Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 24

Văn bản gốc(Tây Tạng)

Trang 14 / 17 (50.000 ký tự/trang)
ནི་
བདག་གི་གདན་གྱི་རིམ་པར་ཕྱེ་བ་བཞི་ལས་གཞན་ཉན་པར་གྱུར་པའི་རིམ་པར་ཕྱེ་བ་བཞི་ནི་སྦྱིན་སྲེག་ནས་བཟུང་སྟེ། རྣལ་འབྱོར་མ་སྒྲུབ་པའི་མཐར་ཐུག་པ་གཞན་གྱི་དོན་གྱི་སྦྱོར་བ་སྟོན་པ་དང་། སྦྱོར་བའི་གཙོ་བོ་སྟོན་པའི་ཕྱིར་གཞན་ཡིན་ལ། དངོས་གྲུབ་ཀྱི་འབྱུང་གནས་
ཡིན་པའི་ཕྱིར་ན་གདན་ཏེ་རྫོགས་སོ་ཞེས་བྱ་བ་ནི་མཐར་གཏུགས་པའོ། །དཔལ་གདན་བཞི་པའི་འགྲེལ་བ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་གཞན་གྱི་གདན་གྱི་རིམ་པར་ཕྱེ་བ་བཞི་པའོ།། །།ད་ནི་སྦྱོར་བའི་གདན་གྱི་དབང་དུ་བྱས་ནས། མཚོན་བྱ་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །གཞན་ཞེས་བྱ་བ་ནི་གདན་གསུམ་པ་སྟེ། གཞན་གྱི་གདན་ལ་ལྟོས་ནས་གཞན་ནོ། །དེའི་ནང་ནས་དང་པོར་དེ་ཁོ་ན་ཉིད་རྣམ་པ་བཞི་ཤེས་པར་བྱ་བའི་ཕྱིར། མཚོན་བྱ་ཞེས་བྱ་བ་ལ་སོགས་པ་གསོལ་བ་འདེབས་པ་གསུངས་ཏེ། མཚོན་བྱ་ཞེས་
བྱ་བ་ནི་རྡོ་རྗེ་ལ་སོགས་པ་རྣམ་པ་བཞིའོ། །མཚན་ཉིད་ཅེས་བྱ་བ་ནི་དེ་དག་གི་རང་བཞིན་ཏེ་དེ་ཁོ་ན་ཉིད་དོ། །དེ་ཉིད་བཞི་པོ་ཇི་ལྟ་བུར་ཤེས་ནས་ཇི་ལྟར་སྦྱར་བར་བགྱི་ཞེས་བྱ་བ་ལ། དེ་ཉིད་བཞི་ནི་རྡོ་རྗེ་དང་། དྲིལ་བུ་དང་། བགྲང་ཕྲེང་དང་། འགྲོ་བ་རིགས་ལྔའི་འཁོར་བའི་ཡེ་ཤེས་
རྣམས་ཏེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཀྱང་ཇི་ལྟར་སྦྱར་ཞེས་བྱ་བ་ཇི་ལྟར་གཟུང་བར་བྱ་ཞེས་བྱ་བའི་དོན་ཏོ། །ལན་གསུངས་པ། འཁོར་བ་ལས་གྲོལ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བ་ལས་གྲོལ་བའི་མཚན་ཉིད་ཅེས་བྱ་བ་ནི།
རྡོ་རྗེ་ལ་སོགས་པའི་མཚན་ཉིད་དེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་འདིས་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་ལས་གྲོལ་བར་བྱེད་པས་ན། འཁོར་བ་ལས་གྲོལ་མཚན་ཉིད་དོ། །དེ་གཉིས་སུ་མེད་པ། དང་པོ་རྡོ་རྗེའི་དེ་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །

འཁོར་བ་ལས་གྲོལ་མཚན་ཉིད་ཅེས་བྱ་བ་དེ་ཉིད་གསལ་བར་བཤད་པའི་ཕྱིར། དེ་ཉིད་བཞི་ཡི་དབའ་རླབས་ཀྱིས། །ཇི་ལྟར་འདོད་བཞིན་ཕ་རོལ་སྒྲོལ། །ཞེས་བྱ་བ་སྨོས་ཏེ། རྟོག་པའི་རྒྱ་མཚོའི་ནང་ནས་དེ་ཁོ་ན་ཉིད་བཞིའི་རྟོག་པ་དམ་པའི་དབའ་རླབས་ཀྱིས་སེམས་ཅན་གྱི་
ཚོགས་རྣམས་ཕ་རོལ་དུ་སྒྲོལ་བ་སྟེ། ཐར་པ་ཐོབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལས་དང་པོ་རྡོ་རྗེའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། དབུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབུས་ཀྱི་ཞེས་བྱ་བ་ནི་རྩེ་ལྔ་པའི་རྩེ་མོ་ལྔ་པའོ། །རྣམ་པར་དག་པས་ན་ལྷ་སྟེ། སའི་ཁམས་
རྣམ་པར་དག་པའི་རྣམ་པར་སྣང་མཛད་དོ། །ཡང་ན་ལྷ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཐམས་ཅད་ཐོག་མ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་དང་པོ་སྟེ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ལ་ལྟོས་པའོ། །ཡང་ན་ཐམས་ཅད་ཀྱི་ཤར་ཕྱོགས་ཏེ། རྩེ་མོ་ལྷག་མ་རྣམས་ལ་ལྟོས་པའོ། །
རྩེ་མོ་ལྔ་ནི་ལྷ་རྣམས་སོ། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣམ་པར་དག་པའོ། །པདྨ་བྱང་ཆུབ་ཡན་ལག་བརྒྱད། །ཅེས་བྱ་བ་ལ། པདྨ་ནི་ཆང་གཟུངས་ཀྱི་མཐའ་ན་གནས་པའི་པདྨ་འདབ་བརྒྱད་དོ། །བྱང་ཆུབ་ཀྱི་ཡན་ལག་ནི་བྱང་ཆུབ་ཀྱི་ལམ་གྱི་ཡན་ལག་བརྒྱད་དོ། །
ས་ཞེས་བྱ་བ་ནི་གནས་སོ། །གཞག་པ་ཞེས་བྱ་བ་ནི་དགོད་པའོ། །གང་དག་ཡིན་ཞེ་ན། ཕྱག་ན་པདྨ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་ན་པདྨ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གོ། །ནམ་མཁའི་ཞེས་བྱ་བ་ནི་ནམ་མཁའི་མཛོད་དེ་ནམ་མཁའི་སྙིང་པོའོ། །གནོད་
སྦྱིན་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །ས་ཞེས་བྱ་བ་ནི་སའི་སྙིང་པོའོ། །ལྷ་ནི་བརྒྱད་པོ་འདི་དག་ནི། །ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །དབུས་ཀྱི་བཅུ་གསུམ་སྒོ་ང་རུ། །ཞེས་བྱ་བ་ལ། དབུས་ནི་རྡོ་རྗེའི་ཆང་གཟུངས་སོ། །ཏྲི་ཏ་ས་ཞེས་བྱ་བ་ནི་ལྷ་དག་གོ། །
སྒོ་ང་ནི་གནས་སོ། །ཡེ་ཤེས་ལྷ་ནི་ཐིམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཡེ་ཤེས་མཁའ་འགྲོ་མ་དང་བཅས་པ་བསམ་པའོ། །པདྨ་འདབ་མ་བརྒྱད་ལ་ཞེས་བྱ་བ་ནི་ཆང་གཟུངས་ཀྱི་མཐའི་པདྨ་ཅིག་ཤོས་ཀྱི་འདབ་མ་བརྒྱད་ལའོ། །ལྷ་མོ་རྣམས་ཞེས་བྱ་

བ་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཏེ། ཇི་བཞིན་གནས་སུ་སྦྱར་བར་བྱ། །ཞེས་བྱ་བ་ནི། ཤར་ལ་སོགས་པའི་འདབ་མ་ལ། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་རིམ་བཞིན་དུ་དགོད་པ་དང་། དབང་ལྡན་ལ་སོགས་པའི་འདབ་མ་
ལ། སྐུལ་བྱེད་མ་ལ་སོགས་པ་རིམ་བཞིན་དུ་དགོད་པའོ། །རྡོ་རྗེ་ལྕགས་སྒྲོག་མིང་ཅན་ཏེ། །ཞེས་བྱ་བ་ནི་གཞན་ལྕགས་སྒྲོག་མ་ཞེས་བྱ་བ་སྔར་སྨོས་པ་ལ་ལྟོས་ནས་མིང་ཅན་ཏེ་ཞེས་བྱ་བས་མིང་འདྲ་བར་སྟོན་གྱི་དོན་ནི་ཐ་དད་དོ་ཞེས་བྱ་བའི་དོན་ཏོ། །རྩེ་མོ་ལྔ་ཡི་མཁའ་འགྲོ་
མ། །ཞེས་བྱ་བ་ནི། འོག་གི་རྩེ་མོ་རྣམ་པ་ལྔ། །མཁའ་འགྲོ་མ་ལྔར་བསམ་པའོ། །སྔ་མ་ཇི་བཞིན་བསམ་པར་བྱ། །ཞེས་བྱ་བ་ནི། རྩེ་མོ་ལྔ་པོ་བཤད་པ་ལྟར་སོ་སོར་ཕྱེ་སྟེ་དགོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཤར་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
རྡོ་རྗེ་དེ་ཁོ་ནའི་ལྷ་ཞེས་བྱ་བ་ནི་སྔར་སྨོས་པའི་ལྷ་རྣམས་སོ། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཉེ་བར་བསྡུ་བའོ། །ཚད་ལ་སོགས་པའི་མཚན་ཉིད་བསྟན་པའི་ཕྱིར། ཆ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཨུཏྤལ་ཀུ་མུ་ད་
ལྟར་མཛེས། ཞེས་བྱ་བ་ནི། རྡོ་རྗེའི་རྩེ་མོ་རྣམས་མེ་ཏོག་ཨུཏྤལ་དང་ཀུ་མུ་ད་ལྟར་ཟླུམ་ཞིང་མཛེས་པའོ། །རྡོ་རྗེ་རྩེ་མོ་དགུ་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །སོགས་པའི་སྒྲས་ནི་མཚམས་གཟུང་བར་བྱའོ། །དབུ་མའི་རྩེ་མོ་སངས་
རྒྱས་ཉིད། །ཅེས་བྱ་བ་ནི་རྩེ་ལྔ་པ་དང་འདྲ་བ་རྣམ་པར་སྣང་མཛད་ཉིད་དོ། །ལྷག་མ་རྩེ་མོ་བརྒྱད་ནི་ཕྱག་ན་པདྨོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལྷ་མོ་བརྒྱད་དུ་བསམ་མོ། །དེ་ཉིད་ཀྱིས་ན་ལྷ་དགུ་ཞེས་བྱ་བ་སྨོས་སོ། །ལྷ་
ཉིད་དེ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་རྡོ་རྗེ་འཛིན་ཆེན་པོ་ཉིད་དུ་བསྒོམ་པའོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །ཆུ་སྲིན་ལས་ནི་བྱུང་བ་ཡི། །རྩེ་མོ་ཞེས་བྱ་བ་ནི། རྩེ་མོ་དབུ་མ་གཏོགས་པ་རྩེ་མོ་ལྷག་མ་རྣམས་ཆུ་སྲིན་གྱི་ཁ་ནས་བྱུང་བར་བྱ་བའོ། །འོད་ཟེར་ཟླ་བར་གནས་

ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་སྟེ། དེ་དག་ནི་ཐུན་མོང་གི་མཚན་ཉིད་དོ། །རྩེ་མོ་དགུ་པ་ཞེས་བྱ་བ་ནི་རྩེ་མོ་དགུ་པ་སྟེ། གསུང་རབ་ཡན་ལག་དགུ་རྣམ་པར་དག་པའོ། །ཡེ་ཤེས་རྡོ་རྗེ་འགྲོ་བ་སྒྲོལ། །ཞེས་བྱ་བ་ལ། རྡོ་རྗེ་ནི་རྩེ་ལྔ་པའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའི་
ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་སྟེ། ཡེ་ཤེས་ལྔ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་སྒྲོལ་ཞེས་བྱ་བ་ནི་ཐུན་མོང་གི་ལས་ལས་སོ། །ཡང་ན་འགྲོ་བ་ནི་འགྲོ་བ་རྣམས་སོ། །སྒྲོལ་བ་ནི་རྣམ་པར་དག་པ་སྟེ། །རྡོ་རྗེའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །གང་ལས་ཤེ་
ན། རྡོ་རྗེ་ཉིད་གང་ཡིན་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེའི་དེ་ཁོ་ན་ཉིད་ནི་རྡོ་རྗེའི་རང་བཞིན་ནོ། །དེ་ཅི་འདྲ་ཞེ་ན། བདག་ཉིད་རྡོ་རྗེའི་བདག་ཉིད་བསམ། །ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཅེས་བྱ་བ་ནི་བདག་དང་གཞན་དུ་ཀུན་དུ་རྟོག་པའོ། །རྡོ་རྗེའི་བདག་ཉིད་
ཅེས་བྱ་བ་ནི་རྡོ་རྗེའི་རང་བཞིན་ནོ། །བསམ་པ་ནི་ཤེས་པར་བྱ་བ་སྟེ། བདག་དང་གཞན་གྱི་རྟོག་པ་ཐམས་ཅད་དོན་དམ་པར་གཉིས་སུ་མེད་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྙིང་པོ་རྣལ་འབྱོར་པ། །ཞེས་བྱ་བ་ལ་སྙིང་པོ་ནི་སེམས་ཀྱི་སྙིང་པོ་སྟེ་ཆོས་ཉིད་དོ། །རྡོ་རྗེ་ནི་
གཉིས་སུ་མེད་པའོ། །རྣལ་འབྱོར་པས་ཞེས་བྱ་བ་ནི། སེམས་སུ་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེའི་རང་བཞིན་དུ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་དག་པ་བསྟན་བྱས་ནས། །ཞེས་བྱ་བ་སྨོས་ཏེ། བཛྲ་ཤུདྡྷཿ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ་ཞེས་བརྗོད་
པས་བརྟན་པར་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། ཆོས་རྣམས་རྡོ་རྗེ་ལས་གཞན་མེད། །ཐམས་ཅད་རྡོ་རྗེ་དེ་ཉིད་ཡིན། །ཞེས་བྱ་བ་སྨོས་ཏེ། དོན་དམ་པར་ཆོས་ཐམས་ཅད་དབྱེར་མེད་པའི་ཕྱིར། རྡོ་རྗེའི་དེ་ཁོ་ན་ཉིད་ལས་གཞན་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལས་ཀྱི་
སྙིང་པོ་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་ལས་རྣམས་ཀྱང་རྡོ་རྗེའི་ངོ་བོ་ཉིད་དེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་སྙིང་པོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །འཕྲོ་བའི་སྦྱོར་བ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་ལས་ལྷའི་དཀྱིལ་འཁོར་དུ་འཕྲོ་བའོ། །རྡོ་རྗེ་འཁོར་བ་སྒྲོལ་བར་

བྱེད། །ཅེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་ལས་བསྟན་པ་སྟེ། ཕལ་ཆེར་ནི་གོ་སླ་བས་མ་ཕྱེའོ། །མུན་པ་དེ་བཞིན་ཉོན་མོངས་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་མུན་པ་རྣམས་སྒྲོན་མས་བཅོམ་ནས། དངོས་པོ་རྣམས་གསལ་བར་བྱེད་པ་
ལྟར་ཉོན་མོངས་པའི་མུན་པ་རྣམས་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་སླར་ཡེ་ཤེས་ཀྱི་སྒྲོན་མ་དེས་སྒྲིབ་པ་ཐམས་ཅད་བསལ་ཏེ། ཕྱོགས་ཀུན་ཞེས་བྱ་བ་ཆོས་ཐམས་ཅད་སྣང་བར་བྱེད་པ་སྟེ། གསལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་ལ་སོགས་པ་རྣམས་ཀྱང་།
གཉིས་སུ་མེད་པའི་རྡོ་རྗེར་རོ་གཅིག་པར་བསྟན་པའི་ཕྱིར། རྡོ་རྗེའི་སྒྲུབ་པ་ལ་སོགས་ཀུན། །རྡོ་རྗེའི་བདག་ཉིད་བལྟ་བར་བྱ། །ཞེས་བྱ་བ་སྨོས་སོ། །ཉོན་མོངས་པས་བཅིངས་པ་དང་དེ་ལས་གྲོལ་བ་ཡང་རྡོ་རྗེའི་རང་བཞིན་དུ་བསྟན་པའི་ཕྱིར། ཆོས་ཀྱི་བཅིང་བ་རྡོ་རྗེ་སྟེ། །ཐར་པ་
མཆོག་འབད་རྡོ་རྗེའོ། །ཞེས་བྱ་བ་སྨོས་སོ། །འགྲོ་བ་རྣམས་ཐབས་དང་ཤེས་རབ་ཀྱི་སྒྲུབ་པ་བསྟན་པའི་ཕྱིར། རྡོ་རྗེ་པདྨོ་མནན་ནས་ནི། །དེ་ཉིད་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་པདྨོ་དང་འདྲ་བ་ཐམས་
ཅད་གཉིས་སུ་མེད་པའི་རྡོ་རྗེས་མནན་ཅིང་གཟུང་ལ་བསྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འགྲོ་བ་ཐམས་ཅད་རྡོ་རྗེ་དང་པདྨོ་སྟེ། ཐབས་དང་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཀྱིས་བསྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དེ་ཡང་སློབ་དཔོན་གྱིས་གཟུང་བ་བསྟན་པའི་ཕྱིར། རྡོ་རྗེ་
པདྨོར་ཞུགས་པ་ནི། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་འཛིན་པ་རྡོ་རྗེ་དེ་ཡང་མཁས་པ་སྟེ། རྡོ་རྗེའི་དེ་ཁོ་ན་ཉིད་ལ་སྤྱོད་པའི་སློབ་དཔོན་གྱིས་གཟུང་བ་ཞེས་བྱ་བའི་དོན་ཏོ། །ད་ནི་དྲིལ་བུའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། དྲིལ་བུའི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་སྒྲ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་སྟེ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་པའོ། །

སྒྲ་དེ་ཉིད་ཀྱིས་ཡུལ་དང་དུས་ལ་སོགས་པ་ཐམས་ཅད་ལ་ཁྱབ་པར་བསྟན་པའི་ཕྱིར། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར། བྱང་ཆུབ་སྙིང་པོར་རྣམ་པར་གནས། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ཡུལ་ལ་སོགས་པ་ཐམས་ཅད་ལ་སྒྲ་དེས་
ཁྱབ་པར་བསྒྲགས་ཤིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར། །ཞེས་བྱ་བ་སླར་བཤད་པའི་ཕྱིར། ཐམས་ཅད་རིག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཕྱོགས་བརྒྱད་ཅེས་ནི་བྱ་བ་རྣམས། །ཞེས་བྱ་བ་ལ་སོགས་
པའི་དོན་ནི་པདྨ་འདབ་མ་བརྒྱད་ཀྱི་ཕྱོགས་མཚམས་རྣམས་སུ་སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་གཟུགས་སམ་ས་བོན་དུ་དགོད་དོ་ཞེས་བྱ་བ་འདི་ཡིན་ནོ། །མདོག་བཟངས་ཞེས་བྱ་བ་ནི་ནོར་གྱི་རྒྱུན་ནོ། །དབྱངས་སྙན་ཞེས་བྱ་བ་ནི་སྐུལ་བྱེད་མའོ། །མཛེས་མ་ཞེས་བྱ་བ་ནི་
ཁྲོ་གཉེར་ཅན་མའོ། །རྡོ་རྗེ་ཕྲེང་བ་མོ་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བ་ཅན་མའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེའོ། །སྟེང་གི་པདྨ་རྡོ་རྗེ་རྣམས། །ཞེས་བྱ་བ་ནི་སྟེང་གི་རྡོ་རྗེའི་རྩེ་མོ་རྣམས་སོ། །སྔ་མ་བཞིན་དུ་བསམ་པར་བྱ། །ཞེས་བྱ་བ་ནི། རྡོ་རྗེའི་སྐབས་སུ་བསྟན་པ་ལྟར་
རྣམ་པར་སྣང་མཛད་ལ་སོགས་པར་བསམ་པའོ། །དབུས་ཀྱི་ཡེ་ཤེས་དབྱུག་པ་སྟེ། །ཞེས་བྱ་བ་ནི། བསྐྱོད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། ཨཱ་ལི་ཀཱ་ལི་ཞེས་བྱ་བ་སྨོས་ཏེ། དེ་ལ་ཨཱ་ལི་ནི་རྡོ་རྗེའོ། །ཀཱ་ལི་ནི་དྲིལ་བུའོ། །སྦྱོར་བ་ནི་མཉམ་
པར་གཟུང་བ་སྟེ། གཡས་ཀྱི་མཐེ་བོ་དང་སྲིན་ལག་སྦྱར་བས་རྡོ་རྗེ་བླངས་ལ། གཡོན་གྱི་མཐེ་བོ་དང་སྲིན་ལག་སྦྱར་བས་དྲིལ་བུ་གཟུང་བའོ། །ཕྱོགས་བརྒྱད་དག་ཏུ་བསྐྱོད་པར་བྱ། །ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་བརྒྱད་དུ་ལན་བརྒྱད་སྒྲ་བསྒྲགས་
པར་བྱའི། དེ་ལས་ལྷག་པ་དང་ཆད་པ་ནི་མི་བྱའོ། །དེས་ཅིར་འགྱུར་ཞེ་ན། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་དང་ཤེས་རབ་ཀྱི་སྦྱོར་བས་འཁོར་བའི་འཆིང་བ་གཅོད་པའོ། །རྡོ་རྗེ་དྲིལ་བུ་ཐབས་ཡིན་ཏེ། །ཞེས་བྱ་བ་ལ་རྡོ་རྗེས་མཚན་

པའི་དྲིལ་བུ་ནི་རྡོ་རྗེ་དྲིལ་བུ་སྟེ་དེ་ཉིད་ནི་འབྲས་བུའི་རྗེས་སུ་འགྲོ་བས་ན་ཐབས་སོ། །ཐབས་ཀྱི་རྡོ་རྗེ་དབུས་གནས་སོ། །ཞེས་བྱ་བ་ནི་རྡོ་རྗེ་ཉིད་ཐབས་ཏེ་ཕན་ཚུན་རྗེས་སུ་འགྲོ་བར་ལྡན་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ། གཏོར་མ་ལ་སོགས་པའི་དུས་སུ་
རྡོ་རྗེ་མ་གཏོགས་པའི་དྲིལ་བུ་འབའ་ཞིག་གམ། དྲིལ་བུ་མ་གཏོགས་པའི་རྡོ་རྗེ་འབའ་ཞིག་གིས་མི་བསྒྲུབ་ཀྱི་ཟུང་དུ་སྦྱོར་བས་བསྒྲུབ་བོ་ཞེས་བྱ་བར་སྟོན་ཏོ། །དབུས་ནས་ཞེས་བྱ་བ་ནི་གཟུང་བར་བྱ་ཞེས་བྱ་བའི་ལྷག་མ་ཅན་ཏེ། ཆང་གཟུངས་ཀྱི་དབུས་ནས་གཟུང་ཞེས་བྱ་བའི་
དོན་ཏོ། །གཟུང་བའི་ཆོ་ག་བསྟན་པའི་ཕྱིར། །གཡས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ལུས་རྣམས་ལ་ནི་ཐབས་དང་སྦྱར། །ཞེས་བྱ་བ་ལ། ཐབས་ནི་རྡོ་རྗེ་དང་དྲིལ་བུ་སྟེ། དེ་ལུས་ལ་བརྒྱན་པའོ། །ཇི་ལྟར་ཞེ་ན། རང་འདོད་ལྷ་རྣམས་བསམ་པར་བྱ། །
ཞེས་བྱ་བ་སྨོས་ཏེ་བཤད་ཟིན་ཏོ། །རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཚིགས་སུ་བཅད་པ་གསུངས་པ། ཧཱུཾ་ཞེས་བྱ་བའི་གླུ་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླུ་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པའོ། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
བཅད་པ་ནི་རྡོ་རྗེ་གསོར་བས་ན་བརྗོད་པར་བྱ་བ་སྟེ། རྡོ་རྗེ་གསོར་བ་མཛེས་པ་ཡིས། །སེམས་ཅན་རྣམ་ཐར་བསྒྲལ་བར་བྱ། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་རྡོ་རྗེ་གང་གིས་སེམས་ཅན་རྣམས་དངོས་པོར་འཛིན་པའི་ལྟ་བ་ལས་དགྲོལ་ནས། དོན་དམ་པའི་བདེན་པ་ལ་བལྟ་
བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རྣམ་ཐར་ཞེས་བྱ་བ་སྨོས་ཏེ། བི་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །མུཀྟ་ཞེས་བྱ་བ་ནི་གྲོལ་བའོ། །ཡང་ན་བི་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པའོ། །མུཀྟ་ཞེས་བྱ་བ་ནི་མ་འདྲེས་པ་སྟེ། སོ་སོར་རྟོག་པའི་ཤེས་རབ་དེས་སེམས་ཅན་
བསྒྲལ་བར་བྱ་ཞེས་བྱ་བར་སྦྱར་རོ། །གང་ལས་ཤེ་ན། རྣམ་ཐར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་ལས་གྲོལ་བའི་རྡོ་རྗེ་ཆོས་སུ་བྱ་བའོ། །ཡང་ན་བི་ནི་རྣམ་པར་རྟོག་པ་ཡིན་ལ། མུཀྟ་ནི་དེ་ལ་གུས་པ་སྟེ། སྐད་ཀྱི་བྱིངས་ལ། མུཀྟ་གུས་དང་

བཅས་པ་ཡིན། །ཞེས་ཟེར་བའི་ཕྱིར་རོ། །རྡོ་རྗེ་ཤིན་ཏུ་སྙིང་པོ་མཆོག །ཅེས་བྱ་བ་ནི་བརྟན་པའི་ཕྱིར་སྙིང་པོ་ཡིན་ལ། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་ན་མཆོག་གོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། དྲིལ་བུ་འཛིན་པ་ན་བརྗོད་པར་བྱ་བའོ། །ཤེས་རབ་ཐབས་ཀྱི་
གཟུགས་གཞན་གྱི། །ཞེས་བྱ་བ་ནི་བདག་ཉིད་ལྷའི་གཟུགས་སུ་བྱས་ནས། གཞན་ལྷའི་གཟུགས་ལ་བསྐུལ་བར་བྱ་བའི་ཕྱིར། དཀྲོལ་ལོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཐབས་ཀྱི་ཞེས་བྱ་བ་ནི་སྟོང་པ་ཉིད་དང་དངོས་པོ་གཉིས་སུ་མེད་པས་སོ། །ཤེས་རབ་ཐབས་
ཀྱི་ཆོས་ཀྱིས་ནི། །ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཚུལ་དེ་ཉིད་དེ། ཚུལ་དེ་འགྲོ་བ་རྣམས་ཀྱིས་རྟོགས་པར་བྱ་བའམ་ཞེས་བྱ་བར་སྦྱར་རོ། །འམ་ཞེས་བྱ་བའི་སྒྲ་ནི་རིམ་པ་གཞན་དུ་སྦྱར་ཏེ། རྟོག་པ་ལ་འཇུག་པའི་ཕྱིར་ཏེ། དཀྲོལ་བ་དང་འཁྲོལ་དུ་གཞུག་པར་
བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མི་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོས་ལའོ། །གཞུང་ཉེ་བར་བསྡུ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དམ་པ་སྟེ་དོན་དམ་པའི་རྣམ་པར་དག་པས་རྡོ་རྗེ་གཟུང་བའོ། །ཆོས་ཀྱི་ཞེས་བྱ་
བ་ནི་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའི་སྒྲ་སྟེ། སྒྲའི་དག་པ་དེས་དྲིལ་བུ་དཀྲོལ་བའོ། །གཉིས་པར་ན་རྡོ་རྗེ་ནི་རྣམ་པར་དག་པ་སྟེ་ཐུགས་སོ། །དྲིལ་བུ་ནི་ལུས་ཏེ་སྐུའོ། །དཀྲོལ་བ་ནི་གསུང་ངོ་། །དེ་ཁོ་ན་ཉིད་ཀྱི་ཆོས་ནི་རྣམ་པར་དག་པ་སྟེ། དེ་
དག་གཟུང་བའོ། །སེམས་ཅན་དོན་བྱེད་རྣལ་འབྱོར་པས། །ཤེས་རབ་ཐབས་སུ་བལྟ་བར་བྱ། །ཞེས་བྱ་བ་ནི་ཚུལ་དེས་སློབ་མ་དབང་བསྐུར་བའི་དུས་སུའང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་མེད་པའི་རྣལ་འབྱོར་པ། །གླང་ཆེན་དྲིལ་བུའི་སྒྲ་དང་མཚུངས། །
ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ཀྱིས་དྲིལ་བུ་དཀྲོལ་བར་མི་བྱ་ཞིང་། དེ་ཁོ་ན་ཉིད་སྤྱོད་པའི་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་བགྲང་ཕྲེང་གི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། བགྲང་ཕྲེང་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ་དེ་དག་ཕལ་ཆེར་གོ་སླ་བས་མ་ཕྱེའོ། །ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དབུ་མ་ཉིད་དང་སངས་རྒྱས་དགུ། །ཞེས་བྱ་བ་ནི། ཕྱག་ན་པདྨོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དང་རྡོ་རྗེ་འཛིན་པ་དང་དགུའོ། །ལྷ་
དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་བྱ་བ་ནི། དེ་དག་སྐུད་པ་རྣམས་ལ་དགོད་པའོ། །བུ་མོས་བཀལ་བའི་སྐུད་པ་གཟུང་བར་བྱ་བའི་ཕྱིར། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡིས་བཀལ་བའི་བགྲང་ཕྲེང་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་
འགྱུར། །ཞེས་བྱ་བ་ནི་ཡོན་ཏན་ཁྱད་པར་ཅན་གྱི་བུ་མོ་དེས་བཀལ་བའི་སྐུད་པ་ལ་བརྒྱུས་པའི་ཕྲེང་བས་སྔགས་བཟླས་ན་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱིས་རིམ་གྱིས་གྲོལ་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླ་བས་མ་ཕྱེའོ། །བགྲང་ཕྲེང་སྦྱང་བའི་སྔགས་
གསུངས་པ། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ནི་ཨཱ་ལི་ཀཱ་ལི་རྣམས་སོ། །ཡི་གེའི་རྒྱུ་དེ་ལས་བྱུང་བའི་དངོས་པོ་གང་ཡིན་པ་དེ་ནི། ཨཱ་ལི་ཀཱ་ལི་རྒྱུ་ལས་བྱུང་བའི་དངོས་ཏེ་སྔགས་ཀྱི་སྙིང་པོ་རྣམས་སོ། །མཛེས་པ་ནི་དག་པའོ། །གང་གིས་དག་པར་བྱ་ཞེ་ན། །བདག་
མེད་པས་སྦྱང་བར་བྱ་བའི་ཕྱིར། རང་བཞིན་མེད་པའི་གྲངས་བཟླས་ན། །ཞེས་བྱ་བ་སྨོས་ཏེ། རང་བཞིན་མེད་པ་ཞེས་བྱ་བ་ནི་བྲག་ཅ་ལྟར་ངོ་བོ་ཉིད་མེད་པ་སྟེ། བདག་མེད་པས་སོ། །གྲངས་ཞེས་བྱ་བ་ནི། སྔགས་རྣམས་སོ། །དེས་ཅིར་འགྱུར་ཞེ་ན། རྣལ་འབྱོར་
མ་ཡི་སྙིང་པོ་འགྲུབ། །ཅེས་བྱ་བ་སྨོས་ཏེ། རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་འགྲུབ་པའམ། དེ་རྣམས་ཀྱི་སྔགས་ཁྱད་པར་དུ་བསྒྲུབ་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བྲམ་ཟེ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ལྟར་ཡང་ན་བྲམ་ཟེ་ནི་ལུས་སོ། །
རྒྱལ་རིགས་ནི་སེམས་སོ། །དམངས་རིགས་ནི་ངག་གོ། །དེ་དག་གཅིག་ཏུ་གྱུར་པས་འགྲུབ་པའོ། །ཅི་ཞིག་ཅེ་ན། རྣལ་འབྱོར་མའི་དྲ་བ་སྟེ། སྔགས་ཀྱི་ཚོགས་སོ། །སྔགས་འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་རྒྱུ་ལས་བྱུང་བའི་དངོས། །ཞེས་བྱ་བ་ནས།

སྭཱ་ཧཱ་ཞེས་བྱ་བའི་མཐར་ཐུག་པ་ནི་སྔགས་འདི་སྟེ། དེས་བགྲང་ཕྲེང་སྦྱར་བར་བྱའོ། །བགྲང་ཕྲེང་ཞེས་བྱ་བ་ལ། བགྲང་བ་ནི་སྔགས་རྣམས་སོ། །ཕྲེང་བ་ནི་འདིས་ཕྲེང་བར་བྱེད་ཟློས་པར་བྱེད་པས་ན་བགྲང་ཕྲེང་སྟེ་ཕྲེང་བའོ། །ཡིས་ཞེས་བྱ་བ་ལ་སོགས་པ་ནི་འདིས་སྔགས་བཟླས་
ན། ལྷ་རྣམས་འགྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ད་ནི་འགྲོ་བ་ལྔའི་འཁོར་བའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེ་བྲག་ཅེས་བྱ་བ་ནི་ཁྱད་པར་རོ། །རིང་དུ་གནས་ཞེས་བྱ་བ་ནི་
ཐ་དད་པར་རྣམ་པར་གཞག་པ་སྟེ་ཡེ་ཤེས་ཀྱི་བྱེ་བྲག་གང་གིས་འགྲོ་བ་རྣམས་ཐ་དད་པར་འཇོག་པར་བྱེད་པའོ། །ཐུན་མོང་ཡེ་ཤེས་བརྗོད་པ་སྟེ། །ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་རོ་གཅིག་པ་སྟེ། འགྲོ་ཀུན་རྣམ་ཤེས་ཙམ་ཉིད་དེ། །ཞེས་བྱ་བའི་
རིགས་པས་སོ་ཞེས་བྱ་བའི་དོན་ཏོ། །དམན་དང་རབ་དམན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མ་ཡིན་རྣམས་སོ། །གནོད་སྦྱིན་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ལྷ་མིན་ཞེས་བྱ་བ་ནི་སྲིན་མོ་རྣམས་སོ། །གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་སོ། །སྒོ་ང་ཞེས་བྱ་བ་ནི་སྒོ་ང་ལས་སྐྱེས་པའོ། །
གཟུང་མི་ནུས་ཞེས་བྱ་བ་ནི་དབང་པོས་མི་སོད་པ་རྣམས་སོ། །ལྷག་མ་ནི་གོ་སླའོ། །ལྷ་རྣམས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། ཉི་ཤུ་རྩ་གསུམ་ལྷ་ཡི་གནས། །ཞེས་བྱ་བ་སྨོས་ཏེ། གནས་ཞེས་བྱ་བ་ནི། སའམ་གནས་གཞན་ཏེ། ལྷ་རྣམས་ཀྱི་གནས་གཞན་ལྷག་མ་གསུམ་དང་བཅས་
པའི་ཉི་ཤུའོ། །གོང་ནས་གོང་དུ་ཉིས་འགྱུར་རོ། །ཞེས་བྱ་བ་ནི་ལྷ་དེ་རྣམས་ཀྱི་ཚེ་ཚད་གོང་ནས་གོང་དུ་ཉིས་འགྱུར་དུ་སྤེལ་བའོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། དེ་ལ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་གཞན་ནི་དྲུག་སྟེ། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་དང་།
འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་སོ། །དེ་ལས་སྟེང་དུ་གྱུར་པ་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་གཞན་ནི་བཅུ་བདུན་ནོ། །དེ་ལ་བསམ་གཏན་དང་པོའི་གནས་གཞན་ནི་གཉིས་ཏེ། ཚངས་རིས་དང་། ཚངས་པའི་མདུན་ན་

འདོན་ནོ། །ཚངས་པ་ཆེན་པོ་ནི་དེ་ཉིད་ལས་གཞན་མ་ཡིན་པའི་ཕྱིར་གུད་དུ་མི་བགྲང་ངོ་། །བསམ་གཏན་གཉིས་པའི་ནི་གནས་གཞན་གསུམ་སྟེ། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་ལོ། །བསམ་གཏན་གསུམ་པའི་གནས་གཞན་ཡང་
གསུམ་སྟེ། དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ། །བསམ་གཏན་བཞི་པའི་གནས་གཞན་ནི་བརྒྱད་དེ་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་རྣམས་སོ། །
བཅུ་བདུན་པ་ནི་འདུ་ཤེས་ཕྲ་བ་རྣམས་ཏེ། འདུ་ཤེས་མེད་པ་དང་། སྐྱེ་མཆེད་མུ་བཞིའི་ལྷ་རྣམས་སོ། །ཁ་ཅིག་ནི་ཚངས་པ་ཆེན་པོ་ཡང་འདུ་ཤེས་ཕྲ་བར་བསྡུའོ་ཟེར་ཏེ། དེ་ལྟར་ཉི་ཤུ་རྩ་གསུམ་མོ། །དེ་ལ་ནི་རྣམས་ཀྱི་ཆོ་ལོ་བརྒྱ་ལ། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱི་
ཉིན་ཞག་གཅིག་གོ། །དེ་སུམ་ཅུ་ལ་ནི་ཟླ་བའོ། །ཟླ་བ་བཅུ་གཉིས་ལ་ནི་ལོའོ། །རྒྱལ་ཆེན་རིགས་བཞི་པ་རྣམས་ཀྱི་ཚེ་ནི། དེ་ལྟ་བུའི་ལོ་ལྔ་བརྒྱར་འཚོའོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་སྟོང་ལ། ཉིན་ཞག་གཅིག་ཏུ་བརྩིས་པའི་ཟླ་བ་
དང་། ལོའི་རིམ་གྱིས་ལོ་སྟོང་འཚོ་བར་འགྱུར་རོ། །འཐབ་བྲལ་བ་རྣམས་ཀྱི་ནི་མི་རྣམས་ཀྱི་ཚེ་ལོ་ཉིས་སྟོང་ལ། ཉིན་ཞག་གཅིག་ཏུ་བརྩིས་པའི་རིམ་གྱིས་ལོ་ཉིས་སྟོང་འཚོ་བར་འགྱུར་རོ། །དེ་ལྟར་ལྷག་མ་གསུམ་ཡང་། ཉིས་འགྱུར་ཉིས་འགྱུར་དུ་བརྩི་བར་བྱའོ། །གཟུགས་
ཁམས་པ་རྣམས་ལ་ནི་ཉིན་ཞག་གི་གྲངས་མེད་པས་བསྐལ་པའི་རྩིས་ཀྱིས་བརྩི་བར་བྱ་སྟེ། དེ་དག་ཀྱང་གོང་ནས་གོང་དུ་ཚེ་ཉིས་འགྱུར་དུ་སྤེལ་བར་བྱའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །སྦྱོར་བའི་གདན་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་བྱེད་པ་ཞེས་བྱ་བ་ནི་
རབ་ཏུ་གསལ་བར་བྱེད་པ་སྟེ། གཞུང་འདིས་རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་ལ་སོགས་པ་རབ་ཏུ་གསལ་བར་སྟོན་པས་ན་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་སྦྱོར་བའི་གདན་གྱི་རིམ་པར་ཕྱེ་བ་དང་པོའོ།། །།ད་ནི་འཁོར་ལོ་

ལ་སོགས་པས་ཞི་བ་ལ་སོགས་པ་བསྒྲུབ་པའི་རིམ་པར་ཕྱེ་བ་བསྟན་པའི་ཕྱིར། འཁོར་ལོས་བསྒྲུབ་པའི་ཁྱད་པར་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་ལོས་བསྒྲུབ་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལས་ཏེ་ཞི་བ་ལ་སོགས་པའོ། །ཁྱད་པར་ནི་བྱེ་བྲག་སྟེ། སྔར་
སྨོས་པའི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །བསྒྲུབ་པར་བྱ་བ་དེ་ཉིད་བསྟན་པའི་ཕྱིར་ཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྒྲུབ་པའི་འཁོར་ལོ་བསྟན་པའི་ཕྱིར། རེའུ་མིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེའུ་མིག་དགུ་
ཞེས་བྱ་བ་ནི། འཁོར་ལོའི་རྩིབས་བརྒྱད་དང་ལྟེ་བ་སྟེ། དགུ་པོ་དེ་དག་ནི་རེའུ་མིག་དགུའོ། །ཕྱི་རོལ་མུ་ཁྱུད་བསྐོར་བར་བྱ། །ཞེས་བྱ་བ་ནི་ཕྱི་རོལ་དུ་སྐ་རགས་ལྟ་བུའི་མུ་ཁྱུད་ཀྱིས་བསྐོར་བར་བསྒོམ་པའོ། །ཅི་འདྲ་ཞེ་ན། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཞི་བ་ལ་སོགས་པའི་ལས་ཀྱི་རྗེས་སུ་འགྲོ་བའི་ཁ་དོག་ཅན་ནོ། །སྔགས་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པའོ། །ས་བོན་དེ་དག་ཐམས་ཅད་དེ། །ཞེས་བྱ་བ་ནི་འཁོར་ལོའི་རེའུ་མིག་རྣམས་ལ་དགོད་པར་བྱའོ་ཞེས་བྱ་བ་ལྷག་མ་སྟེ། ཡི་གེ་ཏ་ལ་
སོགས་པའི་སྔགས་ཀྱི་ས་བོན་རྣམས་ཤར་ལ་སོགས་པའི་རེའུ་མིག་རྣམས་ལ་བྲིའོ་ཞེས་བྱ་བའི་དོན་ཏོ། །ཕྱག་འཚལ་ཐ་མ་དབུས་སུ་བྱ། །ཞེས་བྱ་བ་ལ། ཕྱག་འཚལ་བ་ནི་ཡི་གེ་ཨོཾ་མོ། །ཐ་མ་ནི་ཧ་སྟེ། དང་པོ་དང་ཐ་མའི་ས་བོན་དེ་དག་དབུས་ཀྱི་རེའུ་མིག་ལ་བསྒོམ་
པར་བྱའོ། །དབུས་སུ་མིང་དང་བསྲུང་བ་ཡི། །ཚིག་ཀྱང་དེ་བཞིན་སྦྱར་བར་བྱ། །ཞེས་བྱ་བ་ནི། ཨོཾ་དང་ཧའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་། རཀྵ་ཞེས་བྱ་བའི་མིང་ཚིག་ཏུ་སྤེལ་བ་བསྒོམ་པར་བྱ་བ་སྟེ། སྦྱར་བ་ཞེས་བྱ་བ་ནི་སྤེལ་བའོ། །བསྡུས་པས་ཨོཾ་ལྷ་
སྦྱིན་རཀྵ་ཧ་ཞེས་བྱ་བར་འགྱུར་རོ། །འཁོར་ལོ་དེ་དག་ཇི་ལྟར་བསྒོམ་ཞེ་ན། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་ཉིད་སྟོང་པ་ཞེས་བྱ་བ་ནི་ཉི་ཚེའི་སྟོང་པ་རྣམ་པར་སྤྱད་པ་སྟེ། ཐམས་ཅད་སྟོང་པ་ཉིད་དོ། །བདག་གི་ལུས་ནི་བཀྲུ་བར་བྱ། །ཞེས་བྱ་

བ་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་ཆུས་ཐ་མལ་པའི་རྟོག་པའི་དྲི་མ་བཀྲུ་བའོ། །མཉམ་ཉིད་ཐམས་ཅད་རིག་པས་གནས། །སྲུང་བའི་འཁོར་ལོ་ཞེས་བྱ་བ་ལ། མཉམ་ཉིད་ཐམས་ཅད་རིག་པ་ཞེས་བྱ་བ་ནི། ཐམས་ཅད་སྟོང་པར་རིག་པའི་ཏིང་ངེ་འཛིན་ཞེས་བྱའོ། །
གནས་ཞེས་བྱ་བ་ནི་རྟེན་ཏེ་སྒོམ་པ་པོའི་ལུས་སོ། །སྲུང་བའི་འཁོར་ལོས་བསྲུང་བ་སྟེ། སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བའི་འཁོར་ལོ་བསྒོམ་པས་ལུས་བསྲུང་ངོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདིའི་དོན་ནི་སྟོང་པ་ཉིད་བསྒོམ་པའི་རྗེས་ལ་རྡོ་རྗེ་དྲ་བ་ལ་སོགས་པ་སྲུང་བའི་འཁོར་
ལོས་ཕྱི་རོལ་གྱི་གནས་བསྲུང་བར་བྱ་བ་འདི་ཡིན་ནོ། །གཙོ་བོར་བྱ་ཞེས་བྱ་བ་ནི་དབང་གི་ལས་ཀྱི་དུས་སུ་བདག་དང་གཞན་ཁ་དོག་དམར་པོར་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཅན་གྱིས་སྲུང་བ་སྒོམས་ན། །འཇིགས་པ་ཀུན་ལས་རིང་བར་འགྱུར། །ཞེས་བྱ་བ་ནི།
སྲུང་བའི་འཁོར་ལོ་དེས་རྒྱལ་པོའི་བཙོན་ར་ལ་སོགས་པའི་འཇིགས་པ་ཐམས་ཅད་ཐག་བསྲིངས་པར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་དངོས་པོ་མེད་པ་རུ། །སྦྱོར་བའི་དངོས་པོས་འཇིགས་པ་ལ། །ཞེས་བྱ་བ་ལ་སེམས་ཅན་དངོས་པོ་མེད་པ་ཞེས་བྱ་བ་ནི།
ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །རུ་ཞེས་བྱ་བ་ནི་དེ་ལས་ཞེས་བྱ་བ་སྟེ། ལྔ་པའི་དོན་གྱི་གཉིས་པ་ཡིན་ནོ། །སྦྱོར་བའི་དངོས་པོ་ཞེས་བྱ་བ་ལ་སྦྱོར་བ་ཞེས་བྱ་བ་ནི་ལྷའི་སྦྱོར་བའོ། །དངོས་པོ་ནི་བསྒོམ་པའོ། །གང་ལ་ཞེ་ན། འཇིགས་པ་ལ་སྟེ། འདིའི་དོན་ནི་ནད་
ལ་སོགས་པའི་འཇིགས་པ་ཞི་བར་བྱ་བའི་དུས་སུ་ལས་དང་རྗེས་སུ་མཐུན་པའི་མདོག་ལ་སོགས་པ་དང་ལྡན་པའི་ལྷའི་སྐུ་རུ་བསྒོམ་མོ་ཞེས་བྱ་བ་འདི་ཡིན་ནོ། །ལྷའི་སྦྱོར་བ་དེ་ཉིད་གསུངས་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་གི་དོན་ནི་སྟོང་པ་ཉིད་ཀྱི་
རྣལ་འབྱོར་གྱི་རྗེས་ལ། པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏཱཾ་གི་ས་བོན་ལས་བྱུང་བའི་ཨུཏྤལ་ལྟ་བར་ཏཱཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལ། བདག་ཉིད་སྒྲོལ་མའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །བསྐྱེད་པའི་མཐར་ཡན་

ལག་དྲུག་ཏུ་དགོད་པ་གསུངས་པ། ཨོཾ་ཏཱ་རེ་མགོ་བོ་ལའོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གིས་ནི། གནས་དྲུག་པོ་བྱིན་གྱིས་བརླབ་པར་འགྱུར་རོ། །ད་ནི་ཕྱག་ལ་སོགས་པའི་ངེས་པ་བསྟན་པའི་ཕྱིར། ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་མི་འཇིགས་
སྦྱིན་པ་དང་། །ཞེས་བྱ་བ་ནི། སྐྱེ་བོ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་སྟེ། ཕྱག་གཡས་པ་ཞེས་བྱ་བའི་ལྷག་མའོ། །གཞན་གྱིས་ཞེས་བྱ་བ་ནི། གཡོན་པ་སྟེ་རྣ་དྲུང་དུ་ཨུཏྤལ་བསྣམས་ཞེས་བྱ་བ་ནི། ཨུཏྤལའི་འདབ་མ་རྣ་བ་ལ་རེག་པ་དང་བཅས་པའི་ཨུཏྤལ་བསྣམས་
པའོ། །ཐམས་ཅད་འོད་ཟེར་ཅན་བསྒོམས་ནས། །ཞེས་བྱ་བ་ནི་བསྲུང་བའི་སྐབས་སུ་བཅོམ་ལྡན་འདས་མ་དང་སྔགས་རྣམས་མདོག་ལྗང་སྔོན་དུ་བསྒོམས་ལ་སྐུའི་འོད་ཟེར་སྔགས་དང་བཅས་པའི་འཁོར་ལོའི་འོད་ཟེར་ཐམས་ཅད་ཀྱིས་བསྲུང་བར་བྱ་བ་ལ་ཁྱད་པར་བསམ་མོ་ཞེས་བྱ་བའི་
དོན་ཏོ། །ཁྱད་པར་དུ་ནི་སྔགས་བཟླས་བྱ། །ཞེས་བྱ་བ་ནི་སྲུང་བའི་སྐབས་སུ་ཕྲེང་བའི་སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ལྷ་སྦྱིན་རཀྵཿ་སྭཱ་ཧཱ་ཞེས་བྱ་བའི་ཁྱད་པར་བཟླས་པའོ། །སྲུང་བ་ཐམས་ཅད་ཀྱི་སྔགས་སོ། །ཞེས་བྱ་བ་ནི་རྒྱལ་པོས་བཙོན་རར་བཅིངས་པ་ལ་སོགས་པའི་
འཇིགས་པ་ཐམས་ཅད་ལས་བསྲུང་བའི་ཆེད་ཀྱི་སྔགས་སོ་ཞེས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ཤེས་རབ་གཞན་དང་ལེ་ལོ་སོགས། །ཞེས་བྱ་བ་ནི་བསམ་པར་བྱ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏེ། ཡིད་གཞུངས་པར་འདོད་པས་ཀྱང་འཁོར་ལོ་སྔ་མ་དེ་ཉིད་ལ་སྔགས་གཡོན་
སྐོར་དུ་བཀོད་ནས་མུ་ཁྱུད་ལ་ཡང་ཨ་ལ་སོགས་པའི་ཡི་གེ་བཀོད་ལ། བསྒོམ་པ་དང་བཟླས་པ་བྱས་ན་བློ་དམན་པ་རྣམས་བློ་དང་ལྡན་པར་འགྱུར་རོ། །འཁོར་ལོ་བྲིས་ནས་བཅང་བྱ་བ། །ཞེས་བྱ་བ་ནི་གྲོ་ག་ལ་སོགས་པ་ལ་འཁོར་ལོ་བྲིས་ནས་ལུས་ལ་བཅང་བའོ། །སྲུང་
བ་བཟང་པོ་ཞེས་བྱ་བ་ནི་དེ་ཙམ་གྱིས་ཀྱང་སྲུང་བའི་དམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཡིས་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་རིམ་པ་སྟེ། བསྲུང་བའི་ཕྱིར་སྒྲོལ་མའི་རྣལ་འབྱོར་གྱིས་སྔགས་བསྒོམ་པ་དང་། བཟླས་པ་དང་བྲི་བའི་རིམ་པས་ཞེས་བྱ་བའི་དོན་ཏོ། །

ཉེ་བར་བསྡུ་བའི་ཕྱིར། སྲུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲུང་བ་ཐམས་ཅད་ཀྱི་ཕྱིར། དེ་ཉིད་སྦྱོར་བ་ཞེས་བྱ་བ་ནི་ལྷའི་སྦྱོར་བའི་དེ་ཁོ་ན་ཉིད་ཀྱི་འཁོར་ལོ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཤེས་རབ་ཀྱི་འཁོར་ལོ་བསྟན་པའི་
ཕྱིར། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་ལོ་འདབ་མ་བརྒྱད་པ་ཞེས་བྱ་བ་ནི་འཁོར་ལོ་རྩིབས་བརྒྱད་པའོ། །ཕྱི་རོལ་མུ་ཁྱུད་བསྐོར་ནས་སུ། །ཞེས་བྱ་བ་ནི་འཁོར་ལོའི་ཕྱི་རོལ་རི་མོ་གཉིས་ཀྱིས་བསྐོར་བར་བསྒོམ་མོ། །དབུས་སུ་ཐོག་མ་ཐ་མ་སྟེ། །
ཞེས་བྱ་བ་ནི་འཁོར་ལོ་སྔར་བསྟན་པ་ལྟར་འཁོར་ལོ་འདི་ལ་ཡང་དབུས་ཀྱི་རེའུ་མིག་ལ་ཐོག་མ་དང་ཐ་མའི་ཡི་གེ་ཨོཾ་དང་ཧཱི་བྲི་བར་བྱའོ། །བཟླས་པ་ཐམས་ཅད་གཞག་པར་བྱ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་རྩིབས་རྣམས་ལ་བཟླས་པར་བྱ་བའི་སྔགས་ལྷག་མ་རྣམས་བྲི་
བའོ། །མུ་ཁྱུད་དབྱངས་ཀྱིས་བསྐོར་ནས་སུ། །ཞེས་བྱ་བ་ནི་མུ་ཁྱུད་ལ་དབྱངས་ཀྱི་ཡི་གེ་རྣམས་བྲི་བ་སྟེ། དེ་ལ་དབུས་སུ་ནི་ཨོཾ་ཧཱ་ཞེས་བྱ་བའི་ས་བོན་བྲི་བའོ། །རྩིབས་རྣམས་ལ་ནི་པྲཛྙེ་ཧཱུཾ་སྭཱ་ཞེས་བྱ་བའི་ས་བོན་རྣམས་སོ། །མུ་ཁྱུད་ལ་ནི་དབྱངས་ཀྱི་ཡི་གེ་བྲིའོ་ཞེས་
བྱ་བར་འགྱུར་རོ། །འདིར་ཡང་སྟོང་པ་ཉིད་ཀྱི་བསྒོམ་པ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་གྱིས་འཁོར་ལོ་བསྒོམས་ན། འོག་ནས་སྨོས་པའི་ཕན་ཡོན་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །ཡན་ལག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་
ལག་ཐམས་ཅད་ཕྱེ་བ་ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པ་ཐམས་ཅད་འཇིག་པའོ། །དེ་ཉིད་བསྟན་པའི་ཕྱིར། སྔོན་གྱི་མཚན་ཉིད་ལྡན་པ་ཡིས། །མཉམ་ཉིད་སྟོང་པར་བསམས་ནས་སུ། །ཞེས་བྱ་བ་སྨོས་སོ། །སྔོན་གྱི་མཚན་ཉིད་ལྡན་པ་ཡིས། །ཞེས་
བྱ་བ་ནི་བདག་གི་གདན་གྱི་རིམ་པར་ཕྱེ་བ་གསུམ་པ་ལས་བསྟན་པའི་གཟུགས་སྟོང་ལ་སོགས་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་སྟོང་པའི་མཚན་ཉིད་དུ་བྱ་བ་སྟེ། འདི་ཡང་རིམ་པ་དེས་བདག་ཉིད་མཉམ་པ་ཉིད་

ཀྱིས་སྦྱང་བར་བྱ་བའོ། །སྔར་བསྟན་བཞིན་དུ་སྦྱང་བར་བྱ། །ཞེས་བྱ་བ་ནི་སྣང་བ་མེད་པའི་སྟོང་པ་ལས་ལྟར་བསྒོམས་ཏེ། དེ་ཡང་སྟོང་པ་ཉིད་ཀྱིས་སྒྱུ་མ་ལྟར་དག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་འདི་ལྟར་བསྒོམས་པ་ཡིས། །ཞེས་བྱ་བ་ནི་དེ་ནས་འཁོར་
ལོ་སྔར་བཤད་པ་ལྟར་བསྒོམ་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་བྲི་བའི་སྔགས་ཏེ། པྲ་ལ་སོགས་པའི་སྔགས་ནི། གཡོན་སྐོར་གྱིས་བྲི་བར་བྱའོ། །དེ་ལ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐོག་མར་ནི་སྟན་བདེ་བ་ལ་གནས་ནས་སྙིང་གར་རང་གི་ས་བོན་བལྟ་སྟེ།
དེའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་ལ་སོགས་པ་སྣང་བར་བྱས་ལ། འོད་ཟེར་དེ་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྟོང་པ་ཉིད་བསྒོམས་ནས། ལྷར་བསྒོམ་པ་འདི་ནི་རྣལ་འབྱོར་ཐམས་
ཅད་ཀྱི་ཐུན་མོང་ངོ་། །དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱི་བསྒོམ་པ་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་བདག་ཉིད་བསྒོམས་ནས་སུ། །ཞེས་བྱ་བ་ནི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་
བསྒོམ་པའོ། །འདི་དག་གིས་འདི་སྐད་དུ། པདྨ་དང་ཟླ་བའི་སྟེང་དུ་ས་བོན་ཧཱུཾ་ལས་བྱུང་བའི་སྡོང་བུ་དང་བཅས་པའི་པདྨའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ་ཕྱག་
གཉིས་ཆོས་སྒྲོགས་ཀྱི་ཕྱག་རྒྱ་ཅན། གྲུ་མོ་གཉིས་ཀྱི་ནང་ནས་སྡོང་བུ་དང་བཅས་པའི་པདྨ་གཉིས་སྐྱེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པོ་ཏི་གཉིས་ཀྱིས་མཚན་པའི་སྒྲོལ་མའི་རང་བཞིན་དུ་བདག་ཉིད་བསྒོམ་མོ་ཞེས་བྱ་བ་འདི་ཡིན་ནོ། །འདིའི་ཕན་ཡོན་
གསུངས་པ། ས་བོན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་མྱུ་གུ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཡལ་ག་སྟེ་ས་བོན་ལས་བྱུང་བའི་ཕྱིར་རོ། །དཔེར་ན་ལྗོན་ཤིང་གི་ས་བོན་ལས་བྱུང་བའི་མྱུ་གུའི་ཡལ་ག་དུ་མར་གྱེས་པ་ལྟར་ཤེས་རབ་འཕེལ་བར་འགྱུར་

རོ་ཞེས་བྱ་བར་དགོངས་སོ། །ལྷག་མ་ནི་གོ་སླའོ། །སྦྱོར་བ་གཞན་བསྟན་པར་བྱ་བའི་ཕྱིར། སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་ལོ་རིམ་པ་བཞི་ལས་སྙིང་པོའི་འཁོར་ལོ་ནི་ལིང་ཚེ་དགུའོ། །རིམ་པ་གཉིས་པ་ནི་བཅུ་གཉིས་པའོ། །
རིམ་པ་གསུམ་པ་ནི་བཅུ་དྲུག་པའོ། །བཞི་པ་ནི་མུ་ཁྱུད་དོ། །དེ་ལ་རེའུ་མིག་དགུ་ཞེས་བྱ་བ་ནི་དབུས་ཀྱི་ལྟེ་བ་དང་བཅས་པ་དགུ་པའོ། །བར་མ་ཞེས་བྱ་བ་ནི་སྙིང་པའི་རིམ་པ་དང་། རིམ་པ་གསུམ་པའི་བར་ན་གནས་པའི་ཕྱིར་རོ། །ཕྱི་རོལ་ཞེས་བྱ་བ་ནི་དེའི་ཕྱི་རོལ་ན་
གང་གནས་པའོ། །མཐར་ཐུག་ཅེས་བྱ་བ་ནི། ཐམས་ཅད་ཀྱི་ཐ་མར་གྱུར་པའི་ཕྱིར་རོ། །དབུས་སུ་ཞེས་བྱ་བ་ནི་སྙིང་པོའི་རིམ་པའི་དབུས་ཏེ་ལྟེ་བ་ལའོ། །བདག་གི་སེམས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་སྟེ། ཡེ་ཤེས་མཁའ་འགྲོ་མའི་རང་བཞིན་ནོ། །ཕྱག་འཚལ་སྲེག་
པ་མཐར་གཞག་པ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །བསྡུས་པས་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ཡི་གེ་བརྒྱད་པོ་ཞེས་བྱ་བ་ནི། མཁའ་འགྲོ་མ་དང་། དྲག་མོ་དང་། གཏུམ་མོ་དང་། རོ་ལངས་མ་དང་། སེང་གེ་མོ་དང་། སྟག་མོ་དང་། ཅེ་སྤྱང་མོ་དང་།
འུག་པ་མོ་སྟེ་རྣལ་འབྱོར་མ་བརྒྱད་ཀྱི་ས་བོན་གྱི་ཡི་གེ་རིམ་པ་བཞིན་དུ་སུཾ་ཀྵུཾ་ཡུཾ་ཧཱུཾ་སྨྲྱུཾ་ཧྨྲྱཾ་ཡྨྲྱུཾཀྵྨྲྱུཾ་ཞེས་བྱ་བ་རྣམས་སོ། སྒྲ་དང་ཐིག་ལེར་ལྡན་པ་ནི་བཤད་ཟིན་ཏོ། །སྙིང་པོར་དགོད་ཅེས་བྱ་བ་ནི། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ཀྱི་རེའུ་མིག་བཞི་ལ། གཡོན་སྐོར་གྱིས་སུཾ་
ལ་སོགས་པ་དགོད་ཅིང་། དབང་ལྡན་ལ་སོགས་པའི་མཚམས་ཀྱི་རེའུ་མིག་ལ་སྨྲྱུཾ་ལ་སོགས་པ་གཡས་སྐོར་གྱིས་དགོད་པར་བྱའོ། །བཅུ་གཉིས་པ་ལ་དབྱངས་ས་བོན། །ཞེས་བྱ་བ་ནི། རིམ་པ་བར་མའི་རེའུ་མིག་བཅུ་གཉིས་ལ་དབྱངས་ཀྱི་ཡི་གེ་བཅུ་གཉིས་
ཤར་ལ་སོགས་པ་མཐར་ཆགས་ཀྱིས་བྲི་བའོ། །མ་ནིང་སྤངས་པར་བྲི་བར་བྱ། །ཞེས་བྱ་བ་ལ་མ་ནིང་ཡི་གེ་ནི། རྀ་རཱྀ་ལྀ་ལྀའོ། །སྤངས་པ་ནི་དོར་བ་སྟེ། ལྷག་མ་ཨ་ལ་སོགས་པ་གཟུང་བའི་དོན་ཏོ། །སྡེ་ཚན་གསུམ་གྱི་ཡི་གེ་རྣམས། །ཞེས་བྱ་བ་ནི་ཀའི་སྡེ་ཚན་དང་། ཙའི་

སྡེ་ཚན་དང་། ཊའི་སྡེ་ཚན་ཏེ་སྡེ་ཚན་གསུམ་གྱི་ཡི་གེ་བཅོ་ལྔ་པོ་རྣམས་གཟུང་ངོ་། །ཡི་གེ་ལྷག་མ་གཅིག་ཅེས་བྱ་བ་ནི་སྡེ་ཚན་ལྷག་མའི་ཡི་གེ་གཅིག་སྟེ་ཡི་གེ་ཏའོ། །ཡང་ན་བཅོ་ལྔའི་ལྷག་མར་གྱུར་པས་ལྷག་མའོ། །བསྡུས་པས་བཅུ་དྲུག་ཏུ་འགྱུར་རོ། །བཅུ་དྲུག་གནས་སུ་
གཞག་པར་བྱ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་རེའུ་མིག་བཅུ་དྲུག་གི་གནས་སུ་རིམ་བཞིན་དུ་བསྒོམ་པའོ། །སྒྲ་དང་ཐིག་ལེར་ལྡན་པ་ནི། །ཞེས་བྱ་བ་ནི་གོ་བར་ཟད་དོ། །གསོད་པའི་ཡི་གེ་ཞེས་བྱ་བ་ནི་ཡི་གེ་ཕཊ་དོ། །དེས་ཇི་ལྟར་བསྐོར་ཞེ་ན། ཐམས་ཅད་རིགས་པས་ཀུན་དུ་བསྐོར། །ཞེས་བྱ་བ་
སྨོས་ཏེ། གྲངས་ཀྱི་ངེས་པ་མེད་པར་མུ་ཁྱུད་ལ་ཀུན་དུ་འཁོར་བར་བསྐོར་རོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོའི་ཁ་དོག་གསུངས་པ། དང་པོའི་ཞེས་བྱ་བ་ལ་སོགས་པ་ལ་དང་པོ་ནི་རེའུ་མིག་དགུ་པ་སྟེ་དཀར་པོའོ། །གཉིས་པ་ནི་རེའུ་མིག་བཅུ་གཉིས་པ་སྟེ། སེར་པོའོ། །གསུམ་པ་ནི་
རེའུ་མིག་བཅུ་དྲུག་པ་སྟེ་དམར་པོའོ། །བཞི་པ་ནི་མུ་ཁྱུད་དེ་སྔོན་པོའོ། །མངོན་སྤྱོད་ཀྱི་ལས་ལ་ནི་རེའུ་མིག་བཅུ་དྲུག་པའང་སྔོན་པོར་བྱའོ་ཞེས་མན་ངག་ལས་བཤད་དོ། །འཁོར་ལོ་རིམ་པ་བཞི་པ་དེ་དག་ནི་ཡེ་ཤེས་མཁའ་འགྲོ་མའི་སྐུ་བསྒོམ་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་
གསུངས་པ། སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མ་ཞེས་བྱ་བའི་ལྷག་མའོ། །འཁོར་ལོ་འདི་ཞེས་བྱ་བ་ནི། འཁོར་ལོ་མངོན་དུ་བྱ་བའི་ཕྱིར་རོ། །མཉམ་གཞག་དངོས་པོ་བསྒོམ་པ་ཡིས། །ཞེས་བྱ་བ་ནི་ཤིན་ཏུ་མཉམ་
པར་གཞག་ཅིང་གོམས་པས་སོ། །ཀུན་ནས་ཐམས་ཅད་འབར་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། མེ་ལྟར་འབར་བ་ཞེས་བྱ་བ་ནི་འོད་དང་བཅས་པའི་མེ་འབར་བས་ཤིང་བསྲེག་པ་ལྟར་ཀུན་ནས་ཐམས་ཅད་འབར་བའི་འཁོར་ལོས་བགེགས་ལ་སོགས་པའི་བདུད་ཀྱི་སྡེ་ཐམས་ཅད་ཀྱི་བུད་ཤིང་
བསྲེག་ཅིང་མེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་གཡོགས་པ་ཡང་། །ཞེས་བྱ་བ་ནི་ཉོན་མོངས་པའི་རིགས་ཅན་རྣམས་ཀྱང་ངོ་། །ལྷག་མ་ནི་གོ་སླའོ། །སྦྱོར་བ་གཞན་གྱིས་བསྒོམ་པ་བསྟན་པའི་ཕྱིར་མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་

ཉིད་ཡེ་ཤེས་བསྐྱེད་ནས་སུ། །བདག་ཉིད་ནམ་མཁར་བསྒོམས་བྱས་ལ། །ཞེས་བྱ་བའི་དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སྟོང་པ་ཉིད་ཀྱིས་སྦྱངས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྐྱེད་ལ། འོག་ནས་འབྱུང་བ་རྣམས་བསྒོམ་མོ་ཞེས་བྱ་བ་ཡིན་
ནོ། །དེ་ཉིད་གསུངས་པ། འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ། སྙིང་གར་འོད་དང་ལྡན་པའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་སུ་ས་བོན་གྱི་ཡི་གེ་གཟུང་བ་སྟེ། བསྒོམ་པའོ། །དེ་ཡང་གང་ཡིན་ཞེ་ན། སྡེ་ཚན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡེ་ཚན་
དང་པོའི་ཡི་གེ་དང་པོ་ནི་ཡི་གེ་ཀའོ། །ལྕགས་ཀྱུ་ནི་ཡི་གེ་ཨི་སྟེ། གཟིར་བ་ནི་སྟེང་དུ་བྲི་བའོ། །རྩ་བར་རེ་ཕ་སྦྱར་ནས་སུ། །ཞེས་བྱ་བ་ནི། འོག་ཏུ་ཡི་གེར་གདགས་པའོ། །བདུད་རྩི་ཞེས་བྱ་བ་ནི་ཟླ་ཚེས་སོ། །ཐིག་ལེ་ནི་ཐིགས་པ་སྟེ། དེ་དག་ནི་སྟེང་དུ་དགོད་པའོ། །བསྡུས་
པས་ཀྲིཾ་ཞེས་བྱ་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །རྒྱལ་པོ་ནི་གྲགས་པར་ཟད་དོ། །རྒྱལ་པོའི་ཕོ་བྲང་ནི་རྒྱལ་པོའི་བཞུགས་གནས་ཀྱི་གྲོང་ཁྱེར་རོ། །ཡིད་ཅན་གྱིས་ནི་བསམ་པར་བྱ། །ཞེས་བྱ་བ་ལ་ཡིད་ཅན་ནི་རྣལ་འབྱོར་བའོ། །བསམ་པར་བྱ་ཞེས་བྱ་བ་ནི་རང་གི་
སྙིང་གར་ཉི་མ་ལ་གནས་པའི་ས་བོན་ཀྲིཾ་གི་འོད་ཟེར་གྱི་བདག་ཉིད་ཀྱང་བཙོ་བར་བྱ་ཞིང་། རྒྱལ་པོ་དང་། ཕོ་བྲང་གི་སྐྱེ་བོ་རྣམས་ཀྱང་ཁ་དོག་བཙེས་ཤིང་བཙོས་པར་བསམས་ན་དབང་དུ་འགྱུར་རོ་ཞེས་བྱ་བའི་ལྷག་མ་ཡིན་ནོ། །ད་ནི་བུ་མོ་དབང་དུ་བསྡུ་བ་བསྟན་པའི་ཕྱིར། ཡི་གེ་
ཉིས་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ཉིས་འགྱུར་ཞེས་བྱ་བ་ནི་ཡི་གེ་ཀྵའོ། །ཐིགས་པ་ནི་གོ་བར་ཟད་དོ། །རྩ་བར་སྒྲ་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ་རྩ་བ་ནི་འོག་ཏུའོ། །སྒྲ་ནི་ཨུ་ཐུང་ངུ་སྟེ། ཨཱུ་རིང་པོ་སྒྲ་ཡིན་པར་བཤད་མེད་ཀྱི་འདིར་མན་ངག་གིས་ཨུ་
ཐུང་ངུ་གཟུང་བར་བྱ་སྟེ། དཔེར་ན་ལྕགས་ཀྱུ་ཞེས་བྱ་བ། ཨཱི་རིང་པོ་ཡིན་མོད་ཀྱི་སྐབས་སུ་ཁ་ཅིག་ཏུ་ཨི་ཐུང་ངུ་གཟུང་བ་ཡིན་ནོ། །བདུད་རྩི་མཐའ་ཞེས་བྱ་བ་ལ། བདུད་རྩི་ནི་ཆུའོ། །དེའི་མཐའ་ནི་མེ་སྟེ། འདིར་ཡི་གེ་ཀྵུཾ་ཡང་མེའི་རང་བཞིན་ཡིན་པས་དེ་སྐད་

ཅེས་བྱའོ། །ཡང་ན་བདུད་རྩི་ཞེས་བྱ་བ་ནི་ཡི་གེ་སྭཱ་ཧཱའོ། །མཐར་ནི་མཐར་བཞག་པ་སྟེ། དེ་དག་གི་ཐོག་མར་ཨོཾ་གཞག་པར་ཤེས་པར་བྱའོ། །དེས་ནི་ཨོཾ་ཀྵུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སུ་འགྱུར་རོ། །འབུམ་ཕྲག་གཅིག་གིས་དབང་དུ་སྡུད། །ཅེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་
མའི་རྣལ་འབྱོར་དང་ལྡན་པས་སྔགས་འདི་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་སྔ་མ་ལྟར་བཟླས་པས་བསྙེན་པ་བྱས་ལ། དེ་ནས་གང་ཞིག་བསྒྲུབ་པར་བྱ་བའི་བུ་མོ་ཡང་། ཁ་དོག་དམར་པོར་བསམས་ལ་ཡེ་ཤེས་མཁའ་འགྲོའི་རྣལ་འབྱོར་པས་བསྒྲུབ་བྱ་བསྒྲུབ་པའི་དུས་སུ།
ཨོཾ་ཀྵུཾ་ཆེ་གེ་མོ་ཝ་ཤ་མ་ནཱ་ཡ་སྭཱ་ཧཱ་ཞེས་མིང་དང་སྤེལ་བར་བཟླས་ན་གདོན་མི་ཟ་བར་དབང་དུ་འགྱུར་རོ་ཞེས་བྱ་བའོ། །ས་བོན་ཀྲྀཾ་གི་སྦྱོར་བ་གཞན་བསྟན་པའི་ཕྱིར། བུ་མོ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་བསམས་པ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེས་པ་གང་ཞིག་བསྒོམ་
པར་བྱ་བར་འདོད་ན་རང་གི་སྐྱེ་གནས་སུ་ཡི་གེ་ཀྲྀཾ་དམར་པོ་བསྒོམ་ཞིང་སྐྱེས་པའི་སྙིང་གར་ཡང་ཡི་གེ་ཀྲྀཾ་གི་ས་བོན་བསྒོམས་ནས་ས་བོན་དེ་ཉིད་འབུམ་ཕྲག་གཅིག་ཏུ་བསྙེན་པ་བྱས་ནས་མིང་དང་སྤེལ་བར་བཟླས་ན་གདོན་མི་ཟ་བར་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཞན་
བསྟན་པའི་ཕྱིར་སྔོན་གྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བསྟན་བཞིན་དུ་སྟོང་པ་ཉིད། །ཐམས་ཅད་བདག་ཉིད་བསམས་ནས་སུ། །ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམ་པའི་མཐར་བདག་ཉིད་ཡེ་ཤེས་མཁའ་འགྲོ་མ་མདོག་སེར་མོར་བསྒོམས་ནས་འབྱུང་བ་རྣམས་བསྒོམ་
མོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་རྩི་ཞེས་བྱ་བ་ནི་ཡི་གེ་སའོ། །ཀུན་རིག་ཕྱི་མོ་ཞེས་བྱ་བ་ནི་ཡི་གེ་ཨོཾ་མོ། །བཅས་ཞེས་བྱ་བ་ནི་སྦྱོར་བ་སྟེ་སྦྱོར་བས་སོ་ཞེས་བྱ་བར་འགྱུར་རོ། །འོད་ཟེར་སྣ་ཚོགས་
རྣམ་པར་འཕྲོ། །ཞེས་བྱ་བ་ནི་འོད་ཀྱིས་འཁྲུགས་པའོ། །འདིར་མན་ངག་ནི་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་ལ་གནས་ནས་སྔགས་འདི་བསྙེན་པ་འབུམ་དུ་བྱ་སྟེ། སྒྲུབ་པའི་དུས་སུ་བསྒྲུབ་པར་བྱ་བའི་ལྟེ་བའི་འོག་ཏུ་ཟླ་བའི་དཀྱིལ་འཁོར་སེར་པོ་ལ་ཡི་གེ་སོཾ་དམར་

དམར་པོ་བསྒོམས་ཏེ། སྐྱེ་གནས་ཀྱི་ནང་དུ་ཡང་ཡི་གེ་ཀྲྀཾ་བསྒོམས་ན་འཛག་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ནོར་བུ་དགུག་པའི་སྦྱོར་བ་གསུངས་པ། ཁ་དོག་ཅེས་བྱ་བ་ལ་སོགས་པ་ལ། ཁ་དོག་ཅེས་བྱ་བ་ནི་ཁ་དོག་དམར་པོའོ། །སེར་པོ་ཞེས་བྱ་བ་
ནི་ཁ་དོག་སེར་པོའོ། །ཐམས་ཅད་རང་གི་དབུགས་ཀྱིས་དགུག །ཅེས་བྱ་བ་ནི་རང་གི་དབུགས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས་དགུག་པའོ། །འདིར་ཡང་མན་ངག་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་སོཾ་སེར་པོ་བསྒོམས་ལ། དགུག་པར་བྱ་བ་རིན་པོ་ཆེ་
ལ་སོགས་པ་ནི། ཡི་གེ་སོཾ་དམར་པོའི་གཟུགས་སུ་བསམས་ནས་རང་གི་དབུགས་ལས་བྱུང་བའི་ས་བོན་སོཾ་གི་འོད་ཟེར་གྱི་ལྕགས་ཀྱུས་དགུག་པ་འདི་ཡིན་ནོ། །སྦྱོར་བ་གཞན་བསྟན་པའི་ཕྱིར། སྒྲུབ་པ་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་པོ་ཞེས་བྱ་བ་ནི་བསྒྲུབ་
བྱའོ། །ལུས་ལ་ཞེས་བྱ་བ་ནི་སྙིང་གར་རོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །རླུང་གི་ས་བོན་གྱིས་བསྐོར་བའི། །ཞེས་བྱ་བ་ལ་སོགས་པའི་དོན་ནི་བསྒྲུབ་བྱ་ཁ་དོག་དམར་པོར་བསམས་ལ་དེའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ། ཡི་གེ་ཡུཾ་གིས་བསྐོར་བའི་ས་
བོན་ཀྲྀཾ་དམར་པོར་སེམས་ཀྱི་རང་བཞིན་བསྒོམ་མོ་ཞེས་བྱ་བ་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པའི་དོན་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཕྱག་གཡོན་ན་ལྕགས་ཀྱུ་བསྣམས་
ཤིང་། གཡས་པས་སྡིགས་མཛུབ་ཀྱི་རྩེ་མོར་ཉི་མ་ལ་གནས་པའི་ས་བོན་ཀྲྀཾ་དང་ལྡན་པར་སྤྲུལ་ལ། གཡོན་པའི་ལྕགས་ཀྱུས་བསྒྲུབ་བྱའི་མགྲིན་པ་ནས་བཟུང་སྟེ། ས་བོན་ཀྲྀཾ་དང་ལྡན་པའི་སྡིགས་མཛུབ་བསྐྱོད་པས་བསྒྲུབ་བྱའི་སྙིང་གར་གནས་པའི་ཀྲྀཾ་བསྐྱོད་པར་བསམས་
ལ། ཨོཾ་ཀྵུཾ་ཆེ་གེ་མོའི་མ་ན་ཨཱ་ཀཱཪྵ་ཡ་སྭཱ་ཧཱ་ཞེས་བཟླས་པར་བྱ་བ་འདི་ཡིན་ནོ། །ཡི་གེ་གཉིས་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ལྟར་བསྒོམ་ཞིང་བཟླས་ནས་སུ། །ཞེས་བྱ་བ་ལ། བསྒོམ་པ་ཞེས་བྱ་བ་ནི་བསྒྲུབ་བྱ་བསྒྲུབ་པའི་དུས་སུ་སྔར་བཤད་པ་ལྟར་ཡི་

གེ་ཀྲྀ་བསྒོམ་པའོ། །བཟླས་པ་ནི་ཡི་གེ་ཀྵུཾ་ངོ་། །སོར་མོ་ཡང་ནི་བསྐྱོད་བྱས་ན། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །བསྒྲུབ་བྱའི་ཡིད་ནི་བསྐྱོད་འགྱུར་བ། །ཞེས་བྱ་བ་ནི་ཡིད་འགུགས་པར་འགྱུར་བའོ། །འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་སྔོན་དུ་བསྙེན་
པའི་དུས་སུ་ས་བོན་ཀྲྀཾ་དང་ཀྵུཾ་གཉི་ག་འབུམ་ཕྲག་རེ་རེ་བཟླས་པས་འགྲུབ་པར་འགྱུར་བའི་དོན་ཏོ། །གཞན་བསྒྲུབ་པའི་དུས་སུ་ནི་ས་བོན་ཀྵུཾ་བཟླ་བར་བྱ་སྟེ། དེ་ཡང་གྲངས་ཀྱི་ངེས་པ་ནི་ཡོད་པ་མ་ཡིན་ནོ། །ད་ནི་རྒྱས་པའི་དབང་དུ་བྱས་ནས་གསུངས་པ། འཁོར་ལོ་ཞེས་བྱ་
བ་ལ་སོགས་པ་ལ། འདབ་མ་བརྒྱད་པ་ཞེས་བྱ་བ་ནི། རྩིབས་བརྒྱད་པ་སྟེ་མུ་ཁྱུད་དང་བཅས་པའོ། །མུ་ཁྱུད་ལ་དབྱངས་ཀྱི་ཡི་གེས་བསྐོར་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་དབྱངས་ཀྱི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡེ་ཚན་ལྔ་པ་གང་ཡིན་པའི། །ཡི་གེ་གསུམ་
པ་བཟུང་ནས་སུ། །ཞེས་བྱ་བ་ནི་ཡི་གེ་པ་བཟུང་བའོ། །ཨི་དང་རེ་ཕ་སྦྱར་ནས་ནི། །ཞེས་བྱ་བ་ནི་བརྡ་ཕྲད་པར་ཟད་དོ། །མན་ངག་གིས་ནི་ཐིག་ལ་ཡང་གཟུང་བར་བྱ་སྟེ། བསྡུས་པས་བྲི་ཞེས་བྱ་བར་འགྱུར་རོ། །འབད་པས་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི། རེའུ་
མིག་དབུས་མ་ལ་བྲི་བའོ། །ཅི་ཞིག་ཅེ་ན། ཡེ་ཤེས་ཅན་གྱི་ས་བོན་འདི། །ཞེས་བྱ་བ་སྨོས་ཏེ། ས་བོན་འདི་ཞེས་བྱ་བ་ནི་ཡི་གེ་བྲིཾ་ངོ་། །ཡེ་ཤེས་ཅན་ནི་ཡེ་ཤེས་དང་ལྡན་པའོ། །སྒྲའི་བདུན་པ་དང་སྦྱར་ལ། །ཞེས་བྱ་བ་ལ་སྒྲའི་བདུན་པ་ནི་ཡི་གེ་རིའོ། །སྦྱར་བ་ནི་
ལྡན་པ་སྟེ། སྡེ་ཚན་ལྔ་པ་གང་ཡིན་པའི་ཡི་གེ་གསུམ་པ་བཟུང་ནས་སུ་ཞེས་བྱ་བ་དང་སྦྱར་རོ། །མན་ངག་གིས་ནི་ཐིག་ལེ་ཡང་གཟུང་བར་བྱ་སྟེ། དེས་ནི་བྲིཾ་ཞེས་བྱ་བར་འགྱུར་རོ། །འདབ་མ་རྣམས་ལ་དེ་ཉིད་དེ། །ཞེས་བྱ་བ་ནི། ཕྱོགས་མཚམས་ཀྱི་འདབ་མ་རྣམས་
ལ་ཡང་བྲིཾ་ཞེས་བྱ་བ་དེ་ཉིད་བྲི་བ་སྟེ། འཁོར་ལོའི་རྩིབས་རྣམས་ལ་སྒྲའི་བདུན་པ་དང་སྦྱར་བར་བྲིཾ་བྲིའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། །འདབ་མར་འདི་ཉིད་གཞག་པར་བྱ། །ཞེས་བྱ་བ་སྨོས་སོ། །ཁ་ཅིག་ན་རེ་སྒྲའི་བདུན་པ་ཞེས་བྱ་བ་ནི་ཡི་གེ་

ཨེ་ལ་བྱ་སྟེ། དེས་ནི་བྲིཾ་ཞེས་བྱ་བར་འགྱུར། །ཞེས་ཟེར་རོ། །གསེར་གྱི་མདོག་ཏུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་འཁོར་ལོའི་ཁ་དོག་གོ། །ཇི་ལྟར་བསྒོམ་ཞེ་ན། སྔར་བསྟན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བསྟན་བཞིན་དུ་མཁས་པས་
བསྒོམ། །ཞེས་བྱ་བ་འདི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དེ་འོག་ལྷ་མོ་ནོར་རྒྱུན་གྱི། །གཟུགས་སུ་བདག་ཉིད་བསྐྱེད་པར་བྱ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཐར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་བྲིཾ་ལས་བྱུང་བའི་འབྲས་ཀྱི་སྙེ་མ་ས་བོན་བྲིཾ་གྱིས་མཚན་པ་
ཡོངས་སུ་གྱུར་པ་ལས་བྱུང་བའི་ལྷ་མོ་ནོར་རྒྱུན་མ་མདོག་སེར་མོ་ཕྱག་གཉིས་པར་བསྒོམ་པའོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། །གཟུགས་མཛེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱན་ཐམས་ཅད་ཀྱིས་བཀླུབས་ཤིང་། རིན་པོ་ཆེའི་ཅོད་པན་ལ་རྡོ་རྗེ་སེམས་དཔས་མཚན་
པ་ཕྱག་གཡས་པས་སྐྱེ་བོ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། གཡོན་པས་འབྲས་ཀྱི་སྙེ་མ་བསྣམས་ནས་ནོར་དང་འབྲུའི་ཆར་འབེབས་པའི་སྐུར་བསྒོམས་ལ། དེའི་ཐུགས་ཀར་སྔར་བསྟན་པའི་འཁོར་ལོ་བསྒོམ་པར་བྱའོ། །བསྒོམས་པས་དུབ་ན་སྔགས་བཟླས་པ་
བསྟན་པའི་ཕྱིར། དབུས་སུ་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབུས་སུ་བསྟན་པའི་ས་བོན་ནི་ཡི་གེ་བྲིཾ་ངོ་། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྡུས་པས་ཨོཾ་བྲིཾ་སྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །སྦྱོར་བ་
གཞན་བསྟན་པའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ལའོ། །ཅི་ཞིག་ཅེ་ན། རྣམ་གཞག་ཐམས་ཅད་ཅེས་བྱ་བ་ས་བོན་ཐམས་ཅད་གཞག་པའི་འཁོར་ལོའོ། །བྱེ་བྲག་གཞན་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གཞན་ཏེ་
བཤད་པར་བྱ་ཞེས་བྱ་བར་བལྟའོ། །བདག་ཉིད་སྔོན་གྱི་མཚན་ཉིད་ཀྱིས། །སྟོང་པའི་དེ་ཉིད་བསྒོམས་ནས་སུ། །ཞེས་བྱ་བ་ནི་དང་པོར་སྟོང་པའི་དེ་ཁོ་ན་ཉིད་བསྒོམས་ནས་ཡེ་ཤེས་མཁའ་འགྲོའི་བདག་ཉིད་དུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཉི་མའི་དཀྱིལ་འཁོར་དབུས་

གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི། ལྷ་མོའི་ཐུགས་ཀར་པདྨའི་སྟེང་འཁོར་ལོའི་གཞི་ཉི་མ་དང་ཟླ་བ་བསྒོམ་པའོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ནི། འདབ་མ་བརྒྱད་པའི་འཁོར་ལོ་བསམ། །ཞེས་བྱ་བ་དང་འབྲེལ་ཏོ། །
ཡེ་ཤེས་རྣམ་ཤེས་དངོས་པོ་བསྒོམ། །ཞེས་བྱ་བ་ནི། ཡི་གེ་ཧཱུཾ་བསྒོམ་པའོ། །གང་དུ་ཞེ་ན། དབུས་སུ་ཞེས་བྱ་བ་སྨོས་ཏེ། འཁོར་ལོའི་ལྟེ་བ་ལའོ། །ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྩིབས་རྣམས་ལ་དགོད་པ་གསུངས་པ། ཕྱོགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ།
ཕྱོགས་ཀྱི་འདབ་མ་ནི་ཕྱོགས་ཀྱི་རྩིབས་རྣམས་སོ། །བདུད་རྩི་ཞེས་བྱ་བ་ནི་སའོ། །གུག་སྐྱེད་ཀུན་ཞེས་བྱ་བ་ནི་ཨོཾ་སྟེ་སྦྱར་བས་ན་སོཾ་ཞེས་བྱ་བར་འགྱུར་རོ། །དེས་ནི་ཤར་ལ་སོགས་པའི་རྩིབས་བཞིར་ས་བོན་སོཾ་ཞེས་བྱ་བ་བྲི་བར་སྟོན་ཏེ། གཡོན་སྐོར་དུ་སྦྱར་བར་བྱའོ། །མཚམས་
ཀྱི་འདབ་མ་བཞི་ལ་ཡང་། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །ཞེས་བྱ་བ་ནི་མཚམས་ཀྱི་རྩིབས་བཞི་ལ་ཧཱུཾ་ཞེས་བྱ་བའི་ས་བོན་བཞི་གཡས་སྐོར་དུ་བསྒོམ་པའོ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ཞེས་བྱ་བ་ནི། རང་གི་ལུས་ལ་བསྒོམ་པར་བྱ། །ཞེས་བྱ་བ་དང་
འབྲེལ་ཏེ། རང་གི་ལུས་ཀྱི་སྙིང་གར་ཟླ་བ་ལ་གནས་པའི་འཁོར་ལོ་དེ་ལྟ་བུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །འོད་ཟེར་སྣ་ཚོགས་འབར་བ་ཅན། །རིན་ཆེན་བདུན་གྱིས་མཛེས་པ་སྟེ། །ཞེས་བྱ་བ་ནི་དེ་ནས་འཁོར་ལོ་ལས་འཕྲོས་པའི་འོད་ཀྱིས་འགྲོ་བ་ཐམས་ཅད་གླང་པོ་རིན་པོ་ཆེ་ལ་སོགས་
པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་བྱས་ལ། སླར་བསྡུས་ཏེ་རང་གི་ལུས་ལ་བཅུག་ནས་ཡང་དེ་ཉིད་གོམས་པར་བསྒོམ་པའོ། །གང་འདོད་ཡིད་ནི་རྟོགས་བྱའི་ཕྱིར། །དེ་ཡི་འོད་ཟེར་སྦྱར་བར་བྱ། །ཞེས་བྱ་བ་ནི་འོག་ནས་བཤད་པར་བྱའོ། །རང་གི་ལུས་ལ་ཇི་ལྟར་བསྒོམ་ཞེ་ན།
འཇིགས་པ་མེད་ཅིང་འཆི་མེད་པར། །དངོས་པོས་དངོས་པོ་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། འཇིགས་པ་ལ་སོགས་པ་དང་བྲལ་བའི་གནས་སུ་སྟོང་པ་ཉིད་ཀྱི་དངོས་པོས་འཁོར་ལོ་དང་བཅས་པའི་ལྷའི་དངོས་པོ་གོམས་པར་བསྒོམ་པའོ། །ཡང་ན་འཇིགས་པ་དང་འཚེ་བ་ནི་

བྱིང་བ་དང་རྒོད་པ་སྟེ། དེ་དང་བྲལ་བར་གྱུར་པའི་བར་དུ་བསྒོམ་པའོ། །རྨུགས་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་དག་གིས་ནི་བདག་དང་གཞན་གྱི་དོན་བསྟན་ཏོ། །ད་ནི། གང་འདོད་ཡིད་ནི་རྟོགས་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་བཤད་
པའི་ཕྱིར། མཉམ་གཞག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་འཁོར་ལོ་ཤིན་ཏུ་གོམས་པར་བསྒོམས་ནས་འཁོར་ལོ་ལས་འོད་ཟེར་དཀར་པོ་སྤྲོས་ཏེ། ཕྱོགས་བཅུར་ཁྱབ་ནས་གང་གི་ཡིད་རྟོགས་པར་འདོད་པ་དེའི་ཡེ་ཤེས་བཀུག་སྟེ། རང་གི་སེམས་ཏེ་ཡི་གེ་ཧཱུཾ་ལ་བཙུད་
ནས་བལྟས་ན་དེའི་སེམས་ཤེས་པར་འགྱུར་རོ། །སེམས་ནི་མཉམ་པར་བཅིངས་ནས་སུ། །ཞེས་བྱ་བ་ནི་ཡང་འཁོར་ལོ་དེ་ཉིད་དེ་ཁོ་ན་ཉིད་ཤེས་པས་གོམས་པར་བསྒོམས་པ་ལས་འཁོར་བའི་ཕ་རོལ་དུ་བརྒལ་ཞིང་ཐར་པ་ཐོབ་པར་འགྱུར་ཞེས་སྟོན་ཏོ། །སྦྱོར་བ་གཞན་
བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ས་བོན་གྱིས་སྤྲུལ་པ། །ཞེས་བྱ་བ་ནི། འཕགས་པ་རྣམ་པར་སྣང་མཛད་གཙོ། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་ཡེ་ཤེས་ནི་རང་གི་སེམས་ཀྱི་ས་བོན་ཙམ་ལས་སྐད་ཅིག་གིས་བསྐྱེད་
དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡེ་ཤེས་ས་བོན་ནི་ཨ་སྟེ་དེ་ལས་བསྐྱེད་པའོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། པདྨའི་སྟན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱག་གཉིས་ཕྱག་རྒྱ་ཆེ་བཅིངས་ནས། །སྙིང་གའི་ཕྱོགས་སུ་འཆིང་བར་མཛད། །ཅེས་བྱ་བ་ནི། ཕྱག་
གཉིས་ཕན་ཚུན་བསྣོལ་ནས་སྙིང་གར་ལྷ་མོ་ལ་འཁྱུད་པའི་ཚུལ་དུ་བྱེད་པའོ། །ཁ་ཅིག་ནི་དངོས་སུ་ལྷ་མོ་དང་བཅས་པའོ་ཞེས་ཟེར་རོ། །སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ། །ཞེས་བྱ་བ་ནི་རང་གི་སྐུ་ལས་སངས་རྒྱས་རྣམ་པ་ལྔ་འཕྲོ་བར་བསྒོམ་པའོ། །དེ་ཅི་ཞིག་མཛད་ཅེ་ན། སྤྲོ་
བ་སྣ་ཚོགས་མི་ཟད་པས། །སེམས་ཅན་ཁམས་ནི་སྒྲོལ་བར་མཛད། །ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ན། སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བའི་བྱ་བ་མཛད་པའོ། །མི་ཟད་པ་ཞེས་བྱ་བ་ནི་འོད་ཟེར་དེ། སྡུག་བསྔལ་གྱི་ཚོགས་སྲེག་པ་ལ་

འཇེབས་པས་སོ། །དེས་ཅིར་འགྱུར་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་ཤེས་རབ་བོ། །འགྲོ་བ་སྒྲོལ་བ་ནི་དེའི་མཐུ་སྟེ་དེ་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིའི་སྔགས་བཏུ་བ་གསུངས་པ། དབྱངས་
ཡིག་དང་པོ་མཆོག་ས་བོན། །ཞེས་བྱ་བ་ལ་སོགས་པ་སྟེ། དབྱངས་ཡིག་དང་པོ་ནི་ཨའོ། །དེ་ཉིད་ནི་ས་བོན་གྱི་མཆོག་སྟེ་ཡིག་འབྲུའི་དམ་པའོ། །མཐའ་རུ་ཚེག་དྲག་སྦྱར་བར་བྱ། །ཞེས་བྱ་བ་ནི་གློ་རུ་ཚིག་གཉིས་གཞག་པའོ། །ཕྱག་འཚལ་སྲེག་པའི་མཐའ་དང་
ལྡན། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །བསྡུས་པས་ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བར་འགྱུར་རོ། །ས་བོན་འདི་ནི་ཞེས་བྱ་བ་ནི་ས་བོན་འདི་ལས་བཅོམ་ལྡན་འདས་བསྐྱེད་དོ་ཞེས་དགོངས་སོ། །མཉམ་པར་གཞག་པའི་རྣལ་འབྱོར་པས་བསྒོམ་པ་དང་བཟླས་པ་བྱས་ན་འགྲུབ་པོ་སྙམ་དུ་
དགོངས་སོ། །སྦྱོར་བའི་གདན་ཞེས་བྱ་བ་ལ་སོགས་པ་ལ། གཞུང་འདིས་བསྲུང་བ་དང་ཤེས་རབ་ཀྱི་འཁོར་ལོ་ལ་སོགས་པར་རབ་ཏུ་གསལ་བར་བྱེད་པས་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་སྦྱོར་བའི་གདན་གྱི་རིམ་པར་ཕྱེ་བ་
གཉིས་པའོ།། །།ད་ནི་དབབ་པ་ལ་སོགས་པའི་རིམ་པར་ཕྱེ་བ་བསྟན་པའི་ཕྱིར། བྱིན་རླབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིན་རླབས་ཞེས་བྱ་བ་ནི་དབབ་པའོ། །སྦྱོར་བའི་ངོ་བོ་དག་ཅེས་བྱ་བ་ནི་དབབ་པའི་སྦྱོར་བ་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླང་ཞིང་
བསྒོམ་པའོ། །ཅི་འདྲ་ཞེ་ན། གང་གིས་སེམས་ཅན་རྣམས་ལ་བསྟན། །ཞེས་བྱ་བ་སྨོས་ཏེ། དབབ་པ་གང་ཞིག་སྔོན་དུ་འགྲོ་བས་སེམས་ཅན་རྣམས་ལ་ཆོས་བསྟན་པའོ། །ཡང་ན་དཪྴ་ན་ནི་བལྟ་བ་སྟེ། བྱིན་གྱིས་བརླབ་པའི་སྦྱོར་བ་གང་ཞིག་གིས་སེམས་ཅན་ལ་
བལྟས་ན་ཡེ་ཤེས་དབབ་པར་འགྱུར་བའོ། །རིམ་པ་ཞེས་བྱ་བ་ནི་དབབ་པའི་ཆོ་ག་སྟེ་ཞེས་བྱ་བའི་རིམ་པའོ། །ལན་གསུངས་པ། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྨོངས་པ་གསོ་བའི་ཕྱིར། །ཞེས་བྱ་བ་ནི། རྨོངས་པའི་འདམ་དུ་བྱིང་བའི་སེམས་

ཅན་རྣམས་ཀྱི་ཉོན་མོངས་པའི་ནད་གསོ་བའི་ཕྱིར་ཏེ། འདི་ལྟར་གསལ་སྣང་དབབ་པ་ལས་ནི་དད་པ་སྐྱེ་བར་འགྱུར་རོ། །དད་པ་ལས་ནི་ལྷའི་ཏིང་ངེ་འཛིན་བསྒོམ་མོ། །བསྒོམས་པས་མི་ཤེས་པ་འབྱང་ངོ་། །དེས་ཉོན་མོངས་པའི་ནད་སོས་པར་འགྱུར་ཏེ།
དེའི་ཕྱིར་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །ཅི་ཞིག་ཅེ་ན། ཡང་དག་འཁོར་བ་སྒྲོལ་བ་ཡི། །དེ་ཉིད་ཅེས་བྱ་བ་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་གསལ་སྣང་དབབ་པའི་དེ་ཁོ་ན་ཉིད་ཀྱི་ལམ་གང་གིས་སྔར་སྨོས་པའི་ཚུལ་གྱིས་ན་འཁོར་བ་ལས་གྲོལ་བར་འགྱུར་བའོ། །བྱིན་གྱིས་
བརླབས་ཏེ་ཆོས་བསྟན་པ། །ཞེས་བྱ་བ་ནི་སྣོད་ཀྱི་བྱེ་བྲག་བཞིན་ཆོས་བསྟན་པའི་ཡན་ལག་གོ། །ཆོས་བསྟན་པའི་ཕྱིར་སྙིང་གར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་གར་ཟླ་བ་བསམས་ནས་སུ། །ཞེས་བྱ་བ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམ་པའོ། །
ཧཱུཾ་གི་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེས་ཅིར་འགྱུར་ཞེ་ན། འོད་ཟེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། ཞེས་བྱ་བ་ནི་བསྲེགས་ནས་སུ། །སྔོན་བཞིན་མཚན་ཉིད་ལྡན་པ་ཡི། །དང་པོ་སྟོང་པ་ཉིད་དུ་བྱ་བ་དང་
འབྲེལ་ཏེ། ཧཱུཾ་གི་མེ་ལྕེས་ཐམས་ཅད་བསྲེགས་ནས་ནམ་མཁའ་ལྟར་སྟོང་པར་བསྒོམ་པའོ། །མེ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་བྱའི་སྙིང་གར་ཡང་མེའི་དཀྱིལ་འཁོར་གྲུ་གསུམ་པ། དབུས་སུ་རཾ་གྱིས་མཚན་པ་བསྒོམ་པའོ། །དེས་ཅི་ཞིག་བྱ་
ཞེ་ན། གནས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སླར་ཡང་བསྒྲུབ་བྱའི་ཡན་ལག་དང་ཉིང་ལག་ཐམས་ཅད་དོ། །བསྲེགས་པ་ཞེས་བྱ་བ་ནི་ཐལ་བ་ཙམ་མ་ལུས་པར་བསྲེགས་པའོ། །མེ་ཡི་དཀྱིལ་འཁོར་དབུས་གནས་པའི། །སངས་
རྒྱས་ལྔ་ནི་བསམ་པར་བྱ། །ཞེས་བྱ་བ་ནི་སླར་ཡང་བསྒྲུབ་བྱའི་སྙིང་གར་མེ་དང་། པདྨ་དང་ཉི་མའི་དབུས་སུ་ས་བོན་ཧཱུཾ་བསྒོམ་པའོ། །ས་བོན་དེ་ཉིད་གསུངས་པ། དབྱུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་ཟིན་ཏོ། །ས་བོན་དེ་ནི་ཞེས་བྱ་བ་ནི་ས་བོན་ཧཱུཾ་དེ་ཉིད་དོ། །དེ་

དག་ཀྱང་ཇི་ལྟར་བསྒོམ་ཞེ་ན། དང་པོར་བདག་ཉིད་བསྒྲུབ་པ་བསྟན་པའི་ཕྱིར། པདྨ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་མཁའ་འགྲོའི་རང་བཞིན་དུ། །ཞེས་བྱ་བ་ནི་བདག་ཉིད་བསྒོམ་མོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། ཡེ་ཤེས་ཀྱི་སྤྲུལ་པ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་
ཀྱི་ས་བོན་ཧཱུཾ་གིས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་རྡོ་རྗེ་ཅོད་པན་ལ། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཅོད་པན་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ལ། སངས་རྒྱས་ལྔ་ཡིས་མཚན་པ་སྟེ། དེ་ལ་ཤར་དུ་
ནི་རྣམ་པར་སྣང་མཛད། བྱང་དུ་ནི་རིན་ཆེན་འབྱུང་ལྡན། ནུབ་ཏུ་ནི་སྣང་བ་མཐའ་ཡས། ལྷོར་ནི་དོན་ཡོད་གྲུབ་པ། དབུས་སུ་ནི་མི་བསྐྱོད་པའོ། །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །ཅེས་བྱ་བ་ནི་ཕྱག་གཡས་ན་ཁ་ཊྭཱཾ་ག་བསྒྲེང་བའོ། །གཡོན་ན་ཐོད་པ་བསྣམས་པའོ། །དབུགས་མི་གཡོ་བར་
བསྒོམ་པར་བྱ། །ཞེས་བྱ་བ་ནི་ཇི་སྲིད་དུ་སེམས་བརྟན་པར་གྱུར་པའི་བར་དུ་བསྒོམ་པའོ། །བསྙེན་པ་བྱ་བ་ལ་སོགས་པའི་སྔགས་བཏུ་བ་བསྟན་པའི་ཕྱིར། སྡེ་ཚན་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ནི་སྔར་བཤད་ཟིན་ཏོ། །བསྡུས་པས། ཨོཾ་ཨཱཿ་སྭཱ་ཧཱ་ཞེས་བྱ་བར་འགྱུར་
རོ། །འབུམ་ཕྲག་གསུམ་ནི་བཟླས་ནས་སུ། །ཞེས་བྱ་བ་ནི་སྔར་བསྙེན་པའོ། །གཉིས་མེད་གཏོར་མའི་ལས་ཀྱིས་ནི། །དེ་ཡི་འོག་ཏུ་ལས་རྣམས་བྱ། །ཞེས་བྱ་བ་ལ་དེའི་འོག་ཏུ་ཞེས་བྱ་བ་ནི་བསྙེན་པ་ཟིན་པའི་འོག་ཏུའོ། །ལས་རྣམས་ཞེས་བྱ་བ་ནི་སྔར་སྨོས་པའི་དབབ་པའི་ཆོ་ག་
རྣམས་སོ། །བྱ་བ་ནི་དབབ་པར་ཉམས་སུ་བླང་བར་བྱ་བ་སྟེ། དེ་དག་གི་ནི་འདི་སྐད་དུ་བསྙེན་པ་བྱས་པའི་རྗེས་ལ་རང་གི་སྙིང་གར་བསྒོམས་པའི་ཧཱུཾ་གི་མེ་ལྕེས་ཆོས་ཐམས་ཅད་བསྲེགས་ཏེ། སྟོང་པ་ཉིད་དུ་བསྒོམས་པའི་མཐར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གིས་བདག་ཉིད་ཡེ་ཤེས་མཁའ་
འགྲོ་མ་ཇི་སྐད་སྨོས་པ་ལྟ་བུར་བསྐྱེད་ལ། དེའི་སྙིང་གར་ཡང་ཟླ་བ་ལ་གནས་པའི་ས་བོན་ཧཱུཾ་བསྒོམ་མོ། །དེ་ནས་བསྒྲུབ་པར་བྱ་བའི་སྙིང་གར་རཾ་གྱིས་མཚན་པའི་མེའི་དཀྱིལ་འཁོར་བསམས་ནས་དེས་ལུས་ཐམས་ཅད་ཐལ་བ་ཙམ་མ་ལུས་པར་བསྲེགས་ཏེ། ཐལ་བའི་ཕུང་པོ་ལས་ཧཱུཾ་གི་

སྦྱོར་བས་བླངས་ལ་དེའི་སྙིང་གར་མེའི་དཀྱིལ་འཁོར་ལ་གནས་པའི་པདྨ་དང་ཉི་མའི་སྟེང་དུ། སངས་རྒྱས་ལྔའི་སྙིང་པོ་ཧཱུཾ་བསམས་ནས་མཁའ་འགྲོ་མ་རྣམས་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་ཡུངས་ཀར་ལ་ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བའི་སྔགས་འདི་ཉིད་
ཡོངས་སུ་བཟླས་ཏེ། བསྒྲུབ་པར་བྱ་བ་ལ་བསྣུན་ན་གསལ་སྣང་འབེབས་པར་འགྱུར་རོ་ཞེས་སྟོན་ཏོ། །ཆོ་ག་ལྷག་མ་བསྟན་པའི་ཕྱིར། །བདུད་རྩི་ལྔ་དང་ལྡན་པ་ལ། །ཞེས་བྱ་བ་སྨོས་ཏེ། བདུད་རྩི་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ཆང་ངོ་། །བརྒྱད་བརྒྱ་རུ་ནི་བཟླས་ནས་སུ། །
ཞེས་བྱ་བ་ནི་སྔགས་སྔ་མ་ཉིད་བརྒྱ་རྩ་བརྒྱད་བཟླས་པ་སྟེ། བརྒྱད་ལྷག་པའི་བརྒྱ་ནི་བརྒྱད་བརྒྱའོ། །ཆོ་གར་ལྡན་པ་ཞེས་བྱ་བ་ནི་འདས་མ་ཐག་པའི་ཆོ་ག་རྣམས་བྱས་ནས་སོ། །སྦྱིན་པ་ནི་བླུད་པའོ། །བབས་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་གླུ་ཞེས་བྱ་
བ་ནི། རོལ་ཅིག་རོལ་ཅིག་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཁྱོད་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་བོད་པའོ། །རོལ་ཅིག་ཅེས་བྱ་བ་ནི་རོལ་པར་མཛོད་ཅིག་པའོ། །ཤིན་ཏུ་དགའ་བའི་ཕྱིར་ལན་གཉིས་སྨོས་པའོ། །ཅི་ལ་གནས་ཤེ་ན། ཐམས་ཅད་ཀུན་ནས་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་ཆོས་རྣམས་སོ། །ཀུན་ནས་ནི་རྣམ་པར་དག་པ་སྟེ། དེ་ལ་རོལ་ཅིག་ཅེས་བྱ་བར་སྦྱར་རོ། །ཁྱོད་ཀྱིས་གསོལ་ཞེས་བྱ་བ་ནི་ཟད་ཅིང་དེངས་པར་མཛད་པའོ། །ཅིས་ཅི་ཞིག་ཅེ་ན། ཞན་དང་དྲག་པོའི་སྦྱོར་བ་ཡིས། །
ཞེས་བྱ་བ་སྨོས་ཏེ། ཞན་པ་ཞེས་བྱ་བ་ནི་སྡིག་པའོ། །དྲག་པོ་ཞེས་བྱ་བ་ནི་བསོད་ནམས་ཏེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་སྡིག་པ་གཉི་ག་གསོལ་ཅིག་པའོ། །སྦྱོར་བས་ཞེས་བྱ་བ་ནི་ཁྱོད་ཀྱི་སྦྱོར་བས་སོ། །དེ་ཉིད་གང་ཞེ་ན། སྐད་ཅིག་འཁོར་ལས་
བདག་མཉམ་བསྒྲལ། །ཞེས་བྱ་བ་སྨོས་ཏེ། མཉམ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་སོ། །སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་ལས་ཏེ། ཚེ་འདི་ཉིད་ལ་སངས་རྒྱས་སུ་འཇུག་པའི་ཕྱིར་རོ། །འཁོར་བ་ལས་བདག་སྒྲོལ་

ཅིག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ལ་བོས་ནས་གསོལ་བ་བཏབ་པའོ། །གླུ་འདི་ཡིས་ནི་གར་བྱེད་དེ། །རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱ། ཞེས་བྱ་བ་ནི། རྡོ་རྗེ་དྲིལ་བུ་དཀྲོལ་བའི་ཚུལ་དང་བཅས་པའི་གླུས་བསྒྲུབ་པར་བྱ་བ་སྔོན་མེད་པའི་གར་ལ་སོགས་པ་ལ་འཇུག་པར་
འགྱུར་བ་སྟེ། གར་ནི་ཉེ་བར་མཚོན་པ་ཙམ་མོ། །ཨོཾ་ཏིཥྛ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་བབས་ཀྱི་འོག་ཏུ་རྣལ་མ་ལ་གཞག་ཅིང་བསྟན་པར་བྱ་བའོ། །འདི་ནི་ཚིམ་བྱ་ཐམས་ཅད་བྱ། །ཞེས་པ་ལ། ཚིམ་བྱ་ཞེས་བྱ་བ་ནི། དེ་ལ་ཆང་བླུད་པར་བྱ་བའོ། །
ཐམས་ཅད་བྱ་ཞེས་བྱ་བ་ནི་སློབ་མ་གདོང་གཡོགས་ཀྱི་དར་གྱིས་བཅིངས་ནས་དཀྱིལ་འཁོར་དང་ཉེ་བར་ཁྲིད་ལ་བཞག་ནས་སྒྲུབ་པ་ཉམས་སུ་བླང་བར་བྱའོ། །དབབ་པ་གཤེགས་སུ་གསོལ་བའི་འོག་ཏུ་དཀྱིལ་འཁོར་བསྟན་པ་གསུངས་པ། རྣལ་འབྱོར་མ་ཀུན་བསྟན་པར་
བྱ། །ཞེས་བྱ་བ་ནི་གདོང་གཡོགས་བཀྲོལ་ནས། རྣལ་འབྱོར་མ་རྣམས་བལྟར་གཞུག་པའོ། དེའི་འོག་ཏུ་ཆོས་བསྟན་པའི་གོ་རིམས་གསུངས་པ། དམན་དང་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་བོར་བ་ལས་སྣོད་རབ་འབྲིང་རྣམ་པ་གསུམ་ཤེས་པར་བྱས་ནས་དེ་
དང་རྗེས་སུ་མཐུན་པའི་ཆོས་ཏེ། སྒྲུབ་པའི་ཐབས་སོ་སོར་བསྟན་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་དག་ནི་དབང་བསྐུར་བའི་ཆོ་ག་ལས་རྒྱས་པར་ཤེས་པར་བྱའོ། །ད་ནི་སྔགས་བཟླས་པ་ཙམ་གྱིས་ཀྱང་དབབ་པ་བསྟན་པའི་ཕྱིར། ཨོཾ་ཡོ་ག་ཨཱ་བེེ་ཤ་ཨཿ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཤིན་ཏུ་མཉམ་གཞག་རྣལ་འབྱོར་པས། །འདི་ཡིས་སྔོན་དུ་བསྙེན་པ་བྱ། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་དུ་མཉམ་པར་བཞག་ནས། སྔགས་འདི་ཡིས་བསྙེན་པ་འབུམ་དུ་བཟླས་སོ་ཞེས་བྱ་བའོ། །དེ་ནས་དབབ་པའི་ཆོ་ག་
གསུངས་པ། གཉིས་མེད་གཏོར་མར་ལྡན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ཡིས་འདིས་གདབ་བྱ། །ཞེས་བྱ་བ་ནི་སྔར་བསྙེན་པ་བྱས་པའི་སྔགས་འདིས་ཡུངས་ཀར་ལ་མངོན་པར་བཟླས་ནས་མཁའ་འགྲོ་མ་རྣམས་ལ་གཏོར་མ་བྱིན་ཏེ་བསྒྲུབ་

པར་བྱ་བ་ལ་བསྣུན་པའོ། །ཇི་ལྟར་ཞེ་ན། ཧཱུཾ་གི་སྒྲ་ནི་འཇིགས་པ་ཡིས། །ཞེས་བྱ་བ་སྨོས་ཏེ། ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་ནས་སོ། །བབས་ནས་སླར་ཡང་གཤེགས་སུ་གསོལ་བ་བསྟན་པའི་ཕྱིར། སྔར་སྨོས་པའི་སྔགས་ཀྱིས་ནི། །བདག་
ཉིད་ཇི་ལྟར་འདོད་བཞིན་བྱེད། །ཅེས་བྱ་བ་སྨོས་ཏེ། སྔར་སྨོས་པའི་སྔགས་ཞེས་བྱ་བ་ནི། ཨོཾ་ཏིཀྵ་ཡོ་ག་ཞེས་བྱ་བ་ལ་སོགས་པའོ། །ད་ནི་བལྟས་པས་དབབ་པ་བསྟན་པའི་ཕྱིར། ཨོཾ་མ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་མ་ན་གྷུ་རུ་གྷུ་རུ་གྷྲི་ཏི་ཙི་ལི་ཙི་ལི་
ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འདི་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་གྱིས་སྔར་བསྙེན་པ་འབུམ་བྱས་ན། ཕྱིས་ལན་ཅིག་བཟླས་པ་ཙམ་གྱིས་ཀྱང་གང་ལ་བལྟས་པ་དེ་ལ་འབེབས་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ་གོ་སླའོ། །མཆོད་ཅིང་གང་ལ་བལྟས་པ་ཡིས། །མཐོང་བས་ཕབ་སྟེ་གར་བྱེད་དོ། །ཞེས་བྱ་བ་ནི། ཚོགས་སྤྱོད་ཀྱི་བཟའ་བཅའ་ལ་ལོངས་སྤྱོད་པའི་དུས་སུ་གང་ལ་བལྟས་པ་དེ་ཕབ་ནས་གར་བྱེད་པར་འགྱུར་བའོ། །འདིར་ཡང་དགྲོལ་བ་ནི་སྔགས་སྔ་མ་དང་སྦྱར་རོ། །སྦྱོར་
བ་གཞན་བསྟན་པའི་ཕྱིར། ཨོཾ་བེ་ཏཱ་ལཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་གྱིས་བསྙེན་པ་སྔར་སྨོས་པ་ལྟར་བྱའོ། །སྒྲུབ་པ་གསུངས་པ། ཐལ་བར་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གིས་ནི་ཇི་ལྟར་གྲགས་པའི་
ཐལ་བ་ལ། སྔགས་སྔ་མ་ཉིད་ལན་བདུན་མངོན་པར་བསྔགས་ཏེ། རོ་ལ་སོགས་པ་གང་ཡང་རུང་བ་ལ་གཏོར་ན་དེ་ཉིད་ཞག་བདུན་གྱི་བར་དུ་སྤྱང་ཀི་ལ་སོགས་པ་ཅིས་ཀྱང་ཟ་བར་མི་འགྱུར་རོ་ཞེས་བྱ་བ་སྟོན་ཏོ། །སྦྱོར་བ་གཞན་གསུངས་པ། ཨོཾ་ཕུ་རུ་ཕུ་རུ་མན་ཏྲེ་ཛ་
ཧཱུཾ་ཕུཿཕཊ། ཅེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་བསྙེན་པ་ནི་སྔར་བཤད་པ་ལྟར་བྱའོ། །སྒྲུབ་པ་གསུངས་པ། སྐུད་པ་དམར་ལ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གི་དོན་ཡང་སྐུད་པ་དམར་པོ་ལ་སྔགས་སྔ་མ་ཉིད་བརྒྱད་བརྒྱ་བཟླས་ཏེ། གང་གི་མགྲིན་པར་

བཅིངས་པ་དེ་ཅེ་སྤྱང་དུ་གྱུར་ནས་འཁྱམས་པར་འགྱུར་བ་ཡིན་ནོ། །སླར་བྲལ་བ་གསུངས་པ། སྐུད་པ་དང་ནི་བྲལ་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སྔར་བསྟན་པའི་ཡེ་ཤེས་མཁའ་འགྲོ་མའི་སྔགས་སྐུར་བསྒོམས་ནས་བསྙེན་པ་བྱས་ཏེ། དེའི་འོག་ཏུ་བཟླས་པའི་
ཡུངས་ཀར་གྱིས་བསྣུན་པ་དང་། སྔགས་བཟླས་པ་དང་བལྟས་པ་ཙམ་གྱིས་ཀྱང་འབེབས་པར་བྱེད་དོ་ཞེས་བྱ་བ་དེ་དག་ལ་དྲན་པ་བསྐྱེད་པའི་ཕྱིར། བྱིན་རླབས་རིམ་པའི་རྣལ་འབྱོར་གྱིས། །མཉམ་པར་གཞག་པས་བསྒོམ་ཞིང་བཟླ། །ཞེས་བྱ་བ་སྨོས་སོ། །ད་ནི་ལས་
གཞན་དག་བསྟན་པར་བྱ་བའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གི་དོན་ནི་སྟོང་པ་ཉིད་བསྒོམས་པའི་འོག་ཏུ་སེང་གེའི་གདན་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ས་བོན་ལས་རྡོ་རྗེ་མཁའ་འགྲོ་མ་ཇི་སྐད་སྨོས་པ་བཞིན་དུ་བསྐྱེད་ལ།
དེའི་མདུན་དུ་བསྒྲུབ་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་གནས་པ་བལྟས་ལ་བསྐྲད་པར་བྱ་བ་འདི་ཡིན་ནོ། །རྐང་མཐིལ་གཉིས་སུ་མེ་རླུང་གི། །ས་བོན་སྟན་དུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་རླུང་གི་སྟེང་དུ་རླུང་གི་ས་བོན་གཉིས་ལ་བསྒྲུབ་བྱའི་རྐང་པ་གཉིས་གཞག་པར་བྱ་སྟེ། དེ་
ལྟར་ན་རླུང་གི་ས་བོན་ཉིད་སྟན་ཏེ་སྟེགས་བུ་ཞེས་བྱ་བའི་དོན་ཏོ། །སྒྲ་དང་ཐིག་ལེར་ལྡན་པ་ནི། །རླུང་གི་ས་བོན་ཀུན་གནས་པར། །རླུང་གིས་བསྐོར་བ་སྙིང་གར་གཞག །ཅེས་བྱ་བ་ལ། ཐིག་ལེ་ཞེས་བྱ་བ་ནི་སེམས་ཏེ། བསྒྲུབ་བྱའི་རྣམ་པར་ཤེས་པའི་རང་བཞིན་ཡི་གེ་
ཧཱུཾ་ངོ་། །སྒྲ་ཞེས་བྱ་བ་ནི་ངག་ཏུ་བརྗོད་པ་སྟེ། བཟླས་པ་དང་བཅས་པའོ། །དེ་གང་དུ་བསམ་ཞེ་ན། རླུང་གི་ས་བོན་དབུས་གནས་པར། །ཞེས་བྱ་བ་སྨོས་ཏེ། རླུང་གི་ས་བོན་གྱི་སྟེང་དུ་བསྒོམ་པའོ། །རླུང་གིས་བསྐོར་བ་ནི་རླུང་ལ་གནས་པ་སྟེ། འདིའི་དོན་ནི་བསྒྲུབ་
བྱའི་སྙིང་གར་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རླུང་གི་ས་བོན་ཡུཾ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཚིག་ཏུ་བཟླས་པ་དང་བཅས་པས་བསྒོམ་པ་ཡིན་ནོ། །ཐམས་ཅད་ཁ་དོག་སྔོན་པོར་བསམ། །ཞེས་བྱ་བ་ནི་བསྒྲུབ་བྱའི་ལུས་ལ་སོགས་པ་ས་བོན་ཧཱུཾ་གི་བར་དུ་སྔོན་པོར་བསྒོམ་

པའོ། །རང་གི་དབུགས་ཀྱི་རྩེ་མོ་ཡི། །རླུང་གི་མདའ་རུ་སྦྱར་བར་བྱ། །ཞེས་བྱ་བ་ནི་སྔར་སྨོས་པའི་བསྒྲུབ་པར་བྱ་བ་གཡོ་བ་དང་བཅས་པར་བསམས་ལ། རང་གི་སྣ་སྒོ་ནས་ཕྱིར་འབྱུང་བའི་དབུགས་ཀྱི་རླུང་མདའ་ལྟར་ཤུགས་ཆེ་བའི་རྩེ་མོར་རླུང་གི་
ས་བོན་བསམས་ལ། དེས་བསྒྲུབ་པར་བྱ་བ་བསྐྱེད་པར་བསམས་པའོ། །ཨོཾ་ཡུཾ་བེ་རཾ་བ་ཡུཾ་ཆེ་གེ་མོ་ཡུཾ་ཕཊ། རྣལ་འབྱོར་པ་ཡི་གསང་སྔགས་འདི། །བརྒྱད་བརྒྱར་བཟླས་ན་འ