Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 17

Văn bản gốc(Tây Tạng)

Trang 16 / 29 (50.000 ký tự/trang)
སུམ་པ་ཞེས་བྱ་བའི་སྒྲ་བརྗོད་པ་དཔའ་བོ་ལ་སོགས་པ་འདི་རྣམས་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །བཟའ་བ་ཞེས་པ་ནི་བཟའ་བ་ཇི་ལྟར་ཤེས་པའོ་ཞེའོ། །དཀའ་འགྲེལ་
ལས་ཀྱང་ཇི་ལྟར་རྙེད་པའི་ཤ་ཡིས་ཞེས་བྱ་བ་ལ་སོགས་པས་བཤད་དོ། །ལས་དང་རྗེས་སུ་མཐུན་པས་ཞེས་པ་ནི་ཐབ་ཁུང་གི་ནང་དུ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཇི་སྐད་དུ་བཤད་པའི་མཚན་ཉིད་དུ་ལྡན་པ་སྐྱིལ་ཀྲུང་དུ་བཞུགས་པས་བལྟ་སྟེ། ཤེས་རབ་དང་བཅས་པ་ཞུ་བར་བསྒོམ་པར་
བྱའོ། །དེ་ནས་དེ་ཞུ་བར་གྱུར་པ་རཾ་གྱི་ས་བོན་ལས་ཡང་དག་པར་བྱུང་བ་ཀུན་དུ་གཏུམ་པར་བྱེད་པ་བལྟ་བར་བྱ་སྟེ། སྐུ་མདོག་ནག་པོ་ཐུང་བ་སྤྱན་གསུམ་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། གཡས་ཀྱི་ཕྱག་གཉིས་ན་བགྲང་ཕྲེང་དང་མི་འཇིགས་པ་བསྣམས་པའོ། །ཕྱག་གཡོན་པ་གཉིས་
ན་ཐོད་པའི་སྣོད་དང་དབྱུག་པ། ཕྱག་གཡས་དང་གཡོན་དག་གིས་རང་གི་རིག་མ་ལས་འཁྱུད་པ་གདུག་པའི་མེ་ལྷ་རྣམ་པར་བསྒོམ་པར་བྱའོ། །དེའི་ལྕེ་ལ་རཾ་བལྟས་ལ་བ་ལང་གི་ཤ་དང་། དུག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ཁྲག་རྣམས་མྱོས་བྱེད་ཀྱི་འདབ་མའི་ཁུ་བས་སྦགས་ཏེ་སྦྱིན་
སྲེག་བྱའོ། །ཞི་བ་ལ་དཀར་པོའོ། །དབང་དང་དགུག་པ་དག་ལ་དམར་པོའོ། །རྒྱས་པ་དང་རེངས་པ་དག་ལ་སེར་པོ་རྣམ་པར་བསྒོམ་པར་བྱའོ། །སྔར་གྱི་བཞིན་དུ་ལྕེ་ལ་ཡི་གེ་རཾ་བལྟས་ཏེ། དེའི་ཁ་ལ་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུས་སྦགས་པའི་བ་ལང་གི་ཤའི་སྦྱིན་སྲེག་
བྱའོ་ཞེས་དགོངས་སོ། །ཤིན་ཏུ་འབར་བའི་མེར་ཞེས་པ་ལ་སོགས་པ་ནི་གདུག་པ་མཐའ་དག་གི་ལས་ལ་ནིམ་པ་དང་སེང་ལྡེང་དང་། ཚེར་མ་སྒུར་པོ་དང་། བལླ་ཏ་ཀའི་ཡམ་ཤིང་རྣམས་ལ། ཡུངས་མར་དང་། ཁྲག་དང་དུག་གིས་སྦགས་ཏེ། སོར་མོ་བཅུ་བཅུའི་ཚད་རྣམས་

ཀྱིས་ཡུངས་མར་དང་། མར་དང་། ཁྲག་དང་། དུག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ནིམ་པའི་ལོ་མ་དང་། ཐལ་བ་དང་། རྐང་རྗེས་ཀྱི་ས་དང་། བོང་བུ་དང་། རྔ་མོའི་རྟུག་པ་དང་། སྤུ་དང་། ཚིལ་རྣམས་སྔོན་དུ་འགྲོ་བས། ཁྭ་ཏ་དང་། འུག་པའི་སྒྲོ་དང་།ཆུ་དང་། བྲུན་དང་། མིའི་རུས་པ་དང་བཅས་པས་མེ་
སྦར་བར་བྱའོ་ཞེས་པའི་དོན་ཏོ། །ཞི་བ་དང་། རྒྱས་པ་དང་། རེངས་པ་དང་། དབང་དང་། དགུག་པ་རྣམས་ལ་པ་ལ་ཤའི་ཤིང་དང་པ་ལ་ཀྵ་དང་། ཨུ་དུམྺཱ་ར་དང་། སེང་ལྡེང་དང་ཨརྐ་དང་། བྱ་ཀྲི་ཧ་དང་། ཨཾ་བྲ་དང་། བི་ཀཾ་ཀ་དང་། གམ་པ་ཡ་དང་། ཨ་བ་མརྒ་དང་། བྱང་ཆུབ་ཀྱི་ཤིང་གི་ཡམ་ཤིང་
རྣམས་བདུད་རྩི་རྣམ་པ་ལྔ་དང་བཅས་པའི་དྲི་ཆུས་སྦགས་ལ་མཛུབ་མོའི་མཐོ་གང་གི་ཚད་རྣམས་ཀྱིས་ཞོ་དང་། ནས་དང་། གྲོ་དང་། སོ་བ་དང་། མོན་སྲན་གྲེའུ་དང་། མོན་སྲན་སྡེའུ་དང་བཅས་པ་རྣམས་ཀྱིས་མེ་སྦར་བར་བྱ་བ་ཡིན་ནོ། །རྒྱབ་ཀྱི་འདབ་མ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་
སྟེ། ལས་དང་རྗེས་སུ་མཐུན་པས་ཞེས་པ་ནི་མཇུག་ཐོགས་སུ་འཆད་པར་འགྱུར་བའི་རིམ་པར་ཕྱེ་བ་གསུངས་པ། རིམ་པ་ལས་ཇི་ལྟ་བ་བཞིན་དུ་ཕྱག་མཚན་བྱ་ཞིང་ཁཎྜ་རོ་ཧ་བྱའོ་ཞེས་སྤྲོ་བར་དགོངས་སོ། །བརྟན་པར་བྱ་ཞེས་པ་ནི་ཁཎྜ་རོ་ཧ་ཁྱད་པར་དུ་བྱས་པ་སྟེ། ཁཎྜ་རོ་ཧ་རང་གི་གནས་སུ་
བལྟ་བར་བྱའོ་ཞེས་པའི་དོན་ཏོ། །ཕོ་ཉ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་འདི་ཐམས་ཅད་ཀྱི་ལམ་དང་། ཤེས་རབ་དང་བཅས་པའི་སྔགས་པས་བྱེད་པ་དེ་ཡིས་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བཞི་པའོ།། །།ཁཎྜ་རོ་ཧ་ཞེས་བྱ་བ་ལ་སོགས་པ་ནི་
ལས་ཀྱི་སྒྲ་སྨོས་པས་ཐུན་མོང་བའི་བྱ་བ་གཉིས་ཏེ། སྔགས་བཟླས་པ་དང་། ཁཎྜ་རོ་ཧའི་བྱ་བ་མངོན་པར་འདོད་པའོ། །དེ་ཉིད་མཆོག་སྟེ་དམ་པ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །རབ་ཅེས་པ་ནི་ཤིན་ཏུ་ཐུན་མོང་མ་ཡིན་པའོ། །ཇི་བཞིན་རིམ་གྱིས་མཚན་མ་སྟེ། །ཞེས་པ་ནི་གོ་རིམས་སུ་རིམ་གྱིས་
སོ། །གང་ཞིག་སྔགས་ཀྱི་བཟླས་པ་རིམ་གྱིས་ས་དང་། གང་ཞིག་འདྲ་བའི་ཁཎྜ་རོ་ཧའི་བྱ་བའི་རིམ་གྱིས་དེ་དག་གི་ཕྱིར་མཚོན་ཞེས་བྱ་བའི་དོན་ཏོ། །ཡང་དེ་ལས་གཉིས་ཅིའི་ཕྱིར་བྱ་ཞེ་ན། གསུངས་པ། མཆོད་པ་གཉིས་མེད་སྦྱོར་བའི་བདག །ཅེས་པ་སྟེ། གསང་བའི་མཆོད་པ་

སྟེ། དེའི་དོན་དུ་ཐབས་དང་ཤེས་རབ་གཉིས་ཀྱི་ངོ་བོའི་རྣལ་འབྱོར་རོ། །དེའི་བདག་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱ་སྟེ། ཤེས་རབ་དང་བཅས་པ་ཞེས་པའི་དོན་ཏོ། །བྱའོ་ཞེས་པ་ནི་ཚིག་གི་ལྷག་མའོ། །དང་པོར་རེ་ཞིག་སྔགས་ཀྱི་བཟླས་བརྗོད་གསུངས་པ། ལས་ནི་སོ་སོར་ཞེས་
བྱ་བ་ལ་སོགས་པ་སྟེ། ལས་སོ་སོ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་སོ། །སྦྱར་བར་བྱ་ཞེས་པ་ནི་བར་དུ་ལྡན་པའོ། །འགྲུབ་པར་བྱེད་པ་ཞེས་པ་ནི་འཇིག་རྟེན་གསུམ་དུ་རབ་ཏུ་གྲགས་པའི་ཕྲེང་བའི་སྔགས་ལ་སོགས་པའོ། །དེའི་དབྱེ་བ་ཞེས་པ་ནི་ལས་ཀྱི་བྱེ་བྲག་ལས་བཟླས་པའི་བྱེ་བྲག་གོ།
རིམ་པ་ཇི་བཞིན་ཞེས་པ་ནི་རིམ་པར་བརྒྱུད་པ་དེའི་རིམ་པས་བཤད་ཅེས་བྱ་བར་སྦྱར་རོ། །དེ་ལྟར་ན་གསུངས་པ། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ནི་ཡི་གེ་ཨ་ལ་སོགས་པ་ནས་ཀྵའི་བར་དུའོ། །ཕོ་ཉ་མོ་ནི་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་བརྟན་མ་ལ་ཐུག་པའི་བར་
གྱི་རྣལ་འབྱོར་མའོ། །སོགས་པ་སྨོས་པས་དཔའ་བོ་རྣམས་ལ་བཅོམ་ལྡན་འདས་མ་ཕག་མོ་དང་བཅས་པའང་ཡོངས་སུ་གཟུང་ངོ་། །འདི་རྣམས་ཀྱི་སྔགས་གང་ཞིག་སོ་སོ་རང་གི་དེར་གོ་བར་བྱའོ། །དེའི་སྔགས་མདའི་ཤུགས་ཀྱིས་ཡོངས་སུ་འཁོར་བ་ནི་ཇི་ལྟར་གཞུ་བཀང་
སྟེ་མདའ་རྒྱང་འཕངས་པའི་ཤུགས་ཆེར་འགྲོ་བ་དེ་བཞིན་དུ་ཤུགས་ཀྱིས་མྱུར་དུ་ཡོངས་སུ་འཁོར་བར་ཞེས་པའི་དོན་ཏོ། །སྔགས་དེ་ཇི་ལྟ་བུར་གྱུར་ནས་ཡོངས་སུ་འཁོར་ཞིང་འགྲོ་ཞེ་ན་གསུངས་པ། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྟེ། དཀའ་འགྲེལ་ལས་བཤད་དོ། །ས་བོན་
ཕྲེང་བ་ལ་སོགས་པས་གདུག་པ་ཅན་གྱི་ཁྱད་པར་གསུངས་པ་དཀའ་འགྲེལ་ལས་བཤད་པ་ཉིད་དོ། །དགག་པར་བྱ་ཞེས་པ་ནི་རྣམ་པར་འཆད་པའོ། །སྔགས་བསྟན་པའི་རིམ་པ་ཡིས། །ཞེས་པ་ནི་སྔགས་ལས་ལུང་བསྟན་པ་འཇིག་རྟེན་པ་ལ་ཡང་རབ་ཏུ་གྲགས་པ་ཉིད་ཀྱི་ཁ་སྦྱོར་གྱི་ཞེས་
དགོངས་པའོ། །ཞི་བའི་སྔགས་ཀྱི་ཁ་སྦྱོར་བསྟན་ན་ནས། དེ་ཉིད་དགུག་པའི་ལས་ལ་ཡང་། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་ལ། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ཉིད་གསུངས་པ། ཁ་སྦྱར་ཞེས་བྱ་བ་ལ་སོགས་པའོ། །ད་ནི་ཁཎྜ་རོ་ཧའི་བྱ་བ་བསྟན་པའི་ཕྱིར་གསུངས་པ་དགུག་པར་

ཞེས་བྱ་བ་ལ་སོགས་པ་སྟེ། ལོ་མ་ལ་བཀོད་པས་སྔགས་སྤེལ་ཞེས་པ་ནི་ཇི་ལྟར་ལོ་འདབ་ཀྱི་ཕྱི་ཤུན་དང་། དེ་ལས་ནང་རིམ་དང་ཡང་ནང་ཤུན་ནོ། །དེ་བཞིན་དུ་འདིར་ཡང་དང་པོའི་སྔགས། དེ་ནས་བསྒྲུབ་བྱའི་མིང་དང་། དེ་ནས་སྔགས་སོ་ཞེས་དགོངས་སོ། །ཐོད་པ་ཞེས་བྱ་
བ་ལ་སོགས་པ་ནི་ཐོད་པར་བདུད་རྩི་ལྔས་ཡོངས་སུ་བཀང་བས་ཁཎྜ་རོ་ཧའི་ཞལ་དུ་མཆོད་ཡོན་ཕུལ་ནས་མཚོན་ཆ་རྣམས་ཀྱི་ངེས་པར་སྦྱར་བ་ལ་སོགས་པའོ་ཞེས་པའི་དོན་ཏོ། །སྔགས་ཀྱི་ཡི་གེའི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་མཐར་ཆེ་གེ་མོ་མཱ་ར་ཡ་ཞེས་པས་མཐའ་
བརྟན་པའི་སྔགས་ཀྱི་ཕྲེང་བའོ། །ལྷན་ཅིག་མཚོན་ཆ་སྦྱར་བར་བྱའོ། །ཡང་ན་ཇི་ལྟར་བཟླས་པའི་སྐབས་སུ་སྔགས་ཀྱི་ཕྲེང་བ་རང་གི་ཁའི་ནང་དུ་ཞུགས་པ་དེ་བཞིན་དུ་ཁཎྜ་རོ་ཧའི་ཞལ་གྱི་ནང་དུ་མཆོད་ཡོན་གྱི་དུས་སུ་སྔགས་ཞུགས་པར་བསྒོམ་པར་བྱ་བ་ཡིན་ནོ། །འདི་དག་ནི་རིམ་པར་ཕྱེ་
བ་སུམ་ཅུ་རྩ་ལྔ་པའོ།། །།ཕྱག་རྒྱ་རེངས་ཞེས་པ་ནི་གཞན་གྱི་གྲུབ་པའི་མཐའ་ལ་ཞུགས་པའི་རྣལ་འབྱོར་མ་རྣམས་ཀྱི་རེངས་པར་བྱེད་པའོ། །ཟས་ལས་ཞེས་པ་ནི་ཇི་ལྟར་གདུག་པར་བྱ་བའི་སྔགས་ཀྱི་བརྗོད་པ་བསྟན་པ་དང་། རྡོ་རྗེ་ཡིས་ནི་གཟུང་བར་བྱ། །ཞེས་བྱ་བ་སྨོས་པ་འདིས་
ཁཎྜ་རོ་ཧའི་བྱ་བ་བསྟན་ཏོ། །དེ་བཞིན་དུ་འདི་ལས་དེ་གཉིས་ཀར་བྱ་བ་ཡིན་ནོ་ཞེས་དགོངས་སོ། །འདི་རྣམས་ཀྱི་དོན་ཉིད་ནི་དཀའ་འགྲེལ་ལས་ཀྱང་བསྟན་ཏོ། །རྣལ་འབྱོར་མ་སྙན་གསན་དབབ་པ་ཞེས་པ་ནི་མཚན་མོའི་དུས་སུ་མེ་ཏོག་སྦྱིན་པ་སྔོན་དུ་འགྲོ་བས་རྣལ་འབྱོར་མ་མཚན་མོར་
སྙན་མནན་ནོ། །དག་པའི་ལུས་ཞེས་པ་ནི་ཡུན་རིང་པོར་བསྒོམས་པས་ཉོན་མོངས་པ་དང་བྲལ་བའོ། །ཇི་ལྟར་འདོད་པ་ཞེས་པ་ནི་འབྱོར་པའི་ཚུལ་དང་མཐུན་པར་འདོད་ཚད་དུ་བཅུ་འམ་བཅོ་ལྔ་འམ་དེ་ལས་ཁྱད་པར་རོ། །རྗེས་ཐོགས་སུ་ཚེས་བཅུའམ་བརྒྱད་ལ་ནང་པར་ཐོ་རངས་ཚོགས་
ཀྱི་བཟའ་བར་གསུངས་པ་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ནི་དཀའ་འགྲེལ་ལས་གོ་སླའོ། །ལས་ཐམས་ཅད་ཀྱི་ཐུན་མོང་དུ་གང་གི་ཚེ་རྣལ་འབྱོར་མ་ལ་བསྲུང་བར་བྱའོ་ཞེས་བྱ་བའི་ཚིག་དེ་བཞིན་དུ་བསྲུང་ཞིང་སྙོམས་པར་འཇུག་པར་བྱའོ་ཞེས་པའི་དོན་ཏོ། །དཔའ་བོ་མཆོད་པ་ནི་

སྙོམས་པར་འཇུག་པའོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་དྲུག་པའོ།། །།གལ་ཏེ་རྟག་ཏུ་ཁྲོས་ཞེས་པ་ནི་བསྒྲུབ་བྱ་ལ་ཁྲོས་པར་འགྱུར་བ་དེ་སྲིད་ལ་གཏང་བར་གྱུར་པ་དེ་སྲིད་དུ་ལས་གཏང་བར་མི་བྱ་སྟེ། དེ་ནི་ཕྱིན་ཅི་ལོག་གི་ལས་སུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །བཤང་ལམ་
ལས་འབྱུང་བ་ཞེས་པ་ནི་གསང་བའི་ལམ་ནས་ཕྱི་རོལ་དུ་བྱུང་བའོ། །འདི་ཡང་ལྟོ་བའི་སྲིན་བུའི་ཁྱད་པར་རོ། །ལག་སྐྱེས་ནི་སེན་མོའོ། །དེའི་མདུན་དུ་ཞེས་བྱ་བ་ནི་སྦྱིན་སྲེག་གི་ཐབ་ཁུང་གི་དབུས་སུ་སོན་པ་དེར་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་བལྟ་ཞེས་པའི་དོན་ཏོ། །སྔགས་པས་གང་འདོད་དེ་
བཞིན་དུ། །ཞེས་པ་ནི་སྒྲུབ་པ་པོ་འདོད་པ་ལ་རག་ལས་པ་ཙམ་གྱིས་སྒྲུབ་པ་ཡིན་ཞེས་དགོངས་པའོ། །དམ་ཚིག་སྤྱོད་པའི་མཚན་ཉིད་ཅེས་པ་ནི་དམ་ཚིག་ལ་སྦྱོར་བས་ན་དམ་ཚིག་སྟེ་སྒྲུབ་པ་པོའོ། །དེའི་སྤྱོད་པའི་མཚན་ཉིད་ཀྱི་བྱ་བའི་ཚུལ་རྗེས་ཐོགས་སུ་བཤད་ཟིན་ཏོ། །སྦས་པ་ནི་གསང་བའོ། །
སྔགས་ཞེས་པ་ནི་སྔགས་རྣམས་ཀྱིས་སོ། །འདི་སྐལ་བ་དམན་པ་རྣམས་ཀྱི་ཡང་ཡུལ་དུ་མ་གྱུར་པ་གསུངས་པ། མཐོང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་སྐལ་བ་དམན་པའི་སྐྱེ་བོ་ལ་འདི་གསང་བས་ན་མི་རྙེད་པ་དང་མི་མཐོང་བར་འགྱུར་ལ་ང་མཉེས་པས་འཐོབ་བོ་ཞེས་སྦྱར་རོ། །དེ་
ཉིད་གསུངས་པ། སྒྲུབ་པ་པོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་ཞེས་པ་ནི་རབ་ཏུ་གྲགས་པར་གྱུར་པ་ཉིད་ཐམས་ཅད་སྔར་བསྟན་པའི་ཕྱིར་རོ། །འདིའི་དགོངས་པ་ནི་རྣལ་
འབྱོར་མ་རྣམས་ལས་བརྡ་རྣམས་དང་། དཔའ་བོའི་ལུས་ཀྱི་ཁྱད་པར་སྔར་བསྟན་པའི་དམ་ཚིག་རྣམས་ཀྱི་སྤྱོད་ཡུལ་དུ་བྱའོ། །འདི་ཉིད་གསུངས་པ། སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་ནི་སྦ་བར་བྱ་བས་ན་སྦ་བར་བྱའོ། །ཕྱིན་ཅི་ལོག་ལ་སྐྱོན་གསུངས་པ། མི་གདོན་ཞེས་བྱ་བ་ལ་སོགས་
པ་སྟེ། གཡོན་སྤྱོད་ཅེས་པ་ནི་རྣལ་འབྱོར་མ་མཉེས་པའི་དོན་དུ་གཡོན་ན་སྤྱོད་པའི་ཚུལ་ལོ། །ཡང་ན་འདིས་ཅི་བསྟན་པ་ཡིན་པས་ན་གཡོན་པས་སོ། །གསང་བའི་མཚན་ཉིད་ཅེས་པ་ནི་གཉིས་པ་མཐའ་མ་ཕྱིས་པའི་ཚིག་གོ། །མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མ་རྣམས་སོ། །དེ་ལ་ཞེས་

པ་ནི་དེ་ལའོ། །མཁའ་འགྲོ་མ་སྟོང་ཕྲག་ཅེས་པ་ནི་དང་པོའི་དོན་གྱིས་གསུམ་པའོ། །ཟོས་པ་ལ་ཞེས་པ་ནི་ཟོས་པའོ། །དེ་བཞིན་དུ་ཐམས་ཅད་ཀྱི་གཉིས་པའི་དོན་གྱིས་དང་པོའོ། །གསང་བ་ཞེས་པ་ནི་རྣལ་འབྱོར་མ་རྣམས་སོ། །ཕྱུགས་ཞེས་པ་ནི་ཕྱུགས་དང་འདྲ་བས་བཟའ་བར་འོས་པ་ཡིན་
ནོ་ཞེས་པའི་དོན་ཏོ། །ཕྱིན་ཅི་མ་ལོག་པ་ལས་ཡོན་ཏན་གསུངས་པ། གང་ཞིག་བསླུ་བར་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་དང་བཅས་ཞེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་ཀུན་རྣམས་སོ། །དེ་ལ་ཞེས་པ་ནི་བླ་མའི་ཞལ་དེའིའོ། །གསང་བ་ཞེས་
པ་ནི་བསྡམས་ཤིང་བསྡམས་པའོ། །དཔའ་བོ་ཉིད་འདོད་པ་ཞེས་པ་ནི་དཔའ་བོ་ཉིད་ལ་གང་གིས་སོམ་ཉི་ཡོད་པ་དེ་དཔའ་བོའི་འདོད་པ་དང་ལྡན་པ་སྟེ་དྲུག་པའི་དོན་ཏོ། །སྔགས་འདི་ཡིས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བ་ཡིས་སོ། །བསྟོད་པར་བྱ་ཞེས་པ་ནི་ཚིག་གི་ལྷག་མའོ། །
དཔའ་བོ་དང་ནི་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་གནས། །ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མ་ཀུན་དང་ལྷན་ཅིག་ཏུའོ། །དེ་ནས་ཞེས་པ་ནི་རྒྱུ་གང་གིས་དེ་དང་དེ་བསྲུང་བའི་རྒྱུ་དེ་ཡིས། ཐམས་ཅད་དུ་ནི་མཁའ་འགྲོ་མ། །ཀུན་དུ་ཞེན་པར་བལྟ་ལ་གནས། །ཞེས་པ་གཞན་དང་འབྲེལ་
ཏོ། །བསོད་ནམས་ཐོབ་པ་ཡིན་ཞེས་པ་ནི་བསོད་ནམས་གཟིགས་པའོ། །རྣལ་འབྱོར་མ་དང་གསང་བའི་མི། །ཞེས་པ་ནི་དམ་ཚིག་ཡོངས་སུ་བསྐང་བར་བྱ་བའི་ཕྱིར་ནའོ། །གསང་བའི་མིའི་བདག་ཉིད་དང་མཚུངས་པའི་ཕྱིར་རོ། །རྣལ་འབྱོར་མ་དང་མི་ཞེས་པ་དང་། ལྷན་ཅིག་ཏུ་ཞེས་
དགོངས་པའོ། །འདི་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བརྒྱད་པའོ།། །།མདའ་ཞེས་པ་ནི་ཀ་ནི་བདེ་བའོ། །སྒོ་ང་ནི་གནས་ཡིན་ཏེ་གནས་བཅོམ་ལྡན་འདས་སོ། །ཚོགས་ཞེས་པ་ནི་བཅོམ་ལྡན་འདས་འདི་ཞེས་པ་སྟེ་ཚོགས་པ་ཕག་མོའོ། །འདིར་སྔགས་དང་ལྷ་དག་ཐ་མི་དད་པ་ཡིན་
པའི་ཕྱིར་བཅོམ་ལྡན་འདས་མ་ནི་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་གིས་རྩ་བའི་སྔགས་གསུངས་པ། །གཉི་ག་ཞེས་པ་ནི་དྲུག་པའི་དོན་གྱིས་གསུམ་པའོ། །གཉིས་ཀའི་རྩ་བའི་སྔགས་ཡང་དག་པར་བསྒོམས་པ་སོ་སོར་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ། །དེ་ཞེས་

པ་ནི་སྒྲུབ་པ་པོའོ། །དེ་དེ་ལྟར་ན་དཔའ་བོ་ཞེས་བྱ་བ་ལ་སོགས་པ་དཀའ་འགྲེལ་ལས་བཤད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་གཞན་ནོ། །གྲུབ་ཅེས་པ་ནི་ནུས་པ་སྐྱེས་པའོ། །དེ་དེ་ལྟར་ན་རྣལ་འབྱོར་ཆེ། །སྔགས་ཞེས་པ་ནི་རྩ་བའི་སྔགས་གཉིས་སོ། །
དགོས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་འགྱུར་ཞེ་ན། གསུངས་པ། འཇིགས་པ་ཞེས་བྱ་བ་ལ་སོགས་པའོ། །འཇིགས་པ་ཞེས་པ་ནི་འཇིགས་པའི་རྒྱུའོ། །འཇིགས་པ་མེད་པའི་དོན་ནི་འབྲས་བུ་གསུངས་པ་གཡོན་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲུབ་
པ་པོ་ཞེས་པ་ནི་སྒྲུབ་པ་པོའོ་ཞེས་པའོ། །སྔགས་ལུས་ཅན་ཞེས་པ་ནི་དྲུག་པའི་དང་པོའི་དོན་ཏོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་དགུ་པའོ།། །།དཔའ་བོ་རྣལ་འབྱོར་སྔགས་ཀྱི་ཆོ་གས་གནས་ཞེས་པ་ནི་དཔའ་བོ་ནི་བཅོམ་ལྡན་འདས་སོ། །རྣལ་འབྱོར་ནི་དེའི་རྣམ་པར་བསྐྱེད་པས་
སོ། །སྔགས་ནི་རྐང་པ་བརྒྱད་པའོ། །དེའི་ཆོ་ག་ནི་བྱིན་གྱིས་བརླབས་སོ། །དེ་ལ་གནས་པ་ནི་དེ་དབང་དུ་བྱེད་པ་ཡིན་པར་དགོངས་སོ། །སྲེག་རྫས་གསུངས་པ། ཤ་ཞེས་བྱ་བ་ལ་སོགས་པ་སྟེ། དཔུང་དང་བཅས་པ་ཞེས་པ་ནི། དཔུང་དང་ལྷན་ཅིག་པར་རོ། །ཕྱེད་ཀྱིས་ཞེས་པ་ནི་བརྒྱ་
རྩ་བརྒྱད་ཀྱི་ཕྱེད་ཀྱིས་སོ། །ཉི་མ་བདུན་གྱིས་ཞེས་པ་ནི་ཐམས་ཅད་དུ་གཞུག་གོ། །དཔའ་བོ་ཆེན་པོ་ཞེས་པ་ནི་གྲོང་དཔོན་ནོ། །དེའི་ཕྱེད་ཀྱིས་ཞེས་པ་ནི་བརྒྱ་རྩ་བརྒྱད་ཀྱི་ཕྱེད་ཀྱིས་སོ། །བློན་པོ་དང་། དུམ་ས་དང་། འཐབ་ནས་བཟུང་བའོ། །རིགས་རྣམས་ལས་ཁྱད་པར་དུ་
གསུངས་པ། ཉི་ཤུ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་རྒྱལ་རིགས་དག་ལ་བདུན། །ཞེས་པ་ནི་ཉི་མ་བདུན་གྱི་བར་དུ་ཐུན་རེ་རེ་ལ་ལན་བདུན་བདུན་སྦྱིན་སྲེག་བྱའོ། །དེ་བཞིན་དུ། །སྦྱིན་སྲེག་ལྔ་པོ་རྗེའུ་རིགས་ལ། །དམངས་རིགས་ལ་ནི་སྦྱིན་སྲེག་གསུམ། །ཞེས་པ་ནི། སྦྱིན་སྲེག་
བཞི་ཉི་མ་བདུན་གྱི་བར་དུའོ། །ཐ་མ་ལ་ནི་སྦྱིན་སྲེག་གཅིག །ཞེས་པ་ནི། ཉི་མ་གཉིས་ཀྱི་བར་དུ་སྦྱིན་སྲེག་གཅིག་རིགས་དམན་པ་ལ་བསྲེག་པར་བྱའོ་ཞེས་དགོངས་སོ། །འདི་ཉིད་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ཞེས་བྱ་བ་ནི་དབང་དུ་བྱ་བ་ལ་འདོད་

པ་ལྔ་བསྟེན་པའོ། །དཔའ་བོ་ཞེས་པ་ནི་དང་པོའི་མཐའ་མ་ཕྱིས་པའོ། །ཆོ་ག་དང་པོ་ཐོབ་པར་འགྱུར། །ཞེས་པ་ནི་སྦྱིན་སྲེག་གི་ཆོ་ག་སྔོན་དུ་འགྲོ་བས་འདོད་པ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ཀུན་གྱི་ཞེས་པ་ནི་དྲུག་པའི་དོན་ཏོ། །སྒྲུབ་པ་པོ་ཞེས་པ་ནི་དང་པོའི་དོན་ཏོ། །འདི་ནི་རིམ་པར་ཕྱེ་
བ་བཞི་བཅུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་རབ་ཅེས་དབང་དུ་བྱ་བ་ལ་སོགས་པའོ། །མཆོག་གི་ནི་འཇུག་པའི་ཐབས་ཀྱི་སྦྱོར་བའོ། །གང་གིས་ཞེས་པ་ནི་གང་གིས་རྣལ་འབྱོར་མ་རྣམས་དྲན་པར་མཚོན་པའི་ཆོ་གས་སོ། །ཤེས་ནས་ཞེས་པ་ནི་བསྒྲུབས་ནས་ཏེ། བཤད་
དོ་ཞེས་པ་ལྷག་མའོ། །དབང་དང་དགུག་པ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལས་ཀྱི་མཆོག་ཏུ་བསྟན་ཏོ། །དྲན་པ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་ཤེས་ནས་སོ། །སྒྲུབ་པ་པོ་ཞེས་པ་ནི་གསལ་ལོ། །དངོས་གྲུབ་ཅེས་པ་ནི་ལས་ཀྱི་རབ་འབྱམས་རྫོགས་པའོ་ཞེས་པའི་དོན་ཏོ། །སྒྲུབ་པ་པོས་
དེ་གང་ཅི་དྲན་པར་བྱ་ཞེ་ན། གསུངས་པ། ཐམས་ཅད་བླ་མ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་འདི་རྣམས་ཐམས་ཅད་ཀྱི་ནང་ནས་བླ་མའི་གནས་ལ་སོགས་པའོ་ཞེས་དགོངས་སོ། །གནས་ལ་སོགས་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སོ། །མཁའ་འགྲོ་མ་ཞེས་པ་ནི་རབ་ཏུ་
གཏུམ་མོ་ལ་སོགས་པའོ། །ཐམས་ཅད་ཁྱབ་ཅེས་པ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པར་ཡང་གནས་ལ་སོགས་པ་རྣམས་སུ་ངེས་པར་གནས་སོ་ཞེས་པའི་དོན་ཏོ། །ཡུལ་དང་ཡུལ་དུ་ཞེས་པ་ནི་གནས་ལ་སོགས་པ་རྣམས་སུའོ། །ཡེ་ཤེས་ལྡན་པ་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་དེའི་དེ་ཁོ་ན་ཉིད་
མཉེས་པའོ། །རང་སྐྱེ་གནས་ཞེས་པ་ནི་སེམས་ཅན་རྗེས་སུ་འཛིན་པར་འདོད་པའི་དབང་གིས་གང་ཆའི་སེམས་ཀྱི་སྲོག་རང་གི་བདག་ཉིད་ཀྱི་འདི་ཡིན་ཏེ། ཐ་སྙད་དུ་བསྟན་པའི་བྱང་ཆུབ་ཀྱི་སེམས་ལས་སྐྱེ་གནས་སུ་བསྐྱེད་པ་ཡིན་ནོ། །ཀུ་ལུ་ཏཱ་ཞེས་བྱ་བ་ལ་སོགས་པ་ལ་ཀུ་ལུ་ཏཱ་རེ་དཔའ་
བོ་ཆེན་པོའོ། །མྱ་ངན་གྱི་ཡུལ་དུ་འཁོར་ལོས་སྒྱུར་བའོ། །སིནྡྷུར་སྟོབས་ཆེན་མོའོ། །ན་ག་རའི་དབང་ཕྱུག་ཏུ་ཤིན་ཏུ་དཔའ་མོའོ། །གསེར་གྱི་གླིང་དུ་འཁོར་ལོའི་གོ་ཆ་མའོ། །སཽ་རཱཥྚར་ནི་ཆང་འཚོང་མའོ། །ལྷའི་ཁབ་ཏུ་ནི་དུམ་སྐྱེས་མའོ། །ཡི་དགས་གྲོང་དུ་ནི་འཁོར་ལོའི་ཤུགས་

ཅན་མའོ། །ཁ་བ་ཅན་དུ་ནི་བྱ་གདོང་མའོ། །ཀཱཾ་ཙིར་ནི་རྟ་རྣ་མའོ། །ལཾ་པཱ་ཀར་ནི་ཤིན་ཏུ་བཟང་མོའོ། །ཀ་ལིངྒར་ནི་ལྷ་མོ་སྔོ་བསངས་མའོ། །ཀོ་ས་ལར་ནི་ཆང་འཐུང་མའོ། །ཏྲི་ཤ་ཀུ་ནེ་ར་ནི་རླུང་གི་ཤུགས་ཅན་མའོ། །ཨོ་ཊེར་ནི་འཇིགས་བྱེད་ཆེན་མོའོ། །ཀཱ་མ་རུ་པར་ནི་ས་སྲུངས་མའོ། །
མཱ་ལ་བར་ནི་ཤིང་གྲིབ་མའོ། །དེ་བཱི་ཀོ་ཊཱི་ར་ནི་ལང་ཀའི་དབང་ཕྱུག་མའོ། །རཱ་མེ་ཤྭ་རིར་ནི་མིའུ་ཐུང་མའོ། །གོ་དཱ་བ་རིར་ནི་དཔའ་བོའི་བློ་ཅན་མའོ། །ཨརྦུ་དར་ནི་སྣ་ཆེན་མའོ། །ཨཽ་ཌྱན་དུ་ནི་འོད་ལྡན་མའོ། །ཛཱ་ལནྡྷ་རར་ནི་གཏུམ་པའི་མིག་ཅན་མའོ། །པུལླཱི་ར་མ་ལ་ཡ་ལ་སོགས་པ་སྨོས་པས་ནི་
གསེར་རི་ལ་རབ་ཏུ་གཏུམ་མའོ། །འོ་ན་བུ་མོ་གང་ཞེས་དབྱེ་བའི་ཚིག་གིས་དོན་འདི་ཉིད་ཅི་རེ་རེ་ཡིན་ནམ་ཞེ་ན་གསུངས་པ། དཔའ་བོ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་རྣམས་ཀྱིས་ལྷན་ཅིག་ཏུ་གཉིས་སུ་མེད་པར་སྙོམས་པར་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་འབྱུང་
ཞེ་ན། གསུངས་པ། འདོད་པའི་གཟུགས་ཅན་གྱི་འདོད་པའི་དབང་གིས་གཞན་དང་གཞན་དུ་རྣམ་པར་སྤྲུལ་ཏོ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཞེས་པ་ནི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་འདི་ལས་མ་གཏོགས་པའི་ཡང་ཡིད་ལ་འདོད་པའི་མཚན་ཉིད་ཀྱི་ཤུགས་ཀྱིས་
མྱུར་དུ་འཇུག་པ་གང་ཞིག་དེ་དང་དེ་བཞིན་ཞེས་བསྡུ་བའོ། །སིནྡྷུའི་ཡུལ་དུ་ལཱ་མ་ཞེས་པ་དང་། ཁྲོ་གཉེར་ཅན་དང་། མཆེ་བ་ཅན་དང་། སྣ་ཆེན་མ་དང་། བྱ་གདོང་མ་དང་། བྱི་ལའི་གདོང་མ་དང་། གླང་ཆེན་ལྕེ་མ་དང་། བ་ལང་སྣ་མ་དང་། ར་གདོང་མ་སྟེ། འདི་དག་ནི་ལཱ་མའི་ཡིན་པར་
དགོངས་སོ། །ལམྦཱ་ཀ་ར་ནི་གཤིན་རྗེ་མ་དང་། སྐྲག་བྱེད་མ་དང་། ཀཱ་ནཱ་ནི་དང་། ཤ་ཟ་མ་དང་། ཆང་འཚོང་མ་དང་། དཔལ་མོ་དང་། མ་ཧཱ་ཏི་དང་། སྡུད་མཛད་མ་ཡིན་ནོ། །སཽ་རཱཥྚར་རིགས་ཀྱི་ལྷ། །ཞེས་པ་ནི་ཁྲོ་བོ་བཞི་དང་། སྐུ་བརྒྱད་དོ། །གཟུགས་ཅན་མ་དང་། ལྷན་ཅིག་
སྐྱེས་པ་ནི་གཟུགས་ཅན་མ་དང་། འོ་བྱེད་མ་དང་། ལཱ་མ་དང་། གཞན་འཇུག་མ་དང་། བྱིས་ཅན་མ་དང་། མི་སྒུར་མ་དང་། ཨེ་ཧི་ཀྱང་ངོ་ཞེས་དགོངས་སོ། །ཁ་བའི་རིར་ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མ་དང་། སངས་རྒྱས་མཁའ་འགྲོ་མ་དང་། རིན་ཆེན་མཁའ་འགྲོ་མ་དང་།

པདྨ་མཁའ་འགྲོ་མ་དང་། ལས་ཀྱི་མཁའ་འགྲོ་མ་ཡིན་ནོ། །ཀཱཉྩི་ཞེས་བྱ་བ་ལ་སོགས་པར་ཁྲག་འཐུང་མ་དང་། མདངས་ཟ་མ་དང་། འོད་ཟ་མ་དང་། གསུམ་པ་ཡིན་ཏེ། བྱིས་ཅན་མ་ཡང་ངོ་། །པཉྩ་ལའི་ཡུལ་དག་ཀྱང་ཁྱིམ་གྱི་ལྷ་མོ་ཞེས་པ་ནི་ལྟུང་བྱེད་མ་དང་། གསོད་བྱེད་
མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་ཡིན་ནོ། །ཀ་ལིངྒར་ནི་བརྟུལ་ཞུགས་འཛིན། །ཞེས་པ་ནི། གར་མ་དང་བྲམ་ཟེ་མོ་དང་། ཚོས་མཁན་མོ་དང་། གདོལ་པ་མོ་དང་། ཀུན་འགྲོ་མ་ཡིན་ནོ། །ཀོ་ས་ལར་ནི་ཤ་ཟན་མ། །ཞེས་པ་ནི་རྡོ་རྗེ་དཀར་མོ་དང་། སྡེ་ཐམས་ཅད་
རབ་ཏུ་འཇོམས་མ་དང་། གདོལ་པ་མོ་དང་། བདུད་སྐེམས་མ་དང་། མ་ཏཾ་གི་དང་། ནད་མ་དང་། མཁའ་འགྲོ་མ་དང་། བདུད་མོ་དང་། དགྱེས་མ་མོ་དང་། རྒྱལ་བའི་བླ་མ་དང་། ཡེ་ཤེས་ལྡན་མ་དང་། སྤོས་མོ་དང་། གཤིན་རྗེ་མ་དང་། སྐྲག་བྱེད་མ་དང་། འོད་བྱེད་མ་དང་། སྒྲ་དུ་མར་ཀུན་དུ་
འཕྲོ་བ་དང་། འཁོར་མ་དང་། གསོད་བྱེད་མ་དང་། རྨོངས་བྱེད་མ་དང་། ཀླུ་ཡང་དག་པར་རྫོགས་པ་དང་། འགུགས་བྱེད་མའོ། །ཡི་དགས་གྲོང་དུ་དེ་བཞིན་དུ། རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མ་དང་། བདུད་མོ་དང་། ལྕགས་སྒྲོག་མ་དང་། ཨ་བེ་དང་། བཀྵེ་དང་། དཀྱིལ་
བྱེད་མ་དང་། ཐོད་པ་ཅན་དང་། དྲག་མོ་དང་། འཇིགས་པའི་གཟུགས་ཅན་མ་དང་། ལང་ཀའི་དབང་ཕྱུག་མ་དང་། མཆེ་བ་གཙིགས་མ་དང་། གློག་ལྕེ་མ་དང་། གཙིགས་མ་དང་། འཇིགས་བྱེད་མ་དང་། ཤ་ཟ་མ་དང་། མཆུ་འཕྱངས་མའོ། །སྦོམ་དབང་ཕྱུག་ཅེས་པ་ནི་རྡོ་རྗེ་སེམས་
དཔའ་དང་། རྣམ་པར་སྣང་མཛད་དང་། པདྨ་གར་གྱི་དབང་ཕྱུག་དང་ཧེ་རུ་ཀ་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་གོ། །ཏྲི་ཤ་ཀུ་ནེར་ཁཎྜ་རོ་ཧ་ཞེས་པ་ནི་དུམ་སྐྱེས་མ་དང་། ཁྲག་མ་དང་། གཏུམ་བྱེད་མ་དང་། སྔོ་བསངས་མོ་དང་། སྟོབས་ཆེན་མོ་དང་། དཔག་ཚད་རི་དང་། རུ་ཀ་མ་ཏི་
དང་། ཚིག་བདེན་མ་དང་། དགེ་ཞལ་མ་དང་ཞེས་པའོ། །པུལླི་ར་མ་ལ་ཡར་ནི་གསེར་མགོ་མ་དང་། དཔལ་ཧེ་རུ་ཀ་མ་དང་། དཔལ་ཆེན་མ་དང་། དྲ་བ་ངན་བཅས་མ་དང་། རྡོ་རྗེ་མ་དང་། ཐབས་ཆེན་མོ་དང་། སྡང་ཟ་འཇིགས་བྱེད་མ་སྟེ་སྨེ་ཤ་ཅན་གྱི་རིགས་ལས་བྱུང་བའི་བུད་

མེད་སྟོང་ཕྲག་ཉི་ཤུ་ཡིན་ནོ། །བྱ་བ་གཞན་གསུངས་པ། འདིའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། འོག་ནས་འཆད་པར་འགྱུར་བའི་དམ་ཚིག་འདི་རྣམས་གདོན་མི་ཟ་བར་བྱ་བ་ཡིན་ནོ། །སྒོམ་པ་ཞེས་པ་ནི་སྒོམ་པ་པོའོ། །མཁའ་འགྲོ་མའི་སྤྲུལ་པ་ཞེས་པ་ནི་མཁའ་
འགྲོ་མ་རྣམས་ཀྱིས་སྙིང་རྗེའི་དབང་གིས་དགོད་པ་ཡིན་ནོ། །དམ་ཚིག་དེ་ཅི་ཞེ་ན། གསུངས་པ། བསམ་གཏན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཚན་མོ་ཞེས་པ་ནི་དབེན་པའི་གནས་སུ་བསམ་གཏན་ལ་དགའ་བ་འདིས་གསང་བའི་མཆོད་པ་དང་བཅས་པ་བྱ་བ་ཡིན་པར་དགོངས་སོ། །
ཕན་ཡོན་གསུངས་པ། སྐྱེ་བའམ་ཞེས་པ་ལ་སོགས་པ་སྟེ། དཔའ་བོའི་དབང་ཕྱུག་ཅེས་བྱ་བ་ནི་དངོས་སུ་དཔལ་ཧེ་རུ་ཀའི་རིགས་སོ། །རང་འབྱུང་ཞེས་པ་ནི་གྲུབ་པའི་རྣལ་འབྱོར་མ་རྣམས་སོ། །གཡོན་པ་ཞེས་པ་ནི་རྣལ་འབྱོར་མ་སྟེ། དེ་རྣམས་མཆོད་པ་སྟེ། བསྟན་པའི་མཚན་ཉིད་དེ་ཉིད་
ཀྱི་ཕྱིར་འགྱུར་རོ། །རིམ་པར་ཕྱེ་བ་བཞི་བཅུ་རྩ་གཅིག་པའོ།། །།དེ་ལྟར་བྱ་བ་ཡིན་ཞེས་པ་ནི་དེ་ལྟར་བསྟན་པའི་རིམ་པ་དང་། འཆད་པར་འགྱུར་བའི་རིམ་པས་བྱའོ་ཞེས་པའི་དོན་ཏོ། །སྔགས་འདིས་ཞེས་པ་ནི་རྩ་བའི་སྔགས་སམ། ཡི་གེ་བདུན་པའི་སྔགས་སམ། ཨོཾ་སརྦ་ཀཱ་མེ་
ནི་སརྦ་བྷཀྵ་སཾ་ཤོ་དྷ་ཡ་གུ་ཧྱེ་གུ་ཧྱཾ་བཛྲི་ཎི་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་བྱའོ། །རེག་པ་དང་བཞད་པ་དང་ཞེས་པ་ནི་སྒྲུབ་པ་པོས་འཁྱུད་དེ་ཧ་ཧ་ཧེ་ཧཻ་ཧོ་ཧཽ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་འདིས་བཞད་པར་བྱའོ། །གད་མོ་ཆེ་བདེན་པས་ཚངས་པར་སྤྱོད་པ་དང་ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་ཅན་གྱི་ཕྱག་རྒྱ་རྡོ་རྗེ་ཕག་
མོའི་བདག་ཉིད་ཀྱི་གཟུགས་ཀྱིས་ཏེ། ཐ་སྙད་ཀྱི་དང་ཚུལ་རྡོ་རྗེ་ཕག་མོར་བསྒོམ་ཞེས་པའི་དོན་ཏོ། །དེའི་ཆོས་འབྱུང་ཞེས་པའི་དོན་ཏོ། །དེའི་མཆི་མ་འབྱུང་ཞེས་པ་ནི་ལྷ་མོ་དེའི་སྤྱན་ནས་མཆི་མ་འབབ་པོ། །སྙིང་ཉེ་དེ་ཡི་སྤུ་ཡང་ལྡང་། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བས་དེའི་བ་སྤུ་ལྡང་བར་
འགྱུར་རོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོའི་སོ་སོའི་ལས་གསུངས་པ། རྡོ་རྗེ་ནི་རང་གི་མཚན་མའོ། །འགོམ་མི་བྱ་ཞེས་པ་ནི་དངོས་པོ་ཐམས་ཅད་ལས་ལྷ་མོའི་པདྨར་འཇུག་གོ། །མཆོད་ཅེས་པ་ནི་ནུ་མ་དང་མཆན་ཁུང་ལ་སོགས་པར་བལྟའོ། །འདི་ནི་ཕྱག་རྒྱ་ཚོགས་ཀྱི་

རིམ། །ཞེས་པ་ནི་འོག་ནས་བསྟན་པར་བྱ་བའི་འབོད་པ་ལ་སོགས་པའོ། །བྱས་ནས་ནི། ཕྱག་རྒྱ་ཞེས་པ་ནི་འདིར་འབོད་པ་ལ་སོགས་པ་ནི་ཕྱག་རྒྱ་བྱས་པ་ཡིན་ནོ། སྔགས་ནི་རྗེས་དྲན་བྱེད་ཅེས་འོག་ནས་འཆད་པའི་དགོད་པའི་རྣམ་པ་བརྒྱད་ཀྱི་སྔགས་སོ། །མཆོག་ཏུ་དགའ་ཞེས་པ་ནི་རྗེས་སུ་ཆགས་པར་
བྱེད་པའོ། །ཧ་ཧཱའི་རྣམ་པར་ཞེས་བྱ་བ་ལ་སོགས་པས་ནི་བྱ་བ་གསུངས་ལ་འདི་ཉེ་བར་ཞེས་པ་ནི་སྒྲུབ་པ་པོའི་མངོན་སུམ་ཉིད་དུའོ། །རྟག་ཏུ་ཞེས་པ་ནི་ཇི་ཙམ་དུ་སྒྲུབ་པ་པོ་ལ་གནས་པའི་བར་དེ་ཙམ་དུ་ཞེས་པའི་དོན་ཏོ། །དགའ་བར་ཞེས་པ་ནི་རྩེ་བའོ། །སྔགས་དང་བསམ་གཏན་ལེགས་པར་སྦྱར། །
ཞེས་པ་ནི་བསམ་གཏན་ནོ། །བཅོམ་ལྡན་འདས་བསྒོམ་པ་སྔོན་དུ་འགྲོ་བས་བོད་པ་ལ་སོགས་པའི་ཕྱག་རྒྱའོ། །སྔགས་ནི་རྟོགས་པའི་མཚན་ཉིད་དང་བཅས་པའོ། །གཙོ་མོ་ལ་སོགས་པ་ནི་སླར་ལས་གཞན་བསྟན་པ་ཡིན་ནོ། །དཔའ་བོ་རྣམས་ལས་ཁཎྜ་ཀ་པཱ་ལ་ལ་སོགས་པ་སྟེ། གཙོ་མོ་ནི་རབ་ཏུ་
གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་དེ་དང་ལྷན་ཅིག་ཏུ་བ་སྤུ་ལྡང་བར་འགྱུར་རོ། །རྡོ་རྗེ་བསྒོམ་པར་མི་བྱ་ཞེས་བྱ་བ་ནི་སྒྲུབ་པ་པོའི་ལས་སྔོན་དུ་འགྲོ་བས་ཞེས་པའི་དོན་ཏོ། །གཡོན་པས་ཡོངས་སུ་བརྟགས་པ་ཡིན། །ཞེས་པ་ནི་རྣལ་འབྱོར་མ་གང་གིས་དེ་ངེས་པར་ཡིན་པར་དགོངས་པས་སོ། །འདི་
ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་གཉིས་པའོ།། །།དེ་ནས་སྤྱན་རས་གཟིགས་ཞེས་བྱ་བ་ལ་སོགས་པ་ནི་གཟིགས་པ་ནི་སྒྲུབ་པ་པོ་རྗེས་སུ་གཟུང་བར་བྱ་བའི་དོན་དུ་རྣལ་འབྱོར་མ་རྣམས་ཀྱིས་གཟིགས་པའོ། །དེ་བཤད་དོ་ཞེས་བྱ་བར་འབྲེལ་ཏོ། །དཔའ་བོ་དང་ནི་གཉིས་མེད་ནི། །གང་གི་ཞེས་
བྱ་བར་བརྟག་པར་བྱའོ། །གང་གི་རྣམ་པར་བལྟས་པས་དཔའ་བོ་དང་འདྲ་བར་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་གཉིས་སུ་མེད་པའི་ཚུལ་དུ་ཁ་སྦྱོར་དུ་ཡོད་པ་དེར་སྒྲུབ་པ་པོ་འགྲོ་བར་འགྱུར་རོ་ཞེས་དགོངས་སོ། །ཅིར་གྱུར་ནས་རྣལ་འབྱོར་མས་གཟིགས་པར་འགྱུར་ཞེ་ན་གསུངས་པ།
གནས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གནས་ནི་པུལླཱི་ར་མ་ལ་ཡ་ལ་སོགས་པའོ། །དེ་རྣམས་ཀྱི་དབྱེ་བ་ནི་གནས་ལ་སོགས་པའོ། །དེའི་ཆོ་ག་ནི་སྒྲུབ་པ་པོ་སྟེ་རང་གི་ལུས་ལ་གནས་ཇི་ལྟར་ངེས་པར་སྦྱར་རོ། །དེ་ཉིད་ནི་བྱིན་གྱིས་བརླབས་པའོ། །བསྒོམ་ལ་རྟག་ཏུ་མངོན་དགའ་བ། །ཞེས་

པ་ནི་བསྒོམ་ལ་རྟག་ཏུ་མངོན་པར་དགའ་བ་རྟག་ཏུ་མཉམ་པར་གནས་པ་རྣམས་ལ་གཟིགས་པར་འགྱུར་ཞེ་ན་གསུངས་པ། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོའི་གནས་ནི་གནས་ལ་སོགས་པའོ། །ད་ནི་མ་ཉེས་པར་བྱ་བ་བསྟན་པའི་ཕྱིར་གསུངས་
པ། གཅེར་བུ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་པ་ཕྱོགས་ཀྱི་གོས་ཅན་གྱིས་ཕྱག་རྒྱའི་མཆོད་པ་ནི་གཅེར་བུས་མཆོད་པར་བྱའོ། །ལས་ཉིད་ཀྱི་ནི་གོ་འཕང་མཆོག །ཅེས་པ་ནི་དེ་ཉིད་མཆོད་པའི་ལས་ཏེ། དེའི་ཕྱིར་གོ་འཕང་མཆོག་ཏུ་གྲོལ་བར་གྱུར་པ་ཡིན་ནོ། །བཀབ་ཅེས་
བྱ་བ་ལ་སོགས་པ་སྟེ། སྟག་གི་པགས་པ་བསྣམས་པས་སོ། །གཞན་ཞེས་བྱ་བ་ནི་ཕྱག་རྒྱ་དྲུག་གོ། །བཀབ་པ་ནི་སྒོམ་པའི་ལུས་ལ་བསྐྱེད་པའོ། །འདོད་པ་རྣམས་ཀྱིས་གོས་མི་འགྱུར། །ཞེས་པ་ནི་སྒྲུབ་པ་པོ་བརྟེན་པ་ལ་འཇུག་པ་ཇི་སྲིད་དུ་ཡང་དག་པའི་ཡེ་ཤེས་ཐོབ་པའི་
བར་དེ་སྲིད་དུ་མི་གོས་སོ། །ཡང་ན་ཡིད་དགའ་བ་ལ་སྐྱོན་ཐམས་ཅད་ཀྱིས་མི་གོས་པ་ཡིན་ནོ། །དེ་བཞིན་ཞེས་པ་ནི་ཉེ་བར་བསྡུ་བ་སྟེ། དེ་བཞིན་དུ་གཅེར་བུ་སྐྲ་གྲོལ་བར་གྱུར་པ་དེ་ལས་ཐམས་ཅད་ཀྱིས་མཉེས་པར་བྱའོ་ཞེས་དགོངས་སོ། །རྩ་བའི་སྔགས་ཞེས་བྱ་བ་ལ་སོགས་པས་ནི་
རྩ་བའི་སྔགས་སམ། སུཾ་བྷ་ནི་ལ་སོགས་པའི་སྔགས་བཟླས་པས་ཕྱོགས་བཅིང་བར་བྱའོ། །དེ་བཞིན་ཞེས་པ་ནི་ཕྱོགས་སུ་ར་བ་དང་། གུར་དང་། བླ་རེ་དང་། མདའི་དྲ་བ་དང་། མེའི་དྲ་བ་དང་། སྔགས་སོ། །མཆོད་པར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ཀྱིས་ཀྱང་ཇི་ལྟར་མི་མཐོང་བ་
དེ་ལྟར་མཆོད་པར་བྱའོ། །འདིས་ནི་ཤིན་ཏུ་གསང་བར་འོས་པ་འདིས་མཆོད་པ་བསྟན་པའོ། །ཡང་ན་རྩ་བའི་སྔགས་བཟླས་པ་དང་། སུཾ་བྷ་ནི་ལ་སོགས་པའི་སྔགས་བཞིས་ཕྱོགས་སུ་རྣམ་པར་བཀོད་པས་རྡོ་རྗེ་ར་བ་ལ་སོགས་པའི་ནང་དུ་ཆུད་པར་བསྒོམ་པར་བྱས་ན་འདི་ལྟར་ལྷ་རྣམས་ཀྱིས་
ཀྱང་མི་མཐོང་ངོ་ཞེས་པའི་དོན་ཏོ། །སྙིམ་པ་མེ་ཏོག་གིས་ཞེས་བྱ་བ་ལ་སོགས་པ་ནི་དཀའ་འགྲེལ་ལས་བཤད་པ་ཉིད་དོ། །སྟོང་ཕྲག་གི་ཞེས་བྱ་བ་ལ་སོགས་པ་ནི་སྟོང་ཕྲག་ནི་ཉེ་བར་མཚོན་པ་སྟེ། ནམ་མཁའི་ཕྱོགས་ན་གནས་པ་མཐར་ཐུག་པ་མེད་པ་རྣམས་སྙིམ་པ་མེ་ཏོག་གིས་དབང་དུ་བྱེད་པ་

ཡིན་པར་དགོངས་སོ། །དབང་དུ་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོའི་ནུས་པ་བསྟན་པ་ཡིན་ནོ། །སྲིད་པ་གཞན་ཡང་དབང་དུ་བྱེད། །ཅེས་པ་ནི་ཁམས་གསུམ་དུ་གནས་པ་རྣམས་ལས་སྲིད་པ་དབང་དུ་བྱེད་དོ། །གསུང་གི་དབང་ཕྱུག་ནི་ཕུར་བུའོ། །འདི་ནི་ཉེ་བར་
མཚོན་པ་ཙམ་སྟེ། ཁྱབ་འཇུག་དང་ལྷ་ཆེན་པོ་དང་། དབྱིག་གི་སྙིང་པོ་ལ་སོགས་པ་ཡང་འགུགས་པར་འགྱུར་རོ། །གསུང་གི་དབང་ཕྱུག་རྣམས་དང་ཞེས་པ་ནི། དབྱངས་ཅན་མ་ལ་སོགས་པ་དཔག་ཏུ་མེད་པའི་ལྷ་དང་ལྷའི་བུ་མོ་རྣམས་འགུགས་པར་འགྱུར་རོ། །གཡོ་བ་ས་འོག་ལ་སོགས་པ་གང་
ཡོད་དང་ཞེས་པ་ནི་འཇིག་རྟེན་གསུམ་གྱི་གང་ཅི་ཡང་རུང་བའི་ཐ་དད་དེ་ཐམས་ཅད་ཤེས་པར་འགྱུར་བའི་དོན་ཏོ། །གྲོང་དང་གྲོང་ཁྱེར་དུ་ཞེས་བྱ་བ་ལ་སོགས་པ་ནི་གསང་སྔགས་ཀྱི་བཟླས་པའི་གནས་བསྟན་པ་ཡིན་ནོ། །མི་ཕྱེད་ཅེས་པ་ནི་ཡི་གེ་བདུན་པ་དང་ལྷན་ཅིག་ཏུ་དབྱེར་མི་ཕྱེད་པར་གནས་
ཤིང་མ་ལུས་པ་ཡིན་ཞེས་པ་རྣམས་མགོ་ཐུར་དུ་དབོག་པར་བྱའོ། །ས་འཛིན་རྣམས་ཀྱང་གཞན་དུ་མིན། །ཞེས་པ་ནི་རིམ་པ་འདིས་རི་ལ་སོགས་པ་ཡོད་ཀྱང་ཐེ་ཚོམ་མེད་པ་ཡིན་ནོ། །བདག་གི་ལུས་ལ་ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་གྱི་ཆོ་ག་སྟོན་པར་འགྱུར་ཏེ། རང་གི་ལུས་ལ་དཀྱིལ་
འཁོར་གྱི་འཁོར་ལོ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ཁོངས་སུ་གཏོགས་པར་བྱས་ལ་བདུད་རྩི་ལྔས་བྱུགས་པའི་ཀུ་ཤའི་སྟན་གྱི་སྟེང་དུ་ཉེ་བར་འདུག་སྟེ། ཡི་གེ་བདུན་པའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། དེ་ཉིད་དུ་ཉལ་དུ་བཅུག་པས་སྟོན་པར་འགྱུར་ཏེ། །རྣལ་འབྱོར་མས་ཞེས་པ་
ལྷག་མའོ། །ཡིད་ལ་འདོད་པ་སྟོན་པར་འགྱུར་ཏེ། ཚེ་དང་ཞེས་བྱ་བ་ལ་སོགས་པ་ནི་དཀའ་འགྲེལ་འདི་བླ་མའི་མན་ངག་གིས་གཞན་དང་གཞན་དུ་བཤད་དོ། །སྔགས་ཀྱི་བཟླས་པ་ཞེས་པ་ནི་དུས་ཚོད་ན་མ་ཡིན་པ་ལ་གཞོན་ནུ་མ་བོས་ལ་ཐོ་རངས་དྲི་ཞིམ་པོས་ཁྲུས་བྱས་ལ། ཉེ་བའི་སྙིང་པོའི་སྔགས་
བརྒྱ་རྩ་བརྒྱད་ཀྱིས་མིག་དག་ལ་མངོན་པར་བསྔགས་ནས་རས་རིས་དང་ལུགས་མ་ལ་སོགས་པ་མཆོད་པ་སྔོན་དུ་འགྲོ་བས་རལ་གྲི་འམ་མར་མེ་འམ་མེ་ལོང་ལ་རྒྱ་སྐྱེགས་ཀྱིས་བྱུགས་ཏེ་ཡུངས་མར་གྱིས་བསྐུས་ལ་དེ་ལ་མཐེ་བོང་བསྟན་པར་བྱའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཤེལ་ལམ་ཆུ་འམ་

བུམ་པར་རོ། །དེའི་རྗེས་ལ་རལ་གྲི་ལ་སོགས་པ་རྣམས་ཀྱིས་མིག་ཡོར་གྱི་ཚུལ་དུ་རྗེས་སུ་མཐུན་པ་དགེ་བ་འམ་མི་དགེ་བ་སྟོན་པར་འགྱུར་རོ། །དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་ཞེས་པ་ནི་འཆད་པར་འགྱུར་བའི་པྲ་སེ་ན་ནི་འབེབས་པར་བྱེད་པའི་རྗེས་ཐོགས་སུ་བལྟ་བར་བྱའོ། །
བསམ་གཏན་ཞེས་བྱ་བ་ལ་སོགས་པ་ནི་ཡང་དེ་ནས་དཔའ་བོའི་ཡི་གེ་བདུན། །ཞེས་པ་འདི་དང་ལྷན་ཅིག་ཏུ་སྦྱར་རོ། །འདི་ཉིད་དཀའ་འགྲེལ་ལས་བསྟན་པ་བསམ་གཏན་ཞེས་པ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཀའ་འགྲེལ་ལས་གསལ་བར་མཛད་དོ། །ནད་རྣམས་ཀུན་
ལས་ཞེས་པ་ནི་དུག་གཉིས་ལས་ཏེ། ལེགས་པར་གནས་པར་འགྱུར་བ་ཞེས་པ་ལྷག་མའོ། །ནད་རྣམས་ཀུན་ལ་ཐེ་ཚོམ་མེད། །ཅེས་པ་ནི་རིམས་ལ་སོགས་པའི་ནད་རྣམས་ཐམས་ཅད་ཞི་བར་འགྱུར་བར་དགོངས་པའོ། །གང་ལས་ཤེ་ན། གསུངས་པ། ཟླ་བ་ལ་སོགས་པ་སྟེ། སྤྱི་བོ་ལ་
སོགས་པའི་འཁོར་ལོའི་ནང་དུ་ཡི་གེ་བདུན་པ་གནས་པར་བལྟས་པས་ཕྱོགས་བཅུ་སྐྱོང་བར་གྱུར་པ། གང་གི་ཕྱིར་ཞེས་པའི་དོན་ཏོ། །གོ་མཾ་ས་ཞེས་བྱ་བ་ལ་སོགས་པ་ལ། །མངར་གསུམ་སྦགས་ཞེས་པ་ནི་མར་དང་སྦྲང་རྩི་དང་ཤ་ཀ་ར་རྣམས་བྱུགས་པའོ། །སྦྱིན་སྲེག་ཅེས་པ་ནི། སྔར་བསྟན་པའི་
ཆོ་གས་ལས་ཐམས་ཅད་ཀྱི་ཐབ་ཁུང་དུ་སྦྱིན་སྲེག་བྱའོ། །གསང་བ་ཞེས་པ་ནི་དབེན་པར་རོ། །སྒྲུབ་ཐབས་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དུ་ཞེ་ན། རྒྱལ་པོའི་ཕོ་བྲང་ལ་སོགས་པར་རོ། །དེར་ཞེས་པ་ནི་སྐྱེ་བ་གཞན་ནོ། །དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་བྱེ་
བྲག་གིས་ཁ་དོག་གི་བྱེ་བྲག་གོ། །སྦྱིན་སྲེག་ཀྱང་དཀར་པོ་ལ་སོགས་པ་ཀུན་གྱི་ཁྱད་པར་བསྟན་པ་ཡིན་ནོ། །འཁྲུལ་འཁོར་ཞེས་པ་ནི་ཕ་རོལ་གྱི་དམག་ཚོགས་རྣམ་པར་བཤམས་ཤིང་བཀོད་པ་ལ་སོགས་པའི་འཁོར་ལོའོ། །དུག་གི་ཞེས་པ་ནི་བརྟན་པ་དང་གཡོ་བའི་མཚན་ཉིད་ཀྱི་དུག་
ངེས་པར་གདོན་པར་བྱས་པས་སོ། །བསལ་བར་འགྱུར་ཞེས་པ་ནི་སློང་བར་གྱུར་པ་ལག་པ་གཡོན་པས་འཁོར་ལོ་མིག་དེ་ཡིས་བརྡེག་གོ་ཞེས་པའི་དོན་ཏོ། །སད་པར་ཞེས་པ་ནི་དེ་རྣམས་ཇི་ལྟ་བ་བཞིན་དུ་སད་པར་གྱུར་པ་དེ་བཞིན་དུ་བྱིས་པ་རྣམས་སློང་བར་འགྱུར་རོ་ཞེས་དགོངས་སོ། །ལག་

པ་མཐོང་བ་ཞེས་པ་ནི་འཁོར་ལོ་བྲི་བ་དང་བཅས་པའི་ལག་པ་མཐོང་བའི་ཕྱིར་རོ། །ཁུ་ཚུར་བཅིངས་ཞེས་པ་ནི་འཁོར་ལོ་བྲིས་པ་དང་བཅས་པའི་ལག་པས་ཁུ་ཚུར་བཅིངས་པའོ། །དེ་བཞིན་ཉིད་དུ་སྒྲུབ་པར་བྱེད། །ཅེས་པ་ནི་འཆད་པར་འགྱུར་བའི་རིམ་པས་སོ། །འབྲས་བུ་ཞེས་བྱ་བ་ལ་
སོགས་པ་ནི་ཡི་གེ་བདུན་པའི་མངོན་པར་རྟོགས་པའི་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྣམས་ཀྱི་དོན་ཏོ། །ད་ནི་སྔགས་ཀྱི་བཟླས་པ་རིམ་གྱིས་བསྟན་པ་གསུངས་པ། ལུས་ཀྱི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། གྲོང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་གནས་གཞན་མའི་གནས་
ན་གནས་པའོ། །དང་པོ་དཔལ་བདེ་མཆོག་འཁོར་ལོའི་གཟུགས་ཀྱི་བདག་ཉིད་དུ་རྫོགས་པའོ། །གཉིས་པ་ནི་ལྷ་མོ་བསྒོམ་པར་བྱའོ། །གསུམ་པ་ནི་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མ་ལ་ཐུག་པར་མཆོད་པ་དང་། བསྟོད་པ་ནས་བཟུང་བ་སྔོན་དུ་འགྲོ་བས་རིམ་པ་
ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ནས་སྔགས་ཀྱི་བཟླས་པ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དངོས་གྲུབ་ཀྱང་སྔགས་ཀྱི་ལས་ཐམས་ཅད་ཀྱིས་འགྲུབ་པར་གསུངས་པ། ས་གཞི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་གསུམ་
པའོ།། །།དེ་ནས་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི་ཕོ་ཉ་ནི་རྣལ་འབྱོར་མ་དྲུག་གོ། །འདིར་སྔགས་དང་ལྷ་ཐ་མི་དད་པའི་ཕྱིར་ན་ཕོ་ཉ་མོའི་གོ་ཆའི་སྔགས་མཚོན་ཅིང་བསྟན་ཏོ། །བསྡུས་ལྡན་ཞེས་པ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲིས་པའོ། །ཡི་གེ་བདུན་པར་ལྡན་
འགྲུབ་པ། །ཞེས་པ་ནི་ཉེ་བའི་སྙིང་པོའི་སྔགས་ཀྱང་ངོ་། །གང་ཞིག་ཅེས་པ་ནི་བསྒྲུབ་པར་བྱ་བ་གང་ལའོ། །ལས་ནི་ཡང་དག་རྩོམ་ཞེས་པ་ནི་དེའི་མོད་ལ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། ལག་པའི་དབུས་སུ་ཞེས་བྱ་བ་ལ་སོགས་པའོ། །རྣལ་
འབྱོར་མ་དྲུག་ཅེས་པ་ནི་ཨོཾ་བཾ་ཞེས་བྱ་བ་ལ་སོགས་པའི་གོ་ཆའི་སྔགས་ཀྱང་ངོ་། །འཁོར་ལོ་རྣམས་ཀྱི་ཞེས་པ་ནི་ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པ་བྲིས་པས་སོ། །གཡོན་པ་ལྔ་ནི་བསྐུལ་ཚིག་ལྡན། །ཞེས་པ་ནི་གཡོན་སྐོར་གྱིས་ཆེ་གེ་མོ་ཁུག་ཅིག་ཅེས་

བསྒྲུབ་བྱར་ལྡན་པས་སོ། །འདིར་ཡང་ཡི་གེ་བདུན་པའི་སྔགས་ཀྱིས་བལྟ་བར་བྱའོ། །གང་གིས་གཟུགས་འཛིན་བསམས་ན་ནི། །ཞེས་པ་ནི་གང་གིས་བསྒྲུབ་བྱའི་གཟུགས་དེ་འཛིན་པར་བདག་ཉིད་ཀྱི་གཟུགས་བལྟས་ནས་སོ། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །ཞེས་པ་ནི་ཉེ་བའི་སྙིང་
པོའི་སྔགས་སམ་གོ་ཆའི་སྔགས་ཁ་ནས་ཟློས་ཤིང་ལག་པ་གང་ལ་བསྟན་པ་དེ་འགུགས་པར་འགྱུར་རོ། །ད་ནི་ངེས་པར་ཞེས་པ་ལ། ད་ནི་གོ་ཆའི་སྔགས་འབའ་ཞིག་གི་ལས་བྱ་བར་གསུངས་པ། དམར་པོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལག་པ་གཉིས་ཀྱིས་མཉེས་ནས་ནི། །རྣལ་འབྱོར་
མ་ལ་སྦྱིན་སྲེག་བྱ། །ཞེས་པ་ནི་ལག་པ་གཡོན་པ་དང་གཡས་པ་གཉིས་ལ་གོ་ཆའི་སྔགས་བཀོད་པའི་རྡུལ་མཉེས་ནས་སྦྱིན་སྲེག་གི་ཐབ་ཁུང་དུ་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དྲུག་བསྒོམས་པའི་ཞལ་དུ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །སྨེ་ཤ་ཅན་གྱི་མེ་འམ་ཞེས་པ་ནི་འམ་སྨོས་
པས་དབུལ་བར་བྱའོ། །མཚན་མོ་ཞེས་པ་ནི་མཚན་ཕྱེད་ནའོ། །དེར་ནི་བསྒྲུབ་བྱ་མངོན་ཕྱོགས་ཏེ། །ཞེས་པ་ནི་ཐལ་བ་དེས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། གྲོ་ག་ལ་སོགས་པ་ལ་སྔགས་ཀྱི་འཁོར་ལོ་བྲིས་ཏེ། དེའི་སྙིང་གར་བཅུག་ལ། བདག་ཉིད་དང་དེ་ལས་མངོན་པར་ཕྱོགས་
པར་འགྱུར་བ་སྟེ། སྦྱོར་བ་འདི་ནི་བསམ་པར་བྱ། །ཞེས་པའི་རྗེས་ཐོགས་སུ་བསྟན་པར་བྱ་སྟེ། སྔགས་ཀྱི་བཟླས་པ་འབུམ་ཕྲག་གཅིག་བྱའོ་ཞེས་པའི་དོན་ཏོ། །འགུགས་པའི་དགོངས་པ་གསུངས་པ། དབང་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་ཀྱི་ནི་ཞེས་བྱ་བ་ལ་
སོགས་པས་རྣམ་པ་གཞན་གསུངས་པ། དུར་ཁྲོད་རས་ལ་གཏུམས་ནས་ནི། །ཞེས་པ་ནི་ཆེ་གེ་མོའི་ཨཱ་ཡུཿསྟྭཾ་བྷ་ཡ་ཞེས་བསྐུལ་ཚིག་སྔོན་དུ་འགྲོ་བས་འཁོར་ལོ་བྲི་ནས་དུར་ཁྲོད་ཀྱི་རས་ལ་གཏུམས་ནས་བྱའོ། །ལན་བདུན་བཟླས་ན་ཞེས་པ་ནི་གོ་ཆའི་སྔགས་ཀྱིས་ལན་བདུན་མངོན་
པར་བསྔགས་སོ། །བརྐོས་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི་དགྲའི་མིང་དང་བཅས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ས་ལ་སོར་བརྒྱད་ཐུག་པར་བརྐོས་ཏེ་སྦ་ཞེས་པའི་དོན་ཏོ། །བརྐོས་པ་ལ་སོགས་པའི་དགོངས་པ་གསུངས་པ། བརྐོས་པས་ཞེས་པ་ནི་སྦས་པས་སོ། །དེའི་

ཚེ་ན་གནོན་པར་འགྱུར་རོ་ཞེས་བྱ་བ་ནི་དོན་གྱི་ཚེ་གནོན་པ་སྟེ། དེ་སྲིད་དུ་དེའི་སྲོག་ཏུ་འགྱུར་རོ་ཞེས་དགོངས་སོ། །བའི་འོ་མ་ཡིས་ཞེས་པ་ནི་བའི་འོ་མས་འཁོར་ལོ་དེའི་རྡུལ་བཀྲུ་བའོ་ཞེས་པ་ལྷག་མའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པས་སླར་ཡང་ལས་གཞན་གསུངས་པ། མྱོས་བྱེད་ལྔ་དང་
ལྡན་པ་རུ། །ཞེས་པ་ནི་ད་དུ་རས་ཡན་ལག་ལྔ་དང་ལྡན་པས་སོ། །དེ་ནི་དུར་ཁྲོད་རས་ཀྱིས་བཅིངས། །ཞེས་པ་ནི་སྔར་བསྟན་པའི་རས་ཀྱིས་རིམ་པ་ཉིད་ཀྱིས་བཅིང་ངོ་། །དགྲ་ཡི་མིང་ཡང་བྲི་བར་བྱ། །ཞེས་པ་ནི་རས་ལ་འཁོར་ལོ་བྲི་བར་ནི་ཆེ་གེ་མོ་ཨུ་མཾ་ཏི་ཀུརྦཾ་ཏི་ཞེས་བྲི་བར་བྱའོ། །བཟླས་
བརྗོད་ལན་བརྒྱ་བཟླས་ནས་ནི། །ཞེས་པ་ནི་དང་པོར་གོ་ཆའི་སྔགས་ལན་བརྒྱར་ཡོངས་སུ་བཟླས་ནས་གཉིས་ཀར་གཅིག་ཏུ་བྱས་ཏེ་ཕུར་མར་བྱའོ་ཞེས་པའི་དོན་ཏོ། །དུར་ཁྲོད་སར་ནི་མྱུར་སྦས་ནས། །ཞེས་པ་ནི་སྔར་གྱི་བཞིན་དུ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དུར་ཁྲོད་ཀྱི་ས་གཞིར་སོར་
བརྒྱད་ཐུག་པར་སྦ་བར་བྱའོ། །དགོངས་པ་གསུངས་པ། སྨྱོ་བར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །སླར་གསོ་བ་གསུངས་པ། བཏོན་ནས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་བཞི་པའོ།། །།བཟླས་བརྗོད་བརྒྱ་ཡང་ཞེས་པ་ནི་གོ་ཆའི་སྔགས་
ཀྱིས་སོ། །ལིངྒ་ནི་རང་འབྱུང་ངོ་། །མཉམ་པར་གཞག་པས་ཉི་མ་བདུན། །ཞེས་པ་ནི་ལྷའི་རྣལ་འབྱོར་དང་ལྡན་པས་ཉི་མ་རེ་རེ་འོ་མ་བཏུང་ཞིང་རྟག་ཏུ་ཁྲུས་བྱའོ། །དེ་ནས་ཉིན་ཞག་བཅུ་གཅིག་ན། །ཞེས་པ་ནི་ཉི་མ་བདུན་གྱི་འོག་ཏུ་མཚན་མོ་གསུམ་སྨྱུང་བར་གནས་ནས་ཉི་མ་བཅུ་གཅིག་
པ་ལ་བླང་། །ཞེས་པའི་དོན་ཏོ། །ཆུ་བོ་ཆེན་པོ་ཞེས་པ་ནི་རྒྱ་མཚོ་ལས་འགྲོ་བའོ། །གསང་བའི་རྒྱུད་ལས་འབྱུང་བ་ཡི། །ཞེས་པ་ནི་གསང་བར་འོས་པའི་ཕྱིར་ཏེ་གསང་བའི་རྒྱུད་ནི་མངོན་པར་བརྗོད་པ་འབུམ་པའོ། །དེ་ལས་བྱུང་བ་ནི། དེ་ལས་གསུངས་པའི་རིམ་པ་འདིས། །ཞེས་པ་ལྷག་མའོ། །རྒྱུད་
གཞན་ལས་གསུངས་པའི་དམ་ཚིག་འགྲུབ་སྟེ། རིམ་པ་གཞན་གྱིས་ཞེས་དགོངས་སོ། །སྒྲུབ་ཐབས་གཞན་གསུངས་པ། སྐྱེ་གནས་ཕྱག་རྒྱ་བཅིང་ཞེས་བྱ་བ་ལ་སོགས་པ་ནས། །འཁོར་ལོ་སྒྱུར་དང་བཅས་པ་ཡང་། ངེས་པར་འགུགས་ཞེས་པའི་མཐར་ཏེ། འདིར་ཡང་འབྲེལ་བའི་

རིམ་པས་སྦྱར་བར་བྱའོ། །བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ནི་སྤྲ་ཚིལ་ལ་བསྒྲུབ་བྱའི་གཟུགས་བྱས་ཏེ། ཙནྡན་དམར་པོ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། ཚ་བ་གསུམ་པོ་རྣམས་ཀྱིས་བྱུག་པར་བྱ་བ་ཡིན་པས་མིའི་བདག་པོ་འཁོར་དང་བཅས་
པ་ཞེས་བྱ་བ་ལ་སོགས་པའི་མིང་བརྟེན་པ་ཞེས་བྱ་བ་ནི་མཐར་རོ། །གྲོ་གའི་འདབ་མ་ལ་ཡི་དགས་ཀྱི་སེན་རྩི་དང་གི་ཝང་དག་གིས་སྔར་བསྟན་པའི་ཆོ་གའི་སྔགས་ཀྱི་འཁོར་ལོ་ལ་མིའི་བདག་པོ་འཁོར་དང་བཅས་པའི་བསྒྲུབ་བྱའི་མིང་བརྟེན་ཏེ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །བསྒྲུབ་པར་བྱ་བའི་
ལྟོ་བར་གནས། །ཞེས་པ་ནི་འཁོར་ལོ་དེ་བསྒྲུབ་བྱའི་གཟུགས་བརྙན་གྱི་ལྟོ་བར་གཞུག་པར་བྱའོ་ཞེས་པའི་དོན་ཏོ། །སྒྲུབ་པ་པོ་ནི་གསང་གནས་སུ། །ཟངས་མའི་ཁབ་ཀྱིས་ཕུག་ནས་ནི། །ཞེས་པ་ནི་གསང་བའི་གནས་ནི་དབང་པོའོ། །དེའི་རྗེས་ལ་སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་ནི་
སྔགས་པའི་མཐའ་སྟེ། བསྒྲུབ་བྱའི་གཟུགས་བརྙན་གྱི་མདུན་དུ་ལས་ཀྱི་ལྷག་མ་དང་ལྷན་ཅིག་ཏུ་ཁ་སྦྱོར་དུ་བྱས་ལ་བསྒྲུབ་བྱའི་མིང་བརྟེན་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པའི་དོན་ཏོ། །དེའི་རྗེས་ཐོགས་སུ་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཡིད་ཀྱི་གནས་ཞེས་པའི་མཐར་ཏེ།
རྡོ་རྗེས་གཡོན་པའི་མཐར་རྩ་བའི་སྒྲར་བརྗོད་དོ། །དེ་ཡིད་ཀྱི་ཐུན་གསུམ་དུ་བསྐྱེད་པར་བྱའོ་ཞེས་དགོངས་སོ། །འདི་ནི་རྣལ་འབྱོར་པ་སྒྲུབ་པ་པོས་ཆགས་པ་ཅན་གྱི་ཐམས་ཅད་རྫོགས་པར་འགྱུར་བ་བསྟན་པ་ཡིན་ནོ། །ཁ་སྦྱོར་དུ་གྱུར་པའི་སྒྲུབ་པ་པོས་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་
གང་བྱེད་པར་གྱུར་པ་དེ་བསྟན་ཏོ། །དུ་མེད་ཅེས་པ་ལ་སོགས་པ་ནི་བརྒྱ་རྩ་བརྒྱད་ནས་ཞེས་པ་ནི་འདིའི་མཐར་རོ། །ཉི་མ་བདུན་དུ་ཐུན་རེ་ལ་གཟུགས་བརྙན་དུ་བ་མེད་པའི་སེང་ལྡེང་གི་མེ་ལ་བསྲོ་ཞིང་སྔགས་བརྒྱ་རྩ་བརྒྱད་ཡན་ཆད་བཟླས་པར་བྱའོ། །བསྟན་པའི་དོན་དེ་གསལ་བར་བྱ་བའི་ཕྱིར་གསུངས་
པ། མངོན་པར་ཕྱོགས་ཏེ་བརྒྱ་བཟླས་ནས། །ཞེས་པ་ལ་སོགས་པ་ནས། མ་ཞུ་བ་ཞེས་པའི་བར་དུ་གོ་སླའོ། །དགོངས་པ་གསུངས་པ། ལན་བརྒྱ་ཞེས་བྱ་བ་ལ་སོགས་པ་ནས། མྱུར་དུ་འགུགས་པར་བྱེད་པ་ཡིན། །ཞེས་པའི་མཐར་ཏེ། བཟླས་པ་ཞེས་པ་ནི་ཉི་མ་བདུན་དུ་ཀུན་དུ་རྫོགས་པ་དང་། དེ་

དང་ལྷན་ཅིག་ཏུ་ངེས་པར་བཟླས་པ་བྱ་བ་ཡིན་པར་དགོངས་པའོ། །དེ་ཉིད་ཀྱི་དོན་གསལ་བར་གསུངས་པ། གདུགས་ནི་ཤིང་ཞེས་བྱ་བ་ལ་སོགས་པ་ནས། འགུགས་པར་འགྱུར་བྱ་བའི་མཐའ་གོ་སླའོ། །ངེས་པར་ཅིར་འགྱུར་བར་གསུངས་པ། བྲམ་ཟེ་གསོད་པ་དག་གིས་ཀྱང་། །ཞག་བདུན་བརྒྱ་
བྱིན་མྱུར་བར་འགུགས། །ཞེས་པའོ། །སྦྱོར་བ་གཞན་གྱིས་ཀྱང་མཐའ་དག་འགུགས་པར་བསྟན་པའི་ཕྱིར་གསུངས་པ། རྐང་རྗེས་རྡུལ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལག་པ་གཉིས་ལ་སྔར་བསྟན་པའི་འཁོར་ལོ་གཉིས་བཀོད་དེ། མཉེས་པའི་རྡུལ་གྱིས་སེང་ལྡེང་གི་མེ་མདག་ལ་སྦྱིན་
སྲེག་བྱའོ་ཞེས་བྱ་བའི་དོན་ཏོ། །ཡུན་ཇི་སྲིད་དུ་གསུངས་པ། ཇི་སྲིད་བར་དུ་བསྲེགས་པ་འགྲུབ། །ཅེས་པ་ནི་ཇི་སྲིད་དུ་མ་གྲུབ་ཀྱི་བར་དུ་དེ་སྲིད་དུ་སྦྱིན་སྲེག་བྱའོ། །རྒྱལ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དུད་འགྲོ་ཞེས་བྱ་བ་ལ་སོགས་པ་ནི་དགུག་པའི་རིམ་པ་འདིས་ཕྱུགས་རྣམས་རྣལ་
འབྱོར་མས་ཟོས་པའམ་གལ་ཏེ་ཕོ་ཉ་མས་ཉེ་གནས་བྱེད་དོ་ཞེས་དགོངས་སོ། །ཕོ་ཉ་མའི་བྱ་བ་ཁྱད་པར་དུ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་སླར་གསོ་བའི་རྗེས་ཐོགས་སུའོ། །ལས་ཀྱི་ཕོ་ཉ་མོ་ཞེས་བྱ་བ་ལ་སོགས་པ་ནི་ལས་བྱ་བའི་དོན་གྱི་ཕོ་ཉ་མོ་སྟེ་དེའི་
དོན་ཞེས་བྱ་བའི་དོན་ཏོ། །འཛིན་པར་འགྱུར་ཞེས་པ་ནི་དེའི་མིང་སྨོས་པ་སྔོན་དུ་འགྲོ་བས་ཆེ་གེ་མོ་ཞེས་བྱ་བ་དེ་ཡིས་བྱའོ་ཞེས་ལན་གསུམ་དུ་བརྗོད་དོ་ཞེས་དགོངས་སོ། །སླར་ཡང་འགུགས་པའི་ཕྱིར་གསུངས་པ། ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་སྔགས་མངོན་པར་བྲིས་པར་
འགྱུར་བ་བསྒྲུབ་བྱ་གང་ལ་མིང་དང་བཅས་པའི་སྔགས་བརྗོད་དེ་སྒྲུབ་པ་པོ་གང་གིས་གང་ལའོ། །འབར་འགྱུར་རོ་བསྲེགས་མེ་ལ་དོར། །ཞེས་པ་ནི་དུར་ཁྲོད་ཀྱི་སོལ་བ་གང་དང་གང་ལའོ། །མྱུར་བ་ནི་མྱུར་བའོ། །རིག་པ་ལན་བདུན་བཟླས་ནས་ནི། །ཞེས་པ་ནི་རིག་པ་སྟེ་གོ་ཆའི་
སྔགས་ཀྱིས་ལན་བདུན་བཟླས་པའི་ལྕུག་མ་དེའོ། །གང་ཞིག་བཟླས་ཏེ་བསྐོར་ན་ནི། །ཞེས་པ་ནི་ཆེ་གེ་མོའི་བུ་མོ་ཟེར་བའོ། །སྐྱེས་པ་བཟུང་ནས་མྱུར་དུ་འོང་ཞིང་སྨྲ་བར་བསྒྲུབ་བྱ་གང་ཞིག་བསམས་ཏེ་བསྐོར་བར་བྱའོ་ཞེས་དགོངས་སོ། །དེའི་སྐད་ཅིག་ལ་ཞེས་བྱ་བ་ལ་སོགས་པ་ནི་

གོ་སླའོ། །སླར་ཡང་ངག་གི་དངོས་གྲུབ་གསུངས་པ། ཀ་ར་བཱི་རའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དགོངས་པ་གསུངས་པ། སྒྲུབ་པ་པོ་དེའི་ཚིག་གི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཚིག་གི་དངོས་གྲུབ་ཅེས་པ་ནི་ཚིག་གི་དངོས་གྲུབ་པོ་ཞེས་པའི་དོན་ཏོ། །
གཞན་ནི་གོ་སླའོ། །དགུག་པ་ཡི་ནི་སྦྱོར་བ་དག །ཅེས་བྱ་བ་ལ་སོགས་པ་ནི་བཤད་པར་བྱའོ་ཞེས་པ་ལྷག་མའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ལ་སོགས་པ་ནི་སྤྱིར་མངོན་པར་བརྗོད་པའི་ཀ་ར་བཱི་ར་ཞེས་ཁྱད་པར་དུ་བསྟན་པ་ཡིན་ནོ། །བླངས་ནས་ཞེས་པ་ནི་ཁྲོས་པའི་ཚེ་ཡང་དག་པར་
བླང་ངོ་ཞེས་བྱ་བའི་དོན་ཏོ། །གཞན་གོ་སླའོ། །རིག་པ་ལན་བརྒྱ་བཟླས་པ་དག། ཅེས་པ་ནི་གོ་ཆའི་སྔགས་ཀྱིས་མངོན་པར་བསྔགས་པའོ། །ཁ་སྦྱར་ཞེས་པ་ནི་མེ་ཏོག་དེ་སྐྱེ་གནས་ཀྱི་དབུས་སུ་བཅུག་ལ་ཕྱི་རོལ་གྱི་ཡན་ལག་ཅན་དང་ལྷན་ཅིག་ཏུ་གྱུར་པ་ཞེས་དགོངས་སོ། །མེ་
ཏོག་དེ་རྣམས་ལས་ཞེས་པ་ནི་ལྔ་པའི་དོན་གྱི་གསུམ་པའོ། །མངོན་གྱུར་སེམས་ནི་ལྡོག་པ་རུ། །ཞེས་པ་ནི་སྦྱོར་བ་འདིའི་མཐུ་སྟོབས་དངོས་སོ། །སེམས་ནི་སེམས་སོ། །ལྡོག་པ་ནི་བྱེད་པའོ། །དེ་དེ་ལྟར་ན་གསུངས་པ། འདི་ནི་མངོན་པར་གྲུབ་པ་སྟེ། ཞེས་པ་ནི་ཡིད་
ཆེས་པར་མཐོང་བའི་སྦྱོར་བ་ཞེས་པའི་དོན་ཏོ། །དོན་ཡོད་ཅེས་པ་ནི་འབྲས་བུ་དོན་དང་བཅས་པའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་ལྔ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧ་ལྔ་ཞེས་པ་ནི་ཧའི་ཡི་གེ་ལྔ་སྟེ་བསྟན་པར་བྱའོ་ཞེས་ལྷག་མའོ། །གང་ཞིག་
ཅེས་བྱ་བ་ལ་སོགས་པ་ནི། གང་གིས་ཡི་གེ་ཧ་ལྔ་ཡིས། །ཞེས་པ་ནི་ཆོ་ག་ནན་ཏན་དུ་བྱས་པས་ལག་པའི་ཡི་གེ་ཧ་ལྔ་མཉེས་པར་བྱའོ། །བསྐུལ་ཚིག་དང་ལྡན་པའི་ཞེས་པ་ནི་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་དུག་དང་ཁྲག་དང་སྐེ་ཚེ་རྣམས་ཀྱིས་ལག་པ་གཉིས་ཀྱི་མཐིལ་དུ་བྱུགས་ཏེ། དེའི་སྟེང་
དུ་བ་བླ་དང་། རྡོ་རྒྱུས་དང་། ཡུང་བ་དང་གི་ཝང་རྣམས་ཀྱིས་ཁྭའི་སྒྲོའི་མྱུ་གུས་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཡི་གེ་ཧ་ལྔ་ཡང་དག་པར་བྲིས་ཏེ། བསམ་གཏན་གྱིས་ཀྱང་དེ་བཞིན་དུ་བལྟས་ལ་སེང་ལྡེང་གི་མེ་མདག་གམ་དུར་ཁྲོད་ཀྱི་མེ་ལ་བསྒྲུབ་བྱའི་མིང་བརྗོད་པ་སྔོན་དུ་འགྲོ་བས་ལག་

པ་གཉིས་མཉེས་ནས་སྦྱིན་སྲེག་བྱ་བ་ཡིན་པར་དགོངས་སོ། །འདིའི་དོན་དཀའ་འགྲེལ་ལས་ཀྱང་མདོར་བསྡུས་ཏེ་བསྟན་པ་ཡིན་པར་རྟོགས་པར་བྱའོ། །རང་གི་ཁྲག་ཅེས་བྱ་བ་ལ་སོགས་པ་ནི་རིམ་པ་འདིས་ཐོད་པ་ལ་སོགས་པར་ཡི་གེ་ཧ་ལྔ་བྲིས་ལ་བསམ་གཏན་གྱིས་ཀྱང་དེ་བཞིན་དུ་
བལྟས་ལ་རང་གི་ཁྲག་བུད་མེད་ཀྱི་ཁྲག་དང་ལྷན་ཅིག་ཏུ་བསྲེས་ཏེ་ཐོད་པར་བཞག་ལ་བསྒྲུབ་བྱའི་མིང་བརྗོད་པ་སྔོན་དུ་འགྲོ་བས་མཉེས་པར་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཅི་སྟེ་གཉིས་པོ་མེད་པའི་ཚེ་ཁྲོ་བ་དང་བཅས་པས་ཡི་གེ་ཧ་ལྔ་བསྒྲུབ་བྱའི་མིང་དང་བཅས་པས་བཟླས་ན་དེའི་
ཚེ་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །རིམ་པ་བཞིན་གྱིས་བསད་པ་བསྟན་པ་ནི་ཁ་ཅིག་གོ། །རྣལ་འབྱོར་མའི་སྒྲུབ་ཐབས་གསུངས་པ། བྱི་ལ་དང་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བ་ལ་གནས་པའི་ཡི་གེ་ཧ་ལྔའི་ས་བོན་ལས་རྫོགས་པའི་བྱི་ལའི་ཤ་ལ་སོགས་པ་རྣམས་ཀྱིས་མཁའ་འགྲོ་མ་
རྣམས་ལ་སྦྱིན་སྲེག་དང་གཏོར་མ་དབུལ་ཞེས་པའི་དོན་ཏོ། །ལག་པར་བཟླས་བརྗོད་བྱས་ཏེ་ཞེས་པ་ནི་རང་གི་ལག་པའི་ཡི་གེ་ལན་སྟོང་གི་བར་དུ་བཟླས་པའོ། །གང་ལ་སྡིགས་མཛུབ་ཅེས་པ་ལ་སོགས་པ་ནི་ཁྲོས་པས་སྔགས་བཟླས་པའི་སྡིགས་མཛུབ་བྱའོ། །སླར་ཡང་འཚོ་བར་ཞེས་པ་ནི་ཞི་བས་
སྔགས་བཟླས་ཏེ། སྡིགས་མཛུབ་དང་བྲལ་བས་ཞེས་པའི་དོན་ཏོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་དྲུག་པའོ།། །།དེ་ནས་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །རིམ་པར་ཕྱེ་བ་ལས་ཕྱིན་ཅི་ལོག་ཏུ་བསྡུས་པའི་མཁའ་འགྲོ་མའི་སྙིང་པོའི་སྔགས་ཀྱི་རབ་འབྱམ་གསུངས་པ། གཞན་ཡང་ཞེས་
བྱ་བ་ནི་ལས་གཞན་ནོ། །སྔགས་གང་གིས་ཤེ་ན་གསུངས་པ། མཁའ་འགྲོ་ཀུན་གྱི་སྙིང་པོ་ནི་སྔགས་གང་གིས་རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོ་ཡིན་པར་དགོངས་སོ། །འདིས་ཅིར་འགྱུར་ཞེ་ན། གསུངས་པ། འདིར་ཞེས་བྱ་བ་ལ་སོགས་པ་འདིས་ནི་འཆད་
པར་འགྱུར་བའི་མཁའ་འགྲོ་མའི་སྙིང་པོས་སོ། །འཇིམ་པ་ལ་ཞེས་པ་ནི་རྫ་མཁན་གྱི་ལག་པ་ལ་འབྱར་བའི་འཇིམ་པ་ལ་སྔགས་འདི་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་ཡིན་ནོ། །སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་གམ་ཡི་གེའི་གྲངས་ཀྱི་འབུམ་ཕྲག་གཅིག་གིས་བྱའོ་ཞེས་དགོངས་སོ། །

རེངས་པ་དང་དགུག་པ་ལའོ། །ཀཱ་ཀཾ་དི་ཀའི་འབྲས་བུ་ནི་ནག་པོ་ཆེན་པོའི་འབྲས་བུའོ། །རབ་ཏུ་ལྟོགས་པའི་སེན་མོ་ནི་དཀའ་འགྲེལ་ལས་ཤི་བ་ཡིན་ནོ་ཞེས་པའོ། །གཞན་ལས་ཁྭ་ཏའི་ཏའོ། །རི་ལུ་བཅུ་གཅིག་པ་ནི་ཆ་མཉམ་པའོ། །ལག་པ་བཅིངས་ཏེ་ཞེས་པ་ནི་དེའི་ལག་པས་
བླངས་ཏེ་ཁུ་ཚུར་བཅང་ངོ་། །ཉི་མ་རེ་རེ་ཞིང་ཐུན་རེ་རེ་ཞིང་ལ་ཉི་མ་བཅུ་གཉིས་ཀྱི་བར་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །བཅུ་གཉིས་ཞེས་པ་ནི་ཉི་མ་བཅུ་གཉིས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱས་ནས་འདག་པ་དེ་རྣམས་ཕྱིས་ཏེ་རང་གི་འདོད་པས་ཞེས་དགོངས་པའོ། །སླར་འཚོ་བ་ནི་སྐྲ་བྲེགས་
པས་སོ་ཞེས་པ་ནི་མན་ངག་གོ། །ཨ་རུ་རའི་ཞེས་བྱ་བ་ནི་ཨ་རུ་ར་བརྒྱད་བརྒྱས་ཞེས་པའི་དོན་ཏོ། །བྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་འུག་པའི་ཚང་གི་ཤིང་བུས་ཉི་མ་བདུན་གྱི་བར་དུ་ཉི་མ་རེ་རེ་ཞིང་ཐུན་རེ་རེར་སྔགས་བཟླས་པ་སྟོང་ཕྲག་བརྒྱད་ཀྱི་གྲངས་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱ་བ་ཡིན་
ནོ། །ཕུབ་མ་ཞེས་པ་ནི་སྟོང་ཕྲག་བརྒྱད་ཀྱི་གྲངས་ཀྱིས་སོ། །གང་གི་མིང་ནས་སྨོས་ནས་ཞེས་པ་ནི་བསྒྲུབ་བྱའི་མིང་བརྟེན་པའི་སྔགས་སྟོང་ཕྲག་བརྒྱད་ཀྱིས་སོ། །སླར་བཟླས་ཏེ་ཞེས་པ་ནི་སྟོང་ཕྲག་བརྒྱད་ཀྱིས་སོ། །སླར་སྲད་བུ་བྱས་ལ་མངོན་པར་བཟླས་ཏེ་ཞེས་པ་ནི་སྲད་བུ་
ལག་ཏུ་བླངས་ཏེ། བསྒྲུབ་བྱའི་མིང་དང་བཅས་པ་ནི་སྔགས་ཀྱིས་ལན་བརྒྱད་བརྒྱར་མངོན་པར་བསྔགས་ཏེ་ཞེས་དགོངས་སོ། །གཞན་དུ་ཡང་བྱ་བ་ཉིད་དོ། །འབྲུ་ལ་མངོན་པར་བསྔགས་ལ་ཞེས་པ་ནི་ཉི་མ་བདུན་གྱི་བར་དུ་ཐུན་རེ་རེ་ལ་སྔགས་བརྒྱད་སྟོང་གིས་མངོན་པར་བསྔགས་ཏེ། མཚན་
མོ་བདུན་གྱིས་ཞེས་པ་ནི་མཚན་མོ་བདུན་པའི་ཆ་ལ་དེ་ལྟར་སྦྱོར་བ་འདི་ཐམས་ཅད་སྒྲུབ་པ་པོས་བྱ་སྟེ། སྔོན་གྱི་བསྙེན་པའི་སྔགས་ཀྱིས་འགྲུབ་པར་བྱའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་ཞེས་བྱ་བ་ནི་སྔགས་གཞན་
ནོ། །དེ་གང་ཞེ་ན་གསུངས་པ། མཁའ་འགྲོ་ཀུན་གྱི་དགེ་བ་ཡི། སྙིང་པོ་ཞེས་པ་སྟེ། མཁའ་འགྲོ་ཀུན་གྱི་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་གཟུང་ངོ་། །སྙིང་པོ་ནི་སྙིང་པོའི་སྔགས་སོ། །དགེ་བའི་ཞེས་པ་ནི་དགེ་བའི་ཕྱིར་འཇུག་པ་རྣམས་ལས་དགེ་བ་ལ་འཇུག་པའོ། །རྣལ་འབྱོར་མ་ཀུན་གྱིས།

འདོད་པ་ཐམས་ཅད་སྒྲུབ་བྱེད་པ་ནི་རྣལ་འབྱོར་མ་ཀུན་རྣམས་ཀྱིས་སྒྲུབ་པ་པོ་རྣམས་ཀྱི་ཕུན་སུམ་ཚོགས་པ་སྒྲུབ་པའི་ཕྱིར་ནུས་སོ། །དྲན་པ་ཙམ་གྱིས་ཞེས་པ་ནི། སྔར་གྱི་བསྙེན་པའི་རྗེས་ཐོགས་སུ་བཟླས་པ་ཙམ་གྱིས་སྦྱིན་སྲེག་ལ་སོགས་པ་ལ། ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་
སྔོན་གྱི་བསྙེན་པ་དང་པོ་དྲན་པའོ། །དེའི་རྗེས་སུ་དྲན་པ་དང་རྗེས་སུ་དྲན་པར་སྒྲུབ་པའོ། །དེ་ཙམ་གྱིས་སྔར་གྱི་བཞིན་དུ་སྦྱིན་སྲེག་ལ་སོགས་པ་མི་ལྟོས་པར་རོ། །ཡང་དག་དངོས་གྲུབ་རིམ་གྱིས་སོ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་བསྙེན་པ་ལ་འཇུག་པའི་རིམ་པས་གནས་དང་ཉེ་བའི་
གནས་ལ་སོགས་པ་རྣམས་སུ་ཕྱིན་ན་དེས་བྱིན་གྱིས་བརླབས་ཤིང་བདེ་མཆོག་གི་བདག་ཉིད་ཀྱིས་ཡང་དག་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིན་ཅི་ལོག་ཏུ་གསུངས་པ་ཡིན་ནོ། །བཀླགས་པས་འགྲུབ་སྟེ་ཞེས་པ་ནི་བསོད་ནམས་བསགས་
པ་གང་ལ་ལ་ཞིག་གིས་སྔར་གྱི་བསྙེན་པ་ལ་སོགས་པ་ལ་མི་ལྟོས་པས་ལས་ཐམས་ཅད་བྱེད་དོ། །གཞན་གྱི་སྔོན་གྱི་བསྙེན་པ་ལ་སོགས་པ་ལ་ལྟོས་པ་དང་བཅས་པ་ཁོ་ནའོ་ཞེས་པའི་དོན་ཏོ། །དེ་འདིར་གང་ཞེ་ན། གསུངས་པ། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་ནི་
མདོར་བསྟན་པའོ། །རྣལ་འབྱོར་མ་ཞེས་པ་ནི་རྒྱས་པར་བཤད་པའོ། །དེ་གང་ཞེ་ན་གསུངས་པ། ཁཎྜ་རོ་ཧ་ལཱ་མ་ལ་སོགས་ཏེ་སོགས་པ་སྨོས་པས་དེ་རྣམས་ཐམས་ཅད་གཞལ་ཡས་ཁང་ན་བཞུགས་པ་རྣམས་གཟུང་ངོ་། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཞན་དང་ལྷན་ཅིག་པའི་
ཡང་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་སྙིང་པོ་ཞེས་དགོངས་སོ། །ཆེ་བའི་བདག་ཉིད་གསུངས་པ། ས་འོག་ཅེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་གོ་སླའོ། །དེའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ་མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མའོ། །ལཱ་མ་ཞེས་པ་ནི་ལཱ་མའོ། །ཁཎྜ་རོ་ཧ་ཞེས་པ་ནི་
ཁཎྜ་རོ་ཧ་སྟེ། རྣལ་འབྱོར་མ་ཞེས་པ་གསུམ་པོ་འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། རྣལ་འབྱོར་མའི་འཁོར་ལོའི་ཚོགས་སུ་གནས་པ་གཞན་ཡང་ཡིད་ཀྱིས་བསྒོམ་པར་བྱ་བས་སོ། །དཔའ་བོ་རྣམས་ཀྱི་ཞེས་པ་ནི་དཔའ་མོ་དང་ལྡན་པའི་དཔའ་བོ་ཉིད་ཅེས་པ་ནི་བཅོམ་ལྡན་འདས་ཤེས་རབ་དང་

བཅས་པའོ། །ཧ་ཧ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བཞད་པར་བསྟན་པ་ཡིན་ནོ། །དཔའ་བོ་རྣམས་ལས་དཔའ་བོ་ཉིད། །ཅེས་བྱ་བའི་ཚིག་དང་ལྡན་པའི་རྒྱས་པར་བཤད་པ་གསུངས་པ། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཉི་ཤུ་རྩ་བཞི་ནི། །ཞེས་པ་ནི་གཉིས་
པའི་དོན་གྱི་དྲུག་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་མངོན་པར་བརྗོད་པའི་རིམ་པ་ལས་སྐུའི་འཁོར་ལོ་ནས་བརྩམས་ཏེ་བསྟན་པ་ཡིན་ནོ། །རིམ་པ་བཞིན་དུ་ནི་སྒྲུབ་ཐབས་ཀྱི་ཆོ་གར་གསལ་བ་ཉིད་དོ། །ཐོད་པའི་དུམ་བུ་ལ་སོགས་པ། །
ཞེས་པ་ནི་སོགས་པ་སྨོས་པས་འདིར་རྣམ་པར་གནས་པར་སྟོན་པར་བྱེད་དོ། །འོའི་སྒྲའི་ཞེས་པ་ནི་འོའི་སྒྲའི་དོན་ནི་ཡོངས་སུ་རྫོགས་པ་སྟེ། བསྒོམ་པར་བྱ་བ་ཡིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཁཎྜ་ཀ་པཱ་ལ་ལ་ཐུག་པར་རྣམ་པར་གཞག་པ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་ལ་
བཀོད་པའི་དཔའ་བོ་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཞེས་པ་ནི་གསུམ་པའི་དོན་གྱིས་དྲུག་པའོ། །ཅི་དཔའ་བོ་འདི་རྣམས་ཁོ་ན་དགོད་དམ། །གཞན་དང་ལྷན་ཅིག་ཏུ་ཞེ་ན། གསུངས་པ། དཔའ་བོ་རྣམས་
ཀྱིས་མཁའ་འགྲོ་ཉིད། །ཅེས་པའོ། །རྣལ་འབྱོར་མ་ནི་ཞེས་པ་ནི་རྣལ་འབྱོར་མ་སྟེ་བསྒོམ་པར་བྱ་ཞེས་པ་ལྷག་མའོ། །དེ་ཡང་གང་ཞེ་ན་གསུངས་པ། རབ་གཏུམ་མོ་སོགས། དེ་བཞིན་གཞན་ཡང་ནི་ཞེས་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་གཞན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་
པའི་དོན་ཏོ། །སྔར་བཤད་ཆོ་ག་ཡིས་མཆོད་པ། །ཞེས་པ་ནི་རིམ་པར་ཕྱེ་བ་དང་པོ་དང་གསུམ་པ་ལས་གསུངས་པ་ནི་རིམ་པས་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །རྣལ་འབྱོར་མའི་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། །དངོས་གྲུབ་ཀུན་གྱི་གནས་དེ་བཞིན། །ཞེས་པ་ནི་མཆོད་པ་ལ་འཇུག་
པའོ། །དེ་བཞིན་ནི་གཞལ་ཡས་ཁང་གི་རྣལ་འབྱོར་མ་རྣམས་ཀྱི་མཆོད་པ་ཞེས་པའི་དོན་ཏོ། །འདི་ནི་ལེགས་པར་གསུངས་ཞེས་པ་ནི་འདི་ནི་མཆོད་ཅིང་བསྒོམ་པའི་མཚན་ཉིད་དོ། །ལེགས་པར་གསུངས་པ་ནི་ཡང་དག་བསྟན་པ་སངས་རྒྱས་བྱེ་བས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་

སོགས་པའི་སངས་རྒྱས་བྱེ་བ་རྣམས་ཀྱིས་སོ། །དཔའ་བོ་བྱེ་བ་ཞེས་བྱ་བ་ནི་དཔལ་བདེ་མཆོག་ལ་སོགས་པའི་བྱེ་བ་རྣམས་ཀྱིས་ཀྱང་ངོ་། །སླར་ཡང་དཔའ་བོ་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། རེ་རེའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་དཔའ་བོ་རེ་རེ་ལ་རྣལ་འབྱོར་མ་བསྟན་པ་
སོ་སོར་རེ་རེ་ཉིད་དོ། །དོན་དམ་པར་ན་བྱེ་བའི་གྲངས་ཡོངས་སུ་བཅད་པའི་རྣལ་འབྱོར་མ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣལ་འབྱོར་མའི་ཆེ་བའི་བདག་ཉིད་གསུངས་པ་རྣལ་འབྱོར་མ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་བརྒྱད་པའོ།། །།དེ་ནས་གཞན་
ཡང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཆོ་གས་ཕྱུགས་ཀྱི་ལས། །ཞེས་པ་ནི་ཆོ་ག་བཞིན་དུ་བོང་བུའི་རྣལ་འབྱོར་སྔོན་དུ་འགྲོ་བས་བལྟས་ཏེ། བདུད་རྩི་མྱང་བའི་ཆོ་གས་བཟའ་བ་དང་། བཅའ་བ་དང་བཅས་པ་བསྒྲུབ་པ་ལ་སོགས་པ་ཡིན་པར་དགོངས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་
པ་ནི་ཤེས་ཙམ་གྱིས་ནི་ཞེས་པ་སྟེ། ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་སོ། །དངོས་གྲུབ་ནི་འོག་ནས་འཆད་པར་འགྱུར་བའི་མཚན་ཉིད་དོ། །སཱ་ལུ་ལ་སོགས་པའི་ཆོ་ག་གསུངས་པ། སཱ་ལུའི་ཕྱེ་ལས་བོང་བུའི་རྣམ་པར་གཟུགས་བརྙན་བྱས་ཏེ། ཕྱུགས་སྣ་
ཚོགས་པ་རྣམས་སུ་བལྟ་བ་ལ་སོགས་པ་བྱའོ་ཞེས་དགོངས་སོ། །དེ་ཉིད་དཀའ་འགྲེལ་ལས་གསུངས་པ། དེ་ཧེ་རུ་ཀ་བྱ་བར་གསལ་བོར་བཤད་པ་ཡིན་ནོ། །ཕྱུགས་སུ་ཞེ་ན་གསུངས་པ། བོང་བུ་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་པ་སྨོས་པས་ཁྭ་དང་འུག་པ་དང་། བྱ་རྒོད་ལ་སོགས་
པ་གཟུང་སྟེ། དང་པོའི་དོན་གྱི་གསུམ་པའོ། །སྣ་ཚོགས་ཞེས་པ་ནི་སྣ་ཚོགས་པའི་ཕྱུགས་གཞན་ནོ། །རིམ་པར་ཕྱེ་བ་བཅུ་གཅིག་པ་ལས་གསུངས་པའི་སྐྱེ་བ་བདུན་པའི་ལས་རྫོགས་པར་བྱ་བའི་ཕྱིར་གསུངས་པ། འདི་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ནི་བསྟན་མ་ཐག་པ་རྣམས་
ལས་གཞན་མཆོག་ཏུ་གྱུར་པའི་སྐྱེ་བ་བདུན་པའོ། །སྐྱེ་བ་བདུན་པའི་ཕྱུགས་ཀྱི་ལས། །ཞེས་དགོངས་སོ། །མཚན་ཉིད་ཇི་ལྟ་བར་གྱུར་པ་དང་ཞེས་པ་ནི་སྐྱེ་བ་བདུན་པའི་མཚན་ཉིད་ཀྱང་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །གཅིག་ཅེས་བྱ་བ་ལ་སོགས་པས་སྐྱེ་བ་བདུན་པ་སྲིད་པར་སྟོན་

པ་ཡིན་ནོ། །ཕྱུགས་གང་ཞེ་ན་གསུངས་པ། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །བསྣམས་པའམ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་བདུན་པ་ཇི་སྐད་དུ་བསྟན་པའི་མཚན་ཉིད་དང་ལྡན་པ་དེའི་སྣའི་རྣམ་པར་ཤེས་པས་ཡོངས་སུ་གཅོད་དོ། །ལུས་ཀྱི་རྣམ་པར་ཤེས་
པས་ཀྱང་རེག་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཉེ་བར་མཚོན་པ་སྟེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པས་ཀྱང་ཡོངས་སུ་གཅོད་པར་བྱེད་དོ་ཞེས་སོ་སོར་སྦྱར་བར་བྱའོ། །གང་གི་ཐིག་ལེ་བྱེད་པ་དེ། ཞེས་པ་ནི་འཆད་པར་འགྱུར་བའི་རིམ་པས་སྙིང་གའི་གི་ཝང་གི་ཐིག་ལེ་བྱའོ་ཞེས་དགོངས་སོ། །ཐིག་
ལེ་ཞེས་བྱ་བ་ནི་སེམས་ཅན་གྱི་མིང་གི་སྙིང་པོའི་སྔགས་ཀྱིས་བསྟན་ཏེ་མངོན་པར་བསྔགས་པའི་གི་ཝང་གི་ཐིག་ལེ་བྱས་པའི་དོན་ཏོ། །སླར་གསོ་བས་གསོ་ཞེས་པ་མན་ངག་གོ། །ཤིང་ཞེས་བྱ་བ་ལ་སོགས་པ་ནི་ཤིང་གང་གི་ཞེས་བྱ་བའི་དོན་ཏོ། །ཐིག་ལེ་ཞེས་པ་ནི་སྙིང་པོའི་སྔགས་ཀྱིས་ཞེས་པ་ལྷག་
མའོ། །ཕྱུགས་ཉིད་ཅེས་པ་ནི། བསྟན་པའི་ཕྱུགས་རྣམས་ཀྱི་ནང་ན་ཕྱུགས་འགའ་ཞིག་གཅིག་གི་ཞེས་བྱ་བའི་དོན་ཏོ། །དེའི་ཡན་ལག་ལྔར་བསྟན་ཅིང་ཞེས་པ་ནི། སྤུ་དང་སྡེར་མོ་དང་སོ་དང་པགས་པ་དང་ཤ་རྣམས་ཀྱིས་ལྷན་ཅིག་ཏུ་ཞེས་བྱ་བའི་དོན་ཏོ། །བཀྲོལ་བས་ཐར་བར་བྱ་བ་ཡིན་ནོ་ཞེས་པ་ནི་མན་
ངག་གོ། །ཡང་འདི་རྣམས་ཀྱི་དངོས་གྲུབ་ཅི་ཡིན་ཞེ་ན་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། ཤིན་ཏུ་ཕུལ་དུ་བྱུང་བར་གོམས་པའི་རྣལ་འབྱོར་དང་སྔགས་ཀྱི་བཟླས་པའི་ནང་དུ་གང་ལ་ལ་ཞིག་གི་མིང་དེ་ཉིད་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་དགོངས་སོ། །ཉོན་མོངས་
ཞེས་བྱ་བ་ལ་སོགས་པ་ལ། སྡིག་ལ་དགའ་ཞེས་པ་ནི་སྡིག་ལ་དགའ་བ་རྣམས་ཀྱི་བཟའ་བ་ཙམ་སེམས་ཀྱིས་སྦྱིན་པར་དགའ་ཞིང་མི་ནུས་སོ། །དེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་སྡིག་པའི་མཐུ་སྟོབས་ཀྱིས་དེ་རྣམས་ཀྱི་དངོས་གྲུབ་ཀྱི་ལམ་འགོག་པར་བྱེད་པ་ཡིན་ཏེ། སྐྱེ་བ་
བདུན་པའི་ལས་བརྗོད་པ་ཡིན་ནོ། །ད་ནི་ཕྱུགས་གཞན་རྣམས་ཀྱི་ལས་གསུངས་པ། གླང་པོ་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་ཟློས་པ་རྣམས་ཀྱིས་གཟུགས་ངན་པ་ལ་ཡང་གཟུགས་བཟང་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །རང་དགའ་ཞེས་བྱ་བ་ལ་

སོགས་པ་ནི་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་དགུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་སྲེག་གསུངས་ཏེ། ཡང་དག་ཆོ་ག་གང་གིས་ནི། །ཞེས་པ་ནི་གང་གིས་རིམ་པར་ཕྱེ་བ་སུམ་ཅུ་རྩ་བཞི་པ་ལས་གསུངས་པའི་རིམ་པས་ཞེས་པའི་དོན་ཏོ། །དངོས་གྲུབ་
ཅེས་པ་ནི་དབང་ལ་སོགས་པའོ། །ཁ་ཆུ་ཞེས་པ་ནི་མཆིལ་མའོ། །མིང་སྨོས་ཞེས་པ་ནི་བསྒྲུབ་བྱ་གང་གི་མིང་ནས་སྨོས་པའོ། །རང་འདོད་ནི་འདོད་ཅིང་འདུན་པའོ། །རྣལ་འབྱོར་དབང་ཕྱུག་ཅེས་པ་ནི་དཔལ་བདེ་མཆོག་གི་སྐུའོ། །ཀུཥྨཎྜཾ་ཞེས་བྱ་བ་ལ་སོགས་པ་ནི་ཁ་བཅིང་བ་གསུངས་པ་དཀའ་
འགྲེལ་ལས་གསལ་ལོ། །ཁྱིམ་གྱི་ཏ་མ་ལའི་འདབ་མ། །ཞེས་པ་ནི་གནས་པའི་འདབ་མ་རྣམས་ཀྱི་སྦྱིན་སྲེག་ཀྱང་དེའི་དོན་དུ་བྱའོ་ཞེས་པའི་དོན་ཏོ། །བསྟན་པའི་རྣམ་པས་རྣལ་འབྱོར་པའི་དོན་དབང་དུ་བྱ་བའི་ལས་གསུངས་པ། རང་འདོད་ཅེས་བྱ་བ་ལ་སོགས་པ་ནི་གལ་ཏེ་
འདོད་པར་གྱུར་པ་དེའི་ཚེ་བྱའོ་ཞེས་དགོངས་སོ། །དེ་དེ་ལྟར་ན་གསུངས་པ། གང་དང་དེ་རུ་རྣམ་པར་གནས། །ཞེས་པ་ལ་གང་དང་དེ་རུ་ཞེས་པ་ནི་བྱ་བ་ཡང་མི་བྱེད་དོ། །དེ་ནས་གཞན་ཡང་བཤད་བྱ་བ། རྣལ་འབྱོར་མ་ཡི་ས་གནས་སོགས། །ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་
པའི་ས་བཅུ་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་ཀྱི་བརྡས་སོ་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ཞེས་པ་ནི་རྣལ་འབྱོར་མ་གཞན་རྣམས་ཀྱིའོ། །གནས་ལ་སོགས་པ་དེས་ཅིར་འགྱུར་ཞེ་ན། གསུངས་པ། ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་ཡན་ལག་ཅེས་པ་ནི་ཡན་
ལག་དང་ཉིང་ལག་གི་རང་བཞིན་ནོ། །སྐུ་ཀུན་བརྟན་གཡོའི་བདག་ཉིད་ཅན། །ཞེས་པ་ནི་འདི་རྣམས་ཐམས་ཅད་དཔའ་བོ་རྣམས་ཀྱི་ཡན་ལག་གོ། །བརྟེན་པ་ནི་ས་འཛིན་ལ་སོགས་པའོ། །གཡོ་བ་ནི་སྲོག་ཆགས་ཏེ། དེ་དག་ཉིད་གང་ལ་གནས་པ་ཞེས་པ་བསྡུའོ། །རྣམ་པ་གང་གིས་
བརྡ་དེ་ལ་དེ་སྐད་བྱ་ཞེ་ན། གནས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཤྲཱི་ཧེ་རུ་ཀ་དང་ལྷན་ཅིག་སྤྱད། །འདི་ནི་ནང་གི་བདག་ཉིད་ཅན། ཞེས་པ་ནི་འདི་ནི་ནང་གི་བདག་ཉིད་ཀྱི་ས་ལ་གནས་པ་ལ་སོགས་པའོ། །ཕྱི་རོལ་གྱི་ནི་སྤྲུལ་པའི་སྐུ། །ཞེས་པ་ནི་ཧེ་རུ་ཀ་སྤྲུལ་པའི་སྐུ་དང་ལྷན་

ཅིག་ཏུ་སྤྱོད་ཅིང་ས་ལ་རྒྱུའོ། །ཕ་རོལ་ཕྱིན་བཅུའི་ས་རྣམས་ནི། །ཞེས་པ་ནི། ཕ་རོལ་ཕྱིན་བཅུའི་རང་བཞིན་ས་བཅུ་པོ་རྣམས་སོ། །ཀླ་ཀློའི་སྐད་ཀྱིས་རྣལ་འབྱོར་མ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་བརྡ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དཔལ་ཧེ་རུ་ཀའི་ཡན་ལག་
དང་ཉིང་ལག་གི་རང་བཞིན་དེ་གནས་ལ་སོགས་པ་ཡིན་ཞེ་ན་གསུངས་པ། མཐོ་རིས་ས་སྟེངས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གསུམ་པོ་ལས་གྲགས་པ་གང་ཞིག་གི་རྣམ་པ་ལ་སོགས་པ་ཇི་ལྟར་བསྟན་པ་བཤད་པར་བྱ་བ་པུལླཱིར་མ་ལ་ཡ་ལ་སོགས་པའི་སྒྲ་བརྗོད་པ་གང་ཞིག་གོ། །ནང་
གི་བདག་ཉིད་ཅན་དུ་གནས། །ཞེས་པ་ནི་དཔལ་ཧེ་རུ་ཀའི་ཡན་ལག་དང་ཉིང་ལག་ལ་ཡང་དག་པར་གནས་པས་ཁོང་དུ་ཆུད་པར་བྱའོ། །འདི་ཡང་སྒྲུབ་ཐབས་ཀྱི་ཆོ་ག་ལས་གསལ་བ་ཡིན་པས་འདིར་བལྟའོ། །འདི་ཉིད་གསུངས་པ། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་
གཙོ། །བསྒྲུབ་པར་བྱ་ཞེས་པ་གཞན་དང་འབྲེལ་ཏོ། །ཀུན་དུ་ཕྱག་དང་ཞབས་ལྡན་ཞིང་། །ཞེས་བྱ་བ་ལ་སོགས་པ་ནི་ལུས་ལ་གནས་པ་ཁ་ལ་སོགས་པ་གསལ་བར་བྱ་བའི་ནང་གི་བདག་ཉིད་ལ་གནས་པར་བསྟན་པ་ཡིན་ནོ། །ཇི་ལྟར་གསལ་བ་སྒྲུབ་ཐབས་ལས་ཤེས་པར་བྱའོ། །ཀུན་དུ་ཐོད་ལྡན་
འཇིག་རྟེན་ནི། །ཞེས་པ་ནི་ཉན་ཅིང་ཐོས་པར་བྱེད་པའི་དངོས་གྲུབ་ཐོབ་པའི་ཐོས་པ་གང་ལ་ཡོད་པ་དེ་ནི་ཐོས་པ་སྟེ་རྣམ་པ་གཉིས་སོ། །ཐམས་ཅད་གཡོགས་ཏེ་རྣམ་པར་ཞུགས། །ཞེས་པ་ནི་ཕུང་པོ་ལ་སོགས་པ་ཡུལ་དུ་བྱ་བ་ཅན་གྱི་གནས་ལ་སོགས་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་དེ་ལྟར་ན་དེའི་ཕྱིར་དངོས་གྲུབ་རྫོགས་པའི་བཅོམ་ལྡན་འདས་དགོས་པ་བསྒྲུབ་པར་བྱའོ། །བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ། །ཞེས་པ་ནི་བསྒོམ་པ་དང་ལྡན་པའི་ཡིད་ཀྱིས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ནི་རིམ་པར་ཕྱེ་བ་ལྔ་བཅུ་པའོ།། །།
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་ཅེས་པ་ནི་བསྒོམ་པའི་རིམ་པའོ། །སྦས་པ་ཡིན་ཞེས་པ་ནི་གསང་བའོ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ཞེས་པ་ནི་དཔའ་བོ་སྒྲུབ་པ་པོས་རྟོགས་པར་བྱ་བ་སྟེ། དེའི་བརྡ་སྨྲས་པ་ཡིན་ནོ། །གོས་ནི་སྟག་གི་པགས་པའོ། །ཡང་ན་གཞལ་ཡས་ཁང་ངོ་། །ཕྱག་རྒྱ་

ལྔ་ཞེས་པ་ནི་འཁོར་ལོ་ལ་སོགས་པའོ། །སོགས་པས་ནི་ཐལ་བ་བསྡུའོ། །ཤེས་རབ་ཡན་ལག་ཅེས་པ་ནི་ཤེས་རབ་ལ་འཁྱུད་པའོ། །ཕུར་བུ་གུར་ཞེས་པ་ནི་ཕུར་བུ་གདབ་པ་དང་། རྡོ་རྗེའི་ར་བ་དང་། གུར་དང་། བླ་རེ་དང་། མདའི་དྲ་བ་དང་། རྡོ་རྗེའི་རང་བཞིན་གྱི་གནས་གཟུང་བའོ། །ཨཱ་ལི་ཀཱ་
ལི་ཡང་དག་བརྗོད། །ཅེས་པ་ནི་ཀུན་ནས་ཁོར་ཡུག་ཏུ་ཨཱ་ལི་ཀཱ་ལིའི་ཕྲེང་བ་བཀོད་པའོ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །ཞེས་པ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ་ཞེས་བྱ་བ་ལ་སོགས་པ་དང་བཅས་པའོ། །འཇུག་པ་ནཱ་ད་སོགས་པར་གནས། །ཞེས་པ་ནི་ཧེ་རུ་ཀ་འཇུག་ཅིང་བསྐྱེད་
པའི་རྒྱུར་ཡི་གེ་གསུམ་གྱི་ནཱ་དའི་ངོ་བོས་ཡོངས་སུ་གཟུང་བའོ། །སོགས་པའི་སྒྲ་སྨོས་པས་དེ་ཉིད་ཀྱི་ཕྱིར་ཡི་གེ་གསུམ་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་སྤྲོ་བའོ། །ཇི་ལྟར་བསྡུ་བའི་སྦྱོར་ལྡན་པ། །ཞེས་པ་ནི་ལྷ་དེ་རྣམས་ཀྱིས་འགྲོ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་ཡི་གེ་གསུམ་ལ་
བསྡུའོ། །བདུད་རྩི་ཚིམ་བྱེད་ཅེས་པ་ནི་གྲགས་པར་ཟད་དོ། །མྱ་ངན་འདས་ཞེས་པ་ནི་བསྒོམ་པ་ཡོངས་སུ་རྫོགས་ནས་རང་གི་ལུས་ལ་ལྷ་རྣམས་ཡོངས་སུ་གཞུག་པར་བྱའོ། །ལག་པའི་མཆོད་པ་ཞེས་པ་ནི་ལག་པ་གཡོན་པ་ལ་ལྷ་རྣམས་དགོད་པའོ། །དབང་བསྐུར་བ་ཞེས་པ་ནི་དབང་
བསྐུར་བའོ། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །ཞེས་པ་ནི་གོ་ཆ་གཉིས་ཀྱིས་ལྷ་དང་ལྷ་མོ་ལ་གནས་ཇི་ལྟ་བ་བཞིན་དུ་དམིགས་པར་བྱའོ། །སྔགས་རྣམས་ཀུན་གྱིས་མཆོད་པར་བྱ། །ཞེས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པར་བྱའོ། །གང་གི་ཀུན་སྤྱོད་པ་ཞེས་བྱ་བ་ལ་སོགས་
པས་སྒོམ་པ་པོའི་ཕན་ཡོན་བསྟན་ཏོ། །ཇི་ལྟར་སྔོན་སོགས་སྡིག་ཟད་པ། །ཞེས་པ་ནི་གང་ཞིག་སྔོན་དང་པོར་སྡིག་པ་བྱས་པའོ། །དེ་ཡིས་ཟད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་གྱི་མཚན་མ་ཞེས་པ་ནི་སྐྱེས་བུ་ཆེན་པོའི་མཚན་རྣམས་ཀྱིས་ཁྱད་པར་དུ་འཕགས་པར་གྱུར་པ་ཡིན་ནོ། །གང་
ཞིག་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་གསལ་བར་བྱ་བའི་ཕྱིར་འདི་ཉིད་གསུངས་པ། ཐམས་ཅད་གོ་སླའོ། །བསྟན་པའི་རྣམ་པའི་རྣལ་འབྱོར་པ་བརྒྱལ་མཆི་ན་དེ་བཞིན་གཞན་རྣམས་ལས་དེའི་ཁྱད་པར་ཅི་ཞེ་ན་གསུངས་པ། འཆི་བའི་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་འཆི་ན་གཤིན་

རྗེའི་འཇིག་རྟེན་དུ་འགྲོའོ། །རྣལ་འབྱོར་པ་རྣམས་ཞེས་པ་ནི་རྣལ་འབྱོར་པའོ། །མཁའ་སྤྱོད་གནས་ཞེས་པ་ནི་བདེ་བ་ཅན་དུ་འཁྲིད་པར་བྱེད་ཅེས་བྱ་བར་སྦྱར་རོ། །སུ་ཡིས་ཤེ་ན་གསུངས་པ། དཔལ་ལྡན་ཁྲག་འཐུང་སོགས་རྣལ་འབྱོར། །ཞེས་པ་སྟེ། དཔལ་ཧེ་རུ་ཀ་ལ་
སོགས་པའི་དཔའ་བོ་རྣམས་དང་རྣལ་འབྱོར་མ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཅིར་འགྱུར་བ་རྣམས་ཀྱིས་ཤེ་ན། །གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གཉིས་ཀའི་གསུམ་པའི་དོན་ལ་དད་པའོ། །འདི་ཉིད་གསུངས་པ། འཆི་བ་ཞེས་བྱ་རྣམ་རྟོག་འདི། །
ཞེས་པ་སྟེ། འཆི་བ་ཞེས་པ་ནི་འཇིག་རྟེན་པའི་རྣམ་པར་རྟོག་པའོ། །དོན་དམ་པར་ན་སྔོན་གྱི་གནས་ཡོངས་སུ་བཏང་སྟེ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་གནས་རྣམས་ལ་བརྟེན་ནས་རྣལ་འབྱོར་པ་འགྲོའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་བསྟན་པའི་རིམ་པ་ཁོ་ནས་སྒྲུབ་པ་ནི་ཁྱད་པར་དུ་
འཕགས་པའི་འབྲས་བུ་བཅོམ་ལྡན་འདས་དང་རྣལ་འབྱོར་མའོ། །དཔའ་ཆེན་ཞེས་པ་ནི་དཔལ་བདེ་མཆོག་འཁོར་ལོ་ལ་སོགས་པའི་དཔའ་བོའོ། །རྣལ་འབྱོར་མ་ཞེས་པ་ནི་རྡོ་རྗེ་ཕག་མོ་ནས་བཟུང་བ་ཐམས་ཅད་དུ་རྙེད་པར་དཀའོ་ཞེས་པའི་དོན་ཏོ། །ད་ནི་གུས་པ་དང་བཅས་པའི་འབྲས་བུ་གསུངས་པ། དཔལ་ཧེ་
རུ་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་ཤེས་ནས་མ་གུས་ན། ཞེས་པ་ནི་ཁྱད་པར་དུ་འཕགས་པའི་འབྲས་བུ་ཤེས་པ་དེ་ལྟར་ན་ཡང་གུས་པར་མི་བྱེད་ན་ཞེས་པའི་དོན་ཏོ། །དབུལ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྟན་པའི་ཕན་ཡོན་དོན་དུ་གཉེར་བས་སླར་བཅོམ་ལྡན་འདས་བསྒོམ་པར་བྱ་བའི་ཕྱིར་
གསུངས་པ། མགུལ་རྒྱན་ཞེས་བྱ་བ་ལ་སོགས་པའོ། །སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཅེས་པ་ནི་རྡོ་རྗེ་དྲིལ་བུར་ལྡན་པའི་ཕྱག་དག་གིས་རྡོ་ར