Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 9

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
རྡོ་རྗེ་རྩེ་ལྔ་པས་མཚན་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །གཉིས་གའི་ཡུ་བ་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་དུ་རུང་བ་སྟེ།
དེ་ལྟར་ན་དེ་དག་ཁྲུ་རེ་རེ་བར་བསྟན་ཏོ། །ཇི་སྟེ་དགང་གཟར་དང་བླུགས་གཟར་མེད་ན། དགང་བླུགས་ཀྱི་སྦྱིན་སྲེག་ནི་སོར་མོ་ལྔ་དང་ལྡན་པའི་ལག་པ་བྱ་ལ། ཅིག་ཤོས་ནི་སོར་མོ་གསུམ་བསྡུས་པས་བྱའོ། །དེ་ལ་ཨ་མྲ་དང་། ཨུ་དུམ་བཱ་ར་དང་། ཀ་ཏམ་པ་དང་། པཱ་ལ་ཤ་
དང་། ཨ་ཤྭཏྠ་དང་། པ་ལཀྵ་དང་། ནྱ་གྲོ་དྷ་དང་། བི་དང་ཀ་དང་། ས་མི་དང་། ཀས་མརྒ་དང་། ཨ་པ་མརྒ་ལས་བྱུང་བའི་རྩེ་མོའི་ཆ་ལས་བྱས་ཤིང་གསར་པ་མཐོ་གང་ཙམ་གྱི་ཚད་ལ། འདབ་མར་བཅས་པ་འོ་མ་དང་སྦྲང་རྩི་དང་མར་ལ་རྩེ་མོ་གཉིས་སྦགས་ལ། དྲི་དཀར་
པོའི་ཆུས་གཏོར་བའི་ཡམ་ཤིང་འདབ་མ་གཉིས་དང་བཅས་པའི་རྩེ་མོ་གཅིག་པ། མཐེ་བོ་དང་སྲིན་ལག་གིས་བཟུང་སྟེ་བསྲེག་པར་བྱའོ། །དེ་ལ་རུལ་པ་དང་གས་པ་དང་ཆག་པ་དང་། ཤུན་པ་མེད་པ་དང་། ཡོ་བ་དང་། རྩེ་མོ་གཉིས་པ་དང་། ཐུང་བ་དང་རིང་བ་དང་། སྲོག་
ཆགས་ཀྱིས་ཟོས་པ་དང་། སྲོག་ཆགས་ཅན་ནི་སྤང་བར་བྱའོ། །ཡང་ནས་དང་འབྲས་ཡོས་དང་། ཞོ་དང་འོ་མ་དང་། ཏིལ་དང་ཀུ་ཤ་གསར་པ་དང་། དཱུར་བ་དང་། ཙུ་ཏའི་འདབ་མ་དང་། ཙནྡན་དང་འབྲས་ཟན་དང་། མེ་ཏོག་དཀར་པོ་དང་། མར་དང་བཅས་པ་སྟེ་དེ་དག་ལས་ཅི་

འབྱོར་བ་སྲེག་པ་ནི་ཞི་བའི་བསྲེག་རྫས་སོ། །ཡམ་ཤིང་དེ་དང་འདྲ་བ་ལས་དབུས་ཀྱི་ཆ་ལས་བྱུང་ཞིང་ཁྲུ་གང་ཆག་གང་བ། དྲི་སེར་པོའི་ཆུས་གཏོར་བ་སྦྲང་རྩི་ལས་སྦགས་པའོ། །གཞན་ཡང་ཟས་མཆོག་ཤྲི་ཕ་ལ་དང་། འབྲས་བུ་སཱ་ལུ་དང་། གེ་སར་དང་། ཀར་ཎི་ཀའི་མེ་
ཏོག་དང་། འབྲུ་རྣམས་ནི་རྒྱས་པའི་འོ། །ཙམ་པ་ཀ་དང་། ཨ་ཤྭཏྠ་དང་། བ་ཀུ་དང་། པྲི་ཡང་ཀུ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་འདབ་མ་དང་བཅས་པ་དང་། མེ་ཏོག་དང་། འབྲས་བུ་སྐྱུར་པོ་དང་། མངར་པོ་དང་། ཁྱད་པར་དུ་ཡང་ཨུཏྤ་ལ་དམར་པོ་དག་ནི་དབང་གིའོ། །
དགུག་པ་ལ་ནི་དེ་དག་དང་། ཚེར་མ་ལྕགས་ཀྱུ་ལྟ་བུ་དག །མངོན་སྤྱོད་ལ་ནི་ནིམ་པ་དང་། སེང་ལྡེང་དང་། བྱི་ལོ་ཏ་ལ་སོགས་པའི་ཤིང་རོ་ཚ་བ་དང་། ཁ་བ་དང་ཚེར་མ་ཅན་དང་། དུར་ཁྲོད་ཀྱི་ཤིང་ལས་བྱས་པའི་སོར་བཅུ་པ་རྩེ་མོ་གཉིས་རྣོན་པོར་བཞོགས་ཤིང་། ཁྲག་དང་
ཡུངས་མར་ལ་སོགས་པའི་ཡམ་ཤིང་དང་། ཡུངས་ཀར་དང་། མར་ནག་དང་། ལན་ཚྭ་དང་། སྐྱེ་ཚེ་དང་། ནིམ་པའི་འདབ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། དགྲའི་རྐང་རྗེས་ཀྱི་རྡུལ་དང་། བོང་བུ་དང་། རྔ་མོའི་རྟུག་པ་རྣམས་ཅི་སྙེད་པའམ། ཐམས་ཅད་ཀྱང་རུང་སྟེ། དུག་དང་
ཁྲག་དང་ལན་ཚྭ་དང་སྦྱར་ནས་དགྲའི་གཟུགས་བརྙན་བྱས་ལ། གཏུབ་ཅིང་བསྲེག་པར་བྱ་སྟེ་བསྲེག་རྫས་བསྟན་པའོ། །ཞི་བའི་བུད་ཤིང་ནི་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པའམ། ནགས་ཀྱི་བ་ལང་གི་ལྕི་བ་ལས་ཐབ་ཁུང་བས་ཅུང་ཟད་དམའ་བར་བྱའོ། །རྒྱས་
པ་ལ་ནི་བ་ལང་གི་ལྕི་བ་མ་གཏོགས་པ་འབྲས་བུ་ཅན་གྱི་ཤིང་རྣམས་ལས་བྱའོ། །དབང་ལ་ནི་ཤིང་སྐྱུར་པོ་དང་། མེ་ཏོག་ཅན་རྣམས་ལས་བྱའོ། །དགུག་པ་ལ་ནི་ཚེར་མ་ལྕགས་ཀྱུ་ཅན་ལྟ་བུ་རྣམས་ལས་སོ། །མངོན་སྤྱོད་ལ་ནི་ཤིང་ཚ་བ་དང་། ཚེར་མ་ཅན་དུར་ཁྲོད་ཀྱི་
ཤིང་དང་། བོང་བུ་དང་རྔ་མོའི་རྟུག་པ་རྣམས་ལ་སྟེ་བུད་ཤིང་བསྟན་པའོ། །དེ་ནས་ཞི་བའི་ལས་ལ་ཁྲུས་དང་གཙང་སྦྲ་བྱས་ཏེ། ལུས་དྲི་ཞིམ་པོས་བྱུགས་ལ། གོས་དང་རྒྱན་དཀར་པོས་བརྒྱན་ཏེ། བྱམས་པ་དང་ལྡན་པས་ཁ་ནུབ་ཏུ་བལྟས་ལ། སྟན་ནང་ཚངས་

ཅན་འཇམ་པོའམ། པདྨ་ལ་འདུག་སྟེ། ཞི་བའི་ཡིད་ཀྱིས་ཡར་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་བྱའོ། །རྒྱས་པ་ལ་ནི་མེ་ཏོག་གི་ཕྲེང་བ་སེར་པོ་དང་། རྒྱན་སེར་པོས་བརྒྱན་ཏེ། སྟན་བཟང་པོ་ལ་བཟང་པོའི་འདུག་སྟངས་ཀྱིས་འདུག་སྟེ། རངས་
པའི་ཡིད་ཀྱིས་ཁ་བྱང་དུ་བལྟས་ལ་ཉི་མ་སྔ་དྲོ་ནས་བརྩམས་ཏེ་བྱའོ། །དབང་ལ་ནི་གོས་དང་། རྒྱན་ལ་སོགས་པ་དམར་པོས་བརྒྱན་ཏེ། ཆགས་པའི་ཡིད་ཀྱིས་སྟན་མཐོན་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཁ་ཤར་དུ་བལྟས་པར་བྱའོ། །དགུག་པ་ཡང་དེ་བཞིན་ཏེ། ཁྱད་པར་དུ་ཁ་སྟེང་
དུ་བལྟས་ལ་བྱའོ། །མངོན་སྤྱོད་ལ་ནི་ཁྲོ་བའི་སེམས་ཀྱིས་གོས་དང་རྒྱན་སྔོན་པོ་དང་། ཁྲག་དང་ཆུས་སྦགས་པ་བགོས་ལ་གཤིན་རྗེའི་ཕྱོགས་སུ་བལྟས་ཏེ། སྟན་མཁྲང་པོ་ལ་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་འདུག་པའམ། སྟན་མེད་པར་ཡང་རུང་སྟེ། རྐང་པ་
གཡོན་པས་གཡས་པ་མནན་ལ། སོ་འཆའ་ཞིང་གདོང་ཁྲོ་གཉེར་དང་ལྡན་པས་མིག་བཟློག་སྟེ། མར་ངོའི་ཚེས་གཉིས་པོའམ་གཞན་ལ་ཡང་རུང་སྟེ། ཁྲོ་བ་ཉིད་བསྟན་པར་བྱས་ལ། བསྒྲུབ་བྱ་སྡིག་པ་ལས་བཟློག་པར་བྱ་བའི་ཕྱིར། ཉིན་ཕྱེད་དམ་མཚན་ཕྱེད་ན། ཧཱུཾ་
ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བསྒྲུབ་བྱའི་བསྲུང་བ་བཅས་ལ་བྱའོ། །སྒྲུབ་པ་པོ་བསྟན་པའོ། །ཞི་བའི་ཨརྒྷའི་སྣོད་ནི་གསེར་རམ་དངུལ་ལམ། ཟངས་སམ་ས་དང་རྡོ་དང་། དུང་དང་ཉ་ཕྱིས་ལ་སོགས་པ་དང་། ཤིང་ལོ་སྐྱོང་པ་ཡང་རུང་སྟེ། ནས་དང་འོ་མ་དང་། དྲི་དཀར་པོ་
དང་ལྡན་པའི་ཆུས་བླུགས་ལ། རང་གི་ལྷའི་སྔགས་ཀྱི་མཐར་སྭཱ་ཧཱ་དང་ལྡན་པ་ལ་ལན་བདུན་བཟླས་པར་བྱའོ། །རྒྱས་པ་ལ་ཡང་དེ་བཞིན་ཏེ། ཁྱད་པར་དུ་དྲི་སེར་པོའི་ཆུ་དང་། ཏིལ་དང་ཞོ་དང་ལྡན་པ་སྟེ། ཨོཾ་གྱི་མཐའ་དང་ལྡན་པས་བཟླས་སོ། །དབང་ལ་ནི་དྲི་དམར་པོའི་
ཆུ་སྟེ། ཧོའི་མཐའ་དང་ལྡན་པ་བཟླས་སོ། །མངོན་སྤྱོད་ལ་ནི་དྲི་མི་ཞིམ་ཞིང་གནག་པ་དང་བཅས་པའི་ཆུ་ཁྲག་དང་བའི་གཅིན་དང་ཀོ་ཏྲ་བ་དང་ལྡན་པ་ལ་ཕཊ་ཀྱི་མཐའ་དང་ལྡན་པ་བཟླས་ཏེ། མཆོད་ཡོན་ཀྱི་ཆོ་གའོ། །དེ་ལ་ཞི་བ་དང་རྒྱས་པ་དང་དབང་རྣམས་ལ་ནི་ལས་ཐམས་

ཅད་པའི་ཆུ་ཡི་གེ་ཧཱུཾ་ཡོངས་སུ་བཟླས་པ་དང་། ཨརྒྷའི་སྣོད་གཉིས་གཡོན་དུ་བཞག་ལ། ཡང་དེ་ཉིད་ཡོངས་སུ་བཟླས་པའི་ཆུ་དེ་གཉིས་ལས་ལག་པ་གཡས་པས་བླངས་ཏེ། ཡམ་ཤིང་དང་བུད་ཤིང་ལ་སོགས་པའི་བསྲེག་རྫས་ལ་བསང་གཏོར་བྱས་ལ། གཡས་ཕྱོགས་སུ་
གཞག་གོ། །དྲག་པོའི་ལ་ནི་ཟློག་སྟེ་གཞག་གོ། །དེ་ལ་ཞི་བ་ལ་ནི་ཤིང་འོ་མ་ཅན་དང་གཙུབས་པ་ལ་སོགས་པ་བྱུང་བའི་མེ་དང་། བྲམ་ཟེའི་སྦྱིན་སྲེག་གི་མེས་བྱའོ། །རྒྱས་པ་ལ་ནི་དགེ་འདུན་གྱི་སྲོ་ཁང་གི་མེ་འམ། རྒྱལ་རིགས་དང་རྗེའུ་རིགས་ཀྱི་ཁྱིམ་གྱི་མེས་བྱའོ། །དབང་
ལ་ནི་རྗེའུ་རིགས་དང་སྨད་འཚོང་མའི་ཁྱིམ་གྱི་མེས་བྱའོ། །དགུག་པ་ལ་ནི་གར་མཁན་དང་ཀུན་དུ་རྒྱུ་དང་། ལམ་དུ་བུད་པའི་མེས་བྱའོ། །དྲག་པོ་ལ་ནི་དུར་ཁྲོད་ཀྱི་ཤིང་དང་། རྡོ་གཙུབས་པ་ལས་བྱུང་བ་དང་། ཤན་པའི་ཁྱིམ་གྱི་མེས་བྱའོ། །དེ་ནས་ཧཱུཾ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་
བླངས་ལ། བསང་གཏོར་ལན་གསུམ་བྱས་ཏེ། གཙང་ཞིང་སྐམ་པའི་རྩྭ་དང་ལྷན་ཅིག་ཏུ་བཅུག་ལ་རླུང་ཡབ་ཀྱིས་སྦར་ནས། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བྱ་བ་ལན་བདུན་བཟླས་པའི་མར་གྱིས་སྦར་ལ། ཨོཾ་བཛྲ་སཏྭ་ཨ། ཞེས་བྱ་བ་ཡོངས་སུ་བཟླས་པའི་ཀུ་ཤ་རློན་པ་འདབ་མ་
མ་ཉམས་ཤིང་ཤིན་ཏུ་རིང་བ་མ་ཡིན་པ་རྩེ་མོ་ཤར་དུ་བསྟན་ཏེ། ཐབ་ཁུང་གི་ཕྱི་རོལ་དུ་གཡོགས་ལ། ཡི་གེ་ཧཱུྃ་གིས་ཐབ་ཁུང་བསྐྱེད་དེ། དེའི་ནང་དུ་རཾ་ལས་མེ་ལྷ་ལས་དང་རྗེས་སུ་མཐུན་པའི་མདོག་དང་། རྒྱན་དང་ཕྲེང་བ་ཅན། ཕྱག་གཉིས་ན་བགྲང་ཕྲེང་དང་། རིལ་བ་སྤྱི་
བླུགས་ཐོགས་པ། གསུས་པ་འཕྱང་ཞིང་རལ་པའི་ཐོར་ཚུགས་ཅན་བསྐྱེད་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀ་མརྠ་པྲ་ས་ད་ཀ་ཀ་རུ་ཎ་ཀྲི་ཏྭ་སརྦ་ཨ་སྨིན་སན་ནི་ཧི་ཏོ་བྷ་བ་ཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་ཀྱི་མེ་ལྷ་བཀུག་ལ། ཛཿཧཱུྃ་བཾ་ཧོཿཞེས་པས་དེ་ཉིད་དུ་དགུག་པ་ལ་སོགས་པ་
བྱས་ནས། ཨོཾ་ཛཿཧཱུྃ་བཾ་ཧོཿཁྃ་རྃ། ཞེས་བྱ་བས་ཨརྒྷ་དབུལ་ལོ། །ཨོཾ་ནི་རི་ཧཱུཾ་ཁཾ། ཞེས་བྱ་བས་ཞབས་བསིལ་ཕུལ་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བའི་བར་དུ་བྱས་ལ་ཕྱི་དང་ནང་གི་མཆོད་པས་མཆོད་དེ། ཨོཾ་དྷྭཾ་དྷྭཾ་ཞེས་བྱ་བས་ལྷ་བཤོས་དབུལ་

ལོ། །དེ་ནས་དེའི་ལྕེ་ལ་ཧཱུྃ་གིས་རྡོ་རྗེ་བསམས་ལ་ཞལ་ཅུང་ཟད་གདངས་ཏེ་གཟར་བུ་གཉིས་ཐོགས་པའི་གྲུ་མོ་གཉིས་ཀྱི་ནང་དུ་བཅུག་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས་གང་གི་སྦྱིན་སྲེག་སྦྱིན་ནོ། །དྲག་པོ་ལ་ནི་ཞལ་ཤིན་ཏུ་གདངས་ཏེ་གདུག་པ་དང་བཅས་པའི་
ཚ་བའི་མར་ནག་སྦྱིན་ནོ། །དེ་ནས་མེའི་མཚན་ཉིད་མཁས་པས་བརྟག་པར་བྱ་སྟེ། འཇའ་ཚོན་དང་། ས་ཏི་ཀ་དང་། རྔ་མ་དང་། འདམ་བུ་ཆུ་ཤེལ་ལྟ་བུའི་མདོག་ནི་དགེ་བའི་ལས་ལ་ཤིས་སོ། །གཞན་ཡང་དྲི་མ་མེད་ཅིང་སྒྲ་ཟད་པ་དང་། རྩེ་མོ་གཅིག་ཏུ་འབར་བ་ནི་ཤིས་པ་སྟེ།
དེ་ནས་ཞི་བ་ལ་ཁྱད་པར་མདོག་དཀར་བའོ། །རྒྱས་པ་ལ་སེར་པོའི་མདོག །རྗེས་སུ་ཆགས་པ་ལ་དམར་བ་སྟེ། །སྔོ་དང་ནག་པོ་མངོན་སྤྱོད་ལ། དེ་ལ་བགེགས་དང་བཅས་པའི་མེ་ནི་དུ་བ་ཆེ་ཞིང་མེ་སྟག་འཕྲོ་ལ་དལ་བུས་འབར་ཞིང་ཞན་པ་དང་། མེ་ལྕེ་འཆད་པ་དང་། འོད་མེད་ཅིང་
མདོག་སྔོ་བ་དང་། མདུང་རྩེ་ལྟ་བུ་དང་། ཞིབ་མ་ལྟ་བུ་དང་། བ་ལང་གི་གདོང་པ་ལྟ་བུའི་དབྱིབས་དང་། མི་རོའི་དྲི་དང་། དྲི་མེད་པའམ། ཡང་ན་དྲག་ཏུ་འབར་བའོ། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་སྔ་མ་བཞིན་བསང་གཏོར་བྱས་ལ། རྩ་བའི་སྔགས་ཀྱིས་བསྲུངས་ཏེ།
གསང་བའི་སྦྱིན་སྲེག་གསུམ་མམ་བདུན་དབུལ་ལོ། །དེ་ནས་ཡང་ཡམ་ཤིང་ལ་སོགས་པ་སོ་སོའི་སྔགས་ཀྱིས་ཇི་སྙེད་འདོད་པ་བསྲེགས་ལ། བསང་གཏོར་དང་འཐོར་འཐུང་ལ་སོགས་པ་ཕུལ་ཏེ། མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པ་བལྟའོ། །དེ་ནས་སྒྲུབ་ཐབས་ལས་བྱུང་
བའི་ཆོ་ག་ལས་དང་རྗེས་སུ་མཐུན་པའི་རྒྱུད་ལས་གསུངས་པའི་ལྷ་དེར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། ཨརྒྷཾ་ལ་སོགས་པ་ཕུལ་ཏེ། དམ་ཚིག་སེམས་དཔའ་ལ་བསྟིམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ལྗགས་ལ་རྡོ་རྗེར་བསམས་ལ་ཞི་བ་
དང་རྒྱས་པ་དང་། དབང་དང་། དགུག་པ་ལ་ནི་ཞལ་ཅུང་ཟད་ཙམ་དབྱེ། དྲག་པོ་ལ་ནི་ཤིན་ཏུ་གདངས་པར་ཕྱེ་ལ་བསྲེག་གོ། །དེ་ལ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བ་མར་གྱི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ཨ་མུ་ཀཾ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་པུཥྚ་ཡ་

སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བའི་འོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་གྲེའུ་ཡིའོ། །ཨོཾ་བཛྲ་གྷསྨ་རཱི་ཡ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་
ཨཛྷཱ་ཡ་སྭཱ་ཧཱ། ཨུ་དུམྺརའི་འོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏྠའིའོ། །ཨོཾ་བཛྲ་ལ་ཧ་ཡེ་སྭཱ་ཧཱ། པླཀྵའིའོ། །ཨོཾ་བཛྲ་ཀུ་བེ་ར་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ས་ཧ་ཀ་ར་ཡ་སྭཱ་ཧཱ། ཨ་མྲའི་འོ། །དེ་ལྟར་ཅི་འབྱོར་པས་བསྲེགས་ནས་བསང་གཏོར་དང་འཐོར་འཐུང་ལ་
སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས། མ་འབྱོར་པ་དང་ཉམས་པ་དང་། གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བྱ་བས་བཟོད་པར་གསོལ་ལོ། །སླར་ཡང་འདོད་པའི་ལྷ་ལ་དངོས་གྲུབ་ཀྱི་
ཕྱིར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པའི་མཐར་མུཿ། བརྗོད་ནས་གཤེགས་སུ་གསོལ་ལོ། །དེ་ནས་ཡང་ཐབ་ཀྱི་ནང་དུ་མེ་ལྷ་བསམས་ལ། བསྲེག་རྫས་ཀྱི་ལྷག་མའི་རྫས་ལ་སྦྱིན་སྲེག་ཕུལ་ཏེ། སློབ་མ་དང་བཅས་པས་མཐར་གང་བའི་སྦྱིན་སྲེག་ཕུལ་ནས། དངོས་གྲུབ་ཀྱི་
ཕྱིར་གསོལ་བ་བཏབ་སྟེ། མེ་ལྷ་ཁྱོད་ཀྱིས་རང་བཞིན་དོན། །བསྒྲུབ་པ་ཚུལ་བཞིན་བྱས་ཟིན་གྱིས། །དམ་ཚིག་གནས་ལ་མནོས་མཛོད་ལ། །རང་གནས་བདེ་བར་གཤེགས་སུ་གསོལ། །བདག་དང་གཞན་གྱི་དོན་རྣམས་ནི། །བསྒྲུབས་ཏེ་སྦྱིན་སྲེག་གསོལ་ལ་བཞུད། །སླར་
ཡང་དུས་བཞིན་གཤེགས་ནས་སུ། །བདག་གི་སྔགས་ཀྱི་དངོས་གྲུབ་མཛོད། །སྦྱིན་སྲེག་གི་ཆོ་གའོ།། །།སྐྱོབ་པ་རྣམས་ཀྱི་རང་བཞིན་ནི། །མི་གནས་མྱ་ངན་འདས་ཡིན་ཏེ། །སྤྲོ་དང་ལྡན་པའི་སྐྱེ་བོ་ལ། །སྔགས་པས་ནོར་ནི་རྙེད་པ་དང་། །སྐྱེ་བོ་རབ་ཏུ་དད་པ་
ཡིས། །བྱེད་པོ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །དང་པོར་ཉི་མ་བཟང་པོ་ལ་ཕྱི་ནང་གི་ཁྲུས་བྱ་ཞིང་དྲི་ཞིམ་པོས་བྱུགས་ནས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་གཙུག་ཏོར་བཅིངས་ནས་མཆོད་པའི་ཡོ་བྱད་རྣམས་བསོགས་

ལ། །ཕྱག་གཉིས་པའི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པ། རྡོ་རྗེ་དང་དྲིལ་བུ་འཆང་བས་སྟེགས་བུ་གྲུ་བཞི་པ། དཔངས་སུ་ཁྲུ་དོ་པར་བྱས་བའི་སྟེང་སློབ་དཔོན་བདག་ཉིད་འདུག་ནས། ཡང་དེ་ཉིད་ལུགས་སྐུ་དང་པོ་ཏི་ལ་སོགས་པ་རབ་གནས་བྱ་བར་འོས་པ་
བཞུགས་སུ་གསོལ་ལོ། །སྟེང་དུ་བླ་རེ་བྲེ་བ་དང་། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་བྲེས་ཏེ། མེ་ཏོག་གི་ཕྲེང་བ་དང་། སིལ་མ་སྤུངས་ལ། གླུ་དང་གར་དང་རོལ་མོས་བརྒྱན་ནས། ཕྱི་དྲོའི་དུས་སུ་རིམ་པ་འདིས་ཁྲུས་བྱའོ། །དང་པོར་སྐུ་གཟུགས་ན་བཟའ་སེར་པོ་
གསོལ་ལ། ཡུངས་ཀར་ལ་ཧཱུཾ་ཡོངས་སུ་བཟླས་ཏེ་ཁུ་ཚུར་གཡས་གཡོན་གྱིས་བཟུང་ནས་ལན་གཉིས་སུ་བསྐོར་ཏེ། ཁམ་ཕོར་གྱི་མེར་བླུགས་ཤིང་ཤིས་པའི་བསྐོར་བ་ལན་གསུམ་བྱས་ལ། དེ་བཞིན་དུ་ཨོཾ་བཟླས་པའི་ཆུའི་ཤིས་པའི་བསྐོར་བ་ཡང་ལན་གསུམ་དུ་བྱའོ། །དེ་
ནས་བདུད་རྩི་ལྔ་དང་། བའི་རྣམ་པ་ལྔ་ཡང་རུང་བའི་རིམ་གྱིས་བསྐུས་ལ་བྱུག་པར་བྱའོ། །རས་རིས་དང་འབུར་སྐུ་ལ་སོགས་པ་རྣམས་ཀྱི་ནི་མེ་ལོང་གི་གཟུགས་བརྙན་ལ་བྱུག་གོ། །དེ་ནས་དྲི་ཞིམ་པོའི་ཆུས་བཀྲུས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ནེ་བཛྲ་སྭཱ་ཧཱ། ཞེས་བྱ་བ་
ཡོངས་སུ་བཟླས་པའི་དྲི་ཞིམ་པོའི་མར་ནག་གིས་བྱུག་ལ། པ་ཏྲ་དང་ཨུ་དུམྺ་ར་ལ་སོགས་པའི་ཤིང་ཤུན་གྱི་ལྡེ་གུས་བྱུགས་ཏེ་མར་ནག་ཕྱིའོ། །དེ་ནས་སྐྱུ་རུ་རའི་འདག་ཆལ་གྱིས་བྱུགས་ལ། སྔར་བཤད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཁྲུས་གསོལ་བ་བྱས་ཏེ། སངས་རྒྱས་
དང་རིག་པའི་ཚིག་རྣམས་ཀྱིས་སྔར་བསྟན་པ་ལྟར་ཁྲུས་བྱེད་བཞིན་པར་བསྒོམས་ལ་བདག་ཉིད་ཀྱིས་ཀྱང་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པས་ཕྱིའི་ཁྲུས་བྱས་ནས་ཆུའི་ཐིགས་པ་སྐུ་ལས་གོས་འཇམ་པོས་བླང་བར་བྱའོ། །དེ་ནས་ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་
བའི་དྲི་ཞིམ་པོས་བྱུགས་ལ། དེ་བཞིན་དུ་ཧཱུཾ་ལས་བསྐྱེད་པའི་མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་ཕུལ་ཏེ། སྙིང་ག་དང་མགྲིན་པ་དང་མགོ་བོ་དང་དཔུང་པ་དང་། སྤྱི་གཙུག་རྣམས་སུ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ཉེ་རེག་བྱས་ལ་ལག་པར་སྦོས་ཕོར་ཐོགས་ཏེ་

པུས་མོ་ས་ལ་བཙུགས་ལ། ལྕེ་ཧཱུཾ་གིས་རྡོ་རྗེར་བྱས་ལ། བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་མོ་ཕྱག་འཚལ་བསྟོད། མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། རབ་གནས་གནང་བར་བགྱིད་པར་འཚལ། སློབ་མ་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་
ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །བཀའ་དྲིན་དག་ནི་མཛད་པར་འོས། །འགྲོ་བའི་འཁོར་ལོ་མཛད་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་
བའི་ལྷ་རྣམས་དང་། །འབྱུང་པོ་སངས་རྒྱས་ཀྱི་བསྟན་དང་། །གང་ཡང་བསྟན་ལ་མངོན་དགའ་བའི། །སེམས་ཅན་རྡོ་རྗེའི་མིག་ཅན་རྣམས། །ཆེ་གེ་མོ་དག་རྡོ་རྗེ་ཆེས། །རིག་པའི་རྒྱལ་པོ་འདི་ཞེས་པའི། །རབ་གནས་ཡོ་བྱད་ཅི་འབྱོར་པས། །འགྲོ་བ་ཞི་ཕྱིར་བགྱིད་པར་
འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང་། །རབ་ཏུ་གནས་པ་ཐམས་ཅད་ལ། །ཐུགས་རྗེར་ལྡན་པས་བྱིན་རླབས་མཛོད། །ཅེས་བྱ་བ་འདིས་ལྷ་ལ་སྙན་གསན་ཕུལ་ལ། ལུགས་མ་ལ་སོགས་པའི་སྐུ་གཟུགས་རྣམས་སྔོན་དུ་བདག་མེད་
པར་བསྒོམས་ཏེ། ཟླ་བ་རྡོ་རྗེ་ལ་སོགས་པའི་རིམ་པའམ། སྐད་ཅིག་ཙམ་གྱིས་རང་གི་ལྷར་བསྐྱེད་དོ། །པོ་ཏི་རྣམས་ལ་གསུང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བྱུང་པའི་ཡི་གེ་བསྐྱེད་དོ། །ལྷ་ཁང་དང་མཆོད་རྟེན་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་བྱུང་བར་
བསམས་ལ། ཕྱོགས་བཅུ་རྣམས་ནས་ཡེ་ཤེས་སེམས་དཔའ་བཀུག་སྟེ། སྔར་བསྟན་པའི་སྔགས་ཀྱིས་ཨརྒྷ་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས། སྔར་བསྟན་པའི་ཚུལ་གྱི་སྐུ་གཟུགས་ཀྱི་ཐུགས་ཀར་བཅུག་ལ། དེ་བཞིན་དུ་དབང་བསྐུར་ཏེ། སྦྱོར་བ་ཇི་ལྟ་བ་བཞིན་
ཕྱག་རྒྱས་བཏབ་ནས། མེ་ཏོག་དང་བདུག་པ་ལ་སོགས་པ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དེ། རབ་གནས་ཀྱི་ལྷ་གང་ཡིན་པའི་སྔགས་དེ་ཉིད་མང་དུ་བཟླས་ནས་ཡི་གེ་བརྒྱ་པའི་མཐར་མུཿབརྗོད་ནས། སླར་གཤེགས་སུ་གསོལ་བ་འདི་ནི་ལྷག་པར་གནས་པའི་ཆོ་གའོ། །

དེ་ནས་ནང་པར་སྔ་དྲོ་ལངས་ཏེ་སློབ་དཔོན་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། མཆོད་པའི་ཡོ་བྱད་ཐམས་ཅད་བསོགས་ནས། བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནང་པར་ཞེས་བྱ་བའི་གནས་སུ་ང་ནི་ཞེས་པ་བརྗོད་དེ་ལྷ་
བསྐུལ་ལ། ལྷག་པར་གནས་པའི་སྐབས་སུ་བཤད་པའི་ཆོ་ག་ཐམས་ཅད་བྱ་སྟེ། གཤེགས་སུ་གསོལ་བ་མ་གཏོགས་པའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གང་དག་ལྷག་པར་གནས་པ་མ་བྱས་པ་རྣམས་ཀྱིས་ཀྱང་དེ་ལྟར་བྱའོ། །དེ་ནས་རྒྱས་པའི་སྦྱིན་སྲེག་བྱས་ནས་མཐར་
སློབ་མ་གཡོན་ཕྱོགས་སུ་བཞག་པ་ལ། བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ནས། གཡས་པའི་མཐེ་བོང་ལག་པ་གཡོན་པས་བཟུང་སྟེ། བླུགས་གཟར་གྱིས་མར་གྱི་སྲེག་བླུགས་ཅི་འབྱོར་པ་ལྷ་ལ་ཕུལ་ནས། ཏིལ་ལ་སོགས་པ་ཡང་བསྲེགས་
ལ། །བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་མེ་ཏོག་གི་ཕྲེང་བ་འདི་ལག་པར་བཏགས་ལ། སྔར་བསྟན་པའི་ཆུས་བསང་གཏོར་བྱས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྠ་སིདྡྷ་ལོ་ཙ་ནེ། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་དེའི་སྙིང་གར་བསམས་ལ། ཚིགས་སུ་བཅད་པ་འདིས་
ཡོན་བསླང་བར་བྱའོ། །བླ་མ་ཡོངས་སུ་མཉེས་པ་ཡིས། །ལས་ཀྱི་དངོས་གྲུབ་ཐོབ་འགྱུར་པས། །ཐ་ན་བཀུར་སྟི་ཙམ་གྱིས་ཀྱང་། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་སོ། །དེ་ནས་ཐབ་ཁུང་དེ་ཉིད་དུ་མར་གྱི་ལྷག་མ་དང་། འོ་མ་ལ་ཙཱ་རུ་བཅོས་ལ་སྦྱིན་སྲེག་ཕུལ་ཏེ།
ཨོཾ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་། གསེར་གྱི་ཐུར་མས་སྐུ་གཟུགས་ཀྱི་སྤྱན་ཕྱེ་ལ། ཨོཾ་དི་བྱ་ཨགྣེ་ས་མཱ་དྷི་དྷ་ན་པྲི་ཎ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཙཱ་རུའི་ཕུད་ལྷ་ལ་དབུལ་བར་བྱའོ། །དེ་ནས་བདག་དང་སློབ་མ་ཞི་བ་དང་རྒྱས་པར་
བྱ་བའི་ཕྱིར། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བས་སྦྱིན་སྲེག་བྱས་ལ། བླ་མས། དེ་བཞིན་གཤེགས་པས་གསོལ་བ་ཡི། །ལྷག་མ་སྡིག་པ་སྦྱང་ཕྱིར་ཟོ། །ཞེས་བྱ་བས། ཙཱ་རུའི་ལྷག་མ་སློབ་མ་ཟ་རུ་གཞུག་གོ། །དེ་ནས་བདུད་རྩི་འཁྱིལ་

བའི་སྔགས་བཟླས་ཞིང་ཁུ་ཚུར་གཡས་པས་བཟུང་བའི་རྡོ་རྗེའི་རྩེ་མོས་སྐུ་གཟུགས་ཀྱི་སྐུ་སྨད་དང་བར་དང་དབུ་ལ་ལན་གསུམ་བསྐོར་ལ་བརྟན་པར་བྱས་ནས། སྐུ་གཟུགས་ཀྱི་སུམ་ཆའི་ཚོད་ཀྱི་སྟེགས་བུའི་སྟེང་དུ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བས་བཞུགས་སུ་གསོལ་
ལོ། །སློབ་མས་སྐུ་གཟུགས་ལ་བསྐོར་བ་དང་ཕྱག་བྱ་བ་དང་། མཆོད་པ་རྣམས་བྱས་ནས། སློབ་དཔོན་ལ་མཆོད་པའི་ཡོ་བྱད་རྣམས་སྦྱར་ཏེ་དབུལ་ལོ། །སློབ་དཔོན་གྱིས་ཀྱང་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་ཕུལ་ལ། སྐུ་གཟུགས་ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་
དང་། བདག་དང་སློབ་མ་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་རྣམས་ལ་གསོལ་བ་གདབ་སྟེ། བཟོད་གསོལ་བྱའོ། །ཇི་སྟེ་རས་རིས་དང་སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་གནས་མདོར་བསྡུས་ཏེ་བྱ་བར་འདོད་ན། བདག་ཉིད་རང་གི་ལྷག་པའི་ལྷར་བསྒོམས་ལ། སྐུ་
གཟུགས་ལ་སོགས་པ་ཁྲུས་བྱས་ནས། མཆོད་པའི་ཡོ་བྱད་རྣམས་བཤམས་ཏེ། བདག་མེད་པའི་བསམ་གཏན་སྔོན་དུ་འགྲོ་བས། སྐད་ཅིག་ཙམ་གྱིས་ལྷར་བསྒོམས་ལ། མིག་དང་སྐུ་ལ་སོགས་པར་བྱིན་གྱིས་བརླབས་ཏེ། ཡེ་ཤེས་སེམས་དཔའ་བསྟིམས་ནས།
ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་ལ་དེ་ཉིད་ཀྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླའོ། །དྲིལ་བུ་དང་བགྲང་ཕྲེང་གི་རབ་གནས་ནི་ཡིག་འབྲུ་ལས་གསུང་རྡོ་རྗེར་བསྐྱེད་དེ། དེ་ཡོངས་སུ་གྱུར་པའི་དྲིལ་བུར་བལྟའོ། །དད་པ་ཆུང་བ་དང་། ཀུ་ས་ལི་དང་། འཚོ་བའི་དོན་གྱི་
རྣལ་འབྱོར་པ་ཕོ་མོ་རྣམས་ཀྱི་བགྲང་ཕྲེང་ལ་སོགས་པ་ནི། སྔགས་ཙམ་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་པ་བྱ་སྟེ། སྔགས་བརྒྱ་རྩ་བརྒྱད་བཟླས་ནས་རྡོ་རྗེ་དྲིལ་བུ་གསིལ་ལ་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་ལ་བཟོད་པར་གསོལ་ལོ། །དཀྱིལ་
འཁོར་ལ་སོགས་ཆོ་ག་ནི། བྱས་པས་བདག་གིས་དགེ་ཐོབ་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་འཇོམས་བྱེད་ཤོག །དཔལ་དགྱེས་པ་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་དང་སྦྱིན་སྲེག་དང་། རབ་གནས་ཀྱི་ཆོ་ག་སློབ་དཔོན་ནག་པོའི་ཞལ་

སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧོ་མ་བི་དྷི། བོད་སྐད་དུ།
སྦྱིན་སྲེག་གི་ཆོ་ག །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཇིག་དུས་ཆུ་འཛིན་ཞལ་བརྒྱད་པ། །བསྡུ་དངོས་བཞི་ཡིས་ཞབས་ལྡན་འཁྱུད། །སྟོང་པ་བཅུ་དྲུག་ཕྱག་དང་ལྡན། །གར་མཛད་དེ་ལ་ཕྱག་འཚལ་འདུད། །ཤི་བ་རྣམས་ལ་ཕན་དོན་དུ། །
རྒྱུད་འདིར་ཆོ་ག་མི་སྣང་ཡང་། །རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །བརྩེ་བས་བདག་གིས་བྲི་བར་བྱ། །སློབ་དཔོན་ཕྱག་རྒྱ་ལྔ་དང་ལྡན་པས་དང་པོར་རོ་ཁྲུས་བྱས་ལ། བདུད་རྩི་དང་ལྡན་པའི་དྲིས་བྱུགས་ལ། །རོའི་སྙིང་གར་རང་གི་ལྷའི་སྙིང་པོ་གདགས། །ལྷ་མེད་ན་སྣང་བ་
མཐའ་ཡས་སམ། །ལྷ་མོ་གཏུམ་མོའི་སྙིང་པོ་གདགས། །མགྲིན་པར་སྙིང་པོ། སྙིང་གར་ཉེ་བའི་སྙིང་པོ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། སྙིང་གར་ཧཱུྃ། ལྟེ་བར་སྭཱ། རྐང་པ་གཉིས་ལ་ཧཱ་གདགས་པར་བྱའོ། །རྩ་བའི་རྒྱུད་ལས། སྐུ་གསུང་བྱིན་བརླབ་རིགས་ལྔ་
གདགས། །རང་གི་ལྷའམ་གཞན་ཡང་རུང་། །སྙིང་པོ་སྙིང་གར་གདགས་པར་བྱ། །ཁྲུས་ཀྱིས་དག་བྱ་བདུད་རྩིས་བྱུག །ཅེས་གསུངས་སོ། །དེ་ནས་རོའི་སྙིང་གར་གཟུངས་ཐག་བཏགས་ལ། སྒྲོམ་དུ་བཅུག་ལ་བདག་ཉིད་ལྷའི་དཀྱིལ་འཁོར་དུ་བསྐྱེད་ལ། གཟུངས་ཐག་
ནས་བཟུང་ལ་བཟླས་པ་བྱས། སྐབས་སུ་བདུད་རྩིས་བྱུག །རྩ་བའི་སྔགས་དང་མིང་དུ་སྤེལ་ལ་ཏིལ་གྱི་སྦྱིན་སྲེག་བྱ། བཟླས་པས་སྐྱོ་ན་མཆོད་བསྟོད་བྱ། །ཐ་མར་གཤེགས་སུ་གསོལ། །སྔོན་དུ་བསྙེན་པའོ། །དེ་ནས་ས་ཕྱོགས་ཡིད་དུ་འོང་བར་སྦྱང་བ་དང་། ས་གཟུང་བ་དང་གཏོར་
མ་བཏང་བ་དང་། སའི་ལྷ་མོ་མཆོད་པ་དང་། བསྟོད་པ་ལ་སོགས་པ་ཐམས་ཅད་དཀྱིལ་འཁོར་གྱི་ཆོ་ག་ལས་ཤེས་པར་བྱའོ། །ས་གཟུང་བའོ། །སའི་ལྷ་མོ་ལྷག་པར་གནས་ནས། ལྷག་པར་གནས་པའི་བར་དཀྱིལ་འཁོར་གྱི་ཆོ་ག་དང་འདྲའོ། །དེ་ནས་སྦྱིན་སྲེག་ལྷག་པར་གནས་

པ་དང་། གཏོར་མ་གཏང་བར་བྱའོ། །རོ་ལྷག་པར་གནས་པ་ནི་ཁྲུས་བྱ། དྲི་ཞིམ་པོ་དང་ལྡན་པའི་བདུད་རྩི་ལྔས་བྱུགས་ལ། རྣམ་ཤེས་དགུག་པ་སྔོན་དུ་འགྲོ་བས་རང་གིས་ལྷར་བསྐྱེད་ལ། སྡིག་པ་བཤགས་པ་ནས་སེམས་བསྐྱེད་པའི་བར་དུ་བྱའོ། །དེ་ནས་དཀྱིལ་
འཁོར་གྱི་ལྷ་ལ་མཆོད་པ་དང་། བསྟོད་པ་དང་། སྙན་གསན་དབབ་པ་དང་། སྨོན་ལམ་གདབ་པ་དང་། བཟོད་པར་གསོལ། སྟ་གོན་དུ་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། བདུད་རྩི་ལྔས་བྱུགས་ལ། ཐིག་གི་ཆོ་ག་ཇི་ལྟ་བ་
བཞིན་དུ་ཐིག་གདབ། ཚོན་གྱི་ཆོ་ག་བྱས་ལ་བྲི་བར་བྱ་སྟེ། ཐབ་ཀྱི་དབུས་སུ་པདྨ་བརྒྱད་བྲི། །པདྨའི་ལྟེ་བ་ལ་ཐོད་པ་དང་གྲི་གུག་བྲིའོ། །འདབ་མ་རྣམས་ལ་ལྷ་མོ་རྣམས་ཀྱི་མཚན་མ་བྲི་བར་བྱའོ། །ཁ་ཁྱེར་ལ་རྡོ་རྗེ་ར་བ་བྱའོ། །ཁ་ཁྱེར་གྱི་ཕྱི་རོལ་དུ་གྲུ་ཆད་བཏོད་པར་
བྱའོ། །དེ་ནས་སྒོ་དང་རྟ་བབས་ལ་སོགས་པ་ཅི་རིགས་པར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྐྱེད་དེ་སྟེང་གི་ལྷ་དང་བསྲེས་ལ་མཆོད་བསྟོད་སྨོན་ལམ་གདབ་པོ། །དེ་ནས་ལས་ཐམས་ཅད་བའི་ཆུ་ལས་ཀུ་ཤའི་ཆུན་པོས་ཤིང་ལ་གཏོར་ལ་བགེགས་བསལ། ཤིང་བརྩེགས་པ་
ནི་ཅི་རིགས་པར་ཤེས་པར་བྱའོ། །ཐབ་ཀྱི་ནང་དུ་སྟན་བཏིང་སྟེ་རོ་དང་། རྣམ་པར་ཤེས་པ་དགུག་པ་སྔོན་དུ་འགྲོ་བས་ལྷར་བསྐྱེད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱ། གཏོར་མ་བཏང་། དེ་ནས་རླུང་ཡབ་ཀྱིས་མེ་སྦར་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ།
ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །མཁའ་འགྲོ་ལྔ་ཡི་མེ་སྦར་རོ། །རྣམ་ཤེས་ལྔ་ཡི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །ཞེས་མེ་
སྦར་ལ། སྲེག་བླུགས་གསུམ་མེ་ལ་བླུགས། མེ་བསངས་ལ་མེ་ལྷ་རཾ་ལས་བསྐྱེད། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ། ཚུར་གཤེགས་ཚུར་སྤྱོན་མེ་ལྷའི་མཆོག །དྲང་སྲོང་བྲམ་ཟེ་སྤྱན་གསུམ་པ། །སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། འབར་བའི་

གདན་ལ་བཞུགས་སུ་གསོལ། །ཞེས་བརྗོད་ལ། ཨོཾ་ཨེ་ཧྱེ་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་ཨགྣ་ཡེ་སྭཱ་ཧཱ། ཛཿཧཱུཾ་བྃ་ཧོཿ། །ཞེས་སྤྱན་དྲངས་ལ་འཐོར་འཐུང་ཕུལ་ཏེ། གཉིས་སུ་མེད་པར་བསྲེས་ལ་མཆོད་པ་བརྒྱད་ཀྱིས་མཆོད། དེ་ནས་དགང་གཟར་དང་བླུགས་གཟར་
དང་ལྡན་པས་སྦྱིན་སྲེག་བྱ། དགང་བླུགས་གསུམ་མེ་ལ་ཕུལ་ལ། དེ་ནས་རིམ་བཞིན་དུ་ཕུལ་ཏེ། ཨོཾ་བཛྲ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས་ཡམ་ཤིང་འོད་ལ་དབུལ་ལོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་ཞལ་དུ་དབུལ་ལོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་ཕྱག་
ཏུའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་འབྲས་ཆན་ཕྱག་ཏུའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་དབུའི་གཙུག་ཏུའོ། །ཨོཾ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱ། དཱུར་བ་དབུ་གཙུག་ཏུའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཞལ་དུའོ། །ཨོཾ་མ་ཧཱ་གྷ་སྨ་རི་སྭཱ་ཧཱ། གྲོ་ཞལ་དུའོ། །ཨོཾ་བཛྲ་བི་ཛཱ་
ཡ་སྭཱ་ཧཱ། ནས་སོ་བ་ཞལ་དུའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་མ་ཤ་ཞལ་དུའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་ཞལ་དུའོ། །ཨོཾ་མ་ཧཱ་སྲི་ལ་ཨ་བྱི་ཏོ་སྭཱ་ཧཱ། ཞེས་བྱ་བས་ཛཱ་ཏི་ཕ་ལ་དང་། ཏ་ར་ཀ་དང་བིལ་པ་རྣམས་ཞལ་དུ་དབུལ་ལོ། །ཞུ་བའི་རྫས་དང་བསྲེག་རྫས་
ལྷག་མ་རྣམས་ནི་མེ་ལྷ་རང་གི་རིག་སྔགས་ཀྱིས་བསྲེག་པར་བྱའོ། །ཞུ་བའི་རྫས་ཐམས་ཅད་ཞལ་དུའོ། །ཨུ་དུམ་ཝཱ་ར་ལ་སོགས་པའི་ཤིང་ཐམས་ཅད་ནི་ཨོཾ་དང་སྭཱ་ཧཱ། ཞེས་བྱ་བའི་བར་དུ་རང་རང་གི་མིང་བཅུག་ལ་བསྲེག་པའོ། །དེ་ལ་དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་
ལའོ། །སྤོས་ནི་འོད་འབར་བ་ལའོ། །མར་མེ་ནི་མདུན་དུའོ། །བཤོས་ནི་ཞལ་དུའོ། །ཞལ་བསིལ་ནི་ཞལ་དུའོ། །མཆོད་ཡོན་དང་འཐོར་འཐུང་ནི་ཕྱག་ཏུ་དབུལ་བར་བྱའོ། །ཡང་ན་བསྲེག་རྫས་ཐམས་ཅད་ནི་སྤྱིའི་སྔགས་འདིས་དབུལ་ལོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་
བྷ་སྨིཾ་ཀུ་རུ་སརྦ་བི་གྷྣཱཾ་ཧཱུཾ་ཕཊ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་མེ་ལྷ་ལ་མཆོད་པ་རྣམས་ཀྱིས་མཆོད་ལ་བསྟོད་དེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཡེ་ཤེས་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་ཕྱག་

འཚལ་བསྟོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྩོལ་བ། །བདག་གཞན་དོན་བརྩོན་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་འདུད། །ཅེས་བསྟོད་ལ། དེ་ནས་ཕྲིན་ལས་བཅོལ་ཏེ། དྲང་སྲོང་ཆེན་པོ་མེ་ལྷ་ཡིས། །སྔོན་གྱི་དམ་བཅས་མནའ་
བོར་བ། ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། ཞེས་ཕྲིན་ལས་བཅོལ་ལ། །མེ་འབར་བའི་རྣམ་པར་བསྟིམ་མོ། །དེ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། ཕྱི་དང་ནང་གིས་མཆོད་དོ།
དེ་ཉིད་ལྔ་པས་བསྟོད་དེ་གཉིས་སུ་མེད་པར་བསྲེས་ལ། མཆོད་དེ་བསྟོད་ནས་དེ་ནས་བཟླས་པ་བྱའོ། །དེའི་རྗེས་ལ་ཆོ་གས་བྱིན་གྱིས་བརླབས་ལ། ལྷ་རྣམས་ལ་ཡང་དབུལ་ལོ། །རྣལ་འབྱོར་པ་རྣམས་སྙིང་གའི་ཧཱུཾ་ལ་བསྲེག་པར་བྱ་སྟེ། འདི་ནི་ནང་གི་སྦྱིན་སྲེག་གོ། །དེ་ནས་སྦྱིན་
སྲེག་རྣམས་ཇི་ལྟ་བ་བཞིན་དུ་དབུལ་ལོ། །དེའི་རྗེས་ལ་རང་གི་ལྷའི་སྙིང་པོའམ་རྩ་བའི་སྔགས་ཉིད་ཀྱིས་སྡིག་པ་སྦྱང་ངོ་། །ཡང་ན་ཨོཾ་ཨཱཿཧཱུཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བརྒྱའམ། སྟོང་ངམ་ཁྲིའམ་ཇི་སྲིད་ནུས་ཀྱི་བར་དུའོ། །ལྷག་པར་
གནས་པར་མི་བྱེད་པ་རྣམས་ཀྱིས་ཀྱང་ལྷའི་དཀྱིལ་འཁོར་བསྐྱེད་ལ། ཆོ་ག་རྣམས་ནི་སྔ་མ་བཞིན་དུ་བྱའོ། །གལ་ཏེ་གཤིན་པོ་ལྷ་རུ་མི་བྱེད་ན། འདི་ལྟར་བྱས་ཏེ། དགྱེས་པ་རྡོ་རྗེ་འདི་ཉིད་ལས་བཟའ་བ་ཐམས་ཅད་ཤར་དུ་རྡུལ་ཞེས་འབྱུང་བས་མགོ་བོ་དང་། སྙིང་དང་དབང་
པོ་རྣམས་ནི་ཧེ་རུ་ཀ་ལ་དབུལ་ལོ། །གླད་པ་ནི་གཽ་རཱི་ལའོ། །མཆེར་བ་དང་མཆིན་པ་ཙཽ་རཱི་མ་ལའོ། །དྲི་ཆུ་དང་ལྒང་པ་དང་གཡོན་གྱི་རྩ་ནི་བེ་ཏཱ་ལཱི་ལའོ། །བཤང་བ་དང་གྲོད་པ་དང་། གཉེ་མ་ནི་གྷསྨ་རཱི་ལའོ། །ཤ་ནི་པུཀྐ་སཱི་ལའོ། །ཁྲག་དང་གཡས་ཀྱི་རྩ་ནི་ཤ་བ་རཱི་ལའོ། །ཁུ་བ་
དང་གཞུངས་པ་དང་དབུས་ཀྱི་རྩ་ནི་ཙནྜ་ལཱི་ལའོ། །རྐང་མར་དང་ཚིལ་བུ་ནི་ཌོམྦི་ནཱི་ལའོ། །པགས་པ་བྱང་ཆུབ་ཀྱི་ཡན་ལག་བླ་རེར་རོ། །རུས་པས་ནི་བདེན་པ་བཞི་སྟེ། བུད་ཤིང་ཡམ་ཤིང་དུའོ། །མཁལ་མ་རྣམས་ནི་སྤྱན་གཟིགས་དང་རྒྱུན་དུ་དབུལ་བར་བྱའོ། །ཡང་ན་དྲི་ཆུ་

ནི་ཞལ་བསིལ་དང་འཐོར་འཐུང་ངོ་། །ཁྲག་ནི་ཡོན་ཆབ་ཏུའོ། །དྲི་ཆེན་ནི་སྤོས་སུའོ། །ནང་གྲོལ་དང་དབང་པོ་རྣམས་ནི་མེ་ཏོག་ཏུའོ། །གླད་པ་དང་གཞུངས་པ་ནི་བྱུག་པར་རོ། །ཚིལ་ཆེན་ནི་སྣང་བར་རོ། །ཤ་ནི་ཞལ་ཟས་སུའོ། །པགས་པ་ནི་བླ་རེར་རོ། །
རྐང་བརྒྱད་ནི་གླིང་བུ་ལ་སོགས་པ་རོལ་མོར་རོ། །རུས་པ་རྣམས་ནི་ཕྱག་རྒྱ་ལྔར་རོ། །སྐྲ་དང་སྤུ་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན་དུ་དབུལ་ལོ། །དེ་ནས་ཐམས་ཅད་རྩ་བའི་སྔགས་སམ། རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་དབུལ་བར་བྱའོ། །དེ་ཡང་
གསུངས་པ། མཆོད་པའི་གཟུགས་སམ་རྣམ་དག་ནི། །རང་རང་ངོ་བོར་དབུལ་བར་བྱའོ། །ཞེས་གསུངས་སོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད། བསྟོད་པ་རྣམས་ཀྱིས་བསྟོད་ལ་ལམ་སྦྱང་སྟེ། །ཚོགས་ལམ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་གློག་ཏུ་
ཁྱོད་ཀྱིས་མཐོང་། །བཞི་པ་མར་མེ་ལྟ་བུ་སྟེ། །ལྔ་པ་ཐམས་ཅད་སྟོང་པ་ནི། །སངས་རྒྱས་ས་ནི་འདི་ཉིད་དོ། །སྲིད་པ་བར་དོ་འདི་ཉིད་དུ། །ཁྱོད་ཀྱིས་ལམ་ལྔ་མཐར་ཕྱིན་ཤོག །ཅེས་སྦྱངས་ལ། ལམ་བསྟན་པ་ནི། ཁྱོད་ཀྱིས་ལམ་ལྔ་མཐར་ཕྱིན་པས། །ཕུང་པོ་ལྔ་ཉིད་སངས་རྒྱས་ལྔ། །ཉོན་མོངས་
ལྔ་ནི་མཁའ་འགྲོ་ལྔ། །རྣམ་ཤེས་བརྒྱད་ནི་ཡེ་ཤེས་བཞི། །འབྱུང་བ་བཞི་ནི་ལྷ་མོ་བཞི། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་ཡོངས་བསྐོར་ཏེ། །འཁོར་བ་བྱ་བའི་མིང་ཡང་མེད། །ཅེས་ལམ་བསྟན་ཏོ། །སྨོན་ལམ་ནི་བདག་ཅག་གིས་དགྱེས་
པ་རྡོ་རྗེ་འཁོར་དང་བཅས་པ་ལ། ཅི་འབྱོར་པའི་མཆོད་པ་དང་། སྦྱིན་སྲེག་རྣམས་ཀྱིས་མཆོད་པས། བདག་དང་ཡོན་བདག་དང་ཚེ་འདས་པ་དང་སེམས་ཅན་ཐམས་ཅད་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་གཉིས་རྫོགས་ཏེ། འདི་ཉིད་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་
པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། འདོད་པའི་དོན་ལ་གསོལ་བ་གདབ་བོ། །དཔལ་དགྱེས་པ་རྡོ་རྗེ་འཁོར་དང་བཅས་པ་ལ་ཕྲིན་ལས་སུ་གསོལ་བ་ནི་བདག་ཅག་དང་། ཡོན་གྱི་བདག་པོ་རྣམས་ལ་ནད་ཀྱི་རིགས་སུ་གྱུར་པ་རླུང་དང་། མཁྲིས་པ་དང་། བད་ཀན་དང་།

འདུས་པ་ལས་གྱུར་པ་ཐམས་ཅད་ཞི་བར་མཛོད་ཅིག །གདོན་གྱི་རིགས་སུ་གྱུར་པ་གདོན་སྟོང་ཕྲག་བརྒྱད་ཅུ་ལས་ཐར་བར་མཛོད་ཅིག །འཕྲལ་གྱི་རྐྱེན་ལས་གྱུར་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། དེ་ནས་བཟོད་པར་གསོལ་ཏོ། །བདག་དུས་སྙིགས་མའི་སེམས་
ཅན་དུ་གྱུར་པས་ཡོ་བྱད་མ་ཚོགས་པ་དང་། བདག་ལས་དང་པོ་པར་གྱུར་པས་སེམས་ལ་དབང་མ་ཐོབ་སྟེ། བྱིང་བ་དང་རྒོད་པའི་དབང་གིས་མི་གསལ་བ་དང་། ཆོ་ག་ཉམས་ཤིང་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོར་མཛད་དུ་གསོལ། དེ་ནས་གཤེགས་
སུ་གསོལ་ལོ། །དེ་ནས་མེ་ལྷ་ལ་ཅི་འབྱོར་པའི་མཆོད་པ་དང་། བསྲེག་རྫས་ལྷག་མ་རྣམས་ཕུལ་ཏེ། འཇིག་རྟེན་དབང་ཕྱུག་ཞེས་བྱ་བ་ལ་སོགས་པས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ། །དྲང་སྲོང་ཆེན་པོ་ཁྱོད་ལ་བདག་གིས་ཅི་འབྱོར་པའི་མཆོད་པ་དང་།
སྦྱིན་སྲེག་རྣམས་ཀྱིས་མཆོད་པས་བདག་ཅག་གི་མི་མཐུན་པའི་ཕྱོགས་ནད་ཀྱི་རིགས་སུ་གྱུར་པ་དང་། གདོན་ཐམས་ཅད་དང་། འཕྲལ་གྱི་རྐྱེན་ཐམས་ཅད་ཞི་བར་མཛད་དུ་གསོལ་ལོ། །འཇིག་རྟེན་འདིའི་ཚེ་རིང་བ་དང་། བསོད་ནམས་དང་། དཔལ་དང་འབྱོར་པ་དང་
གཟི་བརྗིད་རྣམས་ནི་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་བར་མཛད་དུ་གསོལ་ལོ། །བཟོད་པར་གསོལ་ཏེ། བདག་གིས་ཡོ་བྱད་མ་འབྱོར་པ་དང་ཆོ་ག་ཉམས་ཤིང་འཁྲུལ་བ་ཅི་མཆིས་པ་རྣམས་ནི་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ་ཞེས་བརྗོད་ལ་གཤེགས་སུ་གསོལ་ལོ། །དཀྱིལ་
འཁོར་ཕྱགས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནས་རུས་པ་བསྡུས་ནས་ས་ཚ་གདབ་པར་བྱའོ། །དེ་ནས་རུས་པའམ་གོས་སམ་མིང་བྱང་ལ། ས་ཚ་གདབ་ཅིང་དབང་བསྐུར་བྱ། ཞེས་འབྱུང་བས་ས་ཚའི་ཆོ་ག་ཇི་ལྟ་བ་བཞིན་བཏབ་པ་ལ་དཀྱིལ་འཁོར་དུ་དབང་བསྐུར་ཏེ།
རྣམ་པར་ཤེས་པ་དགུག་པ་སྔོན་དུ་འགྲོ་བས། རང་གི་ལྷར་བྱས་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། རིག་པའི་དབང་ལྔ་བརྟུལ་ཞུགས་དང་དྲུག་བསྐུར་རོ། །སྡོམ་པ་འབོགས་པར་མི་བྱ་སྟེ། ཤེས་པ་ཀུན་དུ་ཟིན་ཀྱང་དབང་པོ་མེད་པའི་ཕྱིར་རོ། །རོ་སྲེག་ཆོ་ག་

བདག་གིས་ནི། །བྱས་པའི་དགེ་བ་གང་བསགས་པ། །དེས་ནི་འཇིག་རྟེན་ཐམས་ཅད་ཀྱིས། །དྲི་མེད་ཡེ་ཤེས་ཐོབ་པར་ཤོག །རོ་སྲེག་པའི་ཆོ་ག་སློབ་དཔོན་ནག་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནག་པོ་དང་། འགོས་ལྷས་བཙས་ཀྱིས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་ཧོ་མ་བི་དྷི། བོད་སྐད་དུ། དགྱེས་པ་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག །དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་། །བདག་མེད་མ་ལ་ཕྱག་བྱས་ཏེ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་
གྱིས། །སྦྱིན་སྲེག་ཆོ་ག་བཤད་པར་བྱ། །བདག་གཞན་ཕན་པར་འདོད་པ་ཡིས། །རྣམ་རྟོག་ང་རྒྱལ་སོགས་སྤངས་ཏེ། །ཆོས་ཕྱིར་འབྲང་བའི་བློ་ཡིས་ནི། །སྦྱིན་སྲེག་ཆོ་ག་མཉན་པར་གྱིས། །བླ་མེད་ནང་དང་ཕྱི་ཡི་སྟེ། །སྦྱིན་སྲེག་དབྱེ་བ་རྣམ་པ་གསུམ། །ཡེ་ཤེས་མེ་ལ་ཕུང་པོ་
སོགས། །བུད་ཤིང་བསྲེག་པ་བླ་མེད་ཡིན། །ཁ་ཟས་བཟའ་སོགས་ནང་གིར་བཤད། །ཕྱི་ཡི་བསྲེག་རྫས་སྦྱིན་སྲེག་སྟེ། །དཀྱིལ་འཁོར་འདི་ནི་ལྷག་གནས་དང་། །སྒྲུབ་པའི་དུས་སུ་སྦྱིན་སྲེག་བྱ། །གསང་སྔགས་མ་བཟླས་མི་འགྲུབ་ལ། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །ལས་
རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །བརྩོན་པས་སྦྱིན་སྲེག་ལས་རྣམས་བྱ། །སྡིག་པ་གཞིག་ཕྱིར་ཞི་བ་སྟེ། །བསོད་ནམས་ཡོངས་སུ་སྤེལ་རྒྱས་ཡིན། །ཆགས་པ་བསྒོམ་ཕྱིར་དབང་གྱུར་ཏེ། །རྟོག་པ་བསད་ཕྱིར་མངོན་སྤྱོད་ཡིན། །ཉོན་མོངས་སྡིག་པ་ཞི་བྱེད་ཅིང་། །ཏིང་ངེ་འཛིན་ནི་
རྒྱས་བྱེད་ཕྱིར། །རང་གི་ལྷ་ཡི་སྦྱོར་བས་བདག །ཅི་འདོད་པར་ནི་སེམས་ཀྱིས་བྱ། །དེ་ཕྱིར་ཐམས་ཅད་བཤད་བྱ་སྟེ། །ཐབ་དང་རྫས་ཀྱི་མཚན་ཉིད་དང་། །སྒྲུབ་པ་པོ་དང་ལྷ་དག་དང་། །སྒྲུབ་པའི་ཐབས་དང་རྣམ་པ་ལྔ། །དེ་ལ། སྦྱིན་སྲེག་སྤྱི་ཡི་ཐབས་བཤད་པ། །སེམས་ཅན་
དབྱེ་བ་མཐའ་ཡས་པ། །ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །རིགས་ཀྱི་དབྱེ་བས་ལྔ་རུ་སྟེ། །ཞི་བ་ཁ་དོག་དཀར་པོ་སྟེ། །རྒྱས་པ་གསེར་གྱི་མདོག་ཏུའོ། །དབང་ལ་ཁ་དོག་དམར་པོའོ། །མངོན་སྤྱོད་ལ་ནི་ནག་པོའོ། །དགུག་དང་བསྐྲད་པ་ནག་པོའོ། །ཞི་བ་ལ་ནི་ཟླུམ་པོ་སྟེ། །རྒྱས་

པ་ལ་ནི་གྲུ་བཞི་བྱ། །མངོན་སྤྱོད་ལ་ནི་གྲུ་གསུམ་མོ། །ལྷག་མ་དེར་ནི་བསྒྲུབ་པར་བྱ། །རྒྱ་རུ་ཁྲུ་གང་ཟབས་སུ་ནི། །མཐོ་གང་བ་ནི་ཞི་བ་ཡིན། །རྒྱ་རུ་ཁྲུ་དོ་ཟབས་སུ་ནི། །ཁྲུ་གང་པ་ནི་རྒྱས་པའོ། །རྒྱ་རུ་སོར་མོ་ཉི་ཤུ་ལ། །ཟབས་སུ་སོར་བཅུ་མངོན་སྤྱོད་དོ། །དབང་དང་དགུག་པ་
དེ་དང་འདྲ། །ཞི་བ་ཁ་ཁྱེར་སོར་བཞིས་བསྐོར། །རྒྱས་པ་ལ་ནི་སོར་བརྒྱད་དོ། །མངོན་སྤྱོད་ལ་ནི་སོར་གསུམ་མོ། །དབང་དང་དགུག་ལ་དེ་བཞིན་ནོ། །ཞི་བའི་ཐབ་ཁུང་དབུས་སུ་ནི། །རྡོ་རྗེ་དང་ནི་གྲི་གུག་བྲི། །ཁ་ཁྱེར་ལ་ཡང་རྡོ་རྗེས་བསྐོར། །རྒྱས་པའི་ཐབ་ལ་རིན་པོ་ཆེ། །ཁ་
ཁྱེར་རིན་པོ་ཆེ་ཡིས་བསྐོར། །མངོན་སྤྱོད་ཐབ་ལ་རལ་གྲི་སྟེ། །ཁ་ཁྱེར་ལ་ཡང་རལ་གྲིས་བསྐོར། །དབང་དང་དགུག་ལ་ལྕགས་ཀྱུའོ། །ཁ་ཁྱེར་ལ་ཡང་ལྕགས་ཀྱུས་བསྐོར། །དེ་འདྲའི་ཐབ་ཁུང་ཀུན་ལ་ཡང་། །ཁ་དོག་མཐུན་པའི་དྲི་ཡིས་བྱུག །ཞི་བ་ཤར་གྱི་ཕྱོགས་སུ་བྱ། །
རྒྱས་པ་བྱང་གི་ཕྱོགས་སུ་བྱ། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་དོ། །ནུབ་ཀྱི་ཕྱོགས་སུ་དབང་དང་དགུག །ཞི་བ་ས་གཞི་དཀར་པོ་སྟེ། །རྒྱས་པ་ས་གཞི་སེར་པོའོ། །དབང་ནི་ས་གཞི་དམར་པོ་ལ། །མངོན་སྤྱོད་ས་གཞི་ནག་པོ་ལ། །ཞི་བ་ཕལ་ཆེར་སྲོད་ལ་བྱ། །རྒྱས་པ་སྔ་དྲོ་བྱ་བར་
བཤད། །དབང་ནི་དགོངས་ཀའི་དུས་སུའོ། །མངོན་སྤྱོད་ནམ་ཕྱེད་ཉིན་ཕྱེད་བྱ། །ཚོན་གྱིས་རྗེས་མཐུན་བྲི་བའམ། །ཡང་ན་མེ་ཏོག་དག་ཀྱང་རུང་། །ཐབ་ཁུང་དག་ནི་དེ་ལྟར་བྱ། །རྫས་རྣམས་འདི་ལྟར་ཤེས་པར་བྱ། །ཞི་བ་མར་དང་ཏིལ་གྱིས་སོ། །རྒྱས་པ་ལ་ནི་ཞོ་དང་ཟན། །
དབང་དང་དགུག་ལ་ཨུཏྤལ། །མངོན་སྤྱོད་ལ་ནི་ཚེར་མས་སོ། །བསྐྲད་པ་ལ་ཡང་ཚེར་མས་སོ། །ཀུན་ལ་མཐུན་པར་འདི་དག་སྟེ། །བསང་གཏོར་དྲི་དང་བྱུག་པ་དང་། །མེ་ཏོག་མར་མེ་ལྷ་བཤོས་དང་། །ཡམ་ཤིང་ཀུ་ཤའི་མྱུ་གུ་དང་། །མར་དང་སྦྲང་རྩི་དཱུར་བ་དང་། །གླ་གོར་
ཞོ་ཤ་ཛཱ་ཏི་སོགས། །འབྲས་བུ་རྣམ་པ་སྣ་ཚོགས་དང་། །གཞན་ཡང་ཞུ་བའི་རྫས་རྣམས་དང་། །མ་གྲུགས་འབྲས་དང་གྲོ་དང་འབྲུ། །ནས་ཐུག་དང་ནི་གྲོ་ཐུག་དང་། །བདུད་རྩི་ལྔ་དང་འོ་མ་དང་། །མཆོད་ཡོན་དང་ནི་ཞབས་བསིལ་དང་། །མངོན་སྤྱོད་ལ་ནི་བསྒྲུབ་བྱ་ཡི། །རྐང་

རྗེས་ས་དང་བཤང་བ་གཅི། །ཁྲག་དང་མི་རུས་ཕྱེ་མ་དང་། །དུག་དང་སྐེ་ཚེ་ལན་ཚྭ་དང་། །དཔའ་བོ་ལྔ་དང་ཁྲ་ཡི་ཤ །གཞན་དག་དགང་གཟར་བླུགས་གཟར་རོ། །མཆོད་ཡོན་ལ་སོགས་སྣོད་རྣམས་སོ། །ཡལ་གའི་རྩེ་མོའི་ཆ་ལས་བྱུང་། །བུད་ཤིང་ཞི་བའི་
ལས་ལ་འདོད། །ཡལ་གའི་དབུས་ཀྱི་ཆ་ལས་བྱུང་། །བུད་ཤིང་མངོན་སྤྱོད་ལས་ལ་འདོད། །མཆོད་སྦྱིན་ལ་སོགས་ཤིང་ལས་བྱུང་། །ཡམ་ཤིང་སོར་ནི་བཅུ་གཉིས་པ། །དེས་ནི་ཞི་བའི་ལས་ལ་ཤིས། །རྒྱས་པ་ལ་ནི་ཁྲུ་གང་ངོ་། །དབང་དང་དགུག་ནི་ཞི་དང་འདྲ། །མངོན་སྤྱོད་
ལ་ནི་སོར་བཅུའོ། །ཞི་བ་ལ་ནི་མགོན་མེད་དང་། །བྲམ་ཟེ་ཐ་མལ་པ་ཡི་མེ། །རྒྱས་པ་ལ་ནི་རྒྱལ་རིགས་སམ། །རྗེའུ་རིགས་ལས་བྱུང་མེ་ཡིས་བྱ། །དབང་དང་དགུག་ལ་སྨད་པ་དང་། །ལམ་དུ་བྱུང་བའི་མེ་ཡིས་བྱའོ། །མངོན་སྤྱོད་ལ་ནི་གདོལ་པའམ། །རྡོ་ལས་བྱུང་བའི་མེ་ཡིས་
བྱའོ། །དགང་གཟར་བླུགས་གཟར་ཡུ་བ་ཁྲུ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །དེ་སྟེང་དགང་གཟར་རྒྱར་སོར་བཞི། །མཆུ་ནི་པདྨ་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས་སོར་གཉིས། །ཁ་ལ་རྡོ་རྗེས་མཚན་པའོ། །ཁ་དོག་ཁྱད་པར་ལས་ཀྱི་རིམ། །རྗེས་སུ་མཐུན་
པར་དབུལ་བར་བྱའོ། །སློབ་དཔོན་དག་གམ་སྒྲུབ་པ་པོ། །མཚན་ཉིད་མ་ཆད་ཡང་དག་ལྡན། །སྦྱིན་སྲེག་ལས་ལ་མཁས་པ་ཡིས། །བརྩེ་བས་སྦྱིན་སྲེག་ལས་རྣམས་བྱ། །འདི་ནི་ལྷ་ནི་རྣམ་གསུམ་སྟེ། །བསྲེག་བྱ་ལེན་དང་ལས་བྱེད་དང་། །མཆོད་པར་བྱ་བའི་མེ་ལྷ་སྟེ། །
མཚན་ཉིད་འོག་ནས་ཤེས་པར་བྱ། །ཐབ་ནི་འདི་ལྟར་ཤེས་པར་བྱ། །དེ་ནས་སྒྲུབ་པ་པོ་དེ་ཡིས། །ཁྲུས་ལ་སོགས་པ་སྔར་བྱས་ཏེ། །སྦྱིན་སྲེག་ཁང་པར་ལེགས་འདུག་ལ། །ལས་དང་རྗེས་སུ་མཐུན་པ་ཡི། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །དེ་ནས་བསང་གཏོར་
སྣོད་ལ་ནི། །གསང་སྔགས་འདི་དག་བརྗོད་པར་བྱ། །ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི་ཡིས་རྫས་རྣམས་བསྲུང་བར་བྱ། །དེ་ནས་མཆོད་ཡོན་ལ་སོགས་ལ། །རང་རང་གསང་སྔགས་བཟླས་པའམ། །ཡང་ན་འདི་དག་བཟླས་བརྗོད་བྱ། །ཨོཾ་ཨཱཿཧཱུཾ། ཐམས་ཅད་དག་

པར་མོས་བྱས་ཏེ། །གོང་ནས་བཤད་པའི་མེ་བླངས་ལ། །དེ་ལ་རཀྴས་བསང་གཏོར་བྱ། །ཐབ་ཁུང་བསང་ཞིང་མེ་བཅུག་ལ། །རླུང་ཡབ་ཀྱིས་ནི་སྦར་བར་བྱ། །ཨོཾ་ཨ་ཧེ་རུ་ཀ་བཛྲ་ཛྭ་ལ་ཛྭ་ལ་རཾ་ཧཱུཾ། དེ་ནས་བགེགས་ནི་བཅིང་བའི་ཕྱིར། །སྔགས་ནི་འདི་དག་བརྗོད་ནས་སུ། །
ཤར་དང་ལྷོ་དང་ནུབ་དང་བྱང་། །དེ་བཅིངས་སྟེང་དུའང་བཅིང་བར་བྱ། །ཨོཾ་སརྦྦ་བིགྷྣན་ཧཱུཾ་ཕཊ། སྟོང་པ་ཉིད་དུ་བྱེད་པ་ཡི། །རྒྱལ་བའི་སྔགས་འདི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པར་རྃ་སྐྱེས་ཧཱུཾ་དངོས་ལས། །སྣ་ཚོགས་རྡོ་རྗེ་བསམ་བྱ་ཞིང་། །
འགྲོ་བའི་བདུད་རྣམས་ཞི་བྱེད་པ། །ཧཱུཾ་ལས་འོད་ཟེར་སྤྲོ་བར་བྱ། །གསང་སྔགས་འདི་དག་བརྗོད་པར་བྱ། །ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དེ་ལས་རྡོ་རྗེས་བསྐོར་བའི་གུར། །ར་བ་ཡང་ནི་བསྐོར་བར་བྱ། །རྡོ་རྗེ་ས་དང་ནམ་མཁའི་དབྱིངས། །ཡཾ་རཾ་བཾ་ལཾ། འབྱུང་བའི་དཀྱིལ་འཁོར་
བཞི་དང་ནི། །བྷཱུཾ་གྱི་དཀྱིལ་འཁོར་ལས་བྱུང་བའི། །གཞལ་ཡས་ཁང་ནི་བསམ་པར་བྱ། །དེ་དབུས་ཧཱུྃ་ལས་བྱུང་བ་ཡི། །ཐབ་ཁུང་དག་ནི་བསམ་པར་བྱ། །དེར་ནི་རཾ་ལས་བྱུང་བ་ཡི། །མེ་ནི་གྲུ་གསུམ་འབར་བའོ། །དེར་ནི་པཾ་ལས་པདྨ་བསམ། །མངོན་པར་བྱང་ཆུབ་
ལྔ་ཡིས་ནི། །རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའ་ཡོངས་གྱུར་པས། །རཾ་ལས་བྱུང་བའི་མེ་ལྷ་བསམ། །ཞི་བའི་མེ་ལྷ་བྷ་ག་མེ། །རྒྱས་པ་ལ་ནི་དབང་ཆེན་མེ། །དབང་དང་དགུག་ལ་འདོད་པའི་མེ། །མངོན་
སྤྱོད་ལ་ནི་གསོད་པའི་མེ། །ཞལ་གསུམ་ཕྱག་ནི་དྲུག་པ་ལ། །དང་པོས་རིག་མ་ཡང་དག་འཁྱུད། །ཁ་དོག་ཕྱག་རྒྱ་ལས་ཀྱི་རིགས། །ཇི་ལྟར་འབར་བ་བསམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་མེ་ལྷ་སྤྱན་དྲངས་ནས། །དམ་ཚིག་མེ་ལྷར་བསྟིམ་
པར་བྱ། །གཽ་རཱི་ལ་སོགས་བཞི་པོ་ཡིས། །དགུག་གཞུག་བཅིང་ལ་དབང་དུ་བྱ། །མིག་དང་སྐུ་གཟུགས་བྱིན་གྱིས་བརླབས། །ཐུགས་ཀའི་ས་བོན་འོད་ཟེར་གྱིས། །ཕྱོགས་བཅུ་མགོན་པོ་བསྐུལ་ནས་ནི། །དབང་བསྐུར་བ་ནི་བླང་བར་བྱ། །ཞི་བའི་མེ་ལྷ་རྣམ་སྣང་མཛད། །

རྒྱས་པ་ལ་ནི་རིན་ཆེན་འབྱུང་། །དབང་དང་དགུག་ལ་འོད་དཔག་མེད། །མངོན་སྤྱོད་ལ་ནི་མི་བསྐྱོད་པ། །དབུ་རྒྱན་ལ་ནི་བསམ་པ་ཡིན། །མཆོད་ཡོན་བསང་གཏོར་ཞབས་བསིལ་དབུལ། །དེ་ནས་མེ་ལྷའི་ལྕེ་དང་ནི། །དགང་གཟར་བླུགས་གཟར་ནང་དུ་ནི། །
ཡི་གེ་རཾ་ནི་རྣམ་དགོད་དོ། །དགང་བླུགས་བདུན་ནམ་གསུམ་མམ་གཅིག །མེ་ལྷའི་སྔགས་ཀྱིས་དབུལ་བར་བྱ། །དེ་ནས་ལེགས་པར་མེ་དེ་ལ། །འབར་བའི་མཚན་མ་བརྟག་པར་བྱ། །ངན་པ་སྤང་བར་བྱ་བའོ། །དེ་ནས་མཆོད་པའི་ཡན་ལག་ཀུན། །བསང་གཏོར་གྱིས་ནི་
བསང་བྱས་ནས། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བསང་གཏོར་གྱི་སྔགས་སོ། །ཨོཾ་ཨཱཿབཛྲ་ར་ལེ་ཧཱུཾ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་ཨཱཿནི་རི་ཏི་ཧཱུྃ། ཞབས་བསིལ་གྱི་སྔགས་སོ། །ཨོཾ་ཨཱཿབཛྲ་དྷུ་པྤེ་ཧཱུཾ། བདུག་པའི་འོ། །ཨོཾ་
ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། མེ་ཏོག་གིའོ། །ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུཾ་སྭཱ་ཧཱ། མར་མེའི་འོ། །ཨོཾ་ཨཱཿབཛྲ་གྷནྡྷེ་ཧཱུཾ་སྭཱ་ཧཱ། དྲིའི་འོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། བཤོས་ཀྱིའོ། །ཨོཾ་སརྦྦ་པཱ་པཾ་ཧ་ན་ད་ཧ་ཧཱུཾ། འདི་ཞེས་བྱ་བའི་
སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་སརྦྦ་སཾ་བ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་བཛྲ་ཡཱ་ཛྙཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་བོ་དྷི་བྲྀཀྴཱ་ཡ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་བཛྲ་གྷསྨ་རཱི་ཡ་སྭཱ་ཧཱ། གྲོ་དབུལ་ལོ། །ཨོཾ་
མ་ཧཱ་བེ་ག་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲུ་དབུལ་ལོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཤའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་མ་ཧཱ་ཤཱ་དྷ་ཡེ་སྭཱ་ཧཱ། སྟ་རྒ་དང་། གླ་གོར་ཞོ་ཤ་དང་། ཛཱ་ཏི་ཕ་
ལ་རྣམས་ཀྱིའོ། །གཞན་ཡང་ཞུ་བའི་རྫས་རྣམས་ནི་ལྷའི་སྔགས་ཀྱིས་དབུལ་བར་བྱའོ། །ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལ་སརྦྦ་བྷསྨི་ཀུ་རུ་དྲྀ་ཤྱ་ཧོ་ཛཿ་ཧཱུཾ་བཾ་ཧོཿས་མ་ཡ་ཧོ། །ས་མ་ཡ་སྟཾ་ཨ྅ཧཾ། མཐར་ཡང་མར་གྱི་དགང་བླུགས་དབུལ། །བསང་གཏོར་ཞབས་

བསིལ་ཕུལ་ནས་ཀྱང་། །བསྟོད་པ་འདི་ཡིས་བསྟོད་པར་བྱ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བའི། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཨོཾ་སརྦ་
ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་བདུད་རྩི་དབུལ་བར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་མེ་ལྷའི་ཐུགས་ཀར་ནི། །དཀྱིལ་འཁོར་ལྷ་རྣམས་བསམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་
ལ། །གཽ་རཱི་ལ་སོགས་བཞི་པོ་ཡིས། །དགུག་གཞུག་བཅིངས་ལ་དབང་དུ་བྱ། །དེ་ནས་སྔགས་དང་བསྲུང་བ་བྱ། །མཆོད་ཡོན་ཞབས་བསིལ་དབུལ་བར་བྱ། །མིག་དང་སྐུ་གཟུགས་བྱིན་བརླབས་ལ། །དབང་བསྐུར་བ་ནི་བླང་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་
ཀོ྅ཧོ། དེ་ནས་རྫས་རྣམས་བསང་བྱ་སྟེ། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །ཁྱད་པར་གསུངས་པའི་རྫས་རྣམས་ནི། །ཇི་ལྟར་ནུས་རྗེས་དབུལ་བར་བྱ། །ལས་རྣམས་ཡང་དག་བསྒྲུབ་པའི་ཕྱིར། །ཞི་དང་རྒྱས་དང་དབང་དང་དྲག །སྔགས་ཀྱི་མཇུག་ཏུ་འདི་གདགས་སོ། །
ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཥྚི་ཀུ་རུ་ཨོཾ། བ་ཤཾ་ཀུ་རུ་ཧོཿམཱ་ར་ཡ་ཕཊ། ལྷ་རྣམས་གཟི་བྱིན་བསྐྱེད་པའི་ཕྱིར། །མར་གྱིས་དགང་བའི་དགང་བླུགས་དབུལ། །མཆོད་ཡོན་བསང་གཏོར་ཕུལ་ནས་ནི། །བསྟོད་པ་དག་ནི་འདི་དག་བྱ། །དེ་ནས་བདུད་རྩི་མྱང་བྱ་སྟེ། །བཟོད་པར་གསོལ་ཏེ་
གཤེགས་སུ་གསོལ། །དམ་ཚིག་ལྷ་རྣམས་ཐུགས་ཀར་བསྡུ། །དེ་ནས་བར་ཆོད་ཞི་བྱའི་ཕྱིར། །ཕྱོགས་སྐྱོང་ལ་སོགས་མགྲོན་རྣམས་ལ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུ་ཏྤན་ན་ཏྭཏ། ཨོཾ་ཨཱཿཧཱུཾ་ཕཊ། སྔགས་འདི་ཡིས་ནི་བྱིན་གྱིས་བརླབས། །རང་རང་སྔགས་ཀྱིས་
གཏོར་མ་དབུལ། །དེ་ནས་ཡེ་ཤེས་མེ་ལྷ་ལ། །མཆོད་པ་དབུལ་ཞིང་བསྟོད་པ་བྱ། །གཤེགས་དང་བདུད་རྩི་མྱང་བ་བྱ། །བསང་གཏོར་འཐོར་འཐུང་ཕུལ་ནས་སུ། །བཟོད་པ་གསོལ་ཏེ་གཤེགས་སུ་གསོལ། །བདག་གི་དོན་དང་གཞན་གྱི་དོན། །བྱས་ཟིན་བྱིན་ཟ་གཤེགས་སུ་

གསོལ། །ཐུགས་ནི་བརྩེ་བར་དགོངས་ནས་ཀྱང་། །སླར་ཡང་གཤེགས་པར་མཛད་དུ་གསོལ། །དམ་ཚིག་མེ་ལྷ་འབར་བར་བསྟིམ། །དགེ་བའི་རྩ་བ་བསྔོ་བྱ་སྟེ། །རང་ལྷའི་ང་རྒྱལ་དང་ལྡན་པས། །ཇི་ལྟ་བར་ནི་གནས་པར་བྱའོ། །མཁའ་ལ་ཆར་པ་འབབ་པ་ཡིས། །
རྡོ་ཡི་སྟེང་དུ་རྩྭ་སྐྱེས་ལྟར། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །རྟོག་གེ་བདག་འདྲའང་བཤད་པར་མོས། །བདག་ནི་ཤེས་རབ་མི་གསལ་ཞིང་། །རྒྱུད་སོགས་དོན་ལ་དམན་གྱུར་པས། །གཞུང་རྒྱས་རྗེས་སུ་མི་མཐུན་པ། །རྒྱལ་སྲས་རྣམས་ཀྱིས་བཟོད་པར་གསོལ། །བཅོམ་
ལྡན་དགྱེས་པ་རྡོ་རྗེ་ཡི། །སྦྱིན་སྲེག་ཆོ་ག་བཤད་པ་འདིའི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་པ། །དགྱེས་པ་རྡོ་རྗེ་མྱུར་ཐོབ་ཤོག །དཔལ་དགྱེས་པ་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ནག་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་
ཡ་དྷ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། བོད་སྐད་དུ། རབ་གནས་ཀྱི་ཆོ་གའི་ཚུལ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་
འཚལ་ལོ། །ངེས་པའི་ཚིག་དང་རྣམ་པར་དབྱེ་བ་དང་། །ཆོ་ག་རིམ་པར་ཕྱེ་སྟེ་རབ་གནས་བཤད། །དེ་ལ་དང་པོར་ངེས་པའི་ཚིག་ནི་པྲ་ཀ་ཤ་ཎ་ནཱ་དི་པྲ་ཏིཥྛ་ཞེས་བྱ་བ་སྟེ། མཆོག་ཏུ་གནས་པས་རབ་གནས་ཞེས་བྱའོ། །དེ་ཡང་ཡུན་རིང་བས་མཆོག་དང་། ཁྱད་པར་དུ་གྱུར་
པས་མཆོག་གོ། །དེ་ལ་ཡུན་རིང་བ་ནི་མཆོག་ཐམས་ཅད་དོ། །ཁྱད་པར་དུ་གྱུར་པ་ནི་མཆོག་གནས་ཐམས་ཅད་དེ། ཡེ་ཤེས་སེམས་དཔའི་རང་བཞིན་དུ་བྱས་པའི་ཕྱིར་རོ། །རྣམ་པར་དབྱེ་བ་ལ་གཉིས་ཏེ། གཞིས་རྣམ་པར་དབྱེ་བ་དང་། ཆོ་ག་རྣམ་པར་དབྱེ་བའོ། །
དེ་ལ་གཞིས་རྣམ་པར་དབྱེ་བ་ལ་གསུམ་སྟེ། སྐུའི་བདག་ཉིད་དུ་རབ་གནས་བྱ་བ་དང་། གསུང་གི་བདག་ཉིད་དུ་རབ་གནས་བྱ་བ་དང་། ཐུགས་ཀྱི་བདག་ཉིད་དུ་རབ་གནས་བྱ་བའོ། །དེ་ལ་སྐུའི་བདག་ཉིད་དུ་རབ་གནས་བྱ་བ་ནི་མཆོད་རྟེན་དང་། གཙུག་ལག་ཁང་དང་།

རྡོ་རིངས་དང་། ཤིང་ལྗོན་པ་དང་། ཁྲོན་པ་དང་། ཆུ་མིག་དང་། ལྟེང་ཀ་དང་། རྟ་བབས་དང་། ཤིང་རིངས་རྣམས་སོ། །གསུང་གི་བདག་ཉིད་དུ་རབ་གནས་བྱ་བ་ནི་ཕྲེང་བ་དང་། འཇིག་རྟེན་པའི་གླེགས་བམ་དང་། འཇིག་རྟེན་ལས་འདས་པའི་གླེགས་བམ་རྣམས་སོ། །
རིགས་སོ་སོའི་བདག་ཉིད་དུ་རབ་གནས་བྱ་བ་ནི་སྐུ་གཟུགས་རྣམས་རང་རང་གི་སྐུ་གང་ཡིན་པ་དེ་ཉིད་དུ་རབ་གནས་བྱའོ། །ཆོ་ག་རྣམ་པར་དབྱེ་བ་ནི་ཆོ་ག་རྒྱས་པ་དང་། མདོར་བསྡུས་པ་ཉིད་དོ། །ད་ནི་ཆོ་ག་རིམ་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་རབ་གནས་བྱེད་པའི་སློབ་དཔོན་
གྱིས། ཟླ་བ་དང་། ཚེས་གྲངས་དང་། གཟའ་དང་། རྒྱུ་སྐར་ཤིས་པ་ལ་བྱ་སྟེ། དེ་ཡང་། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བའི་རབ་གནས་ལ་སོགས་ཉིད། །ཅེས་པས་སོ། །དུས་དེ་དག་ལ་
གནས་ཡིད་དུ་འོང་བར། བླ་རེ་དང་ཡོལ་བ་དང་འཕན་ལ་སོགས་པས་བརྒྱན་ཅིང་མེ་ཏོག་བཀྲམ་སྟེ། དྲི་ཞིམ་པོར་བྱས་ལ། གནས་དེར་སྟེགས་བུ་ཁྲུ་དོ་པ། རྒྱར་ཁྲུ་བཞི་པ། གྲུ་བཞི་ལྷམ་པ་མཛེས་པ། འཇམ་པ་ཟུར་བཞི་ཡ་ཡོ་མེད་པ་གཅིག་བྱས་ཏེ། དེ་ཡང་རྡོའམ།
སོ་ཕག་དང་། ཕག་གུ་ལས་བྱས་པ། རྡོ་ཐལ་གྱིས་དཀར་པོར་བྱུག་གོ། །སྟེགས་བུ་དེའི་སྟེང་དུ་རབ་གནས་བྱ་བའི་ལྷ་ལ་ཁྲུས་གསོལ་བ་དང་། མཆོད་པ་ལ་སོགས་པ་བྱའོ། །དེ་ལ་ཆོ་གའི་རིམ་པ་ནི་དང་པོར་སྟེགས་བུའི་སྟེང་དུ་སྐུ་གཟུགས་ཞལ་ཤར་དུ་བལྟས་པ་བཞུགས་
པ་ལ། རས་སེར་པོ་སྐུ་ལ་གསོལ་ཏེ། ཨོཾ་བཛྲ་ཝ་སྟྲ་ཧཱུཾ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་ཧཱུཾ་ཞེས་བཟླས་པའི་ཡུངས་ཀར་ཆུའི་ཤིས་པ་དེ། ལན་གསུམ་དུ་གཡས་གཡོན་ནས་བསྐོར་ཏེ། མེ་རུ་དོར་ཏེ་ངེས་པར་སྦྱང་ངོ་། །དེ་ནས་བའི་རྣམ་ལྔ་དང་། བདུད་རྩི་ལྔ་དང་
བཅས་པའི་ཁམ་ཕོར་བཞག་ལ། དཱུར་བའི་པིར་གྱིས་བླང་ཞིང་སྔགས་འདིས་བཀྲུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་དག་པར་གྱུར་པ་ན། ཏིལ་མར་དྲི་ཞིམ་པོས་བསྒོས་པ་ཁར་བའི་སྣོད་དུ་བཞག་ལ། དཱུར་བའི་པིར་གྱིས་བླང་ཞིང་། སྔགས་

བཟླས་པས་སྐུ་ཁྱབ་པར་ལེགས་པར་བྱུགས་ཏེ། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཁཾ་ཞེས་པས་སོ། །དེ་ནས་ཏིལ་མར་བསལ་བའི་ཕྱིར། ཤུན་ལྤགས་ལྔ་པོའི་ཕྱེ་མ་དང་སྦྱར་བའི་ཆུས་བཀྲུའོ། །དེ་ནས་ཡང་ཨ་མ་ཀ་ལ་སོགས་པའི་འདག་ཆལ་གྱི་ལྡེ་གུས་བྱུགས་ལ།
བུམ་པ་ཆུ་གཙང་མ་བདུད་རྩི་ལྔ་དང་སྦྱར་བས་དབང་བསྐུར་བའི་ཁྲུས་གསོལ་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་དྲིལ་བུ་གསིལ་ཏེ། གླུ་གར་དང་རོལ་མོ་སིལ་སྙན་དུ་མ་སྒྲོགས་ཤིང་ཆུ་བུམ་པས་བླུགས་སོ། །དེའི་ཚེ་སློབ་དཔོན་གྱིས་ནམ་མཁའ་ལ་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་དང་། གྲུབ་པའི་རིག་འཛིན་དང་། ལྷ་དང་ལྷ་མོ་མང་པོས་ཀྱང་བདུད་རྩིའི་ཆུ་བླུགས་པར་བསམས་ལ། ཚིགས་སུ་བཅད་པ་དང་བཅས་པས་སྔགས་འདི་བརྗོད་ཅིང་དབང་བསྐུར་ཏེ་ཁྲུས་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་
གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་ལྟར་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ། ཨཱཿསྭཱ་ཧཱ། དེ་ནས་རས་དམར་པོས་སྐུ་ལ་ཆགས་པའི་ཆུ་ལེགས་པར་ཕྱིས་ཏེ། འདི་ནི་ཁྲུས་ཀྱི་ཆོ་གའོ། །དེ་ནས་ཙནྡན་
གཉིས་དང་གུར་ཀུམ་དང་ལ་གུ་དང་སྐྲན་དེ་ཀ་ཏེ། དྲིའི་ལྡེ་གུས་ལྷའི་ཐུགས་ཀར་བྱུགས་ཏེ། སྔགས་འདི་བརྗོད་དོ། །ཨོཾ་བཛྲ་གནྡྷེ་ཨཱཿསྭཱ་ཧཱ། དེ་ནས་མེ་ཏོག་དང་སྤོས་དང་། མར་མེ་དང་དྲི་ཆབ་དང་། ལྷ་བཤོས་རྣམས་རང་རང་གི་སྔགས་ཀྱིས་ཕུལ་ལ། ཐུགས་ཀ་
དང་མགུར་དང་སྤྱི་བོ་དང་། ཕྲག་པ་རྣམས་སུ་རྡོ་རྗེ་དང་བཅས་པའི་ལག་པས་ལན་གསུམ་དུ་རེག་ལ་ལག་པར་བདུག་སྤོས་ཐོགས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ཏེ། སྟ་གོན་ལ་གནས་པར་བྱ་བའི་ཕྱིར། འདི་སྐད་ཅེས་ལན་
གསུམ་བརྗོད་པར་བྱའོ། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ནི་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །སང་ནི་རབ་གནས་བགྱིད་པ་ལགས། །གུས་པས་བདག་

དང་དམ་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་པར་རིགས། །འགྲོ་ལ་འཁོར་ལོའི་མཛད་དོན་སྦྱིན། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས། །གང་ཡང་སྔགས་ཀྱི་ལྷ་གཞན་དང་། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །
བསྟན་པ་ལ་ནི་མངོན་དགའ་ཞིང་། །བྱང་ཆུབ་སེམས་ལ་རྟེན་འབྱུང་ལ། །རྡོ་རྗེའི་སྤྱན་ལྡན་སེམས་ཅན་གཞན། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །རིག་པའི་རྒྱལ་པོ་འདི་ཡི་ནི། །ཇི་ལྟར་ནུས་པའི་མཆོད་པ་དང་། །འགྲོ་བ་ཞི་ཕྱིར་རབ་གནས་བགྱིད། །སློབ་མ་མཆོག་དང་
བདག་ལ་ནི། །ཁྱོད་ཀྱིས་ཐུགས་བརྩེས་ཉེར་བཟུང་ནས། །རབ་གནས་འདི་ལ་ཐམས་ཅད་ཀྱིས། །ཐུགས་བརྩེར་ལྡན་པས་གནང་པར་མཛོད། །དེ་སྐད་ཅེས་བརྗོད་པས་ཕྱོགས་བཅུའི་སངས་རྒྱས་ལ་སོགས་པ་ཐམས་ཅད་རབ་གནས་ཀྱི་གནས་དེའི་ནམ་མཁའ་ལ་བྱོན་པར་བསམ་
མོ། །དེ་ནས་རབ་གནས་བྱ་བའི་གཞི་སྟེ། སྟོང་པ་ཉིད་དུ་བསྒོམས་ལ་པདྨ་དང་ཟླ་བ་ལ་སོགས་པའི་རིམ་པས་རིགས་ཀྱིས་སམ། ཡང་ན་ཡིག་འབྲུ་ལས་ཡུད་ཙམ་གྱིས་ལྷར་བསྐྱེད་དོ། །དེ་ནས་རང་གི་སྙིང་གར་འོད་ཟེར་བྱུང་བས། །ཡེ་ཤེས་སེམས་དཔའ་བཀུག་སྟེ། །མདུན་དུ་བྱོན་པར་
བསམས་ལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུཾ་ཞེས་པས་ཡོན་ཆབ་དབུལ་ཏེ། ཨོཾ་ནི་རི་ཏི་ཧཱུཾ་ཁཾ་ཞེས་པས་ཞལ་བསིལ་དབུལ་ལོ། །ཨོཾ་སརྦྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་ཞབས་བསིལ་དབུལ་ལོ། །ཡང་མེ་ཏོག་དང་། སྤོས་དང་མར་མེ་དང་། དྲི་དང་བཤོས་དང་། དྲིལ་བུའི་སྒྲ་དག་ཕུལ་ལ།
ཛཿཧཱུཾ་བཾ་ཧོཿ། །ཞེས་པས་དམ་ཚིག་སེམས་དཔའ་ལ་བསྟིམས་ཏེ་དབང་བསྐུར་ལ་རྒྱས་གདབ་སྟེ། ཡང་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་བཤོས་དང་སིལ་སྙན་རྣམས་ཕུལ་ལ། ལྷ་དེའི་སྔགས་མང་དུ་བཟླས་ཏེ། དེ་ནས་ཡི་གེ་བརྒྱ་པ་མུཿདང་བཅས་
པས་གཤེགས་སུ་གསོལ་ལོ། །འདི་ནི་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་ནང་པར་སྟེགས་བུའི་གནས་དེར་མཆོད་པ་ཅི་འབྱོར་པ་དང་། གསེར་གྱི་ཐུར་མ་ཨཉྫ་ན་དང་བཅས་པ་བཤམས་ལ་རབ་ཏུ་གནས་པར་བྱ་སྟེ། དེ་ཡང་དང་པོར་སློབ་དཔོན་གྱི་ལག་

ཏུ་སྤོས་ཐོགས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ཏེ། བཅོམ་ལྡན་ཞེས་པ་ནས། ཐུགས་བརྩེར་ལྡན་ཞེས་པ་ནས། གནང་བར་མཛོད་ཅེས་པའི་བར་དུ་བརྗོད་པས་ལྷ་རྣམས་བསྐུལ་ཏེ། དེ་ཡང་སང་ནི་
ཞེས་པའི་སྐབས་སུ་དེ་རིང་ཞེས་པ་སྦྱར་ལ། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ཡོན་ཆབ་དང་ཞབས་བསིལ་ལ་སོགས་པའི་མཆོད་པའི་ཚོགས་ཕུལ་ལ་ལྷ་ཐམས་ཅད་ཀྱི་སྐུ་གཟུགས་ལ་བསྟིམས་ཏེ། ཡང་མཆོད་པ་བྱས་ལ། ཨོཾ་བཛྲ་ཨཱ་བྷ་ར་ཎ་ཝ་པུ་ཥ་ནེ་སྭཱ་ཧཱ།
ཞེས་པས་རྒྱན་ཅི་འབྱོར་པ་ཡང་འབུལ་ལོ། །དེ་ནས་བསྟོད་པ་ཡང་བྱ་སྟེ། གསེར་གྱི་ཐུར་མ་ཨཉྫ་ན་བྱུགས་པས་སྤྱན་ཕྱེ་སྟེ། སྔགས་འདིས་སོ། །ཨོཾ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་བཛྲ་སྭཱ་ཧཱ། ཞེས་ཟློས་ཤིང་། དེ་ནས་དི་བྱ་ཨགྣེ་ས་མཱ་དྷི་དྷྱ་ན་པྲ་ཎ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་།
བཟའ་བ་བཟང་པོ་ཅུང་ཟད་ཅིག་ཟངས་བུར་སྐུ་ལ་གསོལ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་བཟླས་ཤིང་། སྐུའི་ཞབས་དང་། རྐེད་པ་དང་དབུ་ལ། ལག་པ་གཡས་པ་གཅུས་པས་རྡོ་རྗེ་ལན་གསུམ་དུ་བསྐོར་ཏེ་བརྟན་པར་བྱས་ལ། སྟེགས་བུའི་སྟེང་དུ་སྐུའི་ཆ་གསུམ་
པའི་ཁྲི་ལ། ཧ་ཅང་ཡང་མ་འདུད་པ་དང་། མ་གྱེད་པ་དང་། མ་ཡོ་བར་ཅི་མཛེས་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བརྗོད་ལ་བཞག་གོ། །དེ་ནས་སློབ་མ་བརྗོད་པ་ནི། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་རབ་གནས་
པའི། །དེ་ནི་ངས་ཀྱང་བྱས་གྱུར་ཏེ། །ཁྱོད་ཀྱིས་དེ་ནི་རབ་རྫོགས་པས། །ཅི་བདེ་བར་ནི་མཆོད་པར་གྱིས། །སློབ་མས་ཀྱང་སྐུ་ལ་ཅི་འབྱོར་བ་ཕུལ་ལ་བསྟོད་པར་ཡང་བྱ་སྟེ། ལན་དུ་མར་བསྐོར་བ་བྱ་བའོ། །དེ་ནས་སློབ་དཔོན་གྱིས་གཏོར་མ་བྱིན་ལ། སྐུ་གཟུགས་བྱིན་ཆེ་ཞིང་བཀྲ་
ཤིས་པ་དང་། ཡུན་རིང་དུ་བཞུགས་པའི་ཕྱིར་ཆོས་སྐྱོང་བའི་སྲུང་མ་ལ་གསོལ་བ་གདབ་པོ། །འབྱོར་པ་དེ་ཡོད་ན་ཟངས་བུར་ཟས་ཕུལ་བའི་རྗེས་ལ་རྒྱས་པའི་སྦྱིན་སྲེག་བྱའོ། །འདི་ནི་རབ་གནས་རྒྱས་པའོ།། །།རབ་གནས་མདོར་བསྡུས་པ་ནི་སྟ་གོན་ལ་གནས་པ་མི་བྱ་

བར་ཉིན་གཅིག་ལ་ཁྲུས་ལ་སོགས་པ་སྔར་སྨོས་པ་བཞིན་དུ་རྫོགས་པར་བྱའོ། །དེ་ལ་གླེགས་བམ་དང་། བྲིས་སྐུ་དང་། ལྡེར་སོ་ལ་སོགས་པ་ལ་ནི་མེ་ལོང་ལ་ཁྲུས་བྱའོ། །ལུགས་མ་ལ་སོགས་པ་ནི་དངོས་སུ་ཁྲུས་བྱའོ། །ལྷ་ཁང་ནི་ལྷའི་སྐུ་ཇི་སྙེད་པ་དེ་སྙེད་ལ་ཁྲུས་བྱའོ། །
སྤྱིར་དྲིལ་ཏེ་བྱ་བ་མ་ཡིན་ནོ། །མཆོད་རྟེན་དང་། རྡོ་རིངས་དང་། རྟ་བབས་དང་། ཤིང་ལྗོན་པ་དང་། གཙུག་ལག་ཁང་ནི་རྣམ་པར་སྣང་མཛད་དུ་བསྒྲུབ་བོ། །ཆུ་མིག་དང་ཁྲོན་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་དུ་རབ་གནས་བྱས་ལ། མཇུག་དེ་གྱུར་པ་ལས་ཆུ་མིག་ལ་སོགས་
པར་རབ་ཏུ་གནས་པར་བྱའོ། །བཟླས་པའི་ཕྲེང་བ་དང་། གླེགས་བམ་དག་ནི་འོད་དཔག་མེད་དུ་བྱའོ། །རབ་གནས་ཀྱི་ཆེད་དུ་དཀྱིལ་འཁོར་འདྲི་ན་རབ་གནས་གང་བྱེད་པའི་ལྷ་དེ་གཙོ་བོར་བྱའོ། །ལྷ་ཁང་ངམ་སྐུ་མང་དུ་བཞུགས་པ་ནི་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དཀྱིལ་
འཁོར་བྲི་བར་བྱའོ། །གལ་ཏེ་རབ་ཏུ་གནས་པ་མ་བྱས་པར་གྱུར་ན་ཉེས་པ་ཅིར་འགྱུར་ཞེ་ན། སྐུ་གཟུགས་རབ་གནས་མ་བྱས་པས། །ཕྱག་འཚལ་བ་དང་མཆོད་བྱེད་པ། །སྔགས་མེད་པས་ནི་ཐལ་བ་ལ། །སྦྱིན་སྲེག་བྱས་བཞིན་འབྲས་བུ་མེད། །ཅེས་པ་སྟེ་མ་བྱས་པའི་
ཉེས་པའོ། །རབ་ཏུ་གནས་པའི་ཆོ་གའི་ཚུལ་ཟབ་མོ། །པཎྜི་ཏ་ཆེན་པོ་ནག་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ག་ན་ཙ་ཀྲ་པཱུ་ཛཱ་ཀྲ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ། འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཚོགས་རྣམས་བསགས་པར་བྱ་བ་དང་། །བགེགས་རྣམས་ཉེ་བར་ཞི་བྱའི་ཕྱིར། །བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །ལུང་དང་མན་ངག་ཇི་བཞིན་བྲི། །དེ་ལ་རེ་ཞིག་དང་པོར་ལུགས་དང་མཐུན་པའི་ཚོགས་
ཀྱི་ཁང་བུ་ཙནྡན་ལ་སོགས་པའི་དྲིས་བགོས་པ་ཡིད་དུ་འོང་བའི་གནས་སུ། ལས་ཐམས་ཅད་པའི་སྐྱེས་བུ་ལྷའི་ང་རྒྱལ་དང་ལྡན་པས་ཆག་ཆག་གདབ་པ་དང་། མཎྜལ་བྱ་བ་དང་། མེ་ཏོག་དགྲམ་པ་དང་། མཆོད་པ་བཤམས་པ་དང་། ཕྱོགས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་

བཤམ་མོ། །དེ་ནས་སློབ་དཔོན་སྤྱན་དྲངས་ལ། །ཇི་ལྟར་རིག་མ་དང་བཅས་པར་བཞུགས་སུ་གསོལ་ལ། །ལས་ཐམས་ཅད་པའི་བུམ་པ་རྒྱན་དང་ལྡན་པར་བྱིན་གྱིས་བརླབ་མཆོད་པའི་བུམ་པ་ཡང་ཅི་རིགས་པར་བཤམ་མོ། །དེ་ནས་རྣལ་འབྱོར་པ་
ཕོ་མོ་འདུ་བར་འོས་པ་ཀུན་བསོགས་པ། དེ་དག་གིས་དང་པོར་གསོལ་བ་གདབ་སྟེ། ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་གཅེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ནི་འཁོར་བ་ལས་བསྒྲལ་ཕྱིར། །
དཔའ་བོས་གནང་གིས་གཏོང་དུ་གསོལ། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །བཟང་པོའི་སྒོ་འདི་ཕྱེ་སྟེ་ཐོང་། །ཞེས་གསོལ་བ་གདབ་ནས། ནང་དུ་བཀུག་སྟེ། ལས་ཀྱི་བུམ་པའི་ཆུས་གཏོར་ཞིང་། སྐྱོར་ཆུ་བླུད་དོ། །དེ་ནས་གྲལ་རིམ་བཞིན་དུ་བཀོད་ནས་རྡོ་
རྗེ་སློབ་དཔོན་ལ་མེ་ཏོག་ཕུལ་ལ་གསོལ་བ་གདབ། རྣལ་འབྱོར་པ་ཕོ་མོ་ལ་ཡང་མེ་ཏོག་གཏོར་ལ་བསྐུལ་བར་ཡང་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ལྷག་པའི་ལྷར་བསྒོམས་ཏེ། མོས་པ་ཙམ་གྱིས་ཀྱང་ལྕེ་ལག་བྱིན་གྱིས་བརླབ། དེ་ནས་རྡོ་རྗེ་དང་དྲིལ་བུ་ཡང་ཧཱུཾ་དང་ཨ་
ལས་བྱིན་གྱིས་བརླབ། མངོན་པར་རྟོགས་པ་བརྗོད་དེ། ཧཱུཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་པོའི་གཙོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨ་སྲིད་པའི་རང་བཞིན་དག་པའི་ཕྱིར། །ངོ་བོ་
ཉིད་ཀྱིས་གདོད་ནས་དག །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །མ་ཧཱ་བཛྲ་གྷཎྜ་ཧོཿ། དེ་ནས་མཆོད་པའི་ཁྱད་པར་ཐམས་ཅད་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། བླ་མ་དམ་པ་དང་བཅས་པ་
གང་ཡིན་པའི་ལྷ་རྣམས་ནམ་མཁའ་ལ་བལྟས་ལ། ཡོན་ཆབ་དང་ཞབས་བསིལ་དང་ཞབས་ཁྲུས་ཕུལ་ལ། མེ་ཏོག་དང་སྒྲ་སྙན་གྱི་བར་དུ་རིམ་པས་མཆོད། དེ་ནས་དེ་ཉིད་ལྔ་པའམ། གཞུང་གང་ཡིན་པས་བསྟོད། ཡན་ལག་བདུན་པ་རྒྱས་བསྡུས་གང་ཡང་རུང་

བས་མཆོད་པ་དང་། སྨོན་ལམ་ཡན་ཆད་བྱ། ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་གཤེགས་སུ་གསོལ། དེ་ནས་ཤཱུ་ནྱའི་སྔགས་ཀྱིས་སྟོང་པར་བསྒོམས་ནས། ཡི་གེ་ཧཱུཾ་གི་སྣང་བས་དྲ་བ་དང་ར་བ་དང་ས་གཞིར་བསྒོམས་ལ། དེའི་འོག་ཏུ་འབྱུང་བ་རིམ་བརྩེགས་རི་
རབ་རིན་པོ་ཆེ་བསྒོམས་ལ། དེའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ། སྣ་ཚོགས་རྡོ་རྗེ་བསམས་ཏེ། དེའི་ལྟེ་བ་ལ་བྷྲཱུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། གང་རུང་གི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དབྱེར་མེད་པར་བསྟིམ་མོ། །དེ་ནས་ཆང་བསྲུང་
བ་དང་བྱིན་གྱིས་བརླབ་པ་གཞུང་བཞིན་དུ་བྱའོ། །ཡི་གེ་ཧ་དམར་པོ་ལས་ཁ་དོག་སྦྱངས་ལ། ཧོཿདཀར་པོས་དྲི་བསལ་ཏེ། ཧྲཱིཿམཐིང་གས་ནུས་པ་བཅོམ་ནས། བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ། དེ་ཉིད་ཀྱི་འོད་ཟེར་གྱིས་བདུད་རྩི་ཡང་བཀུག་སྟེ་བསྟིམ་མོ། །
དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ལྷ་ལ་སོ་སོའི་མིང་ནས་བརྗོད་ཅིང་མཆོད། དེའི་འོག་ཏུ་བདུད་རྩི་དང་བཅས་པའི་སྲིན་ལག་གིས་མཎྜལ་གྲུ་གསུམ་བྲིས་ལ། དེར་བདུད་རྩི་གཏོར་བས་ཟླ་བའི་གདན་ཕྱོགས་མཚམས་སུ་གྱུར་པར་བསམ། དེར་ཡེ་ཤེས་ཀྱི་འཁོར་ལོར་
མོས་པ་ཙམ་གྱིས་བསམས་ལ་བདུད་རྩིས་མཆོད། དེ་ནས་བདག་ཉིད་ལ་མཆོད་དེ། མཐེབ་སྲིན་གྱི་ལྕེ་རྩེ་དང་། སྨིན་ཕྲག་དང་། སྤྱི་བོར་གཏོར། དེ་ནས་དེ་དག་མི་དམིགས་པར་བསམས་ལ། རྩ་བའི་དཀྱིལ་འཁོར་ལ་ཡོན་ཆབ་ལ་སོགས་པའི་མཆོད་པའི་ཡོ་བྱད་
ཁྱད་པར་ཀུན་གྱིས་མཆོད་དོ། །དེ་ཉིད་ལྔ་པའམ། གང་ཡིན་པའི་གཞུང་དུ་བསྟོད་པ་བྱས་ལ་གཤེགས་སུ་གསོལ། དེ་ནས་ཞིང་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་སྟེ། ཡི་གེ་གསུམ་གྱིས་སྦྱངས་པ་དང་། འབར་བ་དང་། རྟོག་པར་བྱས་ལ། མཎྜལ་
ཐིག་བཞི་བཏབ་པས་ལིང་ཚེ་དགུར་བྱས་ཏེ། དབུས་མ་ལ་ཡེ་ཤེས་ཀྱི་འཁོར་ལོ་བསམས་ལ། ཕྱོགས་མཚམས་ལ་ཞིང་སྐྱོང་བརྒྱད་མ་མོ་སུམ་ཅུ་རྩ་གཉིས་དང་བཅས་པ་སྤྱན་དྲངས་ལ་མཆོད་དེ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་

དང་བཞི་མདོ་དག་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང་། །གདོལ་པ་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །བརྒྱ་བྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཙིགས་དང་མི་སྡུག་དང་། །དགའ་ལས་འདས་པའི་
ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང་། །མི་སྡུག་མ་དང་ཨུ་མ་དང་། །རྒྱལ་མ་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་པོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་
འཕྱང་བ་མོ། །འཕྲོག་མ་དང་ནི་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་ཕྲེང་ཅན་དང་ཁྭ་གདོང་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་
མ། །དེ་བཞིན་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་བྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་ཡིས་ནི། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཨོཾ་
ཀཀྐ་ཌྷ་ན། བབྦ་ན་དྷ་ན། ཁ་ཁྑཱནྡ་ན། སརྦ་དུཥྚན་ན་ནཾ། ཧ་ན་ཧ་ན། གྷཱ་ཏ་ཡ་གྷྲཱ་ཏ་ཡ། ཨ་མོ་གྷ་ས་ཧཱུཾ་ཛཿཞེས་པས་བཀུག་ལ་པདྨའི་འདབ་མ་ལ་གནས་པར་བསམས་ལ། མཆོད་པ་སྔར་བྱིན་གྱིས་བརླབས་པ་དེ་དབུལ་ཏེ། སོ་སོའི་ལྕེ་ཧཱུཾ་ལས་རྡོ་རྗེར་བསམས་པའི་
སྦུ་གུའི་འོད་ཀྱིས་དྲངས་ཏེ། མཆོད་པར་བསམས་ལ། དེ་ནས་ཆོས་བཤད་དེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་ཞེས་པ་ལ་སོགས་པ་བརྗོད། དེ་ནས་སྨོན་ལམ་གདབ་སྟེ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་
ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དང་ཕྲད་པར་ཤོག །མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་དགོད། །ཅེས་བྱ་བས་

བསྔོ་བ་བྱས་ལ་གཤེགས་སུ་མི་གསོལ། དེ་ནས་རྣལ་འབྱོར་ཕོ་མོ་ཀུན་ལྷའི་དཀྱིལ་འཁོར་དུ་བལྟས་ལ། དབང་པོ་ལ་དྲི་ཡིས་མཆོད། དེ་ནས་མེ་ཏོག་དང་། བདུག་པ་དང་། མར་མེས་ཚུལ་བཞིན་མཆོད་ལ། དེའི་འོག་ཏུ་བདུད་རྩི་ལྔ་དང་བཅས་པའི་ཆང་གིས་
མཆོད་དེ་ལག་པ་གཡས་པར་ཆང་བཟུང་ནས། གཡོན་པ་རྩེ་གསུམ་པར་བྱས་ལ། ཚིགས་སུ་བཅད་པ་འདིས་སྦྱིན་ཏེ། ལྟོས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་རྟོགས་པས་
བཟའ། །ཞེས་བརྗོད་ལ་དྲང་ངོ་། །ལེན་པ་པོས་བརྗོད་པ། འདོད་ཆགས་དྲི་མ་བྲལ་བ་ཡིས། །རིན་ཐང་མེད་ལས་ལེགས་འོངས་ཆོས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཞེས་པད་ཀོར་དང་བཅས་པས་བླང་ངོ་། །འོག་མ་
རྣམས་ལ་དྲང་བ་ནི་འདི་སྐད་བརྗོད་དོ། །སྦྱོར་བའི་དངོས་གྲུབ་དོན་དུ་ནི། །སྤྱོད་ཀུན་དེ་ཉིད་ཇི་བཞིན་དུ། །རྣལ་འབྱོར་པས་ནི་ཀུན་དུ་སྤྱད། །ཇི་ལྟར་དེ་བས་སྤྱད་པར་བྱ། །ཞེས་བརྗོད་ལ་བྲིམ་མོ། །དེའི་འོག་ཏུ་ཤ་ཁུ་དང་མར་གྱིས་མཆོད། །དེ་ནས་ལྷ་བཤོས་སོ་སོར་བགྲངས་ལ། །
དེ་དག་ཀུན་གྱིས་ཕུད་བསྡུས་ནས། །སློབ་དཔོན་ལ་ཕུལ་ནས། སློབ་དཔོན་གྱིས་ཆ་གཉིས་སུ་བགོས་ཏེ། ཆ་གཅིག་གཡོན་གྱི་ཕྱོགས་སུ་བཞག་ལ། །བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་ལྷ་ལ་དབུལ། །ཆ་གཅིག་གཡས་སུ་བཞག་ལ་བྱིན་གྱིས་བརླབས་ལ། ཆོས་
སྐྱོང་གི་གཏོར་མར་དབུལ་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་པའི་སྔགས་ཀྱིས་མཆོད། དེ་ནས་ཅི་བདེར་རོལ་ཞིང་སྤྱད། །སྐབས་དེར་བཀྲ་ཤིས་ཀྱིས། དེ་ནས་ལྷ་དང་ཕྱོགས་སྐྱོང་ལ་སྣང་བ་ནོད་པ་དང་། བཟོད་གསོལ་བྱས་ཏེ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་ལོ། །ཡེ་
ཤེས་ལྷ་ལ་ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་ལོ། །དམ་ཚིག་གི་ལྷ་སྙིང་གར་བསྡུས་ལ། །ཨོཾ་ཨཱཏྨ་དི་ཤི་ཧཱུཾ་ཞེས་བསྡུའོ། །དེ་ནས་ཨོཾ་སརྦ་དུཥྚན་གྲྀཧྣ་གཙྪ་ཧཱུཾ་ཞེས་པས་ཕྱི་རོལ་གྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་

ལྷག་མ་བསྡུས་ཏེ། དེ་ལ་གཉིས་ཏེ། རྣལ་འབྱོར་ཕོ་མོའི་ལྷག་མ་ནི་ཕྱི་རོལ་གྱི་ཤ་ཟ་ལ་སོགས་པ་མི་མ་ཡིན་པ་རྣམས་ལ་བཏང་སྟེ། ཕྱི་སྒོར་བཏོན་ལ་བཏང་ངོ་། །ཁྱིམ་པའི་ལྷག་མ་ནི་ཁྱིམ་དེ་ཉིད་ཀྱི་མི་མ་ཡིན་ལ་བསྔོའོ། །ལྷག་མ་དེ་ལྟ་བུའི་
སྐལ་པ་མེད་པ་ལ། སློབ་དཔོན་གྱི་ཁ་ནས་བདུད་རྩི་བྱིན་ནོ། །དེ་ནས་ཡོན་བདག་ལ་བཀྲ་ཤིས་དང་སྨོན་ལམ་གདབ་བོ། །དེ་ནས་གཏོར་མ་སྐྱེལ་བ་ལོག་པ་དང་། ཚོགས་ཀྱི་ཁང་སྒོར་མེ་ལོང་དང་། དུང་འབུད་པ་དང་། དཀྲོལ་བ་དང་། ཆུ་ཅན་གྱི་ཞོ་ཟན་གྱིས་མཆོད། དེ་ནས་
ནང་དུ་ལོག་ནས་རྣལ་འབྱོར་ཕོ་མོ་ལ་ཡང་དེ་བཞིན་མཆོད་པར་བྱའོ། །མ་འོངས་སྐྱེ་བོ་གང་དག་ཚོགས་རྣམས་བསགས་པར་འདོད་པ་དང་། །བསླབ་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་དག་གིས། །དོན་དུ་དྲི་མེད་ལུང་དང་བླ་མའི་མན་ངག་ལྟར། །མ་ནོར་བཟུང་སྟེ་
བདག་དང་གཞན་ལ་ཕན་ཕྱིར་བྲིས་པ་ཡིན། །ཚོགས་ཀྱི་འཁོར་ལོའི་རིམ་པ་སློབ་དཔོན་ནག་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏས་མཛད་ཅིང་དེ་ཉིད་དང་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།
སྟཱུ་པ་བི་དྷི་ནཱ་མ། བོད་སྐད་དུ། མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ། ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀྱཻ་རྡོ་རྗེའི་རྣལ་འབྱོར་པས། བདག་དང་གཞན་གྱི་དོན་དུ་མཆོད་རྟེན་བྱ་བར་འདོད་ན། དང་པོར་ས་ལ་རིན་པོ་ཆེ་དང་སྤོས་ཆུ་ལ་སོགས་པས་འཇིམ་པ་བྱས་ལ། རང་
གི་མདུན་དུ་བཞག །རང་གི་ལྷག་པའི་ལྷར་གསལ་བར་བྱས་ལ། ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས། ཨོཾ་སྭ་བྷཱ་བི་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་པས་འཇིམ་པ་མི་དམིགས་པར་བསྒོམས་ལ་ཆོ་ག་གསུམ་ལས་
ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་སྐུར་བྱེད་དོ། །དེ་ནས་སྙིང་གའི་ཧྲཱིཿའམ་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་དག་བཀུག་ལ། ཀྱེ་རྡོ་རྗེ་ཡབ་ཡུམ་སྙོམས་པར་ཞུགས་པ་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ལས། ཀྱེ་རྡོ་རྗེའི་སྙིང་པོ་ཉི་ཤུ་རྩ་གཅིག་

གིས་བྱིན་གྱིས་བརླབས་ཏེ། ཨོཾ་དེ་པ་པི་ཙུ་བཛྲ་ཧཱུཾ་ཧ