Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 22

Văn bản gốc(Tây Tạng)

Trang 16 / 24 (50.000 ký tự/trang)
ིལ་འཁོར་དུ་སློབ་མ་སྤྱན་འགེགས་དང་བཅས་པ་གཞུག་པའི་ཆོ་གའོ། །དེ་ནས་སྔར་བཟུང་བའི་ཕྲེང་བ་ལ་ཡི་གེ་ཏྲྃ་གིས་
བསྔགས་པ་ལས་གང་ཞིག་མ་རྙིངས་ཤིང་གསར་པའི་མེ་ཏོག་ཅིག་ཕྱུང་ལ་དེའི་ལག་པ་ཐལ་མོ་སྦྱར་བ་ལ་སྦྱིན་པར་བྱའོ། །དེའི་ཚེ་དེས་མེ་ཏོག་གི་ཕྲེང་བ་དང་རང་ཉིད་ཀྱང་ཡི་གེ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུ་བར་མོས་ནས་བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་
འགྲོ་བ་དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་དུ་གནས་པ་བཞིན་དམིགས་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ། དེའི་དབུས་སུ་ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷིཾ་མི་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཨཱ་ཁཾ་བཱི་ར་ཧཱུཾ། པྲ་ཏི་ཀུ་

སུ་མ། པྲ་ཏཱིཙྪ་ཨཉྫ་ལི་ནཱ་ཐ་ཧོཿ། །ཞེས་སྔགས་འདོན་ཞིང་མེ་ཏོག་དོར་བར་བྱའོ། །རེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་བསྟུན་ཏེ་འདི་ལ་རིགས་བསྟན་པར་བྱའོ། །དེའི་རྣལ་འབྱོར་ཡང་སྦྱིན་ནོ། །དངོས་གྲུབ་ཀྱང་མཚོན་པར་བྱའོ། །གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུ་
འམ། དབུ་འམ་གཙུག་ལ་མེ་ཏོག་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྐུ་མཆོག་ལ་ནི་མཆོག་གོ། །དབུས་ལ་ནི་འབྲིང་པོའོ། །འོག་གི་ཆ་ལ་ནི་ཐ་མའོ། །སྐུ་ལས་ཧ་ཅང་རིང་བ་ནི་ཡུན་རིང་པོས་སོ། །ཉེ་ན་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེའུ་མིག་ལ་སོགས་པ་རྣམ་
པར་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །མཉམ་པ་ཉིད་ན་ནི་གཉིས་ཀའི་དངོས་གྲུབ་མཆོག་འགྲུབ་པའོ། །དེའི་ཚེ་གང་ལ་དད་པ་དེའི་རིགས་ཡིན་ནོ། །རེ་ཁཱ་ལྔའི་ཕྱི་རོལ་དུ་ལྷུང་ན་ལན་གསུམ་གྱི་བར་དུ་དོར་བར་
བྱའོ། །དེ་ལྟར་ནའང་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །ཕྱི་རོལ་གྱི་ཟླུམ་པོའི་རེ་ཁཱ་རྣམས་དང་རྡོ་རྗེའི་ཕྲེང་བའི་ཕྱི་རོལ་ལ་ནི་དངོས་གྲུབ་མེད་དོ། །འདི་ལ་དཀྱིལ་འཁོར་ཡང་མི་བསྟན་ནོ། །སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་དེ་གཞུག་
པར་བྱའོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་སོ། །དེ་ནས་མེ་ཏོག་དེ་སླར་བཟུང་ནས་ཕྲེང་བ་ལ་བཅིངས་ཏེ། ཕྲེང་བ་དེ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་འདོན་ཞིང་སློབ་མའི་མགོ་བོར་བཅིང་བར་བྱ་ཞེས་པ་ནི་ཕྲེང་བའི་དབང་གི་ཆོ་གའོ། །དེའི་རྗེས་ལ་སློབ་མའི་སྙིང་གར་
ཟླ་བ་ལ་བདག་པོ་དང་དཔྲལ་བར་རྃ་དང་མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཱཿསྭཱ་ཧཱ། ཞེས་འདོན་ཞིང་མིག་
རས་བསལ་བར་བྱའོ། །དེ་ནས་ཀྱེ་ལྟོས་ཤིག་ཅེས་བརྗོད་ནས་ལྷ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བའི་འཁོར་ལོའི་བདག་པོ་ནས་བརྩམས་ཏེ་བྱང་གི་སྒོ་སྐྱོང་བའམ་ཇི་ལྟར་ཡོད་པ་གནོད་མཛེས་ཀྱི་བར་དུ་བསྟན་ནས། དད་པའི་ཤུགས་ཀྱིས་མྱུར་དུ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་

ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕུན་ཚོགས་དངོས་གྲུབ་ཐམས་ཅད་ནི། །དམ་ཚིག་མཚོག་ལས་འབྱུང་བར་འགྱུར། །རྡོ་རྗེ་པདྨ་མཆོག་གཡོ་བའི། །སྔགས་རྣམས་མ་ལུས་སྒྲུབ་པར་གྱིས། །ཞེས་བརྗོད་ནས་དེས་ཀྱང་རྡོ་རྗེ་
དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་ལ་བསྟན། །གསང་བའི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ཞེས་འདོན་དུ་བཅུག་ནས་དམ་ཚིག་འདོན་དུ་གཞུག་གོ། །ཧོ་ཧོ་ཧོ་ཞེས་བྱ་བ་ནི་སློབ་མ་ལ་དཀྱིལ་འཁོར་བསྟན་ཞིང་དེར་གཞུག་
པའི་ཆོ་གའོ། །དེ་ནས་ཆུའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེད་བདག་སྩོལ། །
ཞེས་བརྗོད་ཅིང་གསོལ་བ་གདབ་བོ། །དེ་ནས་བླ་མས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་ངོས་སུ་ཇི་ལྟར་ཁྲུས་ཀྱི་ཆུ་དེ་ལ་མི་རེག་པར་ཤར་ཕྱོགས་ཀྱི་འཇུག་པའི་སྒོ་ལ་ཕྱོགས་པར་ཤར་ཕྱོགས་སུ་སྣ་ཚོགས་པདྨ་ཞེས་བྱ་བ་ལ་སོགས་པར་ཤིང་སྟན་ལ་སོགས་པར་མཎྜལ་གྱི་བར་དུ་བྱ་ཞེས་བྱ་བའི་
མཐར་ཐུག་པའི་སྐུ་གཟུགས་ཀྱི་དོན་དུ་སྔར་བསྟན་པ་ལ་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམས་ནས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་སྦྱང་བར་བྱ་སྟེ་སྔོན་དུ་བརྗོད་པའི་ཨོཾ་ཨཱཿབིགྷཱཾ་ཞེས་བྱ་བ་ལ་སོགས་པས་རིམ་པར་སྦྱང་བར་བྱ་སྟེ། དེ་ལ་ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཞེས་ཡུངས་ཀར་ལ་
ལན་བདུན་བསྔགས་ཏེ། གཡས་པ་དང་ཅིག་ཤོས་ཀྱི་ཁུ་ཚུར་གྱིས་བཟུང་ལ་གཡོན་སྐོར་གཡས་སྐོར་དུ་སོ་སོར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཨ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱབས་ལ་ཡུངས་ཀར་རྣམས་མེར་བླུགས་སོ། །དེ་བཞིན་དུ་ལན་གསུམ་དུའོ། །དེ་བཞིན་དུ་
གཡོན་སྐོར་དང་གཡས་སྐོར་དུ་ཆུ་ཁྱོར་བ་གསུམ་གྱིས་ལན་གསུམ་དུ་བྱའོ། །དེ་ནས་མེ་ལ་དོར་ལ་དེ་བཞིན་དུ་ཁམ་ཕོར་དཀར་པོ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བཟུང་ནས་གཡོན་སྐོར་གྱིས་བྱབས་ནས་གཡོན་ཕྱོགས་སུ་གཞག་གོ། །གཡས་སྐོར་གྱིས་བྱབས་ནས་གཡས་པའི་

ཕྱོགས་སུ་གཞག་གོ། །དེ་བཞིན་དུ་ལན་གསུམ་དུའོ། །དེ་བཞིན་དུ་ཡང་དཱུར་བའི་མྱུ་གུ་བའི་ལྕི་བ་ལ་གླན་པ་རྣམས་ཀྱིས་སོ། །དེ་བཞིན་ཟན་གྱི་ཆང་བུ་རྣམས་ཀྱིས་སོ། །དེ་བཞིན་དུ་རས་ཀྱིས་ཀྱང་བྱབ་པོ། །དེ་ནས་ལག་པ་བཀྲུས་ནས་ལག་པ་སློབ་མ་ལ་རེག་པར་བྱའོ། །
སྙིང་གར་དྲིས་བྱུག་པ་དང་། མེ་ཏོག་ཕྲེང་བ་མགོ་ལ་གདགས་པ་དང་། མདུན་དུ་མཆོད་ཡོན་བྱིན་ལ་མར་མེས་བསྐོར་ཞིང་འཁྱིལ་པའམ་ཧཱུཾ་གི་ཡི་གེ་ལན་བདུན་བཟླས་ལ་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ་ཞེས་བྱ་བ་ནི་བྱབ་པའི་རིམ་པའི་ཆོ་གའོ། །དེའི་རྗེས་སུ་བདུད་རྩི་འཁྱིལ་པས་
བསྔགས་པའི་དཱུར་བའི་ཆུན་པོས་ཟངས་སྣོད་ན་གནས་པའི་བདུད་རྩི་ལྔ་དང་བའི་རྣམ་ལྔ་དག་ལ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་ཁ། ཞེས་བརྗོད་པས་བསྐུལ་ལ་ཡང་ཆུ་གཙང་མས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་སྐུ་ཁྲུས་གསོལ། །དེ་བཞིན་
བདག་གིས་ཁྲུས་བགྱིའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྤྱན་དྲངས་ལ་མཆོད་དེ་སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །
ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཤེས་རབ་དང་སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ནས་རྡོ་རྗེའི་
ལམ་ནས་ཕྱུང་སྟེ་ལྷ་མོའི་པདྨ་ནས་ཞུགས་ཏེ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པའི་གཟུགས་ཤེས་རབ་དང་བཅས་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཕྱག་དང་ཞལ་ལ་སོགས་པའི་སྐུ་པདྨ་ནས་བྱུང་སྟེ། ནམ་མཁའ་ལ་གཞུགས་པའི་
སྤྱན་མ་ལ་སོགས་པའི་རིག་པའི་རིག་མ་དང་བཅས་པས་གདུགས་དང་རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། གླུ་དང་། གར་དང་། མེ་ཏོག་དང་། གུར་གུམ་ལ་སོགས་པའི་ཆར་རྣམས་དང་ལག་པའི་ཡལ་ག་དང་བཅས་པའི་ཁ་རྒྱན་ཅན་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་

བདུད་རྩིས་གང་བ་རྣམས་ཀྱིས་སློབ་མ་དེ་དབང་བསྐུར་བའི་ཚེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་ཡིན། །བཀྲ་ཤིས་
དེས་ནི་དབང་བསྐུར་མཆོག་དེ་ཁྱོད་ལ་ཤོག །ཕུན་སུམ་ཚོགས་པ་མངའ་བདག་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨའི་འདབ་མ་འདྲ་བའི་སྤྱན་རས་རྒྱས། །བཀྲ་ཤིས་དེས་ནི་ཁྱོད་ལ་དེང་འདིར་ཞི་བྱེད་ཤོག །དེ་ཡི་ཉེ་བར་བསྟན་
པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་མཆོག་རབ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མི་ཡིན་གྱི་ཕྱག་གི་གནས། །
ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་ཁྱེད་ལ་དེ་རིང་ཞི་བྱེད་ཤོག །ཅེས་པའི་བཀྲ་ཤིས་ཀྱི་གླུ་རྣམས་ཀྱིས་ཉེ་བར་སྦྱིན་ཞིང་རང་ཉིད་ཀྱིས་ཀྱང་དེ་རྣམས་བླངས་ལ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ནས་ཆུ་ཉུང་ཟད་བཅུས་ཏེ་པདྨའི་སྣོད་དུ་བླུགས་
པའམ་ཡང་ན་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཨོཾ་མ་ཧཱ་སུ་ཁཾ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་སྟྭཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ན་དྲྀ་ཌྷོ་མེ་བྷ་བ་ཞེས་བརྗོད་ནས་སམ། བསྡུས་པ་ལ་དགའ་ན་མ་བརྗོད་པར་ཡང་ལག་པ་གཡས་ཀྱི་རྡོ་རྗེ་དང་བཅས་པའི་ལོ་མས་སོ། །དེ་ནས་དེ་བཞིན་གཤེགས་པ་
བཞིའི་བུམ་པ་རྣམས་ཀྱིས་སོ། །དེ་ནས་ཇི་ལྟར་རིགས་པའི་དཀྱིལ་འཁོར་པའི་བུམ་པ་རྣམས་སོ། །མེད་ན་ནི་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་རྡོ་རྗེ་དང་བཅས་པའི་ལོ་མའི་རྩེ་མོས་འགྱིང་བག་དང་བཅས་པའི་ཆུ་གཏོར་
ཞིང་། རྡོ་རྗེ་ཆེན་པོའི་དབང་བསྐུར་བས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོ་བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་ལན་གསུམ་དུ་དབང་བསྐུར་བར་བྱའོ། །དེའི་ཚེ་བདེ་བ་ཆེན་

པོ་དང་སྙོམས་པར་ཞུགས་པར་བསམ་པར་བྱའོ་ཞེས་པ་ནི་ཆུའི་དབང་གི་ཆོ་གའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་བླ་མ་ལ་གསོལ་བ་བཏབ་པར་
གྱུར་པས་སློབ་མ་དེ་ཨཾ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་བུམ་པས་དབང་སྐུར་བར་བྱེད་ཅིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་སྒྲོགས་
པར་བསྒོམ་པར་བྱའོ། །རྡོ་རྗེ་དང་བདག་པོ་དང་མིང་གི་དབང་ལྷ་རྣམས་ལ་ཡང་དེ་ལྟར་རོ། །དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་རིན་ཆེན་འབྱུང་ལྡན་དུ་བསྐྱེད་ཅིང་དེའི་རང་བཞིན་ཡེ་ཤེས་སེམས་དཔའི་ངོ་བོ་སློབ་མ་རིགས་ཀྱི་བདག་པོའི་དབུས་སུ་དེ་བཞིན་གཤེགས་པ་ལྔར་བྱིན་གྱིས་
བརླབས་པའི་དབུ་རྒྱན་དེའི་མགོ་བོའི་དབུས་དང་དཔྲལ་བ་དང་ལོགས་གཉིས་དང་མགོ་བོའི་རྒྱབ་རྣམས་སུ་རིམ་པ་བཞིན་ཨོཾ་དྷརྨ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་བྷཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཨ། ཨོཾ་དྷརྨ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩི་ཁཾ། ཞེས་བྱ་བའི་སྔགས་ལྔས་
བཞག་ནས་མགོ་བོ་ལ་བསྐོན་ཞིང་། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པ་དང་། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་བརྗོད་ནས། ཨོཾ་བཛྲ་ཏུ་ཥྱ་ཧོ་ཞེས་བརྗོད་
པས་དགྱེས་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ་། །དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ། ཞེས་བྱ་བའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་པར་བྱའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་
སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཧྲཱིཿདང་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ཀྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་རྡོ་རྗེ་ཡང་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་བསམས་ནས། རྡོ་རྗེ་ཆེན་པོ་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་

བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་པ་སྦྱིན་པར་བྱ། །ཞེས་པ་དང་། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱི་རབ་བསྒྲུབས་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་། །ཞེས་བརྗོད་ཅིང་སློབ་མའི་སྙིང་ག་དང་མགུལ་བ་
དང་མགོ་བོ་རྣམས་སུ་རྡོ་རྗེ་རེག་ནས་ལག་པ་གཡས་སུ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་ངོ་། །དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྦྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་དེ་
ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་བསྐྱེད་ལ་དྲིལ་བུ་ཡང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པར་བསམས་ནས་དེའི་ལག་པ་གཡོན་དུ་བྱིན་ཏེ་ལག་པ་རྡོ་རྗེ་དྲིལ་བུ་དང་ལྡན་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ།
རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པ་དང་། ཨོཾ་བཛྲ་ཨདྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་ཨོཾ་བཛྲ་གྷཎྜེ་ཨ་ཨ། བཅོམ་ལྡན་བདག་གིས་གཟུང་
ལགས་ཀྱིས། །བདག་ལ་ཉེ་བར་གྱུར་པར་མཛོད། །ཅེས་འདོན་དུ་གཞུག་པར་བྱའོ་ཞེས་པ་ནི་བདག་པོའི་དབང་ངོ་། །མིང་གཞན་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་
མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པའི་སློབ་མ་དེ་ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསྒོམས་ནས་སྤྱི་བོར་རྡོ་རྗེ་དང་དྲིལ་བུ་བཟུང་ཞིང་། རྡོ་རྗེ་ཆེན་པོར་དབང་བསྐུར་ཞིང་། །ཁམས་གསུམ་ཀུན་གྱིས་
ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ནས་ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་རྡོ་རྗེའི་མིང་གིས་དབང་བསྐུར་བར་བྱའོ། །ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བའམ། གཏི་མུག་རྡོ་རྗེ་ཁྱོད་ཅེས་བྱ་བའམ། དེ་ལ་སོགས་པ་མེ་ཏོག་ལྷུང་

བའི་རྗེས་སུ་འབྲངས་ཏེ་རང་གི་རིགས་ཀྱི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་མཚན་རྣམས་ནི་མཆོག་གི་དང་པོའོ། །དཔེ་མེད་དང་། རབ་དགའ་དང་། རོ་མཉམ་དང་། རྣམ་པར་རྒྱལ་བ་དང་། སེམས་དཔའ་དང་། ཨ་ལ་
ལ་དང་། བདེ་ཆེན་དང་། ལུས་མེད་དང་། ཡེ་ཤེས་དང་ལྷན་ཅིག་སྐྱེས་པ་དང་། རྡོ་རྗེ་རྣམས་སོ། །རེ་རེ་ཞིང་རྡོ་རྗེའི་སྒྲར་སྦྱར་བར་བྱ་སྟེ་དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ནའོ། །མི་བསྐྱོད་པའི་མཚན་རྣམས་ནི་བཞད་པ་དང་། རོལ་པ་དང་། དགའ་བ་དང་། འགྱིང་བ་དང་། རྣམ་པར་
གཡོ་བ་དང་། རང་བྱུང་དང་། ཞེ་སྡང་དང་། སྙིང་རྗེ་དང་། སེམས་དཔའ་དང་། ཧཱུཾ་མཛད་དང་། མི་བསྐྱོད་པ་དང་། རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་ནི་རྣམ་པར་སྣང་མཛད་དང་། ཨོཾ་ཡིག་དང་། རང་འབྱུང་དང་། རྟག་པ་དང་། དེ་བཞིན་གཤེགས་པ་དང་། སྒྱུ་མ་དང་། སངས་རྒྱས་
དང་། གཟུགས་དང་། སྐུ་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་ནི་རིན་པོ་ཆེ་དང་། ཡིད་བཞིན་ནོར་བུ་དང་། མཁའ་དང་། གཟི་བརྗིད་དང་། ཉི་མ་དང་། སྣང་བྱེད་དང་། ང་རྒྱལ་དང་། རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་ནི་འདོད་ཆགས་དང་། ཀུན་དུ་གཟིགས་དང་། ཆོས་
དང་། པདྨ་དང་། རྡོ་རྗེ་མྱུ་གུ་དང་། པདྨའི་མྱུ་གུ་དང་། རབ་ཏུ་དགའ་བའི་མྱུ་གུ་དང་། རྡོ་རྗེའི་མྱུ་གུ་དང་། མཆོག་དགའ་དང་། རབ་སྐྱེས་དགའ་དང་། དཔག་མེད་དང་། ངག་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་ནི། དོན་ཡོད་དང་། རྟ་མཆོག་དང་། དམ་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་དང་། ལས་
དང་། རླུང་དང་། རེག་བྱ་དང་། ཕྲག་དོག་རྡོ་རྗེ་རྣམས་སོ། །རྡོ་རྗེ་སེམས་དཔའི་བཙུན་མོ་རྣམས་ནི་རྡོ་རྗེ་ཤུགས་ཅན་མ་དང་། རྡོ་རྗེ་རོལ་པ་མོ་དང་། རྡོ་རྗེ་མྱོས་མ་དང་། རྡོ་རྗེ་ཀང་ཀ་ན་དང་། རྡོ་རྗེ་བཞིན་མ་དང་། རྡོ་རྗེ་བ་དན་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འཆང་མའོ། །མི་བསྐྱོད་པའི་ནི་རྡོ་རྗེ་
བདག་མེད་མ་དང་། རྡོ་རྗེ་ཕྱག་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་བདེ་མ་དང་། རྡོ་རྗེ་མཱ་མ་ཀཱི་དང་། རྡོ་རྗེ་ཞེ་སྡང་མ་དང་། རྡོ་རྗེ་དགའ་མའོ། །རྣམ་པར་སྣང་མཛད་ཀྱི་ནི་རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་གཏི་མུག་མ་དང་། རྡོ་རྗེ་དགའ་

མའོ། །རིན་ཆེན་འབྱུང་ལྡན་གྱི་ནི་རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་ནམ་མཁའ་མ་དང་། རྡོ་རྗེ་ནམ་མཁའ་དགའ་མའོ། །སྣང་བ་མཐའ་ཡས་ཀྱི་ནི་རྡོ་རྗེ་ཆགས་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་ཀྱེ་མ་དང་། རྡོ་རྗེ་བདེ་མ་དང་། རྡོ་རྗེ་རོལ་
མ་དང་། རྡོ་རྗེ་བློ་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་འདོད་ཆགས་དགའ་མའོ། །དོན་ཡོད་གྲུབ་པའི་ནི་རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་རྟ་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། དམ་ཚིག་རྡོ་རྗེ་མ་དང་། རྡོ་རྗེ་དགའ་མའོ། །མིང་གི་དབང་
གི་ཆོ་གའོ། །དེ་ནས་སློབ་མ་དེས་ཡོན་ཕུལ་ལ་ཐལ་མོ་སྦྱར་ལ། བདག་ནི་ཁྱོད་ཀྱི་བཀའ་དྲིན་ལས། །གང་གིས་རང་བཞིན་དོན་ནུས་པའི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་ཀྱེ་བདག་ལ་སྩོལ། །ཞེས་བརྗོད་པས་བླ་མ་ལ་གསོལ་བ་བཏབ་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་
སེམས་དཔའི་གཟུགས་སུ་བསམས་ནས་རྡོ་རྗེ་ཧཱུཾ་ལས་སྐྱེས་པར་བསྒོམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་
ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་གཞུག །དེ་ནས་དྲིལ་བུ་ཨ་ལས་སྐྱེས་པར་བསྒོམས་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་བརྗོད་ཅིང་དེ་ཁོ་
ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག་གོ། །སློབ་མས་ཀྱང་། ཨ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བ། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་ཚིག་སྲིད་པར་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། །དྲིལ་བུའི་དམ་ཚིག་གོ། །ཡིད་ཀྱིས་
ལུས་ནི་བསྟེན་བྱས་ལ། །ཕྱག་རྒྱའི་དམ་ཚིག་ཡིན་པར་འདོད། །གང་གིས་ལུས་ཀུན་སྟེན་བྱེད་པ། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་གྱིས། །ཞེས་བྱ་བ་རྟོགས་

པར་བྱས་ནས་རྡོ་རྗེ་སེམས་དཔའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་རློབ་དུ་བཅུག་ནས་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་དུ་བྱས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་
རོ་གཅིག་ཏུ་གྱུར་པར་བསྒོམས་པའི་མགོར་རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཨོཾ་མ་ཧཱ་སུ་ཁཾ་བཛྲ་སཏྭ་ཨ་བྷི་ཥེ་ཀ་སྟྭཾ་ཨ་བྷི་ཥིཉྩཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་ན་དྲྀ་ཌྷོ་མེ་བྷ་ཝ་ཞེས་ལན་གསུམ་དུའོ། །ཕྱག་རྒྱའི་དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ། །དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་
བསྒོམས་ཏེ་ཆུའི་དབང་ལ་བརྗོད་པའི་སྙིང་གའི་ས་བོན་ལ་སོགས་པ་ནས། ཇི་སྲིད་རྡོ་རྗེ་རྩེ་མོར་འཛག་པ་ཡི། །རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་
ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་འདོན་ཞིང་དབང་བསྐུར་རོ། །དེ་ནས་མི་བསྐྱོད་པ་ཅོད་པན་དུ་བསམས་ནས་དེ་བཞིན་གཤེགས་པ་དང་ལྷ་མོ་གཞན་རྣམས་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དེ་ལ་མེ་ཏོག་
ལ་སོགས་པ་དབུལ་ལོ། །དེའི་རྗེས་སུ། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོ་ཡིས་ནི་བདག་ལ་གསུང་། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་བ་དམ་པ་དག །རྟག་ཏུ་སློབ་དཔོན་བདག་ལ་གསུང་། །
སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །ཞེས་ཁྱད་པར་གྱི་གསོལ་བ་བཏབ་ལ། དེ་ནས་མདོར་བསྡུས་ནས་གཞལ་ཡས་ཁང་འདི་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་
རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དོན་དམ་པར་དཀྱིལ་འཁོར་ལ་སོགས་པ་རིམ་པ་གཉིས་ཀ་ལ་རང་བཞིན་མེད་པའི་བདག་ཉིད་ཅན་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དཀྱིལ་འཁོར་འདྲི་བ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་

འཁོར་དང་བཅས་པ་བརྗོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པའི་ཡེ་ཤེས་དང་འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང་། བྱ་བ་དང་མི་བྱ་བའི་བདག་ཉིད་ཅན་གྱི་སྡོམ་པ་དང་། དེ་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་བ་དང་ལྡན་པ་ཉིད་དུ་བརྗོད་དོ། །ཕྱིར་མི་ལྡོག་པའི་
མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ། །དེ་ནས་བདག་ཉིད་ཀྱིས་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ལ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །སློབ་མས་ཀྱང་།
བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བྱ་བ་འདིས་བཟུང་ནས་ལན་གསུམ་དུ་བཟླས་པར་བྱའོ་ཞེས་པ་ནི། སྔགས་གཏད་པའི་ཆོ་གའོ། །དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་རམ་སྦྲང་རྩི་མིག་སྨན་དང་གསེར་ལས་བྱས་པའི་
ཐུར་མས་སློབ་མའི་མིག་ལ་ཡི་གེ་རྃ་བསྒོམས་ལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་འདོན་ཞིང་བསྐུལ་ནས། ཇི་ལྟར་མིག་སྨན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་དོ་
ཞེས་པ་ནི་མིག་སྨན་གྱི་ཆོ་གའོ། །དེ་ནས་མེ་ལོང་བླངས་ནས་ཨ་ཡིག་བསྔགས་ནས་སློབ་མས་བལྟ་ཞིང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །
དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་བུ་ཁྱོད་ཀྱི། །རང་ཉིད་ཀྱི་ནི་སྙིང་ལ་གནས། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་གདོན་ནོ། །མེ་ལོང་གི་དབང་གི་ཆོ་གའོ། །
དེ་ནས་ཡི་གེ་ཧོཿལས་བྱུང་བའི་མདའ་གཞུ་ཧོཿཞེས་བརྗོད་ནས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ་ཧཱ། ཞེས་བརྗོད་པ་ནི་མདའ་འཕེན་པའི་ཚེ་ཡང་ངོ་། །སློབ་མས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་

འཕང་བར་བྱའོ། །མདའ་འཕང་བའི་ཆོ་གའོ། །དེ་ནས་ཡོལ་བ་ལ་སོགས་པས་དབེན་པར་བྱས་ལ་སློབ་མས་གསང་དབང་གི་དོན་དུ་བླ་མ་ལ་གཞོན་ནུ་མ་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པའམ། དེ་མེད་ན་གཞན་ཡང་རུང་སྟེ་བླ་
མ་ལ་ཕུལ་ནས་བླ་མ་རྡོ་རྗེ་སེམས་དཔར་མོས་ལ་ཐལ་མོ་སྦྱར་ནས། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་དག་གིས། །མགོན་པོས་རྗེས་སུ་གཟུང་བར་མཛོད། །ཅེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་བོ། །དེ་ནས་
བླ་མས་འཁོར་ལོའི་དབང་ཕྱུག་གི་ང་རྒྱལ་དང་ལྡན་པས་ཐ་མལ་པའི་བུད་མེད་ཀྱི་གཟུགས་དེ་སྟོང་པ་ཉིད་ཀྱི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱས་པ་སྔོན་དུ་འགྲོ་བའི་སྙོམས་འཇུག་བྱེད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་འདོན་ཞིང་
སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་མ་ལ་སོགས་པ་དང་སྙོམས་པར་ཞུགས་པས་བཀུག་ལ་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་ལ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ་ཨ་ཝ་དྷཱུ་ཏཱི་ནས་འགྲོ་བར་བསམས་
ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས་ཏེ། མཐེ་བོང་དང་མིང་མེད་ཀྱི་རྡོ་རྗེ་ནོར་བུ་བཙིར་ནས་པདྨ་ལས་བྱུང་ནས་དེ་བཞིན་གཤེགས་པ་ཞུ་བའི་ཁུ་བ་དེ་རང་གི་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་པར་མོས་ནས། གསུང་རྡོ་རྗེའི་གཟུགས་ཅན་གྱི་སློབ་མས་མཐོང་ནས་མ་དད་
ཀྱིས་དོགས་པ་མེད་པའི་ཁར་རམ། ཇི་སྲིད་དུ་གདོང་གཡོགས་བཅིངས་པ་ཉིད་ཀྱིས་དེ་མཐོང་བའི་སྤྱོད་ཡུལ་མ་ཡིན་པར་རོ། །རྡོ་རྗེ་འཆང་སོགས་འདས་པ་ཡིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་ལྟར་བྱང་ཆུབ་སེམས་བཟང་པོས། །བུ་ཁྱོད་དབང་ནི་བསྐུར་བར་བགྱི། །
ཞེས་བྱ་བ་དང་། འཁོར་ལོའི་བདག་པོའི་སྔགས་དང་། ཨོཾ་བཛྲ་དྷྲྀ་ཀ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་རྒྱུད་ཇི་ལྟ་བ་བཞིན་དུ་གདོན་ཞིང་དབབ་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཀུན་འདུས་པའི་བློས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་ཅིང་བཏུང་བར་བྱའོ། །

ཤེས་རབ་མས་ཀྱང་ལངས་ནས་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ན་གནས་པའི་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པ་དེ་ལྟར་དེའི་ཁར་དབབ་པར་བྱའོ། །དེས་ཀྱང་དེ་ལྟར་བཏུང་ངོ་། །ཤེས་རབ་དང་ཐབས་དག་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསང་བའི་དབང་གིས་དབང་བསྐུར་བ་ནི་
གསང་བའི་དབང་གི་ཆོ་གའོ། །དེའི་རྗེས་ལ་དེའམ་གཞན་ཡང་རུང་སྟེ། ཤེས་རབ་མ་དམ་ཚིག་དང་སྡོམ་པ་ལ་གནས་པ་གཟུགས་དང་ལང་ཚོ་དང་ལྡན་པ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །
ཞེས་པས། །གསོལ་བ་བཏབ་པའི་སློབ་མ་ལ། །གཟུགས་མ་ཤིན་ཏུ་ཉམས་དགའ་འདི། །བསྟེན་བྱ་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི། །ནོར་བུར་ཆུད་པ་བརྟགས་པ་ཡིན། །ཞེས་བསྒྲུབ་
པར་བྱས་ནས་གཏད་པར་བྱའོ། །དེས་ཀྱང་གུར་ཀུམ་ལ་སོགས་པ་དྲི་ཞིམ་པོས་བྱས་པ་གོས་གསར་པ་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང་། ཀྱེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བསྟེན་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་
ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་དག་ཏུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཞེས་འདོན་ནོ། །དེས་ཀྱང་རང་ཉིད་ལྷའི་གཟུགས་ཀྱིས་ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ནས་ཨ་དང་ཧཱུཾ་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་གི་ཟེའུ་འབྲུ་དང་ནོར་བུ་ཨ་
དང་ཨོཾ་ལས་སྐྱེས་པ་དང་རྡོ་རྗེའི་ནོར་བུའི་བུ་གར་ཕཊ་སེར་པོ་བསྒོམས་ནས་ལུས་ཀྱི་གཡོན་གྱི་ཆར་སོང་བའི་རྩའི་རྩེ་མོར་ཧྲཱིཿདམར་པོ་ལས་བྱུང་བ་གནས་པ་མཛུབ་མོ་དང་ལྕེས་སྲིད་སྔོན་དུ་འགྲོ་བ་ཅན་གྱིས་ཡང་དག་པར་བསྐུལ་ནས། ཨོཾ་སི་སི་སི་ཧ་ཧ་ཧ་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་
ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་ཅིང་བླ་མའི་མན་ངག་ལས་དགའ་བའི་དབྱེ་བ་སྔོན་དུ་བྱས་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པས་ལུས་བྱིན་གྱིས་བརླབས་ལ། བླ་མས་ཀྱང་རྣམ་པར་སྣང་མཛད་དང་

སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་བཅུག་པ་དང་། རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །ཤེས་རབ་སྦྱོར་བས་དཔལ་དང་ལྡན། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་བརྟག །ཅེས་རྟོགས་པར་
བྱས་ནས་ནུས་པ་ཇི་ལྟ་བར་བཟུང་སྟེ་དལ་བུས་བཏོན་ནས་ཆུ་སྐྱེས་ལས་ལྕེ་ཉིད་ཀྱིས་བླངས་ཏེ། དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ། །དེའི་རྗེས་ལ་ཚིག་ཁོ་ནས་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་
ཡེ་ཤེས་ལས་བྱུང་བའི་མྱུ་གུ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བསྒོམས་པས་རབ་ཏུ་འཕེལ་བར་བྱས་ནས་སྒྲིབ་པ་མེད་པར་གྱུར་ནས་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་དུ་མེད་པའི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་གི་རང་བཞིན་དབང་བཞི་པའི་ངོ་བོ་
བརྗོད་པར་བྱའོ་ཞེས་དབང་བཞི་པའི་ཆོ་གའོ། །དེའི་རྗེས་ལ་དེའི་ལག་པ་སློབ་མའི་ལག་པར་བཞག་ནས་དེ་ཉིད་རང་གི་ལག་པ་གཡོན་པར་བཟུང་སྟེ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོ་ལ་བཞག་ནས། འདིར་ནི་ཁྱེད་རྣམས་དབང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་
དོ། །ཞེས་དེ་བཞིན་གཤེགས་པ་ལ་དཔང་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ནམ་དུ་ཡང་ནི་མ་བྱེད་ཅིག །འདི་དང་སངས་རྒྱས་ཐམས་ཅད་ཀྱི། །རིག་པ་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་
ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་པས་རིག་པའི་བརྟུལ་ཞུགས་ཐམས་ཅད་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་
སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་པར་བྱའོ། །དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱི་ཧཱུཾ་ཞེས་བརྗོད་ཅིང་གཟུང་བར་བྱའོ། །

རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་གའོ། །དེ་ནས་སྤྱོད་པའི་བརྟུལ་ཞུགས་འདོད་པ་ལ་གསུངས་པ་ནི་གང་ཡང་བུད་མེད་དམ་སྐྱེས་པ་སྤྱོད་པའི་བརྟུལ་ཞུགས་སློང་པ་དེ་ལ་རྡོ་རྗེ་ཕག་མོའི་གཟུགས་སམ། བདག་མེད་མའི་གཟུགས་སམ་མེ་ཏོག་ལྷུང་བ་དང་བསྟུན་པའི་རིག་པའི་ལྷ་མོའི་གཟུགས་སྐྱེས་པ་ནི་བདེ་
མཆོག་དང་། དགྱེས་པ་རྡོ་རྗེ་ལ་སོགས་པའི་གང་ཡང་རུང་བའི་གཟུགས་སུ་བསམས་ནས། དེའམ་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་བཅུག་ནས་གཙོ་བོའི་སྔགས་ལན་གསུམ་བརྗོད་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ཁ་ཊྭཱཾ་
ག་དང་ཅང་ཏེའུ་སྣོད། །སྦྱིན་གྱི་དཔའ་བོས་གཟུང་བར་གྱིས། །ཞེས་བརྗོད་དེ་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་ཐོད་པ་སྦྱིན་པར་བྱའོ། །དེ་ནས་འཁོར་ལོ་མི་བསྐྱོད་པའི་སྐུར་ཅིག་ཅར་བསྐྱེད་དེ། །ཡེ་ཤེས་པ་བཅུག་ནས་མི་བསྐྱོད་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་དྷ་ར་དྷ་ར། དྷཱ་རཱ་ཡ་དྷ་རཱ་ཡ། མ་ར་ཏ་
མ་ར་ཏ། བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་འཁོར་ལོ་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །འཁོར་ལོ་མི་བསྐྱོད་པ་ཡི་གཟུགས། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་སྤྱི་གཙུག་
ཏུའོ། །དེ་ནས་རྣ་རྒྱན་འོད་དཔག་མེད་ཀྱི་སྐུར་ཅིག་ཅར་བསྐྱེད་དེ་ཡེ་ཤེས་བཅུག་ནས་འོད་དཔག་མེད་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་བཛྲ་དྷརྨཱཿས་མ་ཡ་སྟྭཾ་ཧཱུཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀ་ཀ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་རྣ་རྒྱན་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་
སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །རྣ་རྒྱན་འོད་དཔག་མེད་ཀྱི་བདག །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་རྣ་བ་གཉིས་ལའོ། །དེ་ནས་མགུལ་རྒྱན་རིན་འབྱུང་གི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་བཛྲ་སཱུཪྻ་ཏ་མོ་བི་དྷ་མ་ན་ས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀ་ཀ་
ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་མགུལ་རྒྱན་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགུལ་གྱི་ཕྲེང་བ་རིན་ཆེན་ཆེ། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་མགུལ་དུའོ། །

དེ་ནས་གདུ་བུ་རྣམ་སྣང་གི་སྐུར་ཅིག་ཅར་དུ་བསྐྱེད་དེ་ཡེ་ཤེས་བཅུག་ནས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཡིན་ཞེས་མོས་ནས་ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཏ་ཨ་ཧྱེ་ཧི་ཛི་ན་ཛིཀ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་ལག་ཏུ་དེ་ཚིག་འདིས་སྦྱིན་པར་བྱའོ། །
རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ལག་གདུབ་རྣམ་སྣང་ཉིད་དུ་བཤད། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་པས་ལག་པ་གཉིས་ལའོ། །དེ་ནས་སྐ་རགས་དོན་གྲུབ་ཀྱི་སྐུར་ཅིག་ཅར་གྱིས་བསྐྱེད་དེ་ཡེ་ཤེས་བཅུག་ནས་དོན་ཡོད་གྲུབ་པའི་རང་
བཞིན་ཡིན་ཞེས་མོས་ནས་ཨོཾ་ཕུཿཕུཿཧི་ཧི་ཧི་པྲཛྙཱ་དྷྲྀཀ་ཅེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་སྐ་རགས་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །སྐ་རགས་ལ་ནི་གྲུབ་པ་ཞུགས། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས། །ཞེས་
པས་རྐེད་པ་ལའོ། །བུད་མེད་ཀྱི་ཕྱོགས་ལ་ནི་ཚིགས་སུ་བཅད་པ་ལ་དཔའ་བོ་ཞེས་བྱ་བ་ཕྱུང་ནས་ལྷ་མོ་ཞེས་བྱ་བ་བརྗོད་པར་བྱའོ། །སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་བཟུང་བའི་ཁུ་ཚུར་གཡོན་
པ་སྙིང་གར་བཟུང་ཞིང་། གཡས་པ་མི་འཇིགས་པའི་ཕྱག་རྒྱས་འདི་ལྟར་ལུང་བསྟན་པའོ། །ཁྱོད་ནི་ང་ཡིས་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་ལ་མཆོག་ཞི་རབ་བསྒྲུབ་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་
ཞེས་བྱ་བ་ལ་སོགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཞེས་པའི་སྔགས་ཀྱིས་མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པའི་ངོ་བོས་སློབ་མ་ལ་ལུང་བསྟན་པར་བྱའོ། །གང་འདི་ལྟར་ལུང་སྟོན་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ་ཞེས་དང་བར་བྱའོ་ཞེས་པ་ནི་ལུང་བསྟན་པའི་ཆོ་གའོ། །རིག་པ་དང་རྡོ་རྗེ་སྤྱོད་པའི་བརྟུལ་ཞུགས་དང་ལུང་བསྟན་པ་འདི་རྣམས་རྒྱུད་ཁ་ཅིག་ཏུ་དབང་བསྐུར་བ་ཉིད་དུ་ཐ་སྙད་བྱས་སོ། །དེའི་རྗེས་ལ་སློབ་མའི་སྟན་གྱི་མདུན་དུའམ་ཁ་ཅིག་ཏུ་ནི་གདན་ལ་ཡང་

ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་བྷྲཱུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་དང་། ལག་པ་གཡས་སུ་ཨོཾ་བཛྲ་བྷ་ཥ་རཾ་ཞེས་བརྗོད་ཅིང་ཨ་ལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དབྱངས་དང་ཨ་བརྗོད་པ་དང་། དབྱངས་ཨ་བརྗོད་ཅིང་བྱིན་ནས་དྲིལ་བུ་དཀྲོལ་དུ་གཞུག་ཅིང་།
ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་སྤྱོད་ནམ་མཁའི་ངང་དུ་གསལ། །དེང་ནས་བརྩམས་ཏེ་འཇིག་རྟེན་ན། །སེམས་བསྐྱེད་དང་བཅས་ཀུན་གྱིས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་ན་
མེད། །འཁོར་ཡུག་ཏུ་ནི་འབུད་པར་གྱིས། །ཞེས་བརྗོད་པར་བྱའོ། །དེ་ཡིས་སོ་སོར་མོས་པ་ལས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་དྲིལ་བུ་གཏད་དེ་གསིལ་བར་བྱེད་དོ། །དེ་ལྟར་རྗེས་སུ་གནང་བ་བྱིན་ནས་རྗེས་སུ་གནང་བ་ལྷག་པར་གནང་བ་སྦྱིན་པར་འདོད་པས་རིམ་པ་བཞིན་
དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམས་པའི་སློབ་མ་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་
ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་
རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཤེས་རབ་ཐབས་ཀྱི་རང་བཞིན་དག །
ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བུད་མེད་ཆགས་དང་བྲལ་བ་ཡིས། །སེམས་ཅན་དོན་ནི་བླ་མེད་ཀྱིས། །དེས་ཀྱང་འདི་ལ་ཕྱག་བྱས་ནས། །འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བྱ་བ་བགྱི། །ཞེས་པ་ནི་རྗེས་སུ་

གནང་བའི་ཆོ་གའོ། །དེ་ནས། སྤྱི་བོར་གདུགས་ནི་བཟུང་བྱས་ནས། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོར་ནི་ཐལ་སྦྱར་ལ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །སློབ་མ་འདི་ནི་ཕུལ་བྱས་ཀྱི། །གསང་སྔགས་རྒྱུད་རྣམས་འཛིན་པར་
ཤོག །ཅེས་བྱ་བས་འཁོར་ལོའི་དབང་ཕྱུག་ལ་གསོལ་བ་བཏབ་ནས་གདུགས་གཞན་དུ་བཞག་ནས་སློབ་མ་ཡིད་དུ་འོང་བ་ལ་འདི་སྐད་བརྗོད་པར་བྱའོ། །འདིར་ནི་སློབ་དཔོན་དཀྱིལ་འཁོར་དང་། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་
ཀུན་གྱིས་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་གསང་དཀྱིལ་འཁོར་དམ་པ་འདི། །མཐོང་བ་དང་ནི་ཞུགས་འགྱུར་བས། །སྡིག་པ་ཀུན་ལས་ངེས་པར་
གྲོལ། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མིན་ནོ། །མི་ཚུགས་པ་དང་མི་སྲིད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཀུན་དུ་དག་བྱས་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སངས་རྒྱས་རྡོར་འཛིན་
བཅས་ཀུན་གྱིས། །ཚེ་ལྡན་དེ་རིང་དབང་བསྐུར་བས། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཀུན་དུ་ཁྱོད་ཉིད་འགྱུར། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་ཕྱིར་འདོད་ཆགས་དང་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་
པ་ཀུན་ལ་ཉེར་སྤྱོད་པས། །གང་ལ་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་བཟའ་བར་བྱ། །འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་པར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་དཀའ་
བས། །ཤེས་རབ་ཐབས་སུ་སེམས་དཔའ་ཡིས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་བཞིན་གཤེགས་གསུངས་ཇི་ལྟ་བའི། །སྡིག་པ་མེད་པས་འཇིགས་མ་བྱེད། །དེ་ལྟར་ཡིད་ནི་རབ་ཏུ་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་དེ་བཞིན་ལས་བརྒྱ་བསྟན་པར་གྱིས། །

དེ་རིང་ཚེགས་ཆུང་བདེ་བར་འགྲོ་བའི་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །གཞན་ཡང་ཆོས་དེ་རྣམས་ལས་ཆོས་དེ་ཇི་བཞིན་པར། །དབང་བསྐུར་བ་ལས་དགེ་བའི་ཆེད་དུ་བུ་གཅེས་པ་ཡི་མ་བཞིན་དུ། །སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་དོ་ཞེས་བྱ་བ་ནི་དབུགས་དབྱུང་བའི་ཆོ་གའོ། །དེ་ལྟར་དབང་ཐོབ་པའི་སློབ་མ་དབུགས་འབྱིན་ཞིང་དགའ་བས་འདི་ལྟར་བགྱིའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་
བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ཞེས་བརྗོད་དོ། །དེ་ནས་གླང་པོ་ཆེ་དང་། རྟ་དང་། རིན་པོ་ཆེ་དང་། ས་ལེ་སྦྲམ་དང་། དངུལ་དང་། གསེར་དང་། རྒྱན་དང་། བ་ལང་དང་། མ་ཧེ་དང་། བྲན་ཕོ་དང་། བྲན་མོ་དང་། ཁོལ་པོ་ལ་སོགས་
པ་དང་། གཅེས་པའི་ཆུང་མ་དང་། བུ་དང་བུ་མོ་ལ་སོགས་པ་རྣམས་སམ་ཇི་ལྟར་ནུས་པས་བླ་མ་ལ་བསྙེན་བཀུར་གྱི་ཕྱིར་དབུལ་བར་བྱའོ། །གཏོར་མ་དང་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོ་དང་དགེ་འདུན་ལ་སྟོན་མོ་ལ་སོགས་པ་ཡང་བྱའོ། །དེ་ནས་ཆོ་ག་ཇི་ལྟ་བར་རྒྱས་པ་དང་ཞི་བའི་སྦྱིན་
སྲེག་བྱས་ནས་རང་ཉིད་ཀྱིས་དཀྱིལ་འཁོར་མཆོད་པས་མཆོད་དེ། །ཐམས་ཅད་ཀྱིས་ཅི་ནུས་པ་ཇི་ལྟ་བ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་མཆོད་པ་གྱིས་ཤིག་ཅེས་པས་སློབ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་དུ་བཅུག་ནས་ཞུགས་པ་རྣམས་ལ་ཡང་བཟའ་བ་དང་། བཅའ་
བ་དང་། བལྡག་པ་དང་། ཆང་ལ་སོགས་པའི་ཚོགས་ཀྱི་འཁོར་ལོའི་ཚུལ་རྣམས་ཀྱིས་ཚིམ་པར་བྱ་སྟེ། དེ་དག་དང་ལྷན་ཅིག་ཏུ་མི་ཉལ་བར་དཀར་པོ་ལ་སོགས་པ་དང་བྱང་ཆུབ་ཀྱི་སེམས་སྒྲུབ་པས་ཡང་དག་པར་མཆོད་ནས་ཁྱོད་རྣམས་ཀྱིས་འཇུག་པ་འདི་སུ་ལ་ཡང་བརྗོད་པར་མི་བྱའོ། །
ཞེས་བཀའ་བསྒོས་ནས་སློབ་དཔོན་གྱིས་ཡོན་བླང་པར་བྱའོ། །དེས་ཀྱང་གུས་པས་དབུལ་བར་བྱའོ། །རིན་ཆེན་ཡིད་འོང་ཆུང་མ་དང་། །རང་གི་ལུས་དང་ཞིང་དང་ནི། །ཇི་ལྟར་བླ་མ་མཉེས་འགྱུར་དབུལ། །མདོར་བསྡུས་ནས་ནི་འདི་ལྟར་བྱ། །བླ་མ་མཉེས་ན་དངོས་གྲུབ་འགྲུབ། །གཞན་

དུ་མིན་ཞེས་ཐུབ་པས་གསུངས། །སློབ་དཔོན་བླ་མེད་བྱེད་པ་པོ། །རྡོ་རྗེ་སེམས་དཔའ་མཆོད་པའོ། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་སྤྱད་པར་ཡང་དག །ཅེས་གསུངས་པས་སོ། །དེར་སློབ་མ་བཀོད་ནས་ཕྱི་རོལ་དུ་ཕྱོགས་སྐྱོང་གི་གཏོར་མ་གཏང་། མཆོད་
པ་ལ་སོགས་པ་བྱས་ནས་དང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ་འཁོར་ལོའི་བདག་པོར་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་ཡོངས་ལ་བསྔོ་སྟེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་
བརྗོད་དོ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་རྙེད་པ་དང་མ་ཚང་བ། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་མགོན་ཁྱོད་
བཟོད་པར་གསོལ། །ཞེས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿ། ཞེས་པས་ཡེ་ཤེས་ཀྱི་དཀྱིལ་
འཁོར་གཤེགས་སུ་གསོལ་ནས་རང་ཉིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་རང་ཉིད་ལ་བཅུག་ལ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཨོཾ་ཨཱཿཧཱུཾ་མུཿ། ཞེས་འདོན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ནས་དྲིལ་བུ་དཀྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས་ཤར་
སྒོ་ནས་བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དུ་དབྱི་ཞིང་། །རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བླུགས་ནས་པདྨ་ལ་སོགས་པའི་བར་དུ་དབྱི་བར་བྱའོ། །དེ་ནས་སྒོ་རྣམས་ལ་གནས་པ་དང་ཟུར་ནི་ལག་པ་ན་གནས་པའི་རྡོ་རྗེའི་རྩེ་མོས་གཞིག་པར་བྱའོ། །ཨོཾ་བཛྲ་ཀཱི་ལཱ་
ཡ་ཨུཏ་ཀཱི་ལཱ་ཡ་སརྦ་ཀཱི་ལཾ་བཛྲ་དྷ་རཱ་ཡཱ་ཛྙཱ་པ་ཡ་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ་ཞེས་བྱ་བའམ། ཧཱུཾ་གི་སྔགས་ཀྱིས་ཕུར་པ་རྣམས་བཏོན་ནས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་བཀྲུའོ། །ཕུར་པའི་ལྷ་རྣམས་

གཤེགས་སུ་གསོལ་ལོ། ཁུང་བུ་ཡང་དགང་ངོ་། །ནད་ཞི་བ་ལ་སོགས་པའི་དོན་དུ་གཉེར་བ་ལ་རྡུལ་ཚོན་ཅུང་ཟད་བྱིན་ནས་རྒྱལ་བའི་བུམ་པའམ། བུམ་པ་གཙང་མ་གཞན་རས་ཀྱིས་བརྒྱན་པའི་རྣལ་འབྱོར་མས་བཟུང་སྟེ། ཁྱོགས་ལ་ཞོན་པའི་སློབ་དཔོན་ནམ། སློབ་མས་དྲིལ་བུའི་སྒྲ་དང་
རོལ་མོའི་སྒྲ་དང་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་རྣམས་དང་ལྡན་པས་འབབ་ཆུ་ཆེན་པོའམ་ཆུ་ཟབ་མོར་ཁྱེར་ནས་འགྲམ་དུ་འདུག་སྟེ་བའི་ལྕི་བས་བྱུགས་ལ་དྲི་དཀར་པོས་བྱུགས། དཀྱིལ་འཁོར་བྱས་ནས་པདྨའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་དང་། འདབ་
མ་ལ་ཀླུ་རྣམས་སྔོན་བཞིན་དུ་མཆོད་དོ། །ཀླུ་གཏོར་གྱི་སྔགས་ཀྱིས་འོ་ཐུག་གི་གཏོར་མ་བྱིན་ནས་མཆོད་དོ། །ཀླུ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བླུགས་པར་བྱའོ། །ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་ཏུ་ཁྱེར་བར་བསམ་པར་བྱའོ། །ཡང་རྡུལ་ཚོན་ཁྱེར་བའི་བུམ་
པ་དེ་ཆུས་བཀང་ནས་དེ་ཁོ་ན་བཞིན་བཞག་སྟེ། དེ་ནས་ཞི་བའི་དོན་དུ་དཀྱིལ་འཁོར་ལ་སོགས་པའི་ཁང་པ་ཆག་ཆག་གདབ་བོ། །བའི་ལྕི་བས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོས་ཚིམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས། མཁོ་བའི་
ཡོ་བྱད་རྣམས་བསྡུས་ནས། །རང་ཉིད་ཀྱིས་ནི་སྤྱད་པར་བྱ། །སློབ་མ་ལ་སོགས་ཅུང་ཟད་མིན། །ཁུང་བུ་འགེང་དང་རབ་གནས་དང་། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཉིད་དབང་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །ཡོན་བདག་གིས་རབ་
གནས་བྱས་པའི་སྐུ་གཟུགས་ལ་སོགས་པ་བསྐྱོད་པར་རུང་བ་ནི་རོལ་མོའི་སྒྲ་ལ་སོགས་པས་མཆོད་པས་རང་རང་གི་གནས་སུ་ཁྱེར་ནས་མཆོད་པར་བྱའོ། །སློབ་དཔོན་དང་སྒོའི་སློབ་དཔོན་རྣམས་དང་ལས་ཀྱི་རྡོ་རྗེ་ཅན་དང་རྣལ་འབྱོར་མ་རྣམས་དང་བཟོ་རྣམས་ཇི་ལྟར་རིགས་པར་ནོས་
པ་ཇི་ལྟ་བར་རས་ལ་སོགས་པ་དང་སོ་རྩི་ལ་སོགས་པས་ཚིམ་པར་བྱའོ། །དགེ་འདུན་ལ་སྟོན་མོ་དང་རྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་ཡང་བྱའོ། །དམན་པ་དང་མགོན་མེད་པ་རྣམས་ལའང་ཚིམ་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའི་ཆོ་གའོ། །དེ་ལྟར་

འདིར་ནི་དཀྱིལ་འཁོར་བྲི་བའི་ཆོ་གའོ། །བྲི་བའི་ཆོ་ག་འདི་ཡིད་ཀྱིས་བསྒྲུབས་པའི་ཆོ་ག་ཉིད་ཀྱིས་ཀྱང་འབྲས་བུ་དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་ས་གཟུང་བ་ལ་སོགས་པ་དང་། སྐུ་
གཟུགས་ལ་སོགས་པའི་རབ་གནས་དང་། སློབ་མ་ལ་དབང་བསྐུར་བ་དང་། གཤེགས་སུ་གསོལ་བ་དང་། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ཉིད་ཀྱི་ཚེ་གང་གིས་ཁ་ཅིག་ཏུ་སྦྲེལ་བ་དང་འདི་དག་ཐམས་ཅད་བྱར་མི་ནུས་པའམ་མི་རྙེད་པ་དེའི་ཚེ་
བསྒོམ་པར་བྱའོ། །དེའི་ཚེ་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་ལྟ་བ་དང་སྦྱིན་པ་ལ་མངོན་པར་དད་པ་ལ་སོགས་པས་བསོད་ནམས་སྤེལ་བ་འགའ་ཞིག་གི་ཆེད་དུ་ཕྱི་མཆོད་ཀྱི་ཆོ་ག་འདོད་དོ། །རྒྱུ་མེད་ཅིང་ཚོགས་པ་དང་བྲལ་བས་ནི་བསྒོམ་
པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པས་ཀྱང་སེམས་བརྟན་པས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་སྔོན་གྱི་རབ་གནས་དང་། སྐལ་བ་ལ་བསྟན་པ་དང་དབང་བསྐུར་བར་བྱའོ། །དེ་ལྟར་ཡང་སངས་རྒྱས་
ཐོད་པའི་རྒྱུད་ལས། ཤེས་རབ་པདྨའི་ནང་དབུས་སུ། །དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །མཁས་པས་སློབ་མ་དབང་བསྐུར་བྱ། །ཞེས་པ་དང་གཞན་དུ་ཡང་གསུངས་པ་སྟེ། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བའི་དཀྱིལ་འཁོར་
བྱ་བར་བཞེད། །ཅེས་གསུངས་སོ་ཞེས་པ་ནི་ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ། །སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པའི་དབང་བསྐུར་གྱི་རབ་ཏུ་བྱེད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་མཁས་པ་བནྡེ་ཤེས་རབ་དཔལ་གྱིས་བསྒྱུར་བའོ།།
༄༅༅། །རྒྱ་གར་སྐད་དུ། སྭ་ཨངྷིཥྛཱ་ན་ཀྲ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །རིན་ཆེན་གནས་ལས་རིན་ཆེན་རྙེད། །བློ་ཡི་ནོར་ཅན་འགའ་ཡོད་ཀྱང་། །ལེགས་པར་

ཡོངས་བརྟགས་རིན་པོ་ཆེ། །དམ་པས་རྒྱན་དཔལ་འཇིགས་མེད་མཆོག །འདིར་སྙིང་རྗེ་ཆེན་པོས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བ་འདིའི་དོན་ལ་མངོན་དུ་ཕྱོགས་ཤིང་རང་བཞིན་གྱིས་ལུས་སྟོང་པ་ཉིད་ལ་སྐད་ཅིག་གིས་བདེ་མཆོག་ཞབས་གཡས་བརྐྱང་པས་
སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་འཇིགས་བྱེད་དང་དུས་མཚན་མནན་པ་རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་དང་བཅས་པའི་ཕྱག་ཟུང་ཅན། དབུ་ལ་གནས་པའི་ཐོད་པ་ལྔ་དང་བཅས་པ། མགོ་བོ་སྐམ་པོའི་ཕྲེང་བ་མགུལ་པར་འཕྱང་བ་ཕྱག་རྒྱ་ལྔ་
དང་ལྡན་པ། དབུ་སྐྲ་སྔོན་པོའི་ཚོགས་གྲོལ་ཞིང་འཁྱིལ་པ། སྤྱན་གསུམ་པ་མེ་ཏོག་བནྡྷུ་ཀ་ལྟ་བུའི་རྡོ་རྗེ་ཕག་མོ་ལ་འཁྱུད་ཅིང་མཚོ་སྐྱེས་དང་གཉིས་སུ་མེད་པའི་དགའ་བ་དང་ལྡན་པ། མེ་ཏོག་ཀནྡ་ལི་ཁ་བྱེ་མ་ཐག་གི་ཁ་དོག་མཛེས་པ། གར་གྱི་ཉམས་དགུའི་ཚོགས་ཅན། རལ་པ་
ནག་པོའི་ཐོར་ཚུགས་བརྫེས་པའི་རྩེ་མོར་ནོར་བུ་དང་སྣ་ཚོགས་རྡོ་རྗེས་<མཛེས། །བདིའི་,མཛེས་པ། དེའི་>འོག་ཏུ་གཡོན་དུ་བསིལ་འོད་ཅན་གྱི་ཆ་གནས་པ། གདན་སྣ་ཚོགས་རྡོ་རྗེ་ལ་ཐུབ་པ་མི་བསྐྱོད་པ་བཞུགས་པ། དཔྲལ་བའི་མཐའི་གནས་སུ་ཐོད་པ་ལྔས་བརྒྱན་པ་ཕྱག་རྒྱ་དྲུག་པ། རླན་དང་བཅས་
པའི་མི་མགོ་ལྔ་བཅུའི་ཕྲེང་བས་སྐུ་རྣམ་པར་མཛེས་པ། མཛེས་མའི་མཆུའི་སྦྲང་རྩིའི་བཏུང་བའི་རོ་དང་ལྡན་པ། སྤྱན་གསུམ་པ་ཞལ་གཅིག་པ། དཔལ་གྱི་ཐུགས་ཀར་གནས་པའི་ཉི་མ་ཧཱུྃ་སྔོན་པོ་དང་བཅས་པའི་བདག་ཉིད་དང་རོ་གཅིག་པ་ཉིད་ཀྱིས་རང་དང་མཉམ་པའི་འགྲོ་བ་བརྟན་
པ་དང་བཅས་པའི་གཡོ་བ་བཅོམ་ལྡན་འདས་མ་ལའོ། །དེའི་ཐུགས་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ལའོ། །དེ་བདག་ཉིད་གདན་དང་བཅས་པ་ཐུགས་གའི་ཉི་མ་དང་བཅས་པ་ཧཱུྃ་གི་རྣམ་པ་ལའོ། །དེ་དོན་ཡོད་གྲུབ་པའི་ངོ་བོ་ཨུའི་རྣམ་པ་ནི་འོད་དཔག་མེད་ཀྱི་རང་བཞིན་ཧའི་
རྣམ་པ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མགོ་བོའི་རི་མོ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་རང་བཞིན་ནཱ་ད་དང་བཅས་པའི་ཐིག་ལེ་ལའོ། །དེ་ནཱ་ད་ལའོ། །དེ་ཡང་རིམ་གྱིས་བསྡུས་པ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཆོས་ཀྱི་སྐུ་

འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་གཞུག་པར་བྱའོ། །འདི་ནི་འདིར་རྗེས་སུ་གཞིག་པའི་རིམ་པས་མེ་ལོང་ལ་དབུགས་ཀྱིས་རླངས་པ་ཡལ་བ་ལྟར་ས་བཅུའི་དབང་ཕྱུག་སྒྱུ་མའི་སྐུ་ས་བཅུ་གཅིག་པར་སྒྲིབ་པ་དང་བཅས་པའི་གནས་
ཡོངས་སུ་གྱུར་པའི་ངོ་བོ་འོད་གསལ་དུ་ཞུགས་པ་རབ་ཏུ་བསྟན་ཏོ། །དེ་ནས་རྣམ་པར་རྟོག་པའི་དྲ་བ་མཐའ་དག་གི་བག་ཆགས་དྲུངས་ནས་ཕྱུང་བ་ནི་གདུལ་བྱའི་སྐྱེ་བོའི་བསོད་ནམས་དང་རང་གི་སྨོན་ལམ་གྱིས་འཕེན་པས་སྐད་ཅིག་གིས་བདག་ཉིད་སྤྲོས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་
བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱིས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་རྒྱུན་མི་འཆད་པ་སྤྲུལ་པ་སྣ་ཚོགས་པ་རབ་འབྱམས་རྣམས་ཀྱིས་ནམ་མཁའི་ཁོངས་གང་བས་གཞན་གྱི་དོན་ཡང་དག་པར་བསྒྲུབ་པར་འབྱུང་ངོ་། །བསྐྱེད་པའི་རིམ་པ་མཆོག་ལ་
གནས་པའི་ལས་དང་པོ་པས་འདི་མཐའ་དག་སོ་སོར་ཡང་དང་ཡང་དུ་བསྒོམ་པར་བྱའོ། །འབྲིང་གིས་ནི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་སྐད་ཅིག་གིས་འོད་གསལ་དུ་ཞུགས་པ་དང་བཞེངས་པ་ཁོ་ནའོ། །མཆོག་གི་སླར་ཟུང་འཇུག་གི་བདག་ཉིད་དུ་བཞེངས་པ་ཁོ་ནའོ། །འདི་ཉིད་
ལྷུན་གྱིས་གྲུབ་པར་བསྒོམ་པ་མཆོག་གི་མཆོག་རབ་ཏུ་གསལ་བ་མཐར་ཐུག་པ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་གསང་ཆེན་དུ་མཛད་པ་བླ་མ་དམ་པའི་ཞབས་ཀྱི་མན་ངག་གིས་རང་དང་མཉམ་
པས་ཀྱང་དྲན་པར་བྱ་བའི་ཕྱིར་མཁས་པ་འཇིགས་མེད་འབྱུང་གནས་སྦས་པས་རྣམ་པར་གསལ་ཞིང་ངེས་པར་བྱས་པ་རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་གོ། །འདི་ལས་ལེགས་བྱས་ཚོགས་རྣམས་ཀྱི། །འཇིགས་མེད་གསུང་གི་འོད་ཟེར་གྱིས། །མྱུར་དུ་འགྲོ་རྣམས་མུན་བཅོམ་
ཞིང་། །བདེ་མཆོག་དཔལ་གྱི་སྐུ་འཛིན་ཤོག །དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟའི་ཞལ་སྔ་ནས་མཛད་པ་འདི་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་བདེ་མཆོག་ཉིད་དང་དབྱེར་མེད་པའི་པཎྜི་ཏ་ཆེན་པོ་དཔལ་རྗེ་བཙུན་རཏྣ་རཀྵི་ཏའི་ཞལ་སྔ་ནས་དང་།

ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བཞུགས། ༄༅༅། །བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་ལྷ་མོ་རྣམས་ཀྱིས་ཅང་
ཏེའུའི་སྒྲས་བསྐུལ་བ་སྔོན་དུ་འགྲོ་བ་བསམས་ནས་ལངས་ཏེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཞབས་ལ་ལུས་དང་ངག་དང་ཡིད་ཀྱི་གུས་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ་ཕྱག་འཚལ་བར་བྱའོ། །དེ་ནས་གདོང་ལ་སོགས་པ་བཀྲུས་ཏེ། སྒྲ་ལ་སོགས་དང་བྲལ་བའི་བསམ་གཏན་གྱི་ཁང་
པར་ཞུགས་ཏེ་བདེ་བའི་སྟན་ལ་འདུག་ནས། གནས་དང་བདག་དང་རྣལ་འབྱོར་སྲུང་བ་བརྩོན་པར་བྱ་སྟེ། གཡོན་པའི་སྡིགས་མཛུབ་བསྒྲེང་བ་སྙིང་གར་བཞག་སྟེ། གནོད་མཛེས་ཀྱི་སྔགས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་
ཧོཿབྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཛ་ཧཱུཾ་ཕཊ། ཅེས་བརྗོད་དེ་ཤར་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །དེ་ནས་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་པདྨ་དུམ་བུ་གཅིག་པའི་ནང་དུ་བི་མུ་ཤུ་མ་ར། གོ་ཀུ་ད་ཧ་ན། ཞེས་བྱ་བ་སྟོབས་དང་བཅས་པའི་བདུད་རྩི་བལྟས་ལ་ཧཱུཾ་ལས་བྱུང་བའི་
རྡོ་རྗེ་དཀར་པོས་སྦྱང་བར་བྱའོ། །ཡི་གེ་ཨས་ནི་སད་པར་བྱས་ལ། ཨོཾ་གྱིས་འབར་ཞིང་གསལ་བར་བྱས་ནས། རང་གི་ལྕེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་བསྒོམས་ཏེ། སརྦྦ་ཏ་ཐཱ་ག་ཏ་བིགྷྣཱཾ་བི་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་བཏུང་བར་བྱ་ཞིང་དེ་ཉིད་ཀྱིས་ལུས་ལ་བསྐུས་
ནས། གནོད་སེམས་དང་རྣམ་པར་འཚེ་བ་དང་མི་དགའ་བ་དང་། འདོད་པ་ལ་འདོད་ཆགས་པའི་གཉེན་པོར་གྱུར་པ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །དེ་ལྟར་གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ནས། རང་གི་སྙིང་གར་ཡི་གེ་
ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ཤུན་ལྟ་བུའི་རྣམ་པར་བསྒོམས་ལ། དེའི་འོད་ཟེར་གྱི་ཚོགས་ཀྱིས་ལུས་དང་ཚོར་བ་དང་སེམས་དང་ཆོས་དག་སྟོང་པ་ཉིད་དུ་བསམས་ནས། མདུན་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་དང་

སངས་རྒྱས་ཐམས་ཅད་དང་བླ་མ་བལྟ་བར་བྱའོ། །དེ་ནས་ཕྱི་ནང་གསང་བའི་མཆོད་པ་ཡིད་ཀྱིས་བྱས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་པར་བྱའོ། །དེའི་འོག་ཏུ་རྒྱུ་བ་དང་མི་རྒྱུ་བ་རང་གི་ལུས་དང་ལྷན་ཅིག་སྟོང་པར་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་
ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །དེ་ནས་སེམས་གཅིག་པུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་བསོད་ནམས་ཀྱི་ཚོགས་བསགས་པ་རྣམ་པ་སྣ་ཚོགས་སུ་སྣང་བའི་རང་བཞིན་དེ་ཉིད་ཀྱིས་སོ། །བགེགས་འབྱུང་བར་དོགས་ན་ཡི་གེ་ཨོཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ།
ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསྒོམས་ལ་དེའི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐལ་བར་འགྱུར་བར་བསམས་ཏེ་རྡོ་རྗེའི་ར་བ་དང་། རྡོ་རྗེའི་བླ་རེ་དང་། རྡོ་རྗེའི་རང་བཞིན་ཅན་གྱི་ས་གཞིར་བྱིན་གྱིས་བརླབ་པའི་བར་དུའོ། །རྡོ་རྗེའི་ར་བ་དེར་ཆོས་འབྱུང་གི་ཕྱག་རྒྱ་ཆེན་པོ་བསྒོམ་
ཞིང་དེའི་ནང་དུ་འཇུག་པའི་སེམས་ནཱ་ད་ཙམ་བལྟས་ལ། འོག་ཏུ་ཡྃ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་རྡོ་རྗེ་གཉིས་ཀྱིས་མཚན་པ་དང་། དེའི་སྟེང་དུ་རྃ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རྡོ་རྗེས་མཚན་པ་དང་། དེའི་སྟེང་དུ་
པྃ་ལས་གྱུར་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྡོ་རྗེས་མཚན་པ་དང་། དེའི་སྟེང་དུ་ལྃ་ལས་གྱུར་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ་རྡོ་རྗེས་མཚན་པ་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པའི་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྲུ་བཞི་པ་
ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ་དང་། དེའི་སྟེང་དུ་ཧཱུྃ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་སྟེ་རི་རབ་དང་འབྱུང་བ་བཞི་ཡོངས་སུ་གྱུར་པ་ལས་རྡོ་རྗེར་གྱུར་པའི་སའི་ཆར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་རིན་པོ་ཆེ་ཐམས་ཅད་ཀྱི་གཞལ་ཡས་ཁང་སྒོ་བཞི་ལ་སོགས་པར་བལྟ་བར་བྱའོ། །དེའི་
ནང་དུ་འཁོར་ལོ་གསུམ་དང་དབུས་སུ་པདྨ་འདབ་མ་བརྒྱད་པ་ཁ་དོག་སྣ་ཚོགས་པ་བལྟ་བར་བྱའོ། །ལྟེ་བའི་སྟེང་དུ་དུས་མཚན་མ་དང་འཇིགས་བྱེད་ཆེན་པོ་བལྟའོ། །དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཟླ་བ་དང་ཉི་མ་དང་། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་

དམར་པོ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ་འོད་འཕྲོ་བའི་རང་བཞིན་ཅན་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟོན་ཀའི་ཟླ་བའི་སྤྲིན་ལྟ་བུ་ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་སྟེ། རལ་པའི་ཅོད་པན་གྱིས་སྤྲས་པ། །ཟླ་བ་ཕྱེད་པས་ཉེ་བར་མཛེས། ཐོད་པའི་
ཕྲེང་བ་དག་གིས་བརྒྱན། །ཞལ་དཀར་སྔོ་དང་དམར་བ་དང་། །ཞལ་ནི་ཅུང་ཟད་རྣམ་བཞད་པ། །རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས། །སྒེག་པའི་རོས་ནི་འཕྱོ་མཛད་པ། །སྒེག་པའི་སྐྱིལ་མོ་ཀྲུང་གིས་བཞུགས། །མཆུ་ཡིས་བཏུང་བའི་དྲེགས་པ་དགྱེས། །ཕྱག་རྒྱ་མཆོད་པ་ཁ་ཊྭཱཾ་ག །མི་
མགོ་དང་ནི་རྩེ་གསུམ་འཆང་། །ལྷ་མོ་དེ་མདོག་ཕྱག་གཉིས་པ། །གྲི་གུག་དང་ནི་ལྷུང་བཟེད་བསྣམས། །རྡོ་རྗེ་སེམས་དཔའ་ཡང་དག་འཁྱུད། །བདེ་བ་ཆེན་པོའི་གནས་ན་བཞུགས། །དེ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་ཞལ་དུ་ཞུགས་པར་རྣམ་པར་བསམས་ལ་བྱང་
ཆུབ་ཀྱི་སེམས་འདོད་ཆགས་ཀྱི་མེས་ཞུ་བའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཀྱིས་སྤྲུལ་པའི་ལྷ་མོས་ཡོངས་སུ་བསྐུལ་བས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ་འོད་ཟེར་གྱི་ཚོགས་རབ་ཏུ་འཕྲོ་བ། སངས་རྒྱས་ཀྱི་
ཚོགས་ཀྱི་རང་བཞིན་དུ་གྱུར་པ་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་ཅན་སྐུ་ལ་རྡོ་རྗེ་ཕག་མོས་འཁྱུད་པ། དཀྱིལ་འཁོར་གྱི་འཁོར་དང་ལྡན་པ་ཁྲོ་བོ་སྐུ་མདོག་ནམ་མཁའ་ལྟར་སྔོ་བསངས་ཞལ་བཞི་པ། ཕྱག་བཅུ་གཉིས་པ་གཡས་བརྐྱང་པའི་བཞུགས་པས་དུས་མཚན་
གནོན་པ་རྩ་བའི་ཞལ་སྔོ་བསངས། གཡོན་སེར་པོ། རྒྱབ་པདྨ་རཱ་ག་ལྟར་དམར་བ། གཡས་ལྗང་གུ་མཆེ་བ་དང་བཅས་པས་འཇིགས་པར་མཛད་པ་སྨིན་མ་སེར་བ། དབུ་སྐྲ་གྱེན་དུ་བརྫེས་ལ་འབར་བ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཟླ་བ་ཕྱེད་པའི་ཐོད་ཅན་སྣ་ཚོགས་རྡོ་རྗེ་དབུ་
རྒྱན་གྱིས་གནོན་པ། སྤྱན་བཅུ་གཉིས་པ། འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐེ་རགས་དང་། མཆོད་ཕྱིར་ཐོགས་དང་ཐལ་བས་ཉེ་བར་སྤྲས་པ་སྟག་གི་ཤམ་ཐབས་ཅན་མི་མགོ་རློན་པའི་ཕྲེང་བ་འཕྱང་བ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་

ཕྱག་གཉིས་ཀྱིས་འཁྱུད་པ། ཕྱག་གཞན་གཉིས་ཀྱིས་གླང་པོ་ཆེའི་པགས་པའི་གོས་འཛིན་པ། གཡས་ཌ་མ་རུ་དང་། དགྲ་སྟ་དང་། གྲི་གུག་དང་། རྩེ་གསུམ་བསྣམས་པ། གཡོན་ན་ཚངས་པའི་མགོ་བོ་དང་། ཞགས་པ་དང་། ཁ་ཊྭཱཾ་ག་དང་། ཀ་པཱ་
ལ་བསྣམས་པ་བལྟ་བར་བྱའོ། །ཕག་མོ་ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། ཞལ་ཞི་བ། སྐུ་མདོག་དམར་མོ་དུམ་བུས་བརྒྱན་པའི་སྐེ་རགས་ཅན་བྱིན་པ་གཉིས་ཀྱིས་ཡང་དག་པར་འཁྲིལ་བ། བདེ་བ་ཆེན་པོའི་གནས་ན་བཞུགས་པ་ཕྱག་གཉིས་ཀྱིས་འཁྱུད་པ།
བདུད་སྡིག་ཏོ་ཅན་ལ་སོགས་པའི་ཁྲག་གིས་བཀང་པའི་ཀ་པཱ་ལ་བསྣམས་པ། ཕྱག་གཅིག་ན་གྲི་གུག་བསྣམས་པ། ཡན་ལག་ཕྱག་རྒྱ་དྲུག་གིས་བརྒྱན་པ་བསྒོམ་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །པདྨའི་ཕྱོགས་ཀྱི་འདབ་མ་
ལ་མཁའ་འགྲོ་མ་དང་། ཡིད་འོང་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་ནི་གོ་རིམས་བཞིན་དུ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ཞལ་གཅིག་པ། ཕྱག་གཉིས་པ། རོའི་གདན་ལ་གཡོན་བརྐྱང་བས་བཞུགས་པ། ཐོད་པ་དང་།
ཁ་ཊྭཱཾ་ག་དང་། གྲི་གུག་བསྣམས་པ། ཐོད་པའི་ཕྲེང་བས་བརྒྱན་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། ཕྱག་རྒྱ་ལྔ་འཆང་བ་སྟེ་ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་
བར་གཞག་པ་ནི་ཡིད་འོང་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །མཚམས་སུ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྣོད་བཞིའོ། །རྣམ་པར་དག་པ་ནི་རྣམ་པར་ཐར་པ་བཞི་སྟེ། འདི་ལྟར་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པའི་མཚན་ཉིད་དོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་སྔོན་པོ་རྡོ་རྗེ་དྲ་བས་བརྒྱན་པ། ཤར་དང་ལུས་ཀྱི་དཀྱིལ་འཁོར་མགོ་བོ་པུལླཱི་ར་མཱ་ལ་ཡ་ལ་ཐོད་པའི་དུམ་བུ་ཅན་དང་། རབ་གཏུམ་མོ་སྟེ་

འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །སེན་མོ་དང་སོ་ནི་ཐོད་པའི་དུམ་བུ་ཅན་ནོ། །བྱང་དང་སྤྱི་གཙུག་ཛཱ་ལནྡྷ་ར་ལ་ནི་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ་སྟེ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །སྐྲ་དང་སྤུ་ནི་ཀེང་རུས་ཆེན་མོའོ། །ནུབ་དང་རྣ་བ་གཡས་པ་ཨཽ་ཌྱན་ལ་
ཀེང་རུས་དང་འོད་ལྡན་མ་སྟེ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །པགས་པ་དང་དྲི་མ་ལ་ནི་ཀེང་རུས་སོ། །ལྷོ་དང་མགོ་བོའི་རྒྱབ་ཨརྦུ་ད་ལ་ནི་མཆེ་བ་གཙིགས་པ་དང་སྣ་ཆེན་མོ་སྟེ་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཤ་ལ་ནི་མཆེ་བ་གཙིགས་པའོ། །གནས་དེ་བཞི་ནི་ས་རབ་ཏུ་
དགའ་བའོ། །མེའི་ཕྱོགས་དང་རྣ་བ་གཡོན་པ་གོ་དཱ་བ་རཱི་ལ་ནི་ཆང་དགྲ་དང་བརྟན་པའི་བློ་ཅན་མ་སྟེ་དད་པའི་དབང་པོའོ། །རྩ་རྒྱུས་ནི་ཆང་དགྲ་མའོ། །བདེན་བྲལ་གྱི་ཕྱོགས་དང་སྨིན་མའི་དབུས་སུ་རཱ་མེ་ཤྭ་ར་ལ་ནི་འོད་དཔག་མེད་དང་མིའུ་ཐུང་མ་སྟེ་བརྩོན་འགྲུས་ཀྱི་དབང་པོའོ། །
རུས་པ་ལ་ནི་འོད་དཔག་ཏུ་མེད་པའོ། །རླུང་གི་ཕྱོགས་དང་མིག་དེ་བཱི་ཀོ་ཊཱི་ལ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ་སྟེ་དྲན་པའི་དབང་པོའོ། །མཁལ་མ་ལ་ནི་རྡོ་རྗེའི་འོད་དོ། །དབང་ལྡན་གྱི་ཕྱོགས་དང་ཕྲག་པ་གཉིས་མཱ་ལ་བ་ལ་ནི་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཏིང་ངེ་འཛིན་གྱི་
དབང་པོའོ། །སྙིང་རྗེ་ནི་རྡོ་རྗེའི་སྐུའོ། །ཉེ་བའི་གནས་ཏེ་ས་དྲི་མ་མེད་པའོ། །ཐུགས་ཀྱི་འཁོར་ལོ་ནི་ནམ་མཁའ་ལ་རྒྱུ་བའོ། །གསུང་གི་འཁོར་ལོ་དམར་པོ་པདྨའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང་མཆན་ཁུང་ཀཱ་མ་རཱུ་པ་ལ་ནི་མྱུ་གུ་ཅན་དང་ས་སྲུང་མ་སྟེ། ཤེས་རབ་ཀྱི་
དབང་པོའོ། །མིག་ནི་མྱུ་གུ་ཅན་ནོ། །བྱང་དང་ནུ་མ་ཨོ་ཊ་ལ་ནི་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་དད་པའི་སྟོབས་སོ། །མཁྲིས་པ་ལ་ནི་རྡོ་རྗེ་རལ་པ་ཅན་ནོ། །ཞིང་སྟེ་ས་འོད་བྱེད་པ་ཅན་ནོ། །ནུབ་དང་ལྟེ་བ་ཏྲི་ཤ་ཀུ་ནེ་ལ་ནི་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ་སྟེ་
བརྩོན་འགྲུས་ཀྱི་སྟོབས་སོ། །གློ་བ་ལ་ནི་དཔའ་བོ་ཆེན་པོའོ། །ལྷོ་དང་སྣའི་དབང་པོ་ཀོ་ས་ལ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་དྲན་པའི་སྟོབས་སོ། །རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །ཉེ་བའི་ཞིང་སྟེ་ས་འོད་འཕྲོ་བ་ཅན་ནོ། །མེའི་ཕྱོགས་དང་ཁ་ཀ་ལིངྐ་ལ་ནི་རབ་ཏུ་བཟང་

པོ་དང་ལྷ་མོ་སྔོ་བསངས་མ་སྟེ་ཏིང་ངེ་འཛིན་གྱི་སྟོབས་སོ། །གཉེ་མ་ནི་རབ་ཏུ་བཟང་པོའོ། །བདེན་བྲལ་གྱི་ཕྱོགས་དང་མགྲིན་པ་ལཾ་པ་ཀ་ལ་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཤེས་རབ་ཀྱི་སྟོབས་སོ། །ལྟོ་བ་ནི་རྡོ་རྗེ་བཟང་པོའོ། །ཚནྡོ་ཧ་སྟེ་ས་ཤིན་ཏུ་སྦྱང་དཀའ་བའོ། །
རླུང་གི་ཕྱོགས་དང་སྙིང་ག་ཀཱཉྩི་ལ་ནི་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ལྒང་པ་ནི་འཇིགས་བྱེད་ཆེན་མོའོ། །དབང་ལྡན་གྱི་ཕྱོགས་དང་མདོམས་ཧི་མཱ་ལ་ཡ་ནི་མིག་མི་བཟང་དང་བྱ་གདོང་མ་སྟེ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
གོ། །མདོམས་བར་ནི་མིག་མི་བཟང་ངོ་། །ཉེ་བའི་ཚནྡོ་ཧ་སྟེ་ས་མངོན་དུ་གྱུར་པའོ། །ས་ལ་རྒྱུ་བའོ། །སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང་མཚན་མ་པྲེ་ཏ་པཱུ་རི་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་གོ། །བད་ཀན་ནི་སྟོབས་པོ་ཆེའོ། །བྱང་དང་བཤང་ལམ་གྲྀ་ཧ་དེ་བ་ཏཱ་ར་ལ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །རྣག་ལ་ནི་རྡོ་རྗེ་རིན་ཆེན་ནོ། །འདུས་པ་ཅན་ཏེ་ས་རིང་དུ་སོང་བའོ། །ནུབ་དང་བརླ་གཉིས་སཽ་རཱཥྚ་ལ་རྟ་མགྲིན་དང་ཤཽཎྜི་ནཱི་
སྟེ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཁྲག་ནི་རྟ་མགྲིན་ནོ། །ལྷོ་དང་བྱིན་པ་གཉིས་སུ་ཝརྞ་དྭཱི་པ་ལ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །རྡུལ་ནི་ནམ་མཁའི་སྙིང་པོའོ། །ཉེ་བའི་འདུས་པ་ཅན་ཏེ་ས་མི་གཡོ་
བའོ། །མེའི་ཕྱོགས་དང་རྐང་པའི་སོར་མོ་ན་ག་ར་ལ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཚིལ་ནི་དཔལ་ཧེ་རུ་ཀའོ། །བདེན་བྲལ་གྱི་ཕྱོགས་དང་རྐང་པའི་བོལ་སིནྡྷུ་ལ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་ཡང་དག་པའི་ལྟ་བའོ། །
མཆི་མ་ནི་པདྨ་གར་གྱི་དབང་ཕྱུག་གོ། །དུར་ཁྲོད་དེ་ས་ལེགས་པའི་བློ་གྲོས་སོ། །རླུང་གི་ཕྱོགས་དང་མཐེ་བོང་མ་རུ་ལ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་སྟེ་ཡང་དག་པའི་རྟོག་པའོ། །མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །དབང་ལྡན་གྱི་ཕྱོགས་དང་པུས་མོ་གཉིས་ཀུ་ལུ་ཏཱར་

རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཡང་དག་པའི་ངག་གོ། །སྣབས་ནི་རྡོ་རྗེ་སེམས་དཔའོ། །ཉེ་བའི་དུར་ཁྲོད་དེ་ས་ཆོས་ཀྱི་སྤྲིན་ནོ། །ས་འོག་ཏུ་འགྱུར་རོ། །ཐུགས་ཀྱི་འཁོར་ལོ་སྐུ་མདོག་ནག་པོ། གསུང་གི་འཁོར་ལོ་སྐུ་མདོག་དམར་པོ། སྐུའི་འཁོར་ལོ་སྐུ་མདོག་དཀར་པོ།
ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུས་སྙོམས་པར་ཞུགས་པ་གཡས་བརྐྱང་པས་བཞུགས་པ། རལ་པའི་ཅོད་པན་དང་དར་དཔྱངས་ཅན་ཕྱག་རྒྱ་ལྔ་འཆང་བའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་ནི་ཕྱག་གཉིས་ཞལ་གཅིག་པ་ཀ་པཱ་ལ་དང་གདུག་པ་
ལ། སྡིགས་མཛུབ་གྲི་གུག་བསྣམས་པས་འཁྱུད། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། །སྐྲ་གྲོལ་བས་ནི་རྣམ་པར་སྤྲོས། །གཉིས་མེད་སྦྱོར་བས་སྙོམས་པར་ཞུགས། །ནམ་མཁའི་གོས་མནབས་པ་ལ་གཞོལ། །ལྷ་མོ་ཕྱག་རྒྱ་ལྔ་འཆང་བ། །རྒྱན་རྣམས་ཀུན་གྱིས་བརྒྱན་
པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་ལ་ཁྭ་གདོང་མ་དང་། འུག་པའི་གདོང་ཅན་མ་དང་། ཁྱིའི་གདོང་ཅན་མ་དང་། ཕག་གི་གདོང་ཅན་མའོ། །མེའི་ཕྱོགས་དང་བདེན་བྲལ་གྱི་ཕྱོགས་དང་རླུང་གི་ཕྱོགས་དང་དབང་ལྡན་གྱི་ཕྱོགས་རྣམས་ལ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་
ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མའོ། །ཇི་ལྟར་མཁའ་འགྲོ་སོགས་འགྲོ་བ། །ཁྭ་གདོང་ལ་སོགས་ལ་སོགས་དབྱེ། །དེ་བཞིན་མཚམས་གནས་ལྷ་མོ་ནི། །གཟུགས་གཉིས་ཡིད་ནི་འཕྲོག་པའོ། །ཡི་དགས་གདན་ནི་འཇིགས་བྱེད་པོ། །སེམས་ཅན་དོན་མཛད་
པ་ལ་བརྩོན། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བ་ལ་རྡོ་རྗེའི་ཕྲེང་བའོ། །ལུས་ཀྱི་དཀྱིལ་འཁོར་ལ་ལག་པ་གཡོན་པའི་རྩེ་མོ་ལ་ཁྭ་གདོང་མ་སྟེ་ཡང་དག་པའི་ལས་ཀྱི་མཐའོ། །མཁྲིག་མ་ལ་ནི་འུག་གདོང་མ་སྟེ་ཡང་དག་པའི་འཚོ་བའོ། །ལག་པ་གཡས་པའི་རྩེ་མོ་ལ་
ནི་ཁྱིའི་གདོང་མ་སྟེ་ཡང་དག་པའི་རྩོལ་བའོ། །མཁྲིག་མ་ལ་ནི་ཕག་གདོང་མ་སྟེ་ཡང་དག་པའི་དྲན་པའོ། །རྐང་པ་གཡས་པའི་རྩེ་མོ་ལ་ནི་གཤིན་རྗེ་བརྟན་མ་སྟེ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པའི་ངང་ཚུལ་ཅན་ནོ། །རྐང་པ་གཡོན་པའི་རྩེ་མོ་ལ་ནི་གཤིན་རྗེ་ཕོ་ཉ་མ་སྟེ་

དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བའོ། །རྐང་པ་གཡས་པའི་ལོང་མོ་ལ་ནི་གཤིན་རྗེ་མཆེ་བ་མ་སྟེ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ཡང་