Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 17

Văn bản gốc(Tây Tạng)

Trang 29 / 29 (50.000 ký tự/trang)
ནན་ཞིང་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ་མིག་འབྲས་སུ་ཧཱུཾ་ལས་འོད་ཟེར་དམར་པོ་འབར་བས་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཐུན་བཞིར་མནན་ན་དཔུང་གི་ཚོགས་དང་བཅས་པའི་རྒྱལ་པོ་ཕམ་པར་བྱེད་དོ། །ལས་བཞི་པ་ནི་བྱི་ལ་ལ་སོགས་པའི་ཤ་དང་མཁའ་

འགྲོ་མའི་ཚོགས་ལ་གཏོར་མ་ཆེན་པོ་བྱ་སྟེ་ཆེ་གེ་མོ་ནོན་ཅིག་ཅེས་བྱས་ན་གཞན་དག་རེངས་པར་འགྱུར་རོ། །ལས་ལྔ་པ་ནི་གཟུགས་ཡོངས་སུ་བརྗེ་བ་ནི་རི་བོང་ལ་སོགས་པའི་ཐོད་པར་ཡུངས་ཀར་དུ་བསྐྱེད་ལ་སངས་རྒྱས་སྤྱན་གྱི་ས་བོན་གཟུགས་པ་དང་
མཱ་མ་ཀཱིའི་སྔགས་ཀྱིས་བཅུག་པ་དང་། གོས་དཀར་མོའི་སྔགས་ཀྱིས་བསྲུང་བ་དང་། སྒྲོལ་མའི་སྔགས་ཀྱིས་རྩ་བ་གསལ་བར་བྱའོ། །དེ་ཡོངས་སུ་སྨིན་པའི་ཚེ་དམངས་རིགས་ཀྱི་བུ་མོའི་ལག་པར་སྤུའི་སྲོག་ཆགས་གང་གི་ཐོད་པར་བསྐྱེད་པ་དེའི་སྤུའི་སྲད་བུ་ལ་སྔགས་སྟོང་
རྩ་བརྒྱད་བཟླས་ཏེ་ཡུངས་ཀར་ཐུམ་བུ་གང་གི་མགུལ་དུ་བཅིངས་པ་དེ་སྲོག་ཆགས་དེ་དག་དང་འདྲ་བར་འགྱུར་རོ། །ལས་དྲུག་པ་ནི་སྦྲུམ་མའི་གཟུགས་བརྙན་བྱས་ལ་སྙིང་གར་འཁྲུལ་འཁོར་བཅུག་ནས་ལག་པ་གཉིས་ལ་འཁྲུལ་འཁོར་བཀོད་དེ་སྔོན་དུ་བསྙེན་པ་བཟླས་བརྗོད་སྟོང་
བྱས་ནས་ཀ་ར་བཱི་རའི་མེ་ཏོག་ལ་སྔགས་བཟླས་ཤིང་སྦྲུམ་མའི་གཟུགས་བརྙན་ལ་བརྡེག་པ་དང་། ལག་པ་མཉེས་ན་མངལ་འཇིག་པར་འགྱུར་རོ། །ལས་བདུན་པ་ནི་འོ་མས་བཀྲུས་ན་འབར་བར་འགྱུར་རོ། །ལས་བརྒྱད་པ་ནི་སྔར་བསྟན་པའི་རྫས་ལས་བྱས་པའི་གཟུགས་བརྙན་
གྱི་སྙིང་གར་འཁྲུལ་འཁོར་བཅུག་ལ་དུར་ཁྲོད་ཀྱི་སར་སྦས་ལ་མཚན་ཕྱེད་ན་ཡི་གེ་བདུན་པ་ཕྱག་འབུམ་དུ་བསྒོམས་ལ་རྩ་བའི་སྔགས་བཟླས་ནས་སྡིགས་མཛུབ་བྱས་ན་འཆི་བ་དང་འོ་མས་བཀྲུས་ན་འཚོ་བར་འགྱུར་རོ། །ལེའུ་བཞི་བཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།
དེ་ནས་ཡབ་ཀྱི་ཕྲིན་ལས་ཀྱི་འཁོར་ལོ་བཤད་ནས་ཡུམ་གྱི་སྙིང་གའི་འཁྲུལ་འཁོར་བཤད་པ་ནི། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ། །ཞེས་བྱ་བ་ལ། མཁའ་འགྲོ་མ་ཀུན་ནི་སུམ་ཅུ་རྩ་བདུན་ནོ། །
སྙིང་པོ་ཡི་གེ་བཅུ་གསུམ་པོ། །འདི་ནི་དྲན་པ་ཙམ་གྱིས་ཀྱང་། །ཞེས་བྱ་བ་ལ་སོགས་པའི་འཁྲུལ་འཁོར་གྱི་གཞི་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ་དབུས་ཀྱི་ལྟེ་བ་ལ་ཧོ་དང་། ཤར་ཕྱོགས་སུ་ཨོཾ་དང་། བྱང་ཕྱོགས་སུ་བ་དང་། ནུབ་ཕྱོགས་སུ་ཛ་དང་། ལྷོ་ཕྱོགས་སུ་བཻ་

དང་། ཤར་ལྷོར་རོ། །ལྷོ་ནུབ་ཏུ་ཙ། ནུབ་བྱང་དུ་ནཱི། བྱང་ཤར་དུ་ཡེ། སྒོ་བཞི་རུ་ཧཱུཾ་གཉིས་དང་ཕཊ་དང་སྭཱ་ཧཱ་དང་བཅས་པས་གཡོན་སྐོར་གྱིས་དགོད་པར་བྱའོ། །དེ་ནས་ལིངྒའི་སྙིང་གར་བཅུག་ལ་སྔགས་བརྗོད་པ་ཙམ་གྱིས་དངོས་གྲུབ་བཅུ་གཉིས་སྐྱེད་པར་བྱེད་པ་ཡིན་ནོ། །
དེ་ལྟར་མདོར་བསྟན་ནས། རྒྱས་པར་བཤད་པ་ནི་མཁའ་འགྲོ་མའི་རིག་པ་ཆེན་པོ་ཟློས་ཤིང་རིགས་ལྔའི་སྙིང་གར་དབང་གི་འཁྲུལ་འཁོར་བཅུག་ན་དབང་དུ་འགྱུར་རོ། །ལས་གཉིས་པ་རྒྱས་པའི་འཁྲུལ་འཁོར་བྱས་ན་དཔལ་ཆེན་པོ་སྐྱེ་བར་འགྱུར་རོ། །ལས་གསུམ་པ་
མི་རྐང་ལས་བྱས་པའི་ཕུར་པའི་སྦུ་གུར་བསྐྲད་པའི་འཁྲུལ་འཁོར་བཅུག་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་གང་གི་སྒོར་སྦས་པ་དེ་སྐྲོད་པར་འགྱུར་རོ། །ལས་བཞི་པ་ནི་ཞིང་དང་ར་བ་དང་མ་ཧེ་ལ་སོགས་པའི་གནས་སུ་མངོན་སྤྱོད་ཀྱི་འཁྲུལ་འཁོར་སྦས་ན་བརླག་པར་འགྱུར་རོ། །
ལས་ལྔ་པ་ནི་དབང་དུ་བྱ་བའི་འཁྲུལ་འཁོར་རྒྱལ་པོ་དང་བློན་པོ་ལ་སོགས་པའི་སྒོར་སྦས་ན་འཁྲུལ་འཁོར་གཉིས་པ་རྒྱལ་པོ་ལ་སོགས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་ལ་མ་དུ་ལུང་གའི་མེ་ཏོག་དང་། ལེ་བརྒན་རྩིའི་མེ་ཏོག་དང་བསྲེས་ཏེ་དབང་གི་མེ་ལྷའི་ཐུགས་ཀར་ཆེ་གེ་མོ་
བ་ཤཾ་ཀུ་རུ་ཧོ་ཞེས་བྱ་བའི་སྔགས་དང་སྦྱིན་སྲེག་བརྒྱ་ཕྲག་སྟོང་བྱས་ན་དབང་དུ་འགྱུར་རོ། །ལས་དྲུག་པ་ནི་ཡུམ་གྱི་ཡི་གེ་བཅུ་གསུམ་པ་འདི་ཉིད་ཡུམ་གྱི་འཁྲུལ་འཁོར་བྲིས་ལ་དགུག་པའི་སྔགས་ཀྵོ་བྷ་ཡ་ཧཱུཾ་ཞེས་བྱ་བ་དང་། གནོན་པའི་འཁོར་ལོ་ལ་སྟཾ་བྷ་ཡ་ཧཱུཾ་ཞེས་བྱ་བ་དང་།
རྨོངས་པའི་འཁོར་ལོ་ལ་མོ་ཧ་ཡ་ཧཱུཾ་ཞེས་བྱ་བ་དང་། སྐེམས་པའི་འཁོར་ལོ་ལ་ཤོ་ཥ་ཡ་ཧཱུཾ་ཞེས་བྱ་བ་དང་། ཚིག་འཕྲོག་པའི་འཁོར་ལོ་ལ་མུ་ཀཾ་ཧཱུཾ་ཞེས་བྱ་བ་དང་། ལོང་བའི་འཁོར་ལོ་ལ་ཨནྡྷ་ཀ་ར་ཧཱུཾ་ཞེས་བྱ་བ་དང་། སླར་གསོ་བའི་འཁོར་ལོ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་དང་དབུས་སུ་བྲིས་ལ་
འཁྲུལ་འཁོར་བཅིང་བར་བྱའོ། །ལས་བདུན་པ་ནི་སྐྱེས་པ་བུད་མེད་དུ་བྱ་བ་ནི་ཏནྟ་སྨན་གྱི་ཚོགས་ཀྱི་བྱ་བ་ཡིན་ཏེ་རོའི་ཁྲག་དང་བྱ་རོག་གི་སྒྲོའི་རྩ་བ་དང་བྱ་རོག་གི་སེན་མོ་དང་། རོའི་རྐང་མཐིལ་གྱི་པགས་པ་དང་། རི་བོང་གི་ཁྲག་དང་བཅས་པ་སྲང་ལ་བགར་ནས་ཆ་བསྙམས་ཏེ། རི་ལུ་བཅུ་

གཅིག་བྱས་ལ་སྐར་མ་རྒྱལ་གྱི་ཞག་རེའི་ལག་པ་ལ་བཅིངས་ནས་ཉི་མ་བཅུར་ཚོགས་ཀྱི་འཁོར་ལོ་སྔ་མ་བཞིན་དུ་བྱས་ཤིང་བསྲུངས་ནས་ཚེས་བཅུའི་དགོངས་མོ་བླངས་ཏེ། སྐྱེས་པ་གང་གི་སྤྱི་བོར་གཞག་པ་བུད་མེད་དུ་འགྱུར་རོ། །ལས་བརྒྱད་པ་ནི་སྐྱེས་པ་
ཁྱིར་བྱ་བར་འདོད་ན་ཐོག་འབབ་པའི་ལྕགས་ཟེ་མོ་གཟུང་བའི་སྤྱི་བོར་བཞག་ལ་མཚན་མོ་བདུན་ཡུམ་གྱི་སྙིང་པོ་སྔགས་བརྒྱ་སྟོང་བཟླས་ཏེ། ཉིན་ཞག་བརྒྱད་པ་ལ་ལྕགས་ཀྱི་ཕྱེ་མ་བདར་བ་དང་གུར་གུམ་གྱི་ཕྱེ་མ་དང་མཉམ་པོར་བྱས་ཏེ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་པའི་ཐལ་བ་
གང་གི་སྤྱི་བོར་གཞག་པ་དེ་ཁྱིར་འགྱུར་རོ། །ལས་དགུ་པ་ནི་སླར་གསོ་བ་ནི་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་བྱིན་ནས་བདུད་རྩི་ལྔའི་ཆུས་ཁྲུས་བྱས་ན་རྣལ་མར་འགྱུར་རོ། །ལས་བཅུ་པ་ནི་གསེར་གྱི་རྫས་དཀར་པོ་ཁ་དོག་སྐྱ་བོར་འདོད་ན་གསེར་ཤིང་གི་འབྲས་བུས་སྦྱིན་སྲེག་བྱས་
པའི་ཐལ་བ་དང་། ཞ་ཉེ་དཀར་པོ་བདར་བའི་ཆུས་བྱུགས་ན་གསེར་ཞ་ཉེར་འགྱུར་རོ། །ལས་བཅུ་གཅིག་པ་ནི་ཨ་རུ་རའི་སྦྱིན་སྲེག་གི་ཐལ་བ་བདུད་རྩི་ལྔའི་ཆུ་དང་བཙག་དང་སྐྱུར་རྩིའི་ཁུ་བས་བཀྲུས་ན་རྣལ་མར་འགྱུར་རོ། །ལས་བཅུ་གཉིས་པ་ནི་དགྲ་བོའི་ཁྱིམ་དུ་གློ་བུར་དུ་
ལྟས་ངན་བསྐྱེད་པར་འདོད་ན་ཁྭ་དང་འུག་པའི་གནས་ཀྱི་ཚང་ཤིང་གིས་སྦྱིན་སྲེག་བྱས་ནས་ཐལ་བ་དགྲ་བོའི་ཁྱིམ་དུ་ཕོ་ན་མཚན་མོ་བྱ་རོག་དང་འུག་པའི་སྒྲ་འབྱིན་པར་འགྱུར་རོ། །ལས་བཅུ་གསུམ་པ་ནི་སླར་ལོག་པ་ཀུ་ཤའི་སྦྱིན་སྲེག་གི་ཐལ་བས་དགྲ་བོའི་ཁྱིམ་དུ་
གཏོར་ན་ཞི་བར་འགྱུར་རོ། །ལས་བཅུ་བཞི་པ་ནི་བྱི་ལའི་ཐོད་པར་སྔ་མ་བཞིན་དུ་བསྐྱེད་པའི་ཡུངས་ཀར་དང་ཟླ་བ་གཟས་ཟིན་པའི་ཚེ། བྱི་ལའི་སྤུའི་སྲད་བུ་བྱས་ལ་གང་གི་མགུལ་པར་བཏགས་པ་དེ་བྱི་ལར་འགྱུར་རོ། །ལས་བཅོ་ལྔ་པ་ནི་བཀྲོལ་ན་རྣལ་མར་འགྱུར་རོ། །
ལས་བཅུ་དྲུག་པ་ནི་བྱ་ཁྭའི་ཐོད་པར་བསྐྱེད་པའི་ཡུངས་ཀར་ཁྭའི་རྒྱུས་པའི་སྲད་བུས་མགུལ་པ་བཅིངས་པས་ཁྭར་འགྱུར་རོ། །ལས་བཅུ་བདུན་པ་ནི་ཁྭ་དང་བྱི་བ་ལ་སོགས་པའི་ཐོད་པར་བསྐྱེད་པའི་ཡུངས་ཀར་ཟླ་བ་གཟས་ཟིན་པའི་ཚེ་དེའི་རྒྱུས་པའི་སྐུད་པས་གང་གི་མགུལ་དུ་བཅིངས་

པ་དེའི་གཟུགས་སུ་འགྱུར་རོ། །ལས་བཅོ་བརྒྱད་པ་ནི་བ་ལང་གི་ཐོད་པར་བསྐྱེད་པའི་ཡུངས་ཀར་དང་སྤུའི་སྲད་བུས་ཀྱང་དེ་བཞིན་དུ་འགྱུར་རོ། །ལས་བཅུ་དགུ་པ་ནི་བཀྲོལ་ན་ཐར་བར་འགྱུར་རོ། །ལས་ཉི་ཤུ་པ་ནི་ལྕགས་ཀྱིས་བྱི་ལའི་གཟུགས་བྱས་ལ་ཡུམ་གྱི་སྙིང་པོ་བཟླས་པ་འབྲས་
བུས་བཀང་ནས་འབྲུའི་བང་བར་བཅུག་ན་འབྲུ་འཕེལ་བ་དང་། ལྷག་མ་བདག་ཉིད་ཀྱི་སྤྱི་བོར་བཅིངས་ལ་མཚན་མོ་བདུན་ཡུམ་གྱི་སྙིང་པོ་བཟླས་ཤིང་ཡུམ་གྱི་སྙིང་པོའི་མཐར་ཆེ་གེ་མོའི་བང་མཛོད་ཀྱིས་ཐ་བྷ་ཧཱུཾ་བྲི་སྟེ་ཨཱ་ཀཪྵ་ཡ་ཛཿཞེས་བྱ་བས་ནི་འབྲུ་ཐམས་ཅད་འགུགས་པར་འགྱུར་རོ། །
ལེའུ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྙིང་པོའི་སྔགས་ཀྱི་འཁོར་ལོ་བཤད་ནས། ད་ནི་དེའི་སྙིང་པོའི་སྔགས་ཀྱི་འཁོར་ལོ་གསུངས་པ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་ཀུན་གྱིས་དགྱེས་པ་ཡི། །
ཞེས་བྱ་བ་ནི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་གྱི་དངོས་གྲུབ་སྒྲུབ་པའི་ཉེ་བའི་སྙིང་པོའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱིས་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གང་གི་དྲན་པ་ཙམ་གྱིས་ནི། །ཞེས་བྱ་བ་སྨོས་ཏེ། གང་གི་དྲན་པ་ཙམ་གྱིས་
ནི། འཇིག་རྟེན་གསུམ་གྱི་དྲག་པོ་ཉི་ཤུ་རྩ་གསུམ་དབང་དུ་བྱས་པ་དང་ལོངས་སྤྱད་པ་དང་ཐིམ་པར་བྱས་པས་གཡོ་བྱེད་ཅིང་ཞེས་བྱའོ། །དེ་ལྟར་གདུལ་བྱ་བཏུལ་བ་དང་། དངོས་གྲུབ་བསྐྱེད་པ་གསུངས་པས་ནི། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། །ཞེས་བྱ་བ་གསུངས་ཏེ། ཉེ་བའི་སྙིང་
པོའི་སྔགས་དྲན་པ་ཙམ་གྱིས་ས་འོག་དང་ས་བླ་དང་ས་སྟེང་གི་དངོས་གྲུབ་རིམ་གྱིས་སྟེར་བར་འགྱུར་རོ། །འབྲས་བུ་དེ་ལྟ་བུ་དང་ལྡན་པའི་སྔགས་གང་ཡིན་སྙམ་ན། ཨོཾ་ནས་སྭཱ་ཧཱའི་བར་གྱིས་ཡི་གེ་ཉི་ཤུ་རྩ་གཅིག་པའི་མཚན་མ་ཐོབ་པའི་རྗེས་ལ་སྔགས་འདི་བླངས་པ་ཙམ་
གྱིས་ལས་བཅུ་གཉིས་བྱེད་པ་ཡིན་ནོ། །དེ་ལྟར་ཕན་ཡོན་དང་པོ་བསྟན་ནས་གཉིས་པ་ནི། མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་། །ཞེས་བྱ་བ་སྨོས་ཏེ་མཁའ་འགྲོ་མ་དང་ལཱ་མ་དང་། ཁཎྜ་རོ་ཧཱ་དང་དུམ་སྐྱེས་མ་ལ་སོགས་པ་སུམ་ཅུ་རྩ་བདུན་གྱི་ཐུན་མོང་གི་སྔགས་ཡིན་

པར་གསུངས་པ་དང་། ས་འོག་སྐུ་དང་། མཐོ་རིས་ཐུགས་དང་། མི་ཡུལ་གསུང་གི་ལས་གང་དག་ཡོད་པ་དེ་རྣམས་སྔགས་འདིས་སྒྲུབ་པར་བྱེད་དོ། །ཕན་ཡོན་གསུམ་པ་ནི། འདི་ལས་མཆོག་ཏུ་མཆོག་གྱུར་གང་། །ཞེས་བྱ་བ་སྨོས་ཏེ། འདི་ལས་
མཆོག་ཏུ་འགྱུར་བ་གང་ཡང་མེད་པས་བླ་ན་མེད་པ་ཟག་པ་མེད་པའི་དངོས་གྲུབ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་མངོན་པར་ཤེས་པ་དྲུག་གི་ཕྲིན་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་འཁྲུལ་འཁོར་དེ་གང་ཡིན་སྙམ་ན། གྲོ་གའམ་རས་སམ་ཤིང་
ཤུན་ནམ་དུར་ཁྲོད་ཀྱི་རས་ལ་སྒོ་བཞི་སྒོ་ཁྱུང་དང་རྡོ་རྗེ་ར་བ་དང་མེ་འོད་ཀྱིས་བསྐོར་བའི་དཀྱིལ་འཁོར་བྲིས་ལ། དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་ལྟེ་བ་ལ་ཨོཾ་དང་སརྦ་དང་ནུབ་ཕྱོགས་སུ་གཡོན་སྐོར་གྱིས་དགོད་པ་དང་། མེ་རུ་དཏ། བདེན་བྲལ་དུ་ཏ། དབང་ལྡན་དུ་ནི། དེའི་ཕྱི་རོལ་དུ་འཁོར་
ལོ་རྩིབས་བརྒྱད་ལ། ཡེ་བྱང་དུ། བ་ནུབ་ཏུ། ཛ་ལྷོར། ཤར་དུ་ཝ། མེ་རུ་ཎི། བདེན་བྲལ་དུ་ཡེ། རླུང་དུ་ཧེ། དབང་ལྡན་དུ་ཧཱུཾ། སྒོ་བཞིར་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བ་དགོད་པར་བྱའོ། །དེ་ལ་སྔ་མ་བཞིན་དུ་ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་། གོ་ཆ་བགོ་བ་དང་། དབང་བསྐུར་བ་དང་། བདུད་
རྩི་མྱང་བ་དང་། མཆོད་པ་དང་། བསྟོད་པ་བྱས་ལ་ཡི་གེར་ཞུ་བར་བསམ་པར་བྱའོ། །དེ་ལྟར་འཁྲུལ་འཁོར་བཀོད་ནས་བདག་ཉིད་བསྒོམ་པ་བཤད་པ་ནི། མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཞེས་བྱ་བ་གསུངས་ཏེ། གནས་ནི་འོག་ནས་བཤད་པའི་རྟེན་གྱི་དཀྱིལ་འཁོར་རོ། །མདོར་བསྡུས་
རྒྱས་པར་མ་ཡིན་ནོ། །ཞེས་བྱ་བ་ནི་བརྗོད་བྱ་མདོར་བསྡུས་པ་རྗོད་བྱེད་རྒྱས་པ་མ་ཡིན་ནོ། །དེ་ལྟ་བུའི་སྔགས་དེ་གང་ཡིན་ཞེ་ན། མེ་ཏོག་འབྲས་བུ་སྣ་ཚོགས་ཀྱིས། །རི་བོ་སྣ་ཚོགས་བྲི་བྱ་ཞིང་། །ཞེས་བྱ་བ་སྨོས་ཏེ། འབྱུང་བ་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རི་བདུན་མེ་ཏོག་དང་འབྲས་བུ་སྣ་
ཚོགས་པ་དང་ལྡན་པས་བསྐོར་བའི་རིའི་རྒྱལ་པོ་རི་རབ་བྲི་བར་བྱའོ། །དེའི་སྟེང་དུ་རྣལ་འབྱོར་པ་དཔལ་ཧེ་རུ་ཀའི་སྐུར་བསྒོམ་པའོ། །དེའི་ཕྱོགས་བཞི་ནི་མཁའ་འགྲོ་མ་བཞིའོ། །དཔའ་བོ་རྣམས་ཀྱི་དཔའ་བོ་ཉིད། །ཅེས་བྱ་བ་ལ། དཔའ་བོ་རྣམས་ནི་རྣམ་སྣང་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་

མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། དེའི་ས་བོན་ན་ཧ་ཧ་ཧེ་ཧེ་ཞེས་བྱ་བ་སྟེ།བུམ་པའི་གཟུགས་སུ་བསྐྱེད་ནས་དཔའ་བོ་ཉིད་ཅེས་བྱའོ། །གཞན་ཡང་འཁོར་ལོ་གསུམ་གྱི་དཔའ་བོ་ཉི་ཤུ་རྩ་བཞི་དང་། མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གིས་བསྐོར་བ་ནི་མཁའ་འགྲོ་མ་དྲ་བའི་བདེ་མཆོག་
གོ། །འགྲོ་བ་འདི་དག་ཁྱབ་ཅེས་བྱ་བ་ནི་ས་འོག་དང་ས་སྟེང་དུ་ཁྱབ་པའོ། །དེ་ལ་དཔའ་བོ་ཉི་ཤུ་རྩ་བཞི་དང་། མཁའ་འགྲོ་མ་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མ་བཅུ་གཉིས་ཏེ་རབ་གཏུམ་མ་ལ་སོགས་པ་སུམ་ཅུ་རྩ་དྲུག་གིས་བསྐོར་ནས་ལས་བཅུ་གཉིས་ཀྱི་བྱ་བ་ཀུན་ལ་སྒྲུབ་པ་པས་འཁོར་
ལོར་གཞུག་པར་བལྟ་བར་བྱའོ། །དངོས་གྲུབ་འདོད་པའི་རྣལ་འབྱོར་པ་ཤིན་ཏུ་མཉམ་པར་བཞག་པས་འཁོར་ལོའི་བདག་ཉིད་འདི་ཤིན་ཏུ་བསྒོམ་པར་བྱའོ། །བཟླས་པ་གང་ཞིག་བྱ་སྙམ་ན། སྔར་བཤད་པའི་ཡུམ་གྱི་ཉེ་བའི་སྙིང་པོ་བཟླས་པར་བྱའོ། །སྔར་བཤད་པའི་འཁོར་
ལོ་ཐམས་ཅད་ལ་ཡང་ལྷ་དྲུག་ཅུ་རྩ་གཉིས་པའི་རྩ་བའི་འཁོར་ལོ་འདི་བསྒོམ་པར་བྱའོ། །འཁོར་ལོ་ཆེན་པོ་ཀུན་གྱི་གནས། །ཞེས་བྱ་བ་གསུངས་ཏེ། སྙིང་པོ་དེའི་ཉེ་བའི་སྙིང་པོ་ལ་སོགས་པའོ། །དཀྱིལ་འཁོར་མི་འདྲ་བ་གང་མཆི་ཡང་རྣལ་འབྱོར་པ་བདག་ཉིད་རྩ་བའི་དཀྱིལ་འཁོར་འདི་
བསྒོམ་པར་བྱའོ། །འདིའི་ཕན་ཡོན་སྟོན་པ་ན། འདི་ནི་སངས་རྒྱས་བྱེ་བ་དང་བྱང་ཆུབ་སེམས་དཔའ་བྱེ་བས་སྔགས་ཀྱི་འཁོར་ལོ་འདི་ལེགས་པར་གསུངས་པ་ཡིན་ནོ། །རྣལ་འབྱོར་མ་ཡུམ་རྡོ་རྗེ་ཕག་མོ་ནས་ཕག་གདོང་མའི་བར་དུ་འཁོར་བྱེ་བ་སུམ་ཅུ་རྩ་བདུན་གྱིས་བསྐོར་བ་ཡིན་པས་དངོས་
གྲུབ་ཐམས་ཅད་ལ་བར་ཆད་མེད་ཅིང་དགེ་བ་གྲུབ་པ་ཡིན་ནོ། །ལེའུ་བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྔགས་ཀྱི་འཁྲུལ་འཁོར་བཤད་ནས། ད་ནི་དངོས་གྲུབ་སྒྲུབ་པའི་རྫས་བསྟན་པ་གསུངས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་སོ། །
བསྒྲུབ་བྱ་ཇི་བཞིན་ཆོ་ག་སྟེ། །ཞེས་བྱ་བ་ནི་སྐྱེ་བ་བདུན་བསྒྲུབ་པའོ། །དེའི་འབྲས་བུ་ནི་གང་ཞིག་སྐྱེ་བ་བདུན་ལ་དེ་ཤེས་པ་ཙམ་གྱིས་སྒྲུབ་པའི་དངོས་གྲུབ་རྣམས་མྱུར་དུ་གྲུབ་པར་འགྱུར་རོ། །ཐོག་མར་སྐྱེ་བ་བདུན་པ་གྲུབ་པའི་ཐབས་ཀྱི་ཚོགས་ཀྱི་འཁོར་ལོ་བྱས་ལ་འབྲས་ཀྱི་ཕྱེ་མ་སྐྱེ་བ་བདུན་པའི་གྲངས་དང་

མཉམ་པས་ཕྱུགས་ཀྱི་གཟུགས་བྱ་སྟེ། མི་དང་རུས་སྦལ་དང་རྟ་དང་རྔ་མོ་དང་བོང་བུ་དང་ཅེ་སྤྱང་དང་ཕག་དང་བདུན་གྱི་གཟུགས་བྱས་ལ་ཁོང་པའི་ནང་ཁྲག་གིས་བཀང་ནས་གཏོར་མ་དང་སྦྱིན་སྲེག་དང་བཟའ་བ་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པས་མཁའ་འགྲོ་རྣམས་
མཉེས་ནས་སྐྱེ་བ་གཅིག་ནས་སྐྱེ་བ་བདུན་པའི་བར་དུ་བརྒྱུད་པ་ཤེས་པར་གདོན་མི་ཟའོ། །དེའི་རྟགས་ནི་སྐྱེ་བ་དང་པོ་ལ་ཁ་དྲི་ཞིམ་པ་དང་། གཉིས་པའི་རྟགས་མིག་མི་འཛུམ་པར་བལྟ་བ་དང་། གསུམ་པ་བདེན་པར་སྨྲ་བ་དང་། བཞི་པ་མཐོང་ན་དགའ་བ་དང་། ལྔ་པ་དམ་པའི་ཆོས་
ལ་དགའ་བ་དང་། དྲུག་པ་རང་གི་སྐྱེ་བ་ཤེས་པ་དང་། བདུན་པ་རྟགས་ལུས་ཀྱི་དྲི་ཞིམ་པའོ། །དེ་བསྟེན་པ་ཙམ་གྱིས་དེའི་སྙིང་ག་ན་གོ་རོ་ཙ་ན་ཡོད་པ་བླངས་ནས་ཟོས་ན་ལྷའི་གཟུགས་འཛིན་པར་འགྱུར་རོ། །དེའི་གོ་རོ་ཙ་ན་བསྣམས་པའམ་རེག་པ་ཙམ་གྱིས་གཟུགས་སྣ་ཚོགས་འཛིན་པར་
འགྱུར་བ་དང་། ཐིག་ལེ་བྱས་པས་མི་སྣང་བ་དང་དགའ་བའི་གཟུགས་འཛིན་པར་འགྱུར་རོ། །དེའི་རྒྱས་པར་བཤད་པ་ནི། དེའི་སྙིང་ནི་གོ་རོ་ཙ་ན་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་བདུན་པ་ཁ་ན་མ་ཐོ་བ་མེད་པར་ཤི་བའི་ཤ་ལེན་པས་ན་མཁས་པ་ཞེས་བྱའོ། །དེ་ལས་བླངས་ནས་སྔར་བསྟན་པའི་འཁྲུལ་
འཁོར་བརྒྱད་ཀྱི་སྔགས་ལ་གོ་རོ་ཙ་ནས་དབྲལ་བར་ཐིག་ལེ་བྱས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། །ལྷའི་གཟུགས་འཛིན་པ་དང་གཟུགས་སྣ་ཚོགས་འཛིན་པ་གཉིས་བཤད་ནས། གསུམ་པ་ཤིང་གང་ཡང་རུང་བའི་ཁུ་བ་དང་གོ་རོ་ཙ་ན་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་ན་དེ་
ཤིང་གི་གཟུགས་སུ་འགྱུར་རོ། །ཕྱུགས་གང་ཡང་རུང་བའི་སྤུ་དང་བསྲེས་པ་ལག་པ་དང་སྤྱི་བོར་བཅིངས་ན་དེ་སྲོག་ཆགས་དེའི་གཟུགས་སུ་འགྱུར་རོ། །རྒྱས་པར་རྒྱུད་བླ་མ་ནས་བཤད་པས་རྒྱུད་བླ་མར་བལྟ་བར་བྱའོ། །གལ་ཏེ་ཏནྟྲ་ཡནྟྲའི་ཐབས་ཡིན་ན་ཐམས་ཅད་ཀྱིས་ཅིའི་ཕྱིར་སྒྲུབ་སྙམ་
ན། རྣལ་འབྱོར་བསྒོམ་པ་ནི་ཟློས་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་འབའ་ཞིག་བསྒོམ་པ་དང་བཟླས་པ་ལ་དགའ་བ་ཏནྟྲ་དང་ཡནྟྲའི་ནུས་པ་དང་ལྡན་པ་ཡིན་ཡང་། བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་གོམས་པའི་ལམ་ལ་དགའ་བ་དང་བསྐྱེད་པའི་རིམ་པ་བཅོས་མའི་རྣལ་འབྱོར་ཉོན་མོངས་པའི་

ལམ་ལ་དགའ་བས་ཡནྟྲ་འཁྲུལ་འཁོར་གྱི་ཐབས་དང་། ཏནྟྲ་སྨན་གྱི་སྦྱོར་བའི་ཐབས་ཀྱི་དངོས་གྲུབ་ཀྱི་ལམ་འགོག་ཅིང་སྨོད་པ་ཡིན་ནོ། །གླང་པོ་རྟ་དང་བོང་བུ་དང་། །ཞེས་བྱ་བ་ནི་སྲོག་ཆགས་གང་དང་གང་གི་ཐོད་པར་བསྐྱེད་པའི་ཡུངས་ཀར་དང་སྐྱེ་བ་བདུན་པའི་སྙིང་གའི་གོ་རོ་ཙ་ན་དང་
བསྲེས་ནས་བླངས་ན་ལྷའི་གཟུགས་དང་རང་དགའ་བའི་གཟུགས་སུ་འགྱུར་རོ། །དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་དང་རག་ལས་པ་མེད་པའི་སྐྱེ་བ་བདུན་པའི་ཤ་རྙེད་པ་ཙམ་གྱིས་གྲུབ་པར་འགྱུར་བ་དེ་ལས་ཤིན་ཏུ་མཆོག་ཏུ་གྱུར་པའི་ས་འོག་དང་ས་བླ་དང་མཐོ་རིས་ཀྱི་འཇིག་རྟེན་
གསུམ་ན་ཡོད་པ་མ་ཡིན་ནོ། །ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བསྒྲུབ་པའི་ཡན་ལག་གི་རྫས་བཤད་ནས་བསྐྱར་བའི་སྦྱིན་སྲེག་གི་ཆོ་ག་བཤད་པ་ནི། དེ་ནས་སྦྱིན་སྲེག་ཆོ་ག་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་སྲེག་གི་ཆོ་གས་ལས་བཅུ་
གཉིས་ངེས་པར་དབང་དུ་བྱེད་པར་འགྱུར་རོ། །གང་གིས་མཚན་མ་ཐོབ་ནས་སྦྱིན་སྲེག་གི་ཆོ་ག་གང་ཞིག་ཤེས་པ་ཙམ་གྱིས་མྱུར་དུ་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གོ་མཱཾ་ས་དང་མྱོས་བྱེད་བསྲེས། །ཞེས་བྱ་བ་སྨོས་ཏེ། གོ་མཱཾ་ས་ནི་བ་
ལང་གི་ཤ་སྟེ་ཤ་ལྔ་ལ་མཚོན་པར་བྱེད་པའོ། །མྱོས་བྱེད་ཅེས་བྱ་བ་ནི་ཆང་གི་བྱེ་བྲག་མཚོན་པ་སྟེ་སྲེག་རྫས་སོ། །ལག་པ་གཡོན་པ་ནི་དཔའ་བོ་ལྔ་དགོད་པའི་ཕྱག་རྒྱའོ། །དེ་ནས་དབང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལ་འདོད་པའི་མེ་ལྷ་བསྐྱེད་ནས་དེ་ལ་བདུད་རྩི་ལྔ་དང་དཔའ་བོ་
ལྔ་དང་ཁྱད་པར་གྱི་རྫས་དང་ལོངས་སྤྱོད་ཀྱི་རྫས་དང་ཡོ་བྱད་ཀྱི་རྫས་དང་འཚོ་བའི་རྫས་དང་བཅས་པས་སྦྱིན་སྲེག་བྱས་ལ་དེའི་དོན་འོད་དུ་ཞུ་བའི་ཐུགས་ཀར་དཔའ་བོ་གཅིག་པུ་དང་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་ལ་ཞག་བདུན་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་བརྒྱ་བྱིན་ལ་སོགས་
པ་དབང་དུ་འགྱུར་རོ། །ལས་གཉིས་པ་ནི་དཀྱིལ་འཁོར་སྔ་མ་དེ་ཉིད་ལས་ཁ་ཆུ་དང་སོ་ཤིང་དང་རང་གི་ལུས་མཉེས་པའི་དྲི་མ་དང་དབང་དུ་བྱས་པའི་མིང་དང་མྱོས་བྱེད་དང་རྟུག་པའི་སྦྱིན་སྲེག་བྱས་ན་ས་འོག་དང་ས་བླ་དང་ས་སྟེངས་གསུམ་དབང་དུ་འགྱུར་རོ། །ལས་གསུམ་པ་

ནི་རང་གི་ཁྲག་དང་ཞག་གི་སྦྱིན་སྲེག་ཕྱིར་སྐྱུགས་པའི་ཐལ་བ་དང་མིའི་སྐྲ་དང་ལྡན་པས་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཞེས་ཟློས་ཤིང་སྦྱིན་སྲེག་བྱས་ན་རིགས་གང་ཡང་རུང་བ་འགུགས་པར་འགྱུར་རོ། །ལས་བཞི་པ་ནི་བསྐྲད་པའི་དཀྱིལ་འཁོར་བྲིས་ལ་
མངོན་སྤྱོད་ཀྱི་མེ་བསྐྱེད་ནས་ནང་གི་སྦྱིན་སྲེག་ཕྱིར་སྐྱུགས་པ་དང་རང་གི་སྐྲ་དང་ནིམ་པའི་ཤིང་དང་སྦྱར་བས་སྦྱིན་སྲེག་བྱས་ན་སྐྲོད་པར་འགྱུར་རོ། །ལས་ལྔ་པ་ནི་རང་ཉིད་དཔལ་ཧེ་རུ་ཀའི་སྐུར་མཉམ་པར་བཞག་ན་རྒྱའི་ལང་ཏང་ལ་མེ་སྤར་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ཡུངས་ཀར་དང་
ཁྭའི་གཤོག་པ་ཡུངས་མར་ལ་བསྒྲེས་པས་སྦྱིན་སྲེག་བྱས་ན་འཆི་བའམ་སྐྲོད་པར་འགྱུར་རོ། །ལས་དྲུག་པ་ནི་རྒྱས་པའི་དཀྱིལ་འཁོར་བྲིས་ལ་འཛིན་བྱེད་ཀྱི་མིའི་སྙིང་གར་བདེ་མཆོག་གི་འཁོར་ལོ་བཀོད་ནས་དཔའ་བོ་ལྔ་དང་བདུད་རྩི་དང་མེ་ཏོག་སེར་པོ་དང་ཙནྡན་དམར་
པོའི་དྲི་དང་ཡུང་བས་བྱུག་པ་དང་སྦྱིན་སྲེག་བྱས་ན་ལོངས་སྤྱོད་དང་ལྡན་པར་འགྱུར་བའམ། རང་གི་ལུས་ལ་འཁོར་ལོ་བཞིའི་གནས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བཞི་བཀོད་ནས་ཁ་དོག་སེར་པོ་བསམས་ཏེ། གཉིད་ལོག་པའམ་མ་ལོག་པའམ་བཟའ་བའམ་འགྲོ་བའམ། འཆག་
པ་ལ་སོགས་པའི་དུས་སུ་སྔགས་པས་རྟག་ཏུ་ཡབ་ཡུམ་གྱི་སྙིང་པོའི་མཐའ་རུ་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་དུས་ངེས་པ་མེད་པར་ཟློས་ཤིང་དབང་གི་སྦྱིན་སྲེག་གིས་སྲེག་བླུགས་བརྒྱ་བྱས་ན་ཟླ་བ་གསུམ་གྱི་རྗེས་ལ་དབུལ་བ་འཇིག་པར་འགྱུར་རོ། །ལས་བདུན་པ་ནི་དབང་གི་དཀྱིལ་འཁོར་ལ་
ཤ་ཆེན་པོ་ལ་སོགས་པའི་བདུད་རྩི་ལྔ་དང་མྱོས་བྱེད་དང་ལྡན་པས་ཐུན་གསུམ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ས་སྟེང་གི་འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ། །ལས་བརྒྱད་པ་ནི་སྔ་མ་བཞིན་དུ་ཚོགས་ཀྱི་འཁོར་ལོའི་ལྷ་བསྒོམས་ནས་ཟླ་བ་དྲུག་གི་བར་དུ་ཉིན་མོའི་ཐུན་
གཉིས་ལ་ནང་གི་སྦྱིན་སྲེག་བྱས་ན་རང་གི་ལུས་དེ་ཉིད་ཀྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལས་དགུ་པ་ནི་ཝའི་ཤ་དང་མྱོས་བྱེད་དུ་བསྲེས་པས་མངོན་སྤྱོད་ཀྱི་དཀྱིལ་འཁོར་ལ་སྦྱིན་སྲེག་དང་གཏོར་མ་བྱས་ན་ཡུལ་འཁོར་དང་བཅས་པ་འཇིག་པར་འགྱུར་རོ། །ལས་

བཅུ་པ་ནི་རྒྱས་པའི་དཀྱིལ་འཁོར་བིལ་བ་དང་པ་ལ་ཤ་དང་ཨུ་དུམྺཱ་རའི་བུད་ཤིང་ལ་མེ་སྦར་ལ་དེ་ཉིད་ཀྱི་ཡམ་ཤིང་གིས་སྦྱིན་སྲེག་འབུམ་བྱས་ན་ནོར་གྱི་བདག་པོ་རྣམ་ཐོས་སྲས་དང་མཉམ་པར་འགྱུར་རོ། །ལས་བཅུ་གཅིག་པ་ནི་གོ་མཱཾ་དང་མྱོས་བྱེད་དང་བཅས་པ་ལ་རྒྱལ་སྲིད་འདོད་
པས་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ལས་བཅུ་གཉིས་པ་ནི་ཝའི་ཤ་དང་བདུད་རྩི་ལྔ་དང་དཔའ་བོ་ལྔས་སྦྱིན་སྲེག་བྱས་ན་ཅི་བདེ་བར་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཝའི་ཤ་དང་བཅས་པའི་བདུད་རྩི་ལྔས་ནང་གི་སྦྱིན་སྲེག་བྱས་ན་མྱུར་དུ་ནོར་གྱི་བདག་པོ་
ཛམྦྷ་ལ་དང་མཉམ་པར་འགྱུར་རོ། །གང་གིས་སྦྱིན་སྲེག་དེ་ལ་བརྟུལ་ཞུགས་དང་གཙང་སྦྲ་མེད་ན་ཡང་རྒྱས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ལས་བཞི་པ་ནི་ལྷག་པར་ཚེ་འཕེལ་བར་འདོད་པ་ན་བཀྲུ་སྨན་དང་ཞེས་བྱ་བ་སྲན་མ་སྔོན་པོ་དང་སྲན་མ་ཤ་ཞེས་བྱ་བ་ཁ་དོག་
ལྗང་བ་དང་ཙ་ན་ཀ་ཞེས་བྱ་བ་འབྲུ་ཕྲ་མོ་དང་སྦྲང་རྩིའི་ཚིགས་མ་ཞེས་བྱ་བ་སྤྲ་ཚིལ་དང་སྐེ་ཚེ་དང་ཏཱ་ལའི་འདབ་མ་བླངས་ནས་དགྲ་བོའི་གཟུགས་བརྙན་བྱས་ལ་ཉ་ཕྱིས་ཀྱི་ནང་དུ་བཅུག་ནས་སྟེང་གཡོགས་ལ་མཆོད་རྟེན་ནག་པོ་དོང་ཁ་ཐུར་དུ་བསྟན་པའི་དབུས་སུ་བཙུགས་ལ་མཆོད་
རྟེན་ནག་པོས་སྟེང་ནས་མནན་ན། རྣལ་འབྱོར་པ་ཇི་ལྟར་འདོད་པ་བཞིན་དུ་གནས་པར་འགྱུར་རོ། །དེ་ལྟར་སྦྱིན་སྲེག་བཤད་ནས་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བཅུ་དང་། གསང་སྔགས་ཀྱི་འཁོར་ལོ་བཅུའི་དཀྱིལ་འཁོར་གང་ལ་བྱ་སྙམ་ན། དེ་ནས་གཞན་ཡང་བཤད་
བྱ་བ། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་ཉི་ཤུའི་གནས་ནི་སྣོད་བཅུད་ཐམས་ཅད་དཔལ་ཧེ་རུ་ཀའི་རང་བཞིན་ཡིན་པས་ཕྱི་དང་ནང་གང་ཡང་རུང་བར་སྦྱིན་སྲེག་དང་འཁྲུལ་འཁོར་བྱས་ཀྱང་དངོས་གྲུབ་ཐམས་ཅད་སྒྲུབ་པར་གདོན་མི་ཟ་བ་ཡིན་ནོ། །དེ་བས་ན། རྣལ་འབྱོར་མ་ཡི་ས་དང་
གནས། །ཧེ་རུ་ཀའི་སྐུའི་ཡན་ལག །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་མའི་ས་ནི་དག་པའི་ས་བཅུའོ། །གནས་ནི་མ་དག་པའི་ས་བཅུའོ། །དག་པ་དང་མ་དག་པ་གཉིས་ཀ་ཡང་དཔལ་ཧེ་རུ་ཀའི་སྐུའི་ཡན་ལག་སྟེ། སྐུ་ཀུན་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལྟར་རྣལ་འབྱོར་

མའི་ལུས་ལ་མ་དག་པའི་གནས་བཅུ་དག་པའི་ས་བཅུའི་བདག་ཉིད་ལ་དཔལ་ཧེ་རུ་ཀའི་གཞུང་ལུགས་ལ་སྤྱོད་པའི་ལུས་ཀྱི་དཀྱིལ་འཁོར་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རྣལ་འབྱོར་མ་རྣམས་ཀྱི་བརྡའི་སྐད་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་མིང་
གིས་བཏགས་པ་ཡིན་ནོ། །གང་གི་བརྡ་ཡིན་ཞེ་ན། ལྷ་དང་དྲི་ཟ་རྣམས་ཀྱི་བརྡས་གནས་དང་ཉེ་བའི་གནས་ཞེས་བྱ་བ་དང་། གནོད་སྦྱིན་དང་སྲིན་པོའི་བརྡས་ཞིང་དང་ཚནྡོ་ཧ་ཞེས་བྱ་བ་དང་། ཀླུ་དང་ལྷ་མ་ཡིན་གྱི་བརྡས་འདུ་ས་དང་དུར་ཁྲོད་ཅེས་བྱ་བ་རྣལ་འབྱོར་མ་རྣམས་ཀྱི་བརྡས་
བཏགས་པ་ཡིན་ནོ། །མཐོ་རིས་ཐུགས་དང་ས་སྟེངས་གསུང་དང་ས་འོག་སྐུའི་དཀྱིལ་འཁོར་རྣམས་ནི་སེམས་འོད་གསལ་བའི་སྣང་བ་ཡིན་པས། དཔའ་བོ་ཡན་ལག་བརྟན་གཡོའི་བདག །ཅེས་བྱ་བ་ཇི་ལྟར་ན་འོད་གསལ་སྣོད་བཅུད་དུ་སྣང་ཞེ་ན། ཐོག་མེད་དུས་སུ་གང་བསྟན་པ། །ཕྱི་ནང་བདག་
ཉིད་ཅན་དུ་གནས། །ཞེས་བྱ་བ་གསུངས་ཏེ། ཐོག་མ་མེད་པའི་དུས་ནས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སེམས་འོད་གསལ་བའི་རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་གནས་པ་ཡིན་ནོ། །
དེ་ཡང་། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་སོ། །ཀླུང་ཉིད་དངས་པར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་གསལ་ཡེ་ཤེས་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཐོག་མཐའ་
མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་གསུངས་པ་ཡིན་ནོ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་སེམས་རིག་པ་འོད་གསལ་ཆོས་ཀྱི་སྐུ་ལ་དགོངས་པ་ཡིན་ནོ། །
ཀུན་དུ་ཕྱག་དང་ཞབས་ལྡན་ཞིང་། །ཀུན་དུ་བཅོམ་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ནས་རྣམ་པར་བཞུགས། །ཞེས་བྱ་བ་ནི་དེ་ཉིད་བསྡུས་པ་ལས་གསུངས་པའི་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་དག་པ་དང་མ་དག་པའི་གནས་སྐབས་གཉིས་ཀའི་ངོ་བོ་སེམས་དང་

རིག་པ་འོད་གསལ་བའི་ངོ་བོ་ཆོས་ཀྱི་དབྱིངས་སུ་གསུངས་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་ངོ་བོས་ཐམས་ཅད་ལ་ཁྱབ་པ་བདེ་བས་ན་རྒྱུ་བ་དང་མི་རྒྱུ་བའི་སྦྱིན་སྲེག་གི་འཁོར་ལོ་དང་གསང་སྔགས་ཀྱི་འཁོར་ལོས་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ལ་གསུངས་ཤེ་ན།
བསམ་གཏན་ལྡན་པའི་སེམས་ཀྱིས་ནི། །ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པའི་མཚན་མ་གསུམ་མམ། རྫོགས་པའི་རིམ་པའི་མཚན་མ་ལྔ་ཐོབ་པའི་སྒྲུབ་པ་པོས་བསྙེན་པ་བྱས་པ་ལ་ཕན་གདགས་པའི་ཕྱིར་གསང་བའི་དངོས་གྲུབ་སྒྲུབ་པའི་ལེའུ་ཉི་ཤུ་གནས་དང་བཅས་པ་གསུངས་
པ་ཡིན་ནོ། །ལེའུ་ལྔ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དངོས་གྲུབ་སྒྲུབ་པའི་ཐབས་བཤད་ནས། བསྐྱེད་རིམ་བསྒོམ་པའི་མན་ངག་གི་ལེའུ་གསུངས་པ་ནི། །དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མན་ངག་ཤིན་ཏུ་རྙེད་དཀའ་བ། །ཞེས་བྱ་
བ་ལ་མན་ངག་ནི་བསྐྱེད་པའི་རིམ་པ་སྒོམ་པའི་དེ་ཉིད་བཅུ་བཞི་ནི་ཤིན་ཏུ་རྙེད་པར་དཀའ་བས་ནི་གང་ཟག་གི་རྣམ་པར་རྟོག་པས་སྦྱར་བ་མ་ཡིན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ངེས་པའི་དོན་གྱི་མདོ་སྡེ་བསྒོམ་པའི་རིམ་པ་བསྒྲིགས་པ་རྙེད་པར་དཀའ་བའོ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །
ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྡར་གྱུར་པ་བཅོམ་ལྡན་འདས་ཀྱིས་རྒྱུད་འདི་རུ་མིའི་སྐད་དུ་སྦས་པ་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གོས་
ནི་སྟོད་གཡོགས་དང་སྨད་གཡོགས་གླང་པོ་ཆེའི་པགས་པ་དང་། སྟག་གི་པགས་པར་བསམ་མོ། །ཕྱག་རྒྱ་ལྔ་ནི་ཐལ་བའི་རྡུལ་མ་གཏོགས་པའོ། །ལ་སོགས་ཞེས་བྱ་བ་ནི་གོ་ཆ་དྲུག་བགོས་ཤིང་རྡོ་རྗེ་དང་དྲིལ་བུ་བཟུང་བའི་དེ་ཉིད་དང་པོར་བསྟན་ནས་དེ་ཉིད་གཉིས་པ་ནི་ཤེས་རབ་ཡན་ལག་སྟེ་ཁྱིམ་པའི་བྱང་ཆུབ་
སེམས་དཔའ་ལ་ལས་ཀྱི་ཕྱག་རྒྱའམ་གྲོལ་བའི་ལམ་པའི་ཆོས་ཀྱི་ཕྱག་རྒྱའམ་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་གསུམ་པ་ནི་ཐོག་མར་རྡོ་རྗེའི་བརྡ་བྱ་བ་དང་། མཐར་ཕུར་བུས་གདབ་པ་སྟེ། བགེགས་བསྐྲད་ནས་དྲ་བ་དང་མདའི་བླ་རེ་དང་རྡོ་རྗེའི་བླ་རེ་དང་མེ་འོད་ཀྱི་དྲ་བ་བྱས་ནས་ཕུར་བུས་གདབ་པ་

ཡིན་ནོ། །དེ་ཉིད་བཞི་པ་ནི་ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་སྟེ། སྙིང་གར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་ཀྱི་ཡི་གེ་ཧཱུཾ་ལས་རྐང་པ་བརྒྱད་པའི་སྔགས་བརྗོད་ནས་མཆོད་པ་དང་དཔའ་བོ་དང་དཔའ་མོའི་སྔགས་ཀྱིས་བརྗོད་པ་ནི་ཞེས་བརྗོད་པ་སྟེ། ཨ་སྟེ་ཞེས་
བྱ་བ་ལྔ་པའི་སྒྲ་ཡིན་པས་ཨཱ་ལི་ཀཱ་ལིའི་རྗེས་ལ་བརྗོད་ཅེས་བྱ་བའི་དོན་དུ་འགྱུར་རོ། །དེ་ཉིད་ལྔ་པ་ནི། །རྒྱུ་སོགས་སྟོང་པ་སྔོན་འགྲོ་ཡིན། །ཞེས་བྱ་བ་ནི་དཔྲལ་བར་ཧེ་དང་། ལྐོག་མར་རུ་དང་། སྙིང་གར་ཀ་དགོད་པས། ཧེ་ནི་རྒྱུ་ཚོགས་སྤངས་པ་སྟེ། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུ་མི་གནས་
པ། །ཞེས་བྱ་བ་ནི་ཧེ་རུ་ཀའི་དོན་ལ་མོས་པའི་རྣམ་པར་ཐར་པའི་སྒོ་གསུམ་བསྒོམས་ལ་ཡི་གེ་གསུམ་སྔོན་དུ་འགྲོ་བ་ཡིན་ནོ། །དེའི་རྗེས་ལ་འབྱུང་བ་བཞི་རི་རབ་དང་བཅས་པ་བསྒོམས་ནས་གཞལ་ཡས་ཁང་གི་དབུས་སུ་པདྨའི་སྟེང་དུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཡི་གེ་ཧཱུཾ་གནས་པ་ལ་རང་གི་རྣམ་པར་
ཤེས་པ་འཇུག་པས་ན། །འཇུག་པ་སྒྲ་ལ་སོགས་པ་ནི། །ཞེས་བྱ་བ་གསུངས་སོ། །སྒྲ་ནི་ཡི་གེ་ཧཱུཾ་དང་བཾ་མོ། །སོགས་པ་ནི་རྡོ་རྗེ་དང་གྲི་གུག་དང་འོད་ཟེར་སྤྲོ་བསྡུ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པའོ། །དེ་ཡང་། །ཟླ་བ་མེ་ལོང་ལྟ་བུ་སྟེ། ཉི་མ་མཉམ་ཉིད་ཡེ་ཤེས་ཡིན། །ཡིག་འབྲུ་ཕྱག་མཚན་སོ་སོར་རྟོག །འོད་
ཟེར་སྤྲོ་བསྡུ་བྱ་ནན་ཏན། །སྐུ་རྫོགས་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་གསུངས་སོ། །དེ་ཉིད་བསྡུས་པའི་སྦྱོར་ལྡན་ཉིད། །ཅེས་བྱ་བ་ནི་ཕྱོགས་བཅུའི་སངས་རྒྱས་བསྡུས་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ནས་མངལ་སྐྱེས་ཀྱི་འཁོར་ལོ་བསྐྱེད་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་ཞུ་ནས་ཐིག་ལེར་
བསྡུས་པ་ལ་འཁོར་ལོ་ལྔའི་ལྷ་མོའི་གླུས་བསྐུལ་བའི་སྦྱོར་བ་དང་ལྡན་པ་ཉིད་ཀྱི་ཐིག་ལེར་ཞུ་བ་གླུ་དང་བཅས་པ་ཞེས་བྱ་བའི་ཧེའི་ཚིག་གི་དེ་ཉིད་བརྒྱད་པ་བདུད་རྩི་ཚིམ་བྱེད་ཅེས་བྱ་བ་གསུངས་ཏེ། དེ་ལྷ་མོ་རྣམས་རྒྱུའི་ཧེ་རུ་ཀ་ཞུ་བའི་ཐབས་དང་བྲལ་བ་ལ་འཆི་བདག་གི་བདུད་འཇོམས་པའོ། །འབྲས་བུའི་ཧེ་རུ་ཀ་
ལྷ་མོ་རྣམས་ཡིད་ཚིམ་པར་བྱེད་པས་ན་བདུད་རྩི་ཚིམ་བྱེད་དོ། །དེ་ཉིད་དགུ་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་གཞུག་པའོ། །དེ་ཉིད་བཅུ་པ་ལག་པའི་མཆོད་པ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོ་དྲུག་གི་གོ་ཆ་བསྐོན་པའོ། །དེ་ཉིད་བཅུ་གཅིག་པ་དབང་བསྐུར་བ་ནི་ཆུ་དང་གསང་བ་དང་ཤེས་རབ་ཡེ་

ཤེས་ཀྱི་དབང་བསྐུར་བའོ། །དེ་ཉིད་བཅུ་གཉིས་པ་གོ་ཆ་ཆེན་པོས་ཡང་དག་གསུངས་ཞེས་བྱ་བ་ནི་ལུས་ཀྱི་འཁོར་ལོ་དང་། སེམས་ཀྱི་འཁོར་ལོ་རྣམ་དག་བསྒོམ་པའོ། །དེ་ཉིད་བཅུ་གསུམ་པ་སྔགས་རྣམས་ཞེས་བྱ་བ་ནི་གཙོ་བོ་དེའི་འཁོར་གྱི་སྔགས་བཟླས་པའོ། །དེ་ཉིད་བཅུ་བཞི་པ་མཆོད་པ་ཡིན་ཞེས་བྱ་བ་ནི་
བདུད་རྩི་ལྔས་མཆོད་པ་དང་བསྟོད་པ་དང་གཏོར་མ་སྦྱིན་པའོ། །ཉེ་བར་བསྡུ་བ་ནི་མ་གསུངས་ཀྱང་སྨོན་ལམ་བཏབ་ནས་དཀྱིལ་འཁོར་ཉེ་བར་སྒྲུབ་པ་རྒྱུད་བླ་མ་ལས་གོ་བར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ལྟར་དེ་ཉིད་བཅུ་བཞི་བཤད་ནས་རྣམ་པར་དག་པའི་འཁོར་ལོ་ལ་སྨོན་ལམ་གདབ་པ་ནི།
མི་མཆོག་གང་ཞིག་ཀུན་སྤྱོད་པ། །ཞེས་བྱ་བ་ནི། ས་ལ་འདོད་པའི་དབང་ཕྱུག་ཤོག །ཅེས་བྱ་བ་སྟེ་དངོས་གྲུབ་དང་པོ་བདེ་བར་གཤེགས་པའི་ས་ཐོབ་པ་དང་། དངོས་གྲུབ་གཉིས་པ་ཆོས་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། དངོས་གྲུབ་གསུམ་པ་ས་ལ་འདོད་པའི་དབང་ཕྱུག་ལྷའི་
དབང་པོ་བརྒྱ་བྱིན་ལྟ་བུར་འགྱུར་རོ། །དེ་ལྟར་བསྐྱེད་རིམ་གྱི་ཐབས་བཤད་ནས་བསྐྱེད་རྫོགས་གཉིས་ཀའི་ཕན་ཡོན་གསུངས་པ་ནི། དཔེར་ན་མར་གྱིས་གང་བའི་སྣོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མར་ལྟ་བུ་ནི་བསྐྱེད་རྫོགས་གཉིས་སོ། །གང་བའི་སྣོད་ནི་སྐལ་བ་དང་མཉམ་པའི་གང་ཟག་གོ། །
མེའི་དབུས་སུ་གཞག་པ་ནི་བྱིན་རླབས་དང་མངོན་སུམ་གྱི་ལམ་ཡང་དང་ཡང་དུ་བསྒོམ་པའོ། །མར་སར་ཉིད་དུ་ཞུ་བ་ནི། །བསྐྱེད་རྫོགས་ཀྱི་མཚན་མ་ཐོབ་པ་ལྷའི་སྐུ་མཐོང་བའོ། །སྣོད་ཀྱི་རིམ་པ་འཇིག་པ་ནི། ཐ་མལ་པའི་ལུས་ངག་ཡིད་གསུམ་ནུབ་པར་འགྱུར་རོ། །ཕན་ཡོན་གཉིས་པ་ནི་དཔལ་ཧེ་རུ་
ཀའི་མཚན་བཟུང་ནས་བཟླས་པའམ་བསྒོམ་པའམ་བསམ་པའམ་ཐོས་པའི་ཤེས་རབ་ཀྱི་གླེགས་བམ་བྲིས་པས་མཐོ་རིས་ཀྱི་ལྷའི་རྒྱལ་པོའམ་མིའི་འཁོར་ལོས་སྒྱུར་བར་འགྱུར་བའོ། །ཕན་ཡོན་གསུམ་པ་ནི་འཆི་བའི་ཚེ་ན་ཕཊ་ཕཊ་ཀྱི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་ལ་སྐྱེ་གནས་ཀྱི་ཕྱག་རྒྱས་ཐུགས་ཀར་
བཅུག་ན་དཔལ་ཧེ་རུ་ཀ་ལ་སོགས་པ་ལྷ་མོའི་འཁོར་ལོ་དང་བཅས་པས་གླུ་དང་རོལ་མོའི་སྒྲ་བསྒྲགས་ནས་མཁའ་ལ་སྤྱོད་པ་འོག་མིན་གྱི་གནས་སུ་ཁྱེར་བར་བྱེད་དོ། །ལས་བཞི་པ་ཉེས་དམིགས་ནི་དེ་འདྲའི་དཔའ་བོ་ཆེན་པོར་བསྒོམས་པའི་རྣལ་འབྱོར་པ་དང་། དེས་གསུངས་པའི་རྒྱུད་ཆེན་པོ་ལ་མ་དད་

པར་གྱུར་ན་མངོན་པར་མཐོ་བས་དབུལ་ཞིང་ཕོངས་པའི་ངན་སོང་གསུམ་དང་། ངེས་པར་ལེགས་པས་དབུལ་བའི་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱིས་གདུངས་པར་འགྱུར་རོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་བཤད་ནས་དོན་གསུམ་པའི་སྐུ་བསྒོམ་པ་རྒྱས་པར་
བཤད་པ་ནི་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་དྲུག་དང་། གསུང་རབ་ཡན་ལག་བཅུ་གཉིས་གསུངས་པའི་སྐ་རགས་སིལ་སིལ་སྒྲ་སྒྲོགས་པའོ། །དེ་ནས་གང་དུ་སྒོམ་སྙམ་ན། རི་དང་སྣ་ཚོགས་པདྨ་ལྟེ་བར་རོ། །རྒྱུ་གང་གིས་བསྐྱེད་སྙམ་ན། ཨཱ་ལི་ཀཱ་ལི་སྐྱེས་ཞེས་བྱ་བ་ནི་མངོན་པར་
བྱང་ཆུབ་པ་ལྔས་བསྡུས་པའོ། །དེས་གང་ཞིག་འདུལ་སྙམ་ན། ཨུ་མའི་བདག་པོ་རྣམ་པར་གནོན། །ཞེས་བྱ་བ་གསུངས་སོ། །དེ་ཤེས་རབ་དང་ལྡན་པ་ཡིན་སྙམ་ན། རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཅེས་བྱ་བ་གསུངས་སོ། །ཕྱག་དུ་དང་ལྡན་སྙམ་ན། ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པ། །ཞེས་
བྱ་བ་སྨོས་ཏེ། ཕྱག་བཅུ་གཉིས་དང་ལྡན་པའོ། །འཁོར་ཇི་ལྟ་བུས་བསྐོར་ཞེ་ན། དཔའ་བོ་རྣལ་འབྱོར་མ་ཚོགས་བསྐོར། །ཞེས་བྱ་བ་གསུངས་ཏེ། དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་སུམ་ཅུ་སོ་དྲུག་གིས་བསྐོར་བའོ། །ཇི་ལྟ་བུའི་བློས་གར་བྱ་སྙམ་ན། དཔལ་ལྡན་ཧེ་རུ་ཀ་རྒྱལ་ཆེ། །གོ་འཕང་མཆོག་གིས་བསྒོམ་
པར་བྱ། །ཞེས་བྱ་བ་གསུངས་སོ། །སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། རྣལ་འབྱོར་ཀུན་དང་རྣལ་འབྱོར་མའི། །འཁོར་ལོ་དབུས་སུ་སྦྱོར་ལྡན་པ། །ཐམས་ཅད་དགྱེས་ཤིང་གཉིས་མེད་འགྱུར། །འབྱིན་དང་སྡུད་པར་མཛད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དབུས་ཀྱི་གཙོ་བོ་འཁོར་
དང་བཅས་པ་ཐམས་ཅད་ཀྱང་ཡབ་ཡུམ་གཉིས་སུ་མེད་ཅིང་སེམས་ཅན་གྱི་དོན་དུ་སྤྲོ་ཞིང་མཛད་པ་རྫོགས་ནས་སྡུད་པ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། མ་འོངས་པའི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི་འཁོར་ལོ་བསྒོམས་ནས་ཐུན་
བཞིར་སྤྲོ་བསྡུ་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་བཞི་པ་བསྐྱེད་པའི་རིམ་པ་ཁ་སྦྱོར་བསྒོམ་ཞིང་རྫོགས་པའི་རིམ་པ་མངོན་སུམ་དུ་བསྒོམས་ནས་སྤྱོད་པ་གོམས་མི་དགོས་པའི་མནྟྲ་ཏནྟྲ་ཡནྟྲ་གསུམ་གྱི་རྒྱུ་ཚོགས་པས་དངོས་གྲུབ་རྣམས་འབྱུང་ཞིང་གསང་སྔགས་ཀྱི་སྒོ་ལ་མོས་པ་སྐལ་བ་དང་ལྡན་

པའི་སེམས་ཅན་རྣམས་ལའོ། །སྤྱོད་པ་སྣ་ཚོགས་སྟོན་མཛད་པ་ནི་མནྟྲ་ཏནྟྲ་ཡནྟྲའོ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ནི། །དགོད་དང་བལྟ་དང་ལག་བཅངས་དང་། གཉིས་གཉིས་འཁྱུད་པས་འདུལ་བ་ཡི། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཞེས་བྱ་བ་ནི་བྱིན་རླབས་དང་མངོན་སུམ་གྱི་ལམ་གསུངས་པའོ། །དེ་ལྟར་འདུལ་བའི་ཐབས་
བསྟན་ནས་དོན་ལྔ་པ་ཅིག་ཅར་འཇུག་པའི་ཐབས་སྟོན་པ་ནི། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །ཞེས་བྱ་བ་གསུངས་ཏེ། ལས་ལ་དབང་ཞིང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང་། ཞི་གནས་དང་ལྷག་མཐོང་གོམས་པ་ལས་བྱུང་བ་དང་མི་མཐུན་པ་ལ་ཡང་སྨོད་པ་དག་ཏུ་མི་བྱ་སྟེ། ལས་ཀྱི་
རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་གྱི་ཚོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་བཞིན་དུ་སྔགས་ཀྱི་རྟེན་འབྲེལ་གྱི་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་འཁྲུལ་འཁོར་གྱི་རྟེན་འབྲེལ་གྱི་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་། སྨན་དང་ནོར་བུའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། མདོ་སྡེ་ལས་གསུངས་
པའི་ཆོས་ཉིད་དྲན་པར་བྱས་ནས་སྨད་པར་མི་བྱའོ། །མངོན་སུམ་དང་བྱིན་རླབས་ཀྱི་ལམ་དེས་སངས་རྒྱས་དང་དེའི་སྲས་རྣམས་ཀྱི་མཆོག་ཏུ་གྱུར་པའི་རྣལ་འབྱོར་འབྲས་བུ་ལམ་དུ་བྱེད་པའི་སྔགས་ཀྱི་ལམ་འདི་ཡིན་པས་སངས་རྒྱས་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཀྱི་དབྱིངས་ཀྱི་རང་
བཞིན་ནི་སྒྲིབ་པ་སྤངས་པས་འཕེལ་བའམ། འགྲིབ་པ་དང་བཅས་པས་འབྲི་བ་མེད་པས་གཟུགས་བརྙན་ལ་སོགས་པའི་སྒྱུ་མའི་དཔེ་བརྒྱད་ལ་གང་དུ་སྟོང་ཉིད་ཀྱི་ངེས་པ་དྲངས་ནས་མཐོང་བཞིན་དུ་ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་ཆོས་ཉིད་མངོན་སུམ་དུ་མཐོང་བས་གནས་པ་
ཡིན་ནོ། །དེ་ལྟར་ན་བྱིན་རླབས་དང་མངོན་སུམ་གྱི་ལམ་བསྒོམ་པའི་རྣལ་འབྱོར་པ་འཇིག་རྟེན་ལ་མི་སྨོད་ཅིང་ཆོས་ཉིད་མངོན་སུམ་དུ་མཐོང་བའི་བགྲོད་པའི་ལམ་ཅིག་ཅར་འཇུག་པའི་རྣམ་པར་ཐར་པ་ཀུན་བཟང་སངས་རྒྱས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་བདེ་བ་ཆེན་པོའི་ལམ་ཡིན་
ནོ་ཞེས་ཤེས་པར་བྱའོ། །གལ་ཏེ་ཅིག་ཅར་འཇུག་པ་ལ་མི་མོས་པ་ལ་ཇི་ལྟ་བའི་ལམ་ཡིན་སྙམ་ན། ཇི་སྲིད་ཀྲྀ་ཡ་སོགས་སྤྱོད་ནས། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །ཅེས་བྱ་བ་གསུངས་ཏེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། གསང་

བའི་མཐའ་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་གྱིས་སེམས་ཅན་མོས་པས་འཇུག་པ་རྣམས་ལ་དེ་དང་དེའི་རྣམ་པར་ཐར་པ་ལ་དགའ་བ་ལ་ཆུ་བོ་རྒྱ་མཚོ་ཆེན་པོར་འབབ་པ་བཞིན་དུ་བདེ་མཆོག་གི་ལམ་ལ་རིམ་གྱིས་འཇུག་པར་བྱའོ། །དགྱེས་པའི་རྡོ་རྗེ་ལས་ཀྱང་ཐ་མར་དགྱེས་པའི་རྡོ་རྗེ་བསྟན་པར་
བྱའོ་ཞེས་གསུངས་སོ། །རྒྱུ་ནི་བྱིན་རླབས་དང་མངོན་སུམ་གྱི་ལམ་སྟོན་པ་ཡིན་ནོ། །རྒྱལ་པོ་ནི་མངོན་སུམ་གྱི་ལམ་གསལ་ཞིང་མཛེས་པ་དང་འབར་བས་ན་རྒྱལ་པོའོ། །འབུམ་པའི་ནང་ནས་ཕྱུང་བ་ལེའུ་འབུམ་པ་དང་ཤློ་ཀ་འབུམ་པ་ལས་ཕྱུང་བའི་ཕྱི་མའི་ཕྱི་མའོ། །དངོས་གྲུབ་ཀྱི་ཆོ་ག་ནི་རྒྱུ་བ་དང་མི་རྒྱུ་བའི་སྦྱིན་སྲེག་དང་
འཁྲུལ་འཁོར་གྱི་ཆོ་གའོ། །ཤིན་ཏུ་རྨད་དུ་བྱུང་བ་ནི་བསྒོམ་མི་དགོས་པའི་མནྟྲ་དང་ཡནྟྲའི་རྟེན་འབྲེལ་ལོ། །བསྟན་བཅོས་ཐམས་ཅད་པ་ནི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་ཐབས་རྒྱས་པའོ། །བཀླགས་པས་གྲུབ་པའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དུ་སྔགས་བརྗོད་པ་ཙམ་གྱིས་བདུད་བཞི་ཚར་གཅོད་པའོ། །
གདོད་མ་ནས་གྲུབ་པ་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །དེ་ཡང་། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཞེས་གསུངས་པའི་ཕྱིར་རོ། །ལེའུ་ལྔ་བཅུ་རྩ་གཉིས་ཡོད་ཀྱང་ལེའུ་ལྔ་བཅུ་པ་ལ་གཅིག་ཏུ་བསྡོམས་
ནས་གྲངས་ཤིས་པར་མཛད་པ་ཡིན་ནོ། །རྫོགས་སོ་ཞེས་བྱ་བ་ནི་རྒྱུད་མཐར་ཐུག་པའི་ཚིག་གོ། །བསྟོད་པས་མཉེས་མེད་སྨད་པས་མི་དགྱེས་མེད། །འགྲོ་བ་ཀུན་ལ་བུ་གཅིག་ལྟར་དགོངས་ལ། །གང་གིས་གནོད་པ་བྱས་ཀྱང་བདེ་མཛད་པའི། །རྗེ་བཙུན་བདེ་མཆོག་སྐུ་ཡི་ཞབས་བཏུད་ནས། །སངས་རྒྱས་སྲས་དང་བཅས་པའི་སྤྱོད་ཡུལ་
གྱི། །རྟོགས་བཀའ་བདེ་མཆོག་བཤད་རྒྱུད་ལ་བརྟེན་ནས། །བླ་མ་དམ་པའི་བདུད་རྩི་གདམས་ངག་གིས། །རྒྱ་ཆེར་བཤད་པས་འགྲོ་རྣམས་རྟོགས་གྱུར་ཤོག །དཔལ་འཁོར་ལོ་བདེ་མཆོག་གི་རྒྱ་ཆེར་བཤད་པའི་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སོ།། །།བླ་མ་དྲི་མེད་ཐུགས་
རྗེའི་ཤུགས་ལས་བྱུང་། །འབངས་ཀྱི་སྨོན་ལམ་གྲུབ་པ་མི་འགགས་ཆོས། །འབངས་དང་གྲོགས་ཀྱི་དོན་ཞུས་རྗེས་གནང་བ། །མཆོག་དགའི་བསམས་པ་གྲོགས་ལ་འཕེལ་བར་སྨོན། །རྒྱ་གར་གྱི་པཎྜི་ཏ་པ་ར་ཧི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།