་རྣམ་པར་བསྒོམ་པ་ནི་སེམས་ཙམ་དུ་བལྟ་བའོ། །དེ་ནས་ཧཱུཾ་བརྗོད་པས་དབུགས་འཇུག་པས་ན་སྣ་ཚོགས་དཔའ་བོ་ལ་བསྡུ་བ་ནི་མཉམ་པ་ཉིད་དུ་འཇུག་པ་ལ་བལྟའོ། །དེ་དག་གཉི་ག་ཡང་དལ་བུས་ཡང་དང་ཡང་དུ་ཇི་

སྲིད་དལ་བར་མ་གྱུར་གྱི་བར་དུ་བྱ་སྟེ། འདིར་ན་རྒྱུད་འདིར་བཟླས་པའོ། །འདི་ཚེགས་མེད་པར་ཉམས་སུ་བླངས་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་བཟླས་པ་ལའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་མི་སྨྲ་བ་དང་།
ཁྲུས་དང་། སློང་མོ་ལ་སོགས་པའི་ངེས་པ་མེད་པའོ། །ཕྲེང་བ་སྔགས་དང་བཟུང་བ་ཞེས་བྱ་བ་ནི་སྲོག་གི་རླུང་གིའོ། །ལྡོག་པར་འགྱུར་ཞེས་བྱ་བ་ནི་རྒྱུད་གཞན་དག་ལས་འབྱུང་བ་འདིར་མི་དྲང་ཞིང་བཟློག་པར་བྱ་བའི་དོན་ཏོ། །གཞན་དང་གཞན་དག་ཅེས་བྱ་བ་ལས་ཀྱང་
གི་དོན་ལ་བལྟ་བར་བྱ་སྟེ། དེ་ལས་གཞན་པའི་ལས་ཐམས་ཅད་ཀྱང་བཟློག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོ་ན་བཟླས་པ་ནི་བརྗོད་པ་ཡིན་ལ་འདིར་བཟླས་པ་འབའ་ཞིག་བརྗོད་པར་བྱ་བ་ཡིན་ནམ། འོན་ཏེ་སྐུ་དང་ཡེ་ཤེས་ཀྱང་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་སྔགས་དང་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ། །རྣལ་འབྱོར་དེ་ཡང་རྣམ་པ་གསུམ་སྟེ། བྱེ་བྲག་གསུམ་མོ། །གང་ལས་ཤེ་ན། གང་གི་ཕྱིར་སྔགས་དང་། དབྱིབས་དང་། ཆོས་ཀྱི་བདག་ཉིད་ཀྱིས་སོ། །དེ་ལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་
ངག་ནི་སྔགས་སོ། །ལྷའི་སྐུ་ནི་དབྱིབས་སོ། །སྔགས་ཀྱི་དོན་གྱི་ཡེ་ཤེས་ནི་ཆོས་སོ། །ཡེ་ཤེས་རྣམ་པ་གསུམ་གྱིས་ནི་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡིན་གྱི་བརྗོད་པ་ཙམ་གྱིས་ནི་མ་ཡིན་ནོ། །སྲིད་པའི་ཉེས་པས་གོམས་མི་འགྱུར། །ཞེས་བྱ་བ་ལ།
སྲིད་པའི་ཉེས་པ་སྟེ་སྡིག་པ་ལ་སོགས་པ་རྣམས་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་རྣལ་འབྱོར་གསུམ་མོ། །རྒྱུན་དུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་། །རྟག་ཏུ་ཞེས་བྱ་བ་ནི་ཐུན་མཚམས་སོ་སོ་ལའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །མཚུངས་པ་ནི་དེ་དང་མཉམ་
པའོ། །འང་གི་སྒྲས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་ཡང་མཉམ་པའོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །འགྲུབ་འགྱུར་ཞེས་བྱ་བ་ནི་རྫོགས་པར་འགྱུར་བ་སྟེ། དེ་ལ་འདིར་ཧེ་རུ་ཀའམ་མཁའ་འགྲོ་མ་རྣམས་ཀྱི་སྐུར་དེའི་ང་རྒྱལ་གྱིས་བསྒོམས་ལ། རབ་སྔགས་དང་ཧཱུཾ་གི་དབུས་སུ་རྩ་བའི་སྔགས་བཅུག་

སྟེ་རིམ་གྱིས་དལ་བུས་བརྗོད་དེ་སྔགས་ཀྱི་དོན་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ་ཆུད་པའི་རིག་པའི་ཡི་གེའི་ཐིག་ལེ་ལ་དཔའ་བོའི་ཐིག་ལེ་གཞག་སྟེ། དེ་ལས་བྱུང་བའི་འོད་ཀྱིས་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་དེ་རྣམས་ཀྱིས་རང་གི་ལྷའི་
སྐུའི་རྣམ་པར་བྱས་ཏེ། དཔའ་བོའི་ཐིག་ལེ་ལས་ཡང་དག་པར་བསྡུ་བས་སྔགས་ཀྱི་དོན་རིག་པར་བྱའོ། །དེ་ལྟར་སྔགས་དང་། དབྱིབས་དང་། ཆོས་ཀྱི་རྣལ་འབྱོར་གྱིས་ཟླ་བ་དྲུག་ཏུ་བཟླས་པ་བྱས་ན་འདྲ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་
སྟེ་རིག་པའི་ཡི་གེ་དང་ཡང་དག་པར་རབ་ཏུ་ལྡན་པས་ལས་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྒྲུབ་པར་བྱ་སྟེ། དེ་བས་ན་རིག་པའི་ཡི་གེ་དང་དེའི་རབ་ཏུ་སྦྱོར་བ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། དབང་པོའི་མདོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོའི་
སྒྲས་ནི་ལྷམ་བུ་ཆུ་གཤེར་བསྟན་ཏོ། །དང་པོའི་ཡི་གེའི་ནི་རབ་སྔགས་སོ། །དེ་བསྒོམས་པ་ནི་གང་གིས་དབུག་པར་བྱ་བའི་དོན་དུ་རབ་ཏུ་སྦྱོར་རོ། །རིག་པ་ཞེས་བྱ་བ་ནི་རིག་པ་དང་ལྡན་པའི་རྣལ་འབྱོར་པའོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །འདི་ཞེས་བྱ་བ་ནི་བསྒྲུབ་
བྱའོ། །མོད་ལ་ཞེས་བྱ་བའི་ཉེ་བར་བསྟན་པ་ནི་མྱུར་དུ་ཞེས་བྱའོ། །དེ་དག་གིས་འདི་སྐད་དུ་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་གུར་གུམ་གྱི་མདོག་ལྟ་བུ་བྱས་ལ། དཔའ་བོའི་སྣོད་དུ་གུར་གུམ་གྱི་མདོག་ལྟ་བུའི་རབ་སྔགས་བསམས་ཏེ། དེའི་ཐིག་ལེར་དཔའ་བོ་བཀོད་
ལ་རབ་སྔགས་ཀྱིས་དཔའ་བོ་ཡང་དམར་པོར་བསྒྱུར་ནས་དཔའ་བོ་ལ་སོགས་པ་རི་མོ་གཉིས་ཕྱུང་ནས་འོད་གཅིག་གི་རྩེ་མོར་ཞགས་པ་དང་གཉིས་པའི་རྩེ་མོར་ནི་ལྕགས་ཀྱུ་བསམས་ཏེ་ཞགས་པས་བསྒྲུབ་བྱའི་མགུལ་པ་བཅིངས་ལ་ལྕགས་ཀྱུས་སྙིང་གར་ཕུག་སྟེ། མྱུར་དུ་འགུགས་པར་
བསམས་ལ་སྐད་ཅིག་གིས་ཁུགས་པར་འགྱུར་རོ་ཞེས་བསྟན་པར་བྱའོ། །ཡི་གེ་གཉིས་པ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་གཉིས་པ་སྟེ་ཨཱའོ། །དེ་དང་ལྡན་པ་ནི་དེའི་མགོ་བོར་གཞག་པའི་དཔའ་བོའོ། །དེས་བསམ་པ་ནི་རང་གི་ལྷའི་རྣལ་འབྱོར་པས་བསྒྲུབ་བྱའི་རྡུལ་ཕྲ་རབ་རྣམས་

མདོག་དམར་པོར་བསྒྱུར་བའོ། །རྣམ་པར་བསྒོམ་པ་ཞེས་བྱ་བ་ནི་བསྒྲུབ་བྱ་རྣམ་པ་དུ་མ་སྟེ་གང་འདོད་པའོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་བསྒྲུབ་བྱའོ། །ས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་དང་ཡང་ཞེས་བྱ་བའི་དོན་བལྟ་བར་བྱ་སྟེ། འཇིག་རྟེན་གསུམ་པོ་མ་ལུས་པ་ཡང་དམ་
དུ་འགྱུར་ན། སྲོག་ཆགས་བརྒྱ་དང་སྟོང་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ཀྱང་འདི་སྐད་དུ་ལྷ་དྲུག་གི་ནང་ནས་གང་ཡང་རུང་བའི་རྣལ་འབྱོར་ཛ་བའི་ཀུ་སུ་མ་ལྟར་དམར་བ་བྱས་ལ། ཡི་གེ་ཨཱ་ཛ་བའི་ཀུ་སུ་མ་ལྟར་དམར་བ་ཁ་སྦྱོར་དུ་བཀོད་དེ། དེའི་མགོ་བོར་དཔའ་བོ་
བཀོད་ལ་དེ་ཉིད་ཀྱིས་མདོག་བསྒྱུར་ཏེ། དེ་ཉིད་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་རྡུལ་ཕྲ་རབ་རྣམས་བཙོས་ལ་རྐང་པའི་དྲུང་དུ་འགྱེལ་བར་བསྒོམས་ཏེ་དབང་དུ་གྱུར་པར་བསམས་ན་དེས་ནི་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་དབང་
ཕྱུག་ཅེས་བྱ་བ་ནི་བདུད་དོ། །མི་ཟད་པས་ན་ཡི་གེ་སྟེ་ཐུགས་རྡོ་རྗེའོ། །དེའི་གསང་བའི་ཡི་གེའི་ཡང་ཡི་གེའོ། །གཞུང་ཁ་ཅིག་ལས་ནི་ཡེ་ཤེས་ཡི་གེ་ཞེས་འབྱུང་སྟེ། ཡེ་ཤེས་ནི་དཔའ་བོ་སྟེ་དེའི་ཡི་གེའོ། །གཉིས་ཀ་ལྟར་ན་ཡང་ཡི་གེ་ཧཱུཾ་ལ་བྱའོ། །དེ་ཡང་དགུག་པ་ལ་ནི་ཛ་བའི་ཀུ་སུ་མ་
ལྟར་དམར་བའོ། །དེས་བསྐུལ་བ་ནི་སྦད་ཅིང་གཏོང་བའོ། །ཇི་ལྟར་བསྐུལ་བར་བྱ་ཞེ་ན། དགུག་པའི་ཆོ་ག་དང་པོའི་སྦྱོར་བས་སོ། །གཞན་དག་ནི་ཧཱུཾ་གིས་དབུགས་ནང་དུ་གཞུག་པས་དགུག་གོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྒྱུད་འདི་ལ་དཔའ་བོ་ལས་བྱུང་བའི་འོད་གླང་པོ་ཆེའི་སྣ་ལྟ་བུས་
དགུག་པའི་སྦྱོར་བ་བྱའོ་ཞེས་ཟེར་རོ། །གོང་བུར་དགུག་པའི་མཆོག་གསུངས་པ། ཡི་གེ་ཨ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་དང་ཡི་གེ་ནི་ཟླས་དབྱེ་བའོ། །དེ་དག་དང་ཡང་དག་པར་ལྡན་པ་ནི་ཨའམ་ཡི་གེ་ཧཱུཾ་དང་ཡང་དག་པར་ལྡན་པའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ།
རྣམ་པ་གསུམ་པ་དང་སྦྱོར་བ་ནི་སྦྱོར་བ་རྣམ་པ་གསུམ་མོ། །སྐུ་གསུང་ཐུགས་ལ་ལེགས་གནས་པ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་དང་། མགྲིན་པ་དང་། སྙིང་ག་དག་ཏུ་གནས་པའོ། །དེས་ཀྱང་འདི་སྐད་དུ་ལྷ་དྲུག་གི་ནང་ནས་ཛ་བའི་ཀུ་སུ་མ་ལྟ་བུ་གང་ཡང་རུང་བའི་རྣལ་འབྱོར་

བྱས་ལ། ཁ་སྦྱོར་གྱི་ནང་དུ་ཨཱའམ་ཡི་གེ་ཧཱུཾ་གི་མགོ་དང་ཐིག་ལེར་དཔའ་བོ་བཀོད་ལ་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསྐྱོན་ཏེ། དཔའ་བོའི་འོད་ཟེར་གྱི་རི་མོ་དམར་པོ་གཉིས་ཀྱིས་རྩེ་མོའི་ཞགས་པ་དང་ལྕགས་ཀྱུ་དག་གི་གོ་རིམས་བཞིན་
དུ་མགྲིན་པ་བཅིངས་པ་དང་། སྙིང་ག་ཕུག་སྟེ་བར་སྣང་ལས་མྱུར་དུ་འགུགས་པར་བསམས་ན་སྐད་ཅིག་གིས་ཁུགས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཡི་གེ་ཁེ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གིས་ཀྱང་འདི་སྐད་དུ་ཡི་གེ་ཁེ་ལས་སྐུ་མདོག་དཀར་པོ་ཞལ་བཞི་ལ་ཕྱག་ན་
ཐོད་པ་བསྣམས་པ་ཆགས་པའི་བདག་ཉིད་དེ་སེམས་ཆགས་པ་དང་ལྡན་པར་བསྒོམས་ལ། ཁེའི་མགོ་བོར་བཀོད་པའི་དཔའ་བོ་ལས་འོད་ཟེར་སྦུ་གུའི་གཟུགས་ཅན་བསྒྲུབ་བྱའི་གསང་བར་ཞུགས་ཏེ་ཁུ་བས་བཀང་ནས་ཐོད་པར་དྲངས་པར་བསམས་ན་སྐད་ཅིག་གིས་ཁུ་བ་ཁུགས་པར་འགྱུར་རོ་ཞེས་སྟོན་ཏོ། །ཡི་གེ་ཙི་
ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཙི་ཐུང་ངུ་ལས་མདོག་སེར་པོ་འོད་ཟེར་སེར་པོ་དང་ལྡན་པ་རྟའི་ཞལ་ཅན་བསམས་ལ། ཡི་གེ་ཙའི་མགོ་བོར་གནས་པའི་དཔའ་བོའི་འོད་གླང་པོ་ཆེའི་སྣ་ལྟ་བུས་ཆང་སྣོད་ཆང་གིས་བཀང་ནས་དྲངས་ཏེ་སྣོད་གང་བར་བསམས་ན་སྐད་ཅིག་གིས་གང་བར་འགྱུར་རོ་ཞེས་
སྟོན་ཏོ། །ཡི་གེ་ར་ཞེས་བྱ་བ་ལ་སོགས་པས་ཀྱང་ཡི་གེ་ར་ལས་མདོག་དམར་པོ་ཕྱག་བཞི་ལ་ཅེ་སྤྱང་གི་ཞལ་བཞི་དང་ལྡན་པ་གཟི་བརྗིད་ཆེ་ཞིང་ཁྲོ་བའི་བདག་ཉིད་ཅན་དུ་བསྒོམས་ལ། སྔ་མ་བཞིན་དུ་འོད་ཟེར་སྲིན་པོ་པདྨའི་གཟུགས་ལྟ་བུར་སྤྲོས་པས་བསྒྲུབ་བྱའི་ལུས་ལས་ཁྲག་འདྲེན་
བཞིན་པར་བསྒོམས་ན་སྔ་མ་བཞིན་དུ་འགྱུར་རོ། །དེ་ལྟར་རིག་པའི་ཡི་གེ་དྲུག་གི་སྐབས་སུ་རང་གི་ལྷའི་རྣལ་འབྱོར་གྱི་ཡན་ལག་དྲུག་ལ་དགོད་པ་ཡང་བསྟན་པའི་ཕྱིར། ཡི་གེ་དྲུག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་དྲུག་དང་བསྟན་མ་ཐག་པའི་རིག་པའི་ཡི་གེ་
དྲུག་གོ། །དེ་དང་ཡང་དག་ལྡན་ཞེས་བྱ་བ་ནི་ངེས་སྦྱར་བྱ་ཞེས་བྱ་བ་དང་སྦྱར་ཏེ། རང་གི་ལྷའི་ལུས་ལ་ཞེས་བྱ་བ་ནི་ལྷག་མའོ། །གང་དུ་ལྡན་པ་ཡིན་ཞེ་ན། གནས་དྲུག་ཏུ་ཞེས་བྱ་བ་གསུངས་ཏེ། ཡན་ལག་དྲུག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་

འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལ་རྡོ་རྗེ་ནི་དཔལ་ཧེ་རུ་ཀའོ། །རྣལ་འབྱོར་མ་ནི་མཁའ་འགྲོ་མ་ལྔ་རྣམས་སོ། །ཡང་ན་རྣལ་འབྱོར་ནི་དཔལ་ཧེ་རུ་ཀའོ། །མཁའ་འགྲོ་མའི་བདེ་མཆོག་ནི་རྣལ་འབྱོར་མ་དེ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་ལས་བྱུང་བའི་བདེ་
བའི་མཆོག་དང་ལྡན་པས་སོ། །གནས་དྲུག་པོ་བསྟན་པ་དེ་ཉེ་བར་བསྟན་པའི་ཕྱིར་མིག་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཅེས་བྱ་བ་ནི་སྙིང་གའོ། །དང་གི་སྒྲས་ནི་ལྕེ་དང་ལུས་ཀྱང་གཟུང་ངོ་། །རྣལ་འབྱོར་རྣམ་པ་གཞན་གསུངས་པ། སེང་གེ་ཞེས་བྱ་བ་ལ་སོགས་པ་
ལ། སེང་གེ་ནི་དཔའ་བོའོ། །དེའི་རྣམ་པར་རོལ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བར་བྱའོ། །བཅིང་བར་བྱ་བ་ནི་ཡི་གེའི་ཕྲེང་བ་གསུམ་གྱིས་སྔར་བསྟན་པ་བཞིན་དུ་བཅིངས་པར་བསམ་པའོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་ལྷ་
མོ་བཞིས་ཡོངས་སུ་བསྐོར་བའི་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པའོ། །སྲོག་དང་རྩོལ་བ་ནི་དབུགས་དབྱུང་བ་དང་འཇུག་པའོ། །བསྡམས་ནས་སུ་ཞེས་བྱ་བ་ནི་རིམ་གྱིས་ཤིན་ཏུ་ཕྲ་བར་བྱས་པས་ཤིན་ཏུ་གནས་པར་འགྱུར་རོ། །བསྒོམས་ན་ཞེས་བྱ་བ་ནི་ཟླ་བའི་བུ་ག་
ནས་དཔའ་བོ་དེ་ཉིད་ལ་བལྟ་བཞིན་པས་བསྒོམ་པའོ། །སྐད་ཅིག་དེ་ལ་འབར་ཞེས་བྱ་བ་ནི་དཔའ་བོ་ལ་སེམས་བརྟན་པ་ལས་ཡེ་ཤེས་ཀྱི་མེ་ལྕེ་ལྡང་ཞིང་འབར་བ་སྟེ་སྣང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སླེབས་པར་འབར་ཞེས་བྱ། འོག་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་
ས་འོག་དང་། ས་སྟེང་དང་། བར་སྣང་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམས་ཡང་དག་པར་བསྡུས་པས་ནི་འཇིག་རྟེན་བདུན་ནོ། །བསམ་གཏན་གསུམ་པོ་ནི་སོ་སོར་རེ་རེ་ཡིན་ལ། བསམ་གཏན་བཞི་པ་ལ་གནས་གཞན་བརྒྱད་
པ་ནི་འོག་མིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པའི་འོག་མིན་གནས་ཀྱི་མཐར་ཐུག་པ་ཞེས་སོ། །དེ་ལ་རྒྱུ་བ་ནི་སེམས་ཅན་ནོ། །གཞལ་མེད་ཁང་ལ་སོགས་པའི་གནས་ནི་མི་རྒྱུ་བའོ། །ད་ནི་དཔའ་བོ་དེ་སེམས་ཅན་ཐམས་ཅད་ཀྱི་སྣང་བཞིན་དུ་མཐོང་བར་བསྟན་པར་བཞེད་ནས། ཐམས་

ཅད་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་ནི་སེམས་ཞེས་པ་སྟེ་སེམས་ཅན་ཐམས་ཅད་དོ། །དེ་བསྒོམས་ནས་ཞེས་བྱ་བ་ནི་འདྲིས་པར་བྱས་པ་སྟེ། རང་གི་སེམས་ཉིད་དེ་དང་དེ་དག་ཏུ་སྣང་བའི་ཕྱིར་རོ། །དེ་ནི་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་
མཐོང་བ་མ་ཡིན་ཏེ། བྱིས་པ་རྣམས་ལ་དེའི་ཡང་དག་པ་མ་ཡིན་པའི་ངོ་བོ་སྣང་བའི་ཕྱིར་རོ། །འགྲོ་བའི་རོལ་པ་ཞེས་བྱ་བ་ནི་སྣ་ཚོགས་སུ་རོལ་པ་སྟེ། དེ་དང་དེའི་རྣམ་པ་གཉིས་སུ་བརྟག་པའི་ཕྱིར་རོ། །རྣམ་པར་འཇིག་ཅེས་བྱ་བ་ནི་གལ་ཏེ་ཀུན་གྱིས་རྟོག་ན་ནི་འགྲོ་བའི་རོལ་པ་
དང་པོ་ཉིད་ནས་ཞིག་པར་འགྱུར་ན་ད་ལྟར་གྱི་བར་དུ་དེ་ལྟར་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པའི་ཕྱིར་ཡེ་ཤེས་འདི་གསང་ཞིང་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དཔའ་བོ་ཞེས་བྱ་བའོ། །གསང་བ་ཞེས་བྱ་བ་ནི་བྱིས་པ་རྣམས་ལ་སྦས་
པའོ། །གང་གིས་ཤེ་ན། ཡང་དག་པ་ཡིན་པའི་ངོ་བོ་མ་མཐོང་བའི་འཁྲུལ་པ་རྣམས་ཀྱིས་སོ། །ཡེ་ཤེས་དེ་ཅི་འདྲ་ཞེ་ན། མི་གསལ་ཡི་གེ་མེད་པ་ཞེས་གསུངས་ཏེ། ངག་གི་ཡུལ་ལས་འདས་པའི་ཕྱིར་ན་མི་གསལ་བའོ། །ཡིད་ཀྱིས་བརྗོད་པའི་ཡུལ་མ་ཡིན་པའི་ཕྱིར་ཡི་གེ་མེད་
པའོ། །འོ་ན་དེའི་དོན་དམ་པ་དེ་སུས་ཤེས་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧི་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་བས་ངེས་པར་གཟུང་བའི་དོན་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རང་བཞིན་དེ་ཕྱིས་
གཟིགས་ན་ནི་གཞན་གྱིས་ཀྱང་དེ་མཐོང་བར་འགྱུར་ལ། ཅི་སྟེ་རྡོ་རྗེ་རྣལ་འབྱོར་གྱི་ཁ་ན་ལས་པ་ཡིན་ན་ཡང་རྣལ་འབྱོར་དེས་གཞན་དག་གིས་ཀྱང་དེ་མཐོང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་ཁོ་ནར་གཡོ་བ་མེད་པའི་ཕྱིར་གཉིད་དང་ཆོས་
མཐུན་པས་ན་གཉིད་དོ། །འདི་ནི་རྣལ་འབྱོར་ཡང་ཡིན་ལ་གཉིད་ཀྱང་ཡིན་པས་རྣལ་འབྱོར་གཉིད་དོ། །ཡང་དག་པར་ལྡན་པ་ནི་མངའོ། །དེ་ཉིད་ཉེ་བར་བསྟན་པ་ནི། གོང་བུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཟུགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །གཅིག་ཅེས་བྱ་བ་

ནི་སྣང་བ་མེད་ཅིང་གསལ་བ་ཙམ་དུ་རོ་གཅིག་པའོ། །གོང་བུ་ཞེས་བྱ་བ་ནི་དེ་དག་ཉིད་ཤིན་ཏུ་བསྡུས་པ་སྟེ། ཡུངས་ཀར་ལྟར་ཕྲ་བའི་ཐིག་ལེ་ཙམ་གྱི་གོང་བུར་ཕྲ་མོར་བྱས་པའོ། །དེ་དག་གིས་ནི་དཔའ་བོའི་ཕྱག་རྒྱ་གཟུགས་སུ་བསྒྲུབ་པ་བསྟན་ཏོ། །དེར་སོང་བའི་ཡིད་ཅེས་བྱ་བ་ནི་གོང་བུ་
དེ་ལ་སེམས་གནས་པའོ། །དེ་དག་གིས་རྣལ་འབྱོར་གྱི་གཉིད་ཀྱི་དོན་བསྟན་ཏོ། །རྣམ་པ་དེ་ལྟ་བུའི་རྣལ་འབྱོར་རྫོགས་པར་བྱེད་པའི་དམ་ཚིག་བསྟན་པའི་ཕྱིར། སྒོ་དགུ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་བསྒོམས་ལ་ཞེས་བྱ་བ་ནི་ལྷག་པར་མོས་པར་ཞེས་བྱ་བའི་དོན་ཏོ། །
གང་ཞིག་ལ་ལྷག་པར་མོས་པར་བྱ་ཞེ་ན། སྒོ་དགུ་ལས་བྱུང་བའི་རྫས་ལའོ། །ཅི་ཞིག་ཏུ་མོས་ཤེ་ན། བདག་ཉིད་ཅེས་བྱ་བ་གསུངས་ཏེ། རྟག་པ་དང་མི་བསྐྱོད་པ་དང་། རིན་ཆེན་དབང་དང་། འཇིག་རྟེན་དབང་དང་། གདོན་མི་ཟ་བའི་རང་བཞིན་གྱི་སངས་རྒྱས་རྣམས་ཀྱི་བདག་ཉིད་
དུའོ། །རང་བཞིན་མེད་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་མི་སྣང་བས་སོ། །བློ་ལྡན་པ་ཞེས་བྱ་བ་ནི་གསལ་བ་ཙམ་ལ་གནས་པའི་བློ་ཅན་ནོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་དོགས་པ་མེད་པས་སོ། །བཟའ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཟའ་བའི་ཕྱིར་སྤྱད་པའོ། །མཐེ་བོང་ཞེས་
བྱ་བ་ལ་སོགས་པ་ལ། སྒོ་རུ་ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་མཐེ་བོང་དང་སྲིན་ལག་གི་རྩེ་མོ་ཡིད་བཞིན་གྱི་ནོར་བུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཉིད་ཀྱིས་དེས་བཟའོ་ཞེས་བྱ་བར་དགོངས་སོ། །ནམ་ཞེ་ན། བདུད་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་འོག་ནས་
བྱུང་བའི་ཆོ་གས་དེ་དག་ཐམས་ཅད་བདུད་རྩིར་བྱས་པ་དེའི་ཚེ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། རྟག་པའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་མའི་རིག་པ་ཆེན་མོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེའི་སྦྱོར་བ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ཐིག་ལེའི་རྣལ་
འབྱོར་རོ། །དེ་སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་བྱེ་བྲག་གང་དག་གིས་ངེས་པར་བྱེད་པ་དེ་ནི་གཏན་ལ་ཕབ་སྟེ་བསྟན་པ་ནི་བརྗོད་པའོ། །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ལས་ངེས་པར་བསྟན་པ་གཉིས་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་

པ་ལ། རྫས་གཞན་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྫས་དགུ་ལས་གཞན་པའོ། །ཚོགས་ཞེས་བྱ་བ་ནི་ཚོགས་ལས་ཐ་མི་དད་པའི་ཕྱིར་སོ་སོ་རེ་རེ་ཞིང་ཡང་ཚོགས་ཀྱི་སྒྲས་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་ཡིན་པས་ན་ཐམས་ཅད་མཁྱེན་པའི་
འབྲས་བུའོ། །གང་ཞིག་ཅེས་བྱ་བ་ནི་རྫས་ཀྱི་ཚོགས་རྣམས་སོ། །འབྱུང་པོའི་མ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །ཆེན་པོར་ཡང་དག་ལྡན་པ་ནི་ཡོན་ཏན་ཆེ་བས་བརྒྱན་པ་སྟེ། ཤ་ཆེན་པོའོ། །དེ་བཞིན་ཞེས་བྱ་བ་ནི་ཡང་དག་པར་བསྡུ་བའོ། །ལྷན་ཅིག་མ་ཡིན་ཞེས་བྱ་བ་ནི་སོ་སོར་རོ། །
བསྒོས་ཞེས་བྱ་བ་ནི་བྱུག་པ་སྟེ། ཤ་ལྔ་པོ་སོ་སོ་ཞིང་བདུད་རྩི་ལྔ་ལྔས་བསྒོ་བའོ། །དུས་ཇི་སྙེད་ཅིག་ཏུ་ཞུ་ཞེ་ན། ཉི་མ་བདུན་དུ་ཞེས་བྱ་བ་གསུངས་ཏེ། མར་ངོའི་ཉི་ཤུ་གསུམ་ནས་ཉི་ཤུ་དགུའི་བར་དུའོ། །སྦྱར་བྱས་ནས་ཞེས་བྱ་བ་ནི་དེ་ལྟར་བྱས་པའི་འོག་ཏུ་སྦྱར་ནས་སོ། །ཅེ་
སྤྱང་གི་དབུས་སུ་གཞག་ལ་ཞེས་བྱ་བ་ནི་འབྱུང་པོའི་མཚན་མོ་ཅེ་སྤྱང་གི་ཡན་ལག་མཆོག་ཏུ་གཞག་པའོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་བསྒོས་པ་དང་གཞག་པའི་རྫས་ལས་སོ། །ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཞེས་བྱ་བ་ནི་ཡུངས་ཀར་གྱི་ཚད་ཙམ་མོ། །ཅི་ལས་བྱས་ཤེ་ན། ལྔ་པོ་དག་
ཅེས་བྱ་བ་གསུངས་ཏེ། ཤ་ལྔ་པོ་དག་ལས་སོ། །རྒྱུད་འདིར་གསུངས་ཀྱི་ཞེས་བྱ་བ་ལ། ཚད་ནི་ཉེ་བར་མཚོན་པ་སྟེ་ཆོ་ག་ཡང་གཟུང་བར་བྱའོ། །དེ་བས་ན་ཚད་ལ་སོགས་པ་འདིར་རྫོགས་པ་གསུངས་སོ། །ཀུན་དུ་སྦས་ཞེས་བྱ་བ་ནི་རྒྱུད་གཞན་དུ་ཐམས་ཅད་རྫོགས་པར་གསུངས་པའོ། །
ཅིའི་ཕྱིར་ཞེ་ན། འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་ནས་ཞེས་བྱ་བ་ནི་འབྲས་བུ་ཆེན་པོར་ཤེས་པར་བྱ་སྟེ། ཕུང་པོ་ལྔ་པོ་ཡེ་ཤེས་ལྔས་བསྒོས་ཤིང་ཅེ་སྤྱང་གི་ཡན་ལག་མཆོག་ཁ་སྦྱོར་གྱི་སྣོད་དུ་གནས་པའི་དཔའ་བོ་དང་མཉམ་པར་རྟོགས་པས་སོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །རྒྱུད་འདིར་སྒྲུབ་པའི་ཐབས་འབྱུང་བ་ཞེས་བྱ་བ་ནི། སྒྲུབ་པའི་ཐབས་ཀྱི་ལམ་གང་གིས་བཅོམ་ལྡན་འདས་དཀྱིལ་འཁོར་དང་བཅས་པ་སྒྲུབ་ཅིང་མཉེས་པར་བྱེད་པར་གྱུར་པའི་སྐབས་ཞེས་བྱ་བའི་དོན་ཏོ། །པདྨ་བསམ་

བྱ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྣང་བ་མེད་པར་བསྒོམས་པས་འགྲོ་བ་རྣམས་ནམ་མཁའ་ལྟར་མཉམ་པ་ཉིད་དུ་བྱས་ཏེ། རྡོ་རྗེའི་རང་བཞིན་གྱི་ས་གཞི་བསམས་ནས་ཕྱོགས་མཚམས་རྣམས་སུ་འཇིགས་པར་བྱེད་པའི་དུར་ཁྲོད་བརྒྱད་བལྟས་ལ། དེའི་དབུས་སུ་ཁང་བུ་བརྩེགས་པའི་
ནང་དུ་ཆུད་པའི་པདྨ་འདབ་མ་བརྒྱད་པའམ་བཞི་པ་བསམ་པའོ། །ཁ་དོག་དམར་པོ་ཀུན་འོད་ཅེས་བྱ་བ་ནི་མདོག་དམར་ཞིང་འོད་དམར་པོ་དང་བཅས་པའོ། །ཡིད་ཀྱིས་ཞེས་བྱ་བ་ནི་དཔའ་བོར་གྲགས་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡིད་ཀྱི་ཐིག་ལེ་པདྨའི་ཀརྞི་ཀར་གནས་པ་ལས་ཕྱོགས་
བཞིའི་འདབ་མ་རྣམས་སུ་ཡང་སྤྲོས་པས་མཚན་པའོ། །ལྷ་མོ་བཞི་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཤར་ཕྱོགས་ལ་སོགས་པའི་འདབ་མ་རྣམས་ཀྱི་ཐིག་ལེ་རྣམས་ལས་གོ་རིམས་བཞིན་དུ་རྡོ་རྗེ་དང་། ནོར་བུ་དང་། པདྨ་དང་། ལས་ཀྱི་རིགས་ཀྱི་དབང་པོ་མཐའ་ཡས་པའི་
རིགས་དང་བཅས་པར་སོ་སོར་མཐའ་ཡས་པའི་ཕྱོགས་སུ་སྤྲོས་ཏེ་དེ་དག་བསྡུས་པ་ལས་བྱུང་བའི་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་མཁའ་འགྲོ་མ་རྣམས་འདབ་མ་དེ་རྣམས་ཀྱི་གདན་ལ་བཀོད་པའོ། །སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། །ཞེས་བྱ་བ་ལ་སོགས་
པ་ལ། སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །གཟུགས་ནི་དཔལ་ཧེ་རུ་ཀའི་སྐུ་སྟེ། དེ་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་ཉེ་བར་བརྒྱན་པའོ། །དེ་ཡང་ལྷ་མོ་དེ་རྣམས་ཀྱིས་རྩ་བའི་ཡིད་ཀྱིས་ཐིག་ལེ་ལ་འོག་ནས་འབྱུང་བའི་གླུས་བསྐུལ་བར་གྱུར་པས་ས་བོན་གཉིས་ཀྱི་རྣམ་པར་གྱུར་པ་ལ་
དེ་ལས་རིགས་ལྔའི་དབང་པོ་དེའི་རིགས་རྣམས་ཕྱོགས་མཚམས་རྣམས་སུ་ཁྱབ་པར་སྤྲོས་ཏེ། དེ་རྣམས་ཡང་དག་པར་བསྡུས་པའི་ས་བོན་གཉིས་པོ་ཡོངས་སུ་གྱུར་པ་ལས་སངས་རྒྱས་མཁའ་འགྲོ་མས་ཡོངས་སུ་འཁྱུད་པའི་དཔལ་ཧེ་རུ་ཀས་ཉེ་བར་བརྒྱན་པའོ། །སངས་རྒྱས་ཀྱི་
གཟུགས་ཅི་འདྲ་བ་ཞིག་གིས་ཤེ་ན། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞལ་བཞི་ཞེས་བྱ་བ་ནི་ཕྱོགས་བཞིར་བསྟན་པའི་ཞལ་བཞིའོ། །ཕྱག་བཞི་དང་སྤྱན་གསུམ་ནི་གོ་སླའོ། །ཞལ་གང་གི་མདོག་གང་ཡིན་པ་བསྟན་པའི་ཕྱིར། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། ཤར་ཕྱོགས་ཀྱི་ཞལ་ནི་ཨུཏྤལ་སྔོན་པོའི་མདོག་གོ། །ལྷོ་ཕྱོགས་ཀྱི་ཞལ་ནི་སེར་པོའོ། །ནུབ་ཕྱོགས་ཀྱི་ཞལ་ནི་དཀར་ཞིང་དམར་བའོ། །བྱང་ཕྱོགས་ཀྱི་ཞལ་ནི་ལྗང་གུ་སྟེ། རྩ་བའི་ཞལ་གྱི་མདོག་གང་ཡིན་པ་དེ་ཉིད་སྐུ་མདོག་ཀྱང་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་གྲགས་པ་ཉིད་དོ། །
འབར་བའི་ཕྲེང་བས་འཁྲིགས་པ་ཞེས་བྱ་བ་ལ། འཇིགས་པའི་དུས་ཀྱི་མེ་ལྕེའི་ཕྲེང་བ་ལྟ་བུའི་འོད་ཀྱིས་ཀུན་དུ་འཁྲིགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་གཡོན་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་རྣམས་ཀྱི་མཚན་མ་གསུངས་པ་སྟེ། འདིའི་ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་དྲིལ་བུ་
ཡོད་པས་ན་ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་དྲིལ་བུའོ། །དེ་བཞིན་དུ་རྡོ་རྗེ་དང་ཐོད་པ་རྣམས་ཞེས་བྱ་བ་ལ། རྡོ་རྗེ་དང་ཐོད་པ་དག་འདིའི་ཕྱག་གཡས་ན་མངའ་བས་ན་དེ་སྐད་ཅེས་བྱའོ། །ཤར་ཕྱོགས་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་འདབ་མའིའོ། །ལྷ་མོ་ཞེས་བྱ་བ་ནི་བྱང་ཕྱོགས་ལ་སོགས་
པའི་བར་དུ་ཡང་སྦྱར་བར་བྱའོ། །འདིར་དང་པོར་དཔལ་རྡོ་རྗེ་མཁའ་འགྲོ་མ་ནས་བཟུང་སྟེ། བྱང་ཕྱོགས་ཀྱི་བར་དུ་གོ་རིམས་བཞིན་དུ་རིན་ཆེན་མཁའ་འགྲོ་མ་དང་། པདྨ་མཁའ་འགྲོ་མ་དང་། སྣ་ཚོགས་མཁའ་འགྲོ་མ་རྣམས་ཡིན་ནོ། །ལྷོ་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། མདུང་
རྩེ་གསུམ་དང་། རིན་པོ་ཆེ་དང་། བ་དན་དང་། ཅེ་སྤྱང་རྣམས་འདིའི་ཕྱག་ན་མངའ་བས་དེ་སྐད་ཅེས་བྱའོ། །ནུབ་ཕྱོགས་ཞེས་བྱ་བ་ལ་སོགས་པས་ཀྱང་གཞུ་དང་། མདའ་དང་། སྣ་ཚོགས་པདྨ་དང་། ཐོད་པ་ཅན་བསྟན་ཏོ། །བྱང་ཕྱོགས་ཞེས་བྱ་བ་ལ་སོགས་པའི་དོན་ཀྱང་
རལ་གྲི་དང་། ཞགས་པ་དང་། རྔེའུ་ཆུང་དང་། ཐོད་པ་རྣམས་འདིའི་ཕྱག་ན་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་དག་ཀྱང་། འབར་བའི་ཕྲེང་བས་འཁྲིགས་པ་དང་། །ཞལ་བཞི་ཕྱག་བཞི་སྤྱན་གསུམ་མཛེས། །ཞེས་བྱ་བར་སྦྱར་ཏེ། གཙོ་བོ་དང་རྗེས་སུ་མཐུན་པའི་འཁོར་
ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་མདོག་བཅོམ་ལྡན་འདས་ཀྱི་ཞལ་གྱི་རྗེས་སུ་འབྲེལ་པར་བྱ་སྟེ། ཤར་ཕྱོགས་ཀྱི་ནི་སྔོན་མོའོ། །ལྷོ་ཕྱོགས་ཀྱི་ནི་སེར་མོའོ། །ནུབ་ཕྱོགས་ཀྱི་ནི་དཀར་ཞིང་དམར་པོའོ། །བྱང་ཕྱོགས་ཀྱི་ནི་སྔོ་བསངས་མ་ཡིན་ལ་ཞལ་གྱི་མདོག་ཀྱང་དེ་

བཞིན་ནོ། །འོན་ཀྱང་རྩ་བའི་ཞལ་ནི་སྐུ་མདོག་དང་མཐུན་པ་ཡིན་ལ། བཅོམ་ལྡན་འདས་ཀྱི་ཞལ་གྱི་གནས་སུ་ནི་ཞལ་སྔོན་པོ་དགོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གནས་དང་མཚན་མ་གསུངས་པ། སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དཔལ་ཧེ་རུ་
ཀ་སྟེ་དེ་བསམ་པའོ། །དེའི་ཞེས་བྱ་བ་ནི་པདྨ་དམར་པོའོ། །དབུས་སུ་ཞེས་བྱ་བ་ནི་ཀརྞི་ཀ་ལའོ། །ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱག་ཏུ་ཞེས་བྱ་བ་ནི་ལྷག་མའོ། །དཔལ་ཧེ་རུ་ཀ་ཇི་ལྟ་བ་བཞིན་དུ་སངས་རྒྱས་མཁའ་འགྲོ་མ་ཡང་དེ་བཞིན་ཏེ། །འོན་ཀྱང་སྐུ་མདོག་དམར་ཞིང་དེ་
དང་ཞལ་སྦྱོར་བ་ཕྱག་གཉིས་ཀྱིས་མགྲིན་པ་ནས་འཁྱུད་པའོ། །དམ་ཚིག་མ་གཏོགས་པར་དངོས་གྲུབ་འགྲུབ་པར་མི་འགྱུར་བས་དམ་ཚིག་སླར་བཤད་པའི་ཕྱིར། དང་པོའི་སྔགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་སྔགས་ནི་རབ་སྔགས་སོ། །དེ་དང་ཡང་དག་ལྡན་ནི་རྫས་འབར་
བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །བསྒོམས་ནས་ཞེས་བྱ་བ་ནི་མན་ངག་སྟེ། ཇི་ལྟ་བ་བཞིན་དུ་བསྒོམས་པར་གྱུར་ནའོ། །རྫས་ཞེས་བྱ་བ་ནི་དམ་ཚིག་གི་རྫས་སོ། །བསྒྲུབ་ན་ཞེས་བྱ་བ་ནི་བསྐྱེད་པའོ། །ཇི་ལྟ་བུར་བསྐྱེད་ཅེ་ན། དངོས་གྲུབ་འབྲས་བུ་སྟེར་ཞེས་བྱ་བ་གསུངས་སོ། །དེ་སྐད་དུ་
ཡང་དཔལ་གསང་བ་འདུས་པ་ལས་ཀྱང་། སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །བསྒོམས་ན་སྐད་ཅིག་དེ་ལ་འབར། །ཞེས་གསུངས་སོ། །འབར་བའི་ཕན་ཡོན་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་རྣལ་འབྱོར་པ་སྟེ། འདིས་འབྱོར་པ་དང་རྣལ་འབྱོར་མ་གྲུབ་
པར་གྱུར་པ་དག་ཡོད་དོ་ཞེས་སྐྱེ་བོ་རྣམས་ཀྱི་ཡིད་ཆེས་པ་འཇུག་པར་འགྱུར་ཏེ། འབར་བས་མཐུ་དང་ལྡན་པའི་དཔེ་སྟོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མི་སྣང་བ་ལ་སོགས་པའི་དངོས་གྲུབ་ཀྱི་མཐུ་གསུངས་པ་ཐམས་ཅད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྟོང་ཕྲག་གཅིག་ཏུ་སྣང་བར་
འགྱུར། །ཞེས་བྱ་བ་ནི་གླིང་བཞི་པ་སྟོང་གི་འཇིག་རྟེན་གྱི་ཁམས་ནི་སྟོང་ཕྲག་གཅིག་གོ། །དེ་གཅིག་ཏུ་སྣང་བ་ནི་བདག་པོར་གྱུར་པ་དང་། གཞན་གྱི་དོན་བྱེད་པར་གྱུར་པའོ། །གྲུབ་པ་ཀུན་ལས་ཞེས་བྱ་བ་ནི་རིག་པ་འཛིན་པ་ལ་སོགས་པ་ལ་སྟེ་བུ་མོ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེའི་གནས་

ཞེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་ཀྱི་སྟེ་སངས་རྒྱས་རྣམས་ཀྱི་ཞིང་ངོ་། །ཡང་དག་གནས་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་འཁོར་རོ། །བཅས་པ་ནི་རྡོ་རྗེའི་གནས་དེ་དང་། ཡང་དག་གནས་དེ་དག་དང་ལྷན་ཅིག་ཏུའོ། །རྡོ་རྗེའི་མིག་ནི་རྡོ་རྗེའི་སྤྱན་གྱིས་ཏེ། ལྷའི་མིག་གི་མངོན་པར་
ཤེས་པས་ཞེས་བྱ་བའི་དོན་ཏོ། །ལག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལག་མཐིལ་དུ་བཞག་པའི་སྐྱུ་རུ་ར་གཅིག་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཞིང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་སྟེ། དེར་གནས་པའི་སེམས་ཅན་རྣམས་ཞེས་བྱ་བའི་དོན་ཏོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ། སྐུའི་
ཐུགས་ནི་དབང་པོའི་རྣམ་པར་ཤེས་པ་རྣམས་སོ། །གསུང་ཐུགས་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བརྗོད་པ་དང་བཅས་པའི་ཕྱིར་རོ། །མཚན་ཉིད་ནི་དེ་རྣམས་ཀྱི་རང་བཞིན་ནོ། །མཁྱེན་ཞེས་བྱ་བ་ནི་ཡིད་ཀྱིས་རྟོགས་པའོ། །ཇི་ལྟར་རྟོགས་ཤེ་ན། ཀུན་གྱི་བདག་ཉིད་ཀྱིས་ཏེ་དངོས་པོ་ཀུན་གྱི་
བདག་ཉིད་ཀྱིས་སོ། །དེ་ཅི་ཞིག་ཅེ་ན། སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཀྱིས་གར་ཞེས་བྱ་བ་ནི་རྡོ་རྗེའི་སེམས་ཏེ། གཞན་གྱི་སེམས་ཤས་པའི་མངོན་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྟོགས་ཤེ་ན། ཀུན་གྱི་བདག་ཉིད་ཀྱིས་ཏེ་རྣལ་འབྱོར་གྱི་རྒྱུད་ལ་བདག་
ཉིད་རང་གི་ལྷའི་རྣམ་པར་བསྒོམ་པའོ། །འདི་ལ་དེ་ལས་བྱུང་བ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དམ་ཚིག་གི་རྫས་སྒྲུབ་པ་ཅུང་ཟད་ཅིག་གསུངས་ནས་དེའི་ཆོ་ག་གཞན་བསྟན་པའི་ཕྱིར་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རུ་ཞེས་བྱ་བ་ནི་དམ་ཚིག་སྦྱར་བ་ལའོ། །སྔགས་ཞེས་
བྱ་བ་ནི་ཡི་གེ་གསུམ་གྱི་སྔགས་སོ། །གོ་བཟློག་པ་ཞེས་བྱ་བ་ནི་གོང་དུ་ཡི་གེ་རྣམས་ཀྱིས་སྦྱོར་བ་རིམ་པ་ལས་བཟློག་པ་སྟེ། ཧཱུཾ་ཨཱཿཨོཾ་ཞེས་བྱ་བའོ། །རྣམ་བསྒོམ་ཞེས་བྱ་བ་ནི་ཇི་སྐད་དུ། དཔལ་གསང་བ་འདུས་པ་ལས། རྡོ་རྗེ་ཧཱུཾ་ལས་བྱུང་བ་རུ། །བར་སྣང་གནས་སུ་ཆུད་པར་བསམ། །
པདྨོ་ཨཱཿལས་བྱུང་བ་ནི། །དེ་ཡི་འོག་ཏུ་བསྒོམ་བྱས་ལ། །བདུད་རྩི་ཨོཾ་གྱིས་མཚན་པ་ནི། །དེ་ཡི་ནང་དུ་གཞག་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཆང་ངོ་། །བྱིན་གྱིས་བརླབ་པའི་དོན་དུ་བརྗོད་པའི་སྔགས་བསྟན་པར་བྱ་བའི་ཕྱིར། བརྒྱད་ཀྱི་མཐའ་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཡི་གེ་བརྒྱད་ཀྱི་མཐའ་ནི་ཧའོ། །ལྡན་པ་ཞེས་བྱ་བ་ནི་ཨུ་དང་ཞེས་བྱ་བ་དང་འབྲེལ་ཏོ། །མཐའ་ནི་ཀུན་གྱི་རྗེས་ལའོ། །ཀུན་དུ་བརྗོད་ཅེས་བྱ་བ་ནི་དལ་བར་བཟླས་པའོ། །གསང་བ་ཞེས་བྱ་བ་ནི་དམ་ཚིག་གི་རྫས་སོ། །ཉེ་བར་བརྟགས་ཞེས་བྱ་བ་ནི་མངོན་དུ་
ཡོངས་སུ་བརྟགས་པའོ། །འདི་ལྟར་ཞེས་བྱ་བ་ནི་འོག་ནས་སྟོན་པའི་ཆོ་གས་སོ། །རྣལ་འབྱོར་མ་ཀུན་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྣལ་འབྱོར་མ་ལྔའི་ནང་ནས་གང་ཡང་རུང་བའི་སྦྱོར་བས་སོ། །སྔགས་ཇི་ལྟ་བུ་ཞེ་ན། དབང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཡི་གེ་ནི་
ཨོཾ་སྟེ། དེ་དང་ཡང་དག་པར་ལྡན་པ་ནི་དབང་པོ་ཉིད་དུ་སྦྱར་བའོ། །རྡོ་རྗེ་ཅན་གྱིས་གྲུབ་འདོད་ན། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་ནའོ། །ལན་བདུན་ཞེས་བྱ་བ་ནི་གོ་སླའོ། །རྣལ་འབྱོར་པ་ནི་རྣལ་འབྱོར་ཅན་ནོ། །ཅི་སྟེ་བྱིན་གྱིས་རློབ་པའི་སྔགས་འདི་ཡི་གེ་དུ་ཞིག་
ཅེ་ན། ཡི་གེ་གསུམ་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཡི་གེ་གཉིས་ནི་སྔར་གསུངས་ན་ཡི་གེ་གསུམ་པའི་གནས་ནི་གང་། ངོ་བོ་ནི་གང་ཞིག །མཐའ་རུ་ཙ་དང་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཡི་གེ་དག་དང་ཉེ་བར་ཏེ། དབུས་སུ་ཞེས་བྱ་བའི་དོན་ཏོ། །ཙ་ནི་བསྡུ་
བའོ། །ཙ་དང་འབྲེལ་པའི་ཨ་ནི་གསུམ་པའོ། །བསྟན་པའི་སྦྱོར་བ་དང་སྡོམ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། །བརྒྱད་པའི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡེ་ཚན་བརྒྱད་ཀྱི་མཐར་གནས་པ་ནི་ཧ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། ཨཱུ་དང་ཐིག་ལེར་ཡང་དག་ལྡན་
ནོ། །མཆོག་ཏུ་གྱུར་བའི་གནས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ས་བོན་དུ་གྱུར་པས་སོ། །ཡི་གེ་ཞེས་བྱ་བ་ལ། །མི་འགྱུར་བ་ནི་རྡོ་རྗེ་སྟེ་དེས་དེ་བསྐྱེད་པར་བྱ་བའོ། །ཇི་ལྟར་ཞེ་ན། དང་པོའི་སྔགས་དང་ཡང་དག་པར་ལྡན་ཏེ། དེའི་ནོར་བུ་རབ་སྔགས་ཀྱིས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
ཧྲཱིཿཞེས་བྱ་བ་ཡང་དག་ལྡན། །ཞེས་བྱ་བ་ལ། ཡི་གེ་ཧྲཱིཿཡིས་པད་འདབ་བརྒྱད་པར་བསྐྱེད་ལ་ཡང་དག་པར་སྦྱོར་ཞེས་བྱ་བ་འོག་ནས་འབྱུང་བ་དང་འབྲེལ་ལོ། །གང་དང་ཞེ་ན། ཨ་ཡི་མཐའ་ཞེས་བྱ་བ་ལ། ཨའི་མཐའ་ནི་གཤེགས་སུ་གསོལ་བ་སྟེ། དེ་དང་ལྡན་པའི་ཡི་གེ་ཨས་དེའི་

ནོར་བུ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ས་བོན་ལྔས་ནི་རབ་ཏུ་དགང་། །ཞེས་བྱ་བ་ནི་ཨོཾ་ཧཱུཾ་སྭཱ་ཨཱ་ཧཱཿཞེས་བྱ་བའི་ས་བོན་རྣམས་ཀྱི་ཤེས་རབ་ཀྱི་ལུས་ཀྱི་མགོ་དང་ནུ་མའི་དབུས་ལྟེ་བ་དང་གསང་བ་དང་བརླ་གཉིས་སུ་སྦྱར་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཡི་གེ་ཡིས་
བྱ་བ་ལ་འདིས་མི་འཛག་པས་ན་ཡི་གེ་སྟེ་ཕཊ་དོ། །རྣམ་བསྒོམས་ཏེ་ཞེས་བྱ་བ་ནི་དེ་དང་སྦྱར་བ་སྟེ། རྡོ་རྗེའི་སྒོར་ཞེས་བྱ་བ་ནི་ལྷག་མའོ། །རབ་ཏུ་རྒྱས་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་དང་སྦྱར་བས་སོ། །དེ་ལྟར་སྦྱོར་བ་ཀུན་ཤེས་བྱ། །ཞེས་བྱ་བ་ནི་སྦྱོར་བ་ཐོབ་ནས་ཏེ། བསྒོམ་པར་བྱའོ་
ཞེས་བྱ་བ་ནི་ལྷག་མའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་དགོངས་པ་ནི་གང་དེ་རྣམས་ཀྱིས་ཡོངས་སུ་གཟུང་བའི་གྲུབ་པའི་མཐའོ། །རྡོ་རྗེ་ནི་བདེ་བ་ཆེན་པོའོ། །དེ་སད་པར་བྱེད་པའི་གླུ་ནི་རྡོ་རྗེའི་གླུའོ། །སྲིད་པ་ཞེས་བྱ་བ་ནི་སྐུ་དང་གསུང་དང་
ཐུགས་ཏེ། བྱུང་བས་ན་སྲིད་པའོ། །ཤིན་ཏུ་ཞེས་བྱ་བ་ནི་ཨན་ཏ་ནི་འཇིག་པའོ། །དེ་ལས་འདས་པས་ན་ཨན་ཏ་སྟེ་འཇིག་པ་མེད་པའོ། །ཤིན་ཏུ་ཡང་དེ་ཡིན་ལ་དངོས་ཀྱང་དེ་ཡིན་པས་ན་ཤིན་ཏུ་དངོས་གྲུབ་སྟེ་སྒྲུབ་པ་ནི་དེའི་ཐབས་སོ། །ཧ་ལེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་
ཚིགས་སུ་བཅད་པ་རྐང་པ་བཞི་པ་གཉིས་ཏེ། འདི་ལྟར་ཚིགས་སུ་བཅད་པ་ཕྱེད་པ་གཉིས་པ་གང་ཡིན་པ་དེ་ཉིད་ཕྱེད་པ་བཞི་པ་ཡང་ཡིན་ཏེ། འདུས་པར་བྱ་བའི་ཕྱིར་ཧ་ལེ་སི་ཧ་ཞེས་བྱ་བ་ནི། ཀྱེ་གྲོགས་པོ་ཞེས་བྱ་བའོ། །བི་ཨ་སི་ཨ་ཀ་མ་ལ་ཞེས་བྱ་བ་ནི་པདྨ་བྱེ་བར་གྱུར་ཏོ་ཞེས་
པའོ། །པ་པོ་ཧི་ཨུ་པ་ཛེ་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་པདྨའི་ཀརྞི་ཀ་ལ་གནས་པའི་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་སམ། དཔལ་ཧེ་རུ་ཀའི་གཟུགས་སུ་བསྐྱེད་ཅིང་རྫོགས་པར་གྱུར་པའོ། །རབ་ཏུ་སད་པ་ནི་གདུང་བར་གྱུར་པའོ། །ཅིའི་ཕྱིར་གདུང་
འགྱུར་ཞེ་ན། ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་གསུངས་ཏེ། དང་པོའི་ཡ་དང་མཐའ་མའི་ཧོ་ལ་བཞི་པོ་དག་ནི་ཤིན་ཏུ་རྨད་དུ་གྱུར་པའི་བདེ་བ་ཆེན་པོ་འདིའི་དོན་དུ་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས། ཨེ་མའོ་

བདེ་མཆོག་རྨད་བྱུང་བ། ཨ་ལ་ལ་ལ་ལ་ཧོ་ཞེས་བརྗོད་ཅེས་གསུངས་སོ། །དེ་བས་ན་ཅི་ཞིག་བྱ་ཞེ་ན། མ་ཧཱ་སུ་ཧེ་ན་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །ཨི་ན་ནི་བདག་པོའོ། །བདེ་བ་ཆེན་པོ་ཡང་ཡིན་ལ་ཨི་ན་ཡང་ཡིན་པས་ན་བདེ་བ་ཆེན་པོ་ཡིན་
ཏེ། མགོན་པོ་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཨ་ར་ཧི་ཨུ་ཞེས་བྱ་བ་ནི་མཉེས་པར་བྱས་པ་སྟེ། བདག་ཅག་གིས་ཞེས་བྱ་བར་ཤེས་པར་བྱའོ། །གི་སྟེ་ཞེས་བྱ་བ་ནི་གར་གྱིས་སོ། །ར་བི་ཞེས་བྱ་བ་ལ་སོགས་པ་ལ། པ་ཕུ་ལི་ཨུ་ཀ་མ་ལུ་ཞེས་བྱ་བ་ནི་པདྨོ་རྣམ་པར་གསང་
བའོ། །གང་གིས་ཤེ་ན། མ་ཧཱ་སུ་ཧེ་ན་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་སྟེ་རྡོ་རྗེ་དེ་ཉིད་ཀྱིས་སོ། །ཅི་འདྲ་ཞེ་ན། ཉི་མ་ལྟ་བུའི་འོད་འདི་ལ་ཡོད་པས་ར་བི་ཀ་ར་ནེ་ན་ཞེས་བྱ་སྟེ། ཇི་ལྟར་ཉི་མའི་འོད་ཀྱིས་པདྨའི་ཁ་འབྱེད་པ་དེ་བཞིན་དུ་བདེ་བ་ཆེན་པོའི་རྒྱུ་མཐུན་པའི་འོད་ཟེར་རྣམས་
ཀྱིས་ཞེས་བྱ་བར་དགོངས་སོ། །ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པ་ནི་ཡང་བསྐྱར་ལ་བླང་སྟེ་དོན་ནི་དེ་ཉིད་དོ། །གླུ་འདིའི་གནས་སྐབས་གཉིས་པ་བསྟན་པར་བཞེད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལྷ་མོ་བཞི་བསྐྱེད་པའི་འོག་ཏུའོ། །
འདིར་ནི་གླུ་ཙམ་གྱིས་ཞེས་བྱ་བ་ནི་གླུ་འབའ་ཞིག་གིས་བསྐུལ་བས་སོ། །ཅིའི་དོན་དུ་ཞེ་ན། རྡོ་རྗེ་འཛིན་པ་ཆེན་པོ་སྟེ། །མགོན་པོ་བདེ་བ་ཆེན་པོའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིའོ། །གར་ཞེས་བྱ་བ་ནི་དེ་དག་གིས་གར་ཀྱང་བྱས་པའོ། །རྡོ་
རྗེ་སེམས་དཔའ་ཞེས་བྱ་བ་ནི་གླུ་དང་གར་གྱིས་སད་པར་བྱས་པའི་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་དཔལ་ཧེ་རུ་ཀ་གཞག་པ་སྟེ། ཀརྞྀ་ཀའི་ཉི་མའི་དཀྱིལ་འཁོར་ལ་ཕྱེད་ཀྲུང་གིས་བཞུགས་སུ་གསོལ་བའོ། །འདི་ནི་བླང་བའི་གནས་སྐབས་སོ། །མཆོད་པའི་དུས་ཀྱི་གནས་
སྐབས་གཉིས་པ་བསྟན་པའི་ཕྱིར། འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཞེས་བྱ་བ་ནི་རྡོ་རྗེའི་གླུ་དང་གར་གྱིས་སོ། །སྦྱོར་བའི་དངོས་གྲུབ་འགྱུར་བ་ཉིད། །ཅེས་བྱ་བ་ནི་མཆོད་པའི་ཕན་ཡོན་ནོ། །རྟག་ཏུ་གུས་པ་དང་ལྡན་པས་བསྒོམ་པའི་མཆོག་ཅེས་བྱ་བ་ནི་

རྒྱུན་མི་འཆད་པས་དུས་རིང་པོ་རབ་ཏུ་སྦྱར་ཞིང་བསྒོམ་པའོ། །དུས་བཞིར་རབ་ཏུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྣལ་འབྱོར་དང་མཆོད་པའི་དུས་སོ། །གསང་བའི་མཆོད་པ་བསྟན་པའི་ཕྱིར། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་མོ་གཞུག་
པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རྡོ་རྗེའི་སྐུ་དང་། རྡོ་རྗེའི་གསུང་དང་། རྡོ་རྗེའི་ཐུགས་དག་ནི་སྐུ་གསུམ་མཆོག་གོ། །དེ་ལྟ་བས་ན་སྐུ་གསུམ་མཆོག་སྟེར་བ་སྟེ། རྡོ་རྗེ་སེམས་དཔའོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཐོབ་པར་འགྱུར་བའོ། །རབ་ཏུ་སྣང་བར་བྱེད་ཅེས་བྱ་བ་
ནི་རང་བཞིན་འོད་ཀྱིས་སོ། །འདིར་འདའ་བར་བྱ་བ་མ་ཡིན་པའི་དམ་ཚིག་གཉིས་བསྟན་པའི་ཕྱིར། །དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ཞེས་བྱ་བ་ལ། བཟའོ་ཞེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་ཀྱི་བྱང་ཆུབ་ཉིད་གོ་འཕང་ཡིན་ཏེ་རབ་ཏུ་གནས་པའོ། །
ལྷག་མ་ནི་འདི་ཉིད་ཀྱི་བཤད་པ་སྟེ། ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བས་ན་ཞི་བ་སྟེ། ངེས་པར་ལེགས་པ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ཡང་འདི་ལྟ་བུའི་ཞི་བ་ཡོད་པས་དེ་ཉིད་ཅེས་བྱ་བ་ནི་དེ་ལས་ཁྱད་པར་དུ་བྱེད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་
ཤེས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་ལྟ་བུའི་ཡེ་ཤེས་ཡོད་མོད་ཀྱི། ད་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བླ་མ་དང་བཅས་པ་ཡིན་པས་དེ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལས་བླ་མར་གྱུར་པ་མེད་པས་ན་བླ་ན་མེད་པའོ། །འདིར་ཚིགས་
བཅད་དུ་འགྱུར་བ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་རྒྱུད་ཀྱི་དོན་བསྡུ་བའི་ཚིགས་སུ་བཅད་པའོ། །གཟུགས་རྣམས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་སྐུ་མདོག་དང་དབྱིབས་རྣམས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱས་བཏབ་པའོ། །ཡན་ལག་དྲུག་ཏུ་དགོད་པ་དང་། རྡོ་རྗེ་པདྨོ་སྦྱོར་བ་ལ་
སོགས་པའོ། །དེ་བཞིན་མཚན་མ་ཞེས་བྱ་བ་ནི་ཐོད་པ་དང་ཁ་ཊྭཱཾ་ག་ལ་སོགས་པའོ། །རྫས་རྣམས་ནི་དམ་ཚིག་གི་རྫས་རྣམས་སོ། །བསམ་གཏན་ཞེས་བྱ་བ་ལ། བསམ་པར་བྱ་བས་ན་བསམ་གཏན་ཏེ། བཟླས་པ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་

གྱི་འཁོར་ལོ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །ཆོ་གའི་ཐབས་སྣ་ཚོགས་ནི་ལས་རྒྱས་པ་ལ་སོགས་པ་སྟེ། དམན་པའི་དངོས་གྲུབ་ལ་སོགས་པའོ། །བསྟན་པ་ནི་དེ་དག་ཐམས་ཅད་བཤད་པའོ། །འདི་དག་ཐམས་ཅད་ཅིའི་ཕྱིར་བྱས་ཤེ་ན། ལྷ་མོའི་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ལྷ་མོ་ནི་སྒྱུ་འཕྲུལ་ཆེན་མོའོ། །དེའི་ཡིད་ལ་འདོད་པ་ནི་ཐུགས་སུ་བྱོན་པ་གང་ཡིན་པ་སྟེ། དེའི་ཕྱིར་བསྟན་པའོ། །རྒྱུད་ཡོངས་སུ་འཛིན་པའི་ཕན་ཡོན་བསྟན་པའི་ཕྱིར། གང་གི་ཁྱིམ་དུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་ཏེ། གང་གི་ཁྱིམ་ནི་གང་ཞིག་
གི་ཁྱིམ་དུའོ། །རྒྱུད་ནི་སྒྱུ་འཕྲུལ་ཆེན་མོ་ཞེས་གྲགས་པའོ། །རྟག་ཏུ་གནས་ཤིང་ཞེས་བྱ་བ་ནི་རྟག་པར་གནས་པའོ། །འཆང་བ་ཞེས་བྱ་བ་ནི་འཛིན་པའོ། །ཀློག་པ་ནི་གུས་པར་འདོན་པའོ། །རྣམ་པ་བསྒོམ་པ་ནི་ཏིང་ངེ་འཛིན་དུ་བྱེད་པའོ། །བགེགས་ནི་བགེགས་རྣམས་སོ། །
རྡོ་རྗེ་རྣལ་འབྱོར་མ་ཡང་དེ་ཡིན་ལ་ཆེན་མོ་ཡང་དེ་དག་ཡིན་ནོ། །དགོངས་པ་ནི་དེ་དག་གིས་ཡོངས་སུ་བཟུང་བའི་གྲུབ་པའི་མཐའ་སྟེ། རྣལ་འབྱོར་མའི་རྒྱུད་མཐའ་དག་ཅེས་བྱ་བའི་དོན་ཏོ། །གསང་བ་ནི་དེའི་སྙིང་པོའོ། །དེ་ཅི་ཞིག་ཅེ་ན། གསང་བ་ཆེན་པོ་ཞེས་བྱ་བ་སྟེ། རྒྱུད་ཀྱི་དང་
པོ་ནི་མཆོག་ཏུ་གསང་བ་ཞེས་གསུངས་པ་ལ། མཐར་ནི་གསང་བ་ཆེན་པོའོ་ཞེས་བྱ་བའི་རྣམ་གྲངས་གཞན་གྱིས་གསུངས་པ་ཡིན་ཏེ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བར་གྲགས་པའི་རྒྱུད་དོ། །ཉེ་བར་སྤྱོད་པ་དང་བཅས་པ་ཞེས་བྱ་བ་ལ། བསྒྲུབ་བྱ་སྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་ཉེ་བར་
སྤྱོད་པ་དང་བཅས་པའོ། །དེ་དང་ལྷན་ཅིག་ཏུ་འཇུག་པ་ནི་ཉེ་བར་སྤྱོད་པ་དང་བཅས་པ་སྟེ། །དེས་སྟོང་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །རྫོགས་པ་ནི་དེ་མཐར་ཐུག་པའོ། །དེ་ལྟར་བདག་གིས་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་བྱས་པས། ཡོངས་སུ་རྫོགས་པའི་
རི་བོང་ཅན་ལྟར་མཛེས་པའི་བསོད་ནམས་ཐོབ་པ་གང་ཡིན་པས། །རྒྱལ་བ་རྣམས་ཀྱི་བདག་ཉིད་གཅིག་པོ་རྡོ་རྗེ་འཛིན་པ་ཉིད་དུ་བདག་གྱུར་ནས། །དེ་ཡིས་སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་མི་བཟད་མ་ལུས་ཟད་པ་རྙེད་པར་ཤོག །རིན་ཆེན་འབྱུང་གནས་དེ་ནི་རྫོགས་པའི་སངས་རྒྱས་

སྲས་བཅས་རྣམས་ཀྱིས་ངེས་པར་བྱིན་བརླབས་པས། །དེ་ཡི་སྐུ་གསུང་ཐུགས་ཀྱི་འཇུག་པ་རྣམས་ནི་ངེས་པར་འགྲོ་བ་རྣམས་ལ་ཕན་ཕྱིར་ཡིན། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱའི་རྒྱུད་མཆོག་ཚིག་དོན་རྟོགས་དཀར་སྦྱར་བས་དཀའ་བ་གང་ཡིན་པའི། །འགྲེལ་པ་
ཡོན་ཏན་ལྡན་པ་འདི་ནི་མུ་ཏིག་ཕྲེང་ལྟར་སྐྱེ་བོའི་སྙིང་ནི་འགུགས་བྱེད་ཡིན། །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ལས་ངེས་པར་བསྟན་པ་གསུམ་པའོ།། །།དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ཆེན་པོ་
དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ཏཱནྟྲ་སྱ་སྨྲྀ་ཏི་བྲྀཏྟཱི་ཏི། བོད་སྐད་དུ།
སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སློབ་དཔོན་རྡོ་རྗེ་ཅན་མགོན་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །ཆེན་པོ་སྔོན་འགྲོའི་སྒྱུ་མའི་རྒྱུད། །བདག་གིས་དྲན་ཕྱིར་བྲི་བར་བྱ། །འདིར་རྒྱུད་འཆང་བ་རྣམས་
ཀྱིས་ཉན་པ་པོ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་པོར་རྒྱུད་ཀྱི་དོན་གྱི་ལུས་མདོར་བསྡུས་ཏེ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དཔལ་གྱི་སྒྲ་ནི་བླ་ན་མེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བ་སྟེ། དེ་གང་ལ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་རྡོ་རྗེ་དབྱེར་མི་ཕྱེད་པའི་སེམས་ཏེ། དེ་ཉིད་མཚན་མ་དང་དམིགས་པས་སྟོང་པ་མཁའ་འགྲོ་ཞེས་བྱའོ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞེས་བྱ་བ་ལ། མཁའ་འགྲོ་མ་ནི་རྒྱུའི་མཐར་ཕྱིན་པ་སྟེ། མིང་གི་ཁྱད་པར་གཞན་
བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་རྣམས་ཀྱི་ཚོགས་ནི་འཁོར་ལོ་སྟེ། དེའི་བདག་ཉིད་ཀྱིས་སྒྱུར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་མཁའ་འགྲོ་མ་ཞེས་བྱ་བ་ནི་དམིགས་པ་དང་བཅས་པའི་དེ་བཞིན་གཤེགས་པའི་དབུགས་དབྱུང་བར་གྱུར་པའོ། །མཁའ་འགྲོ་མ་

དེ་རྣམས་ཀྱིས་འཁོར་ལོས་སྒྱུར་བ་ནི་དམིགས་སུ་མེད་པའི་རྡོ་རྗེ་འཛིན་པ་ཆེན་པོའི་དབུགས་དབྱུང་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །ཡེ་ཤེས་ལྔ་དང་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་བྱེ་བྲག་གིས་སོ། །སྐུ་གསུམ་ཉིད་ཅེས་བྱ་བ་ནི་སྔགས་དང་དབྱིབས་དང་ཆོས་ཀྱི་བདག་
ཉིད་ཀྱིས་ཏེ། མིང་གི་ཁྱད་པར་གཞན་ལོངས་སྤྱོད་དང་། སྤྲུལ་པ་དང་། ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ལ། གང་གིས་ཡེ་ཤེས་ལྔ་དང་སྐུ་གསུམ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྱག་འཚལ་ལོ་ཞེས་བྱ་བ་དང་སྦྱར་རོ། །འགྲོ་བ་ཞེས་བྱ་བ་ནི་རིགས་པ་ལ་སོགས་པ་རྒ་ཤིའི་མཐར་ཐུག་པའི་སྡུག་
བསྔལ་གྱི་ཕུང་པོར་སོན་པའི་ངང་ཚུལ་ཅན་གྱི་སེམས་ཅན་གྱི་ཁམས་ཏེ། སྐྱོབ་པ་ཞེས་བྱ་བ་ནི་ཡོངས་སུ་སྐྱོབ་པར་བྱེད་པར་མཛད་པའོ། །ཚིགས་སུ་བཅད་པ་ཕྱེད་སྔ་མས་ནི་བཅོམ་ལྡན་འདས་ཀྱིས་བདག་གི་དོན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ལ། ཕྱེད་ཕྱི་མས་ནི་གཞན་གྱི་དོན་ཕུན་སུམ་
ཚོགས་པའི་ཐབས་གསུངས་ཏེ། དེ་དག་གིས་བདག་དང་གཞན་དོན་ཕུན་སུམ་ཚོགས་པའི་གནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ཞེས་བསྟན་པ་ཡིན་ནོ། །ཇི་སྙེད་ཅེས་བྱ་བ་ལ་སོགས་པ་ལ། གང་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་པས་ཀྱང་བགྲང་བར་མི་ནུས་པའོ། །
རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི། ཞིང་ལས་སྐྱེས་མ་དང་། སྔགས་ལས་སྐྱེས་མ་དང་། ལྷན་ཅིག་སྐྱེས་མའི་རང་བཞིན་ཅན་མ་རྣམས་སོ། །ཀུན་དུ་རྟོག་པའི་འཆིང་གཅོད་པ། །ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་གང་
རྣམས་ཀྱིས་ཀུན་དུ་རྟོག་པའི་འཆིང་བ་བཅད་པ་དེ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། བདག་དང་བདག་གིར་འཛིན་པའི་ཀུན་དུ་རྟོག་པའི་འཆིང་བ་མེད་པར་འགྱུར་རོ། །འཇིག་རྟེན་བྱེད་པ་རབ་འཇུག་པ། །ཞེས་བྱ་བ་ལ་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །དེ་ཡིས་ཞེས་བྱ་བ་ནི་མངོན་པར་མཐོ་
བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་ཏེ། དེར་འཇུག་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །འདིའི་དོན་ནི་སེམས་ཅན་རྣམས་ལ་འཁོར་ཇི་སྙེད་བསྐལ་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྫོགས་

པར་བྱ་བའི་ཕྱིར། དེ་རྣམས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་ཆོས་སྟོན་པར་འཇུག་པའི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་ཞེས་པ་ཡིན་ནོ། །དེ་སྙེད་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཏུ་མེད་པའི་གྲངས་ཅན་རྣམས་ལ་ཆོས་དང་ཟང་ཟ